Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 175

Văn bản gốc(Tây Tạng)

Trang 8 / 24 (50.000 ký tự/trang)
བ་དང་ལྡན་པའི་ཕྱིར་ཇི་སྲིད་ཇི་སྐད་དུ་བཤད་པའི་སེམས་པ་དེ་དག་རང་ཉིད་ལས་ཐ་
མའི་ནུས་པའོ། །སྔོན་གྱི་ཡང་དེ་དག་རྒྱུ་ཡིན་ནོ། །དེ་འདྲ་བའི་ལས་ནི་དབང་དང་ལྡན་པ་ཡང་ཡོད་པ་ཡིན་ནོ། །ཡིན་ཕྱིར་ཚང་བ་སྐྱེ་རྒྱུ་ཡིན། །ཡང་སྐྱེ་བ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ལ་རྒྱུ་ཚང་བ་གང་ཡོད་པ་དེ་ནི་དེ་ལས་བྱུང་བ་ཡིན་ཏེ། དཔེར་ན་སྐྱེས་བུ་མིག་གི་རྣམ་པར་ཤེས་
པའི་རྒྱུ་ཚང་བའི་མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །སྐྱེས་བུ་དབང་དང་ལྡན་པ་ལ་ཡང་ལོག་པའི་ཤེས་པ་དང་དེ་ལས་བྱུང་བའི་སྲེད་པའི་སེམས་པའི་མཚན་ཉིད་ཅན་གྱི་སྐྱེ་བའི་རྒྱུ་ཚང་བ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འགྲོ་དང་རྟོགས་པའི་སྟེ།
གནས་ལས་གནས་གཞན་དུ་ཕྱིན་པ་དང་ཁོང་དུ་ཆུད་པའིའོ། །བྱེད་པ་ནི་མིག་ལ་སོགས་པའོ། །ཅི་རིགས་པར་རྟེན་ཡིན་ཏེ་རྒྱུ་ཡིན་ནོ། །རྟོགས་པ་དང་མངོན་པར་འདོད་པའི་གནས་སུ་ཕྱིན་པ་སྒྲུབ་པར་བྱེད་པ་དེ་དག་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་མ་མཐོང་བ་ལས་

འགྱུར་བ་ཡིན་ནོ། །མ་མཐོང་བ་དབང་པོ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོ་གས་འཇིག་པའི་རྒྱུའི་ཕྱིར། རྒྱུ་དང་འབྲས་བུའི་ཚོགས་པར་འགྲོ་བ་དང་རྟོགས་པའི་རྟེན་ཡོད་པ་མ་ཡིན་ནོ། །དེ་བས་ན་དབང་དང་ལྡན་པ་ནི་དམན་པའི་གནས་སུ་འགྲོ་བ་མེད་པ་ཡིན་ནོ། །དེ་ནི་དགེ་
བ་དང་མི་དགེ་བ་རྣམ་པ་ཉི་ཤུའི་འཇུག་པས་སྐྱེད་པའི་འདུ་བྱེད་ཡིན་ཏེ་མ་མཐོང་བ་ཡིན་གྱི་ཁྱེད་ཅག་གིས་བསྟན་པའི་སེམས་པ་མིན་དེ་ལྟར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་རྒྱུ་ཡོད་པ་མ་ཡིན་པ་དེ་ནི་དེ་ཡིར་མི་འགྱུར་ཏེ། དཔེར་ན་མིག་ལ་མིག་གི་རྣམ་པར་
ཤེས་པའི་རྒྱུ་ཡོད་པ་མ་ཡིན་པའི་སྐྱེས་བུའི་མིག་གི་རྣམ་པར་ཤེས་པར་མི་འགྱུར་བ་ལྟ་བུའོ། །སྐྱེས་བུའི་དབང་ལ་ཡང་འབྲས་བུ་དང་བྱེད་པའི་ཚོགས་པས་སྐྱེད་པའི་རྒྱུ་མ་མཐོང་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གང་འབྲས་བུ་དང་བྱེད་པའི་ཚོགས་པ་དང་བྲལ་
བ་ཅན་དེ་ནི་འགྲོ་བ་དང་རྟོགས་པ་བྱེད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །སྐྱེས་བུ་དབང་བསྐུར་བ་ཤི་བ་ཡང་འབྲས་བུ་དང་བྱེད་པའི་ཚོགས་པ་དང་བྲལ་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཡུལ་གཞན་ལས་མངོན་པར་འདོད་པའི་ཡུལ་དུ་
འགྲོ་བའི་མཚན་ཉིད་ཅན་གྱི་བྱེད་པ་སྐྱེད་ཕྱིར་སྐྱེ་བ་ཡོངས་སུ་ལེན་པའི་བདག་ཉིད་ཅན་གྱི་ཕྱིར། །ཡོད་མེད་ཀྱི་རྗེས་སུ་འཇུག་པ་སྟེ། འབྲས་བུ་དང་བྱེད་པའི་ཚོགས་པ་འདོད་པའི་ཡུལ་ཐོབ་པ་ནི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཡོད་པ་དང་
མེད་པའི་རྗེས་སུ་བྱེད་པ་ཡིན་ཞེ་ན། ལོག་པའི་ཤེས་པ་དང་། སྲེད་པའི་སེམས་པ་དང་། མཚུངས་པར་ལྡན་པའི་བློའིའོ། །དེ་བས་ན་འབྲས་བུ་དང་བྱེད་པ་ཀུན་ནས་ཐོབ་པའི་ཕྱིར་བློའི་ནུས་པ། མཐོང་བ་ཡིན་གྱི་གཞན་དུ་མིན། དགེ་བ་ལ་སོགས་པ་འཇུག་པས་བསྐྱེད་པས་འདུ་བྱེད་
ནི་མ་ཡིན་ནོ། །དེ་དབང་གི་བློ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་འཇུག་པ་གང་ཡིན་པ་དེ་ཡོད། དེ་དག་ཅིས་མི་འགྲོ། །བྱེད་པ་རྣམས་སྐྱེ་བའི་ཡུལ་དུ་ཅིའི་ཕྱིར་འགྲོ་བར་མི་བྱེད། འགྲོ་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་གཞན་གྱིས་རབ་ཏུ་སྦྱར་བའི་གཏན་ཚིགས་

མ་གྲུབ་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་འགྱུར་ཞིང་མེད་ན་མི་འགྱུར་བ་དེ་ནི་དེ་ལས་འགྱུར་བ་ཡིན་ཏེ། དཔེར་ན་མིག་ཡོད་པ་ན་མིག་གི་རྣམ་པར་ཤེས་པ་འབྱུང་བ་ལྟ་བུའོ། །སྐྱེས་བུ་དང་པོར་སྐྱེས་པ་འབྲས་བུ་དང་བྱེད་པའི་ཚོགས་པ་ལ་ཡང་ལོག་པའི་ཤེས་པ་དང་། དེ་ལས་
བྱུང་བའི་སྲེད་པའི་སེམས་པ་དང་མཚུངས་པར་ལྡན་པའི་སེམས་ཡོད་ན་ཁྱད་པར་ཅན་གྱི་གནས་སུ་འགྲོ་བ་ཐོབ་པ་ལ་སོགས་པར་འགྱུར་ཞིང་། དེ་མེད་ན་མོ་གཤམ་གྱི་བུ་བཞིན་མི་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཇི་སྐད་
དུ་བཤད་པའི་མཚན་ཉིད་ཅན་གྱི་བློ་འབྲས་བུ་དང་བྱེད་པའི་ཚོགས་པ་མངོན་པར་འདོད་པའི་གནས་སུ་འགྲོ་བ་ཐོབ་པ་ལ་སོགས་པའི་རྒྱུ་མཚན་ཡིན་པ་དེ་ལྟར་ན་ཡང་དེ་ཙམ་ལས་འབྱུང་བའི་ངང་ཚུལ་ཅན་ཉིད་ཇི་སྐད་དུ་བཤད་པའི་འབྲས་བུ་འགྱུར་བ་མ་ཡིན་ཏེ། འབྲས་བུ་དང་
བྱེད་པ་དག་གི་སྐྱེ་བ་ཐོབ་པའི་ཕྱིར་གཞན་ལ་ཡང་ལྟོས་པའི་ཕྱིར་རོ། །ས་བོན་ཡོད་ན་མྱུ་གུར་འགྱུར་རོ་ཞེས་བྱ་བ་ས་བོན་ཉིད་མྱུ་གུ་སྐྱེད་པར་བྱེད་པའི་སྐྱེད་པར་བྱེད་པ་དེ་ནི་གཞན་ལ་ཡང་ལྟོས་པའི་ཕྱིར་རོ། །དེ་ལྟར་བློ་ཡང་དབང་བསྐུར་གྱིས་ཡང་སྲེད་པ་སྐྱེད་པའི་ནུས་པ་མ་
བཅོམ་པ་ཅན་བདག་གི་ཡོན་ཏན་ལ་སོགས་པའི་ཁྱད་པར་ལ་ལྟོས་ནས་འབྲས་བུ་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །གང་གི་ཚེ་དབང་བསྐུར་གྱིས་བདག་ལ་སོགས་པའི་རང་བཞིན་བཅོམ་པ་དེའི་ཚེ། ནུས་པ་མེད་པ་དེ་བས་ན་མ་ངེས་པ་ཡིན་ནོ་ཞེ་ན། གལ་ཏེ་དབང་གིས་རང་
བཞིན་བཅོམ་པ་ཉིད་ཡིན་པའི་ཕྱིར། བློ་དེ་ནི་བྱེད་པ་འཕེན་པར་བྱེད་པའམ། མངོན་པར་འདོད་པའི་གནས་ཐོབ་པར་བྱེད་པ་ལ་ནུས་པ་མེད་པ་དེ་ལྟར་ན་ནི། ནུས་མེད་དབང་ལ་སོགས་དེ་མ་ཐག་ཏུ། སོགས་པ་སྨོས་པས་ནི་གྲོལ་བར་བྱ་བའི་ཕྱིར་སྔགས་ཀྱིས་འདུས་བྱས་པ་
འགའ་ཞིག་འདོད་པ་གང་ཡིན་པ་བཟུང་སྟེ། དེའི་དེ་མ་ཐག་ཏུའོ། །དེ་དག་གིས་ཞེས་བྱ་བ་ནི་རྒྱུ་དག་གིའོ། །འཛིན་འཕེན་འཁྲུག་དང་འགོག་པ་དང་། །སེམས་པས་འགྱུར་གྱི་དབང་གིས་མིན། །རང་གི་ཡུལ་ལ་འཇུག་པ་ལས་བཟློག་པ་མེད་པའི་འཛིན་པའོ། །

འཕེན་པ་ནི་རང་གི་ཡུལ་ལ་འཇུག་པར་བྱེད་པའོ། །འཁྲུག་པ་ནི་བསྣུན་པ་ལ་སོགས་པས་བློའི་འགྱུར་བ་སྐྱེད་པའོ། །འགོག་པ་ནི་བློའི་རྗེས་སུ་མཐུན་པ་ཡོད་ན་ཡང་འཁྲུག་པ་ལྡོག་པ་ཡིན་ནོ། །དེ་དག་སེམས་ཀྱི་དབང་གིས་ཏེ་སེམས་དང་རྗེས་སུ་འབྲེལ་པས་
བྱེད་པ་ལ་སོགས་པའི་རང་བཞིན་ལ་གནོད་པ་མེད་པའི་ཕྱིར་དབང་བསྐུར་བ་དག་གིས་དབང་བསྐུར་བའི་བློ་ལས་མི་འགྱུར་ན། དབང་བསྐུར་བ་རྣམས་དབང་བསྐུར་བས་རང་བཞིན་ལ་གནོད་པ་བྱེད་པ་མེད་པར་ཡང་བློ་ལས་འགྱུར་བ་དེ་ལྟར་ན། དེ་དག་ལ་ལྟོས་པ་དང་བཅས་པས་
སྐྱེ་བ་ཅན་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་མེད་ན་ཡང་འགྱུར་བ་དེ་ནི་དེ་ལ་ལྟོས་པ་མེད་པ་དང་། དེ་ལས་གཞན་གྱི་རྒྱུ་ཅན་ཡིན་ཏེ། དཔེར་ན་ནས་ཀྱི་ས་བོན་མེད་པ་ན་ཡང་སཱ་ལུའི་ས་བོན་ཡོད་ན་སཱ་ལུའི་མྱུ་གུ་འབྱུང་བ་ལྟ་བུའོ། །དབང་བསྐུར་བདག་གི་བྱེད་པ་རྣམས་ཀྱི་
འཛིན་པ་དང་འཕེན་པ་ལ་སོགས་པ་དག་ཀྱང་མངོན་པར་འདུས་བྱས་པ་མེད་པའི་རང་བཞིན་གྱི་ཁྱད་པར་མེད་ན་ཡང་བློའི་ཁྱད་པར་དང་། ཇི་ལྟར་འཇུག་པ་བཞིན་དུ་བྱེད་པའི་རྒྱུ་ཡོད་ན་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེའི་ཕྱིར་མ་ངེས་པ་ཉིད་
མ་ཡིན་ནོ། །ལྟོས་པར་བྱ་བ་ཉིད་དུ་ཉེ་བར་བཀོད་པའི་རང་བཞིན་གྱི་ཁྱད་པར་གཞན་ནི་བྱེད་པ་འཕེན་པའི་བློ་ལ་ལྷན་ཅིག་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཅི་སྟེ་དེ་ཚེ་བློ་མེད་ཕྱིར། མི་འགྱུར་སྐྱེས་བུ་དབང་བསྐུར་བ་འཆི་བའི་དུས་དེའི་ཚེ་བྱེད་པ་རྣམས་འཕེན་
པར་བྱེད་པ་གང་ཡིན་པའི་བློ་ཉིད་མེད་པར་འགྱུར་རོ། །དེ་བས་ན་བློ་མེད་པའི་ཕྱིར་བྱེད་པ་རྣམས་འཕེན་པ་ལ་སོགས་པར་མི་འགྱུར་རོ་ཞེ་ན། དེའི་ཚེ་བློ་ཅིའི་ཕྱིར་མེད་པ་ཡིན། འདི་ལྟར་དྲི་མ་རྣམས་ཀྱིས་བློ། །མཚམས་སྦྱོར་སྲིད་པ་ལ་བྱེད་པ་རྣམས་འཕེན་པར་བྱེད་པའོ། །ལོག་པའི་
ཤེས་པ་བདག་ཏུ་ཆགས་པ་ལ་སོགས་པའི་ཉོན་མོངས་པ་དེའི་གནས་སྐབས་ཅན་གང་ཡིན་པ་དེ་དག་ནི་བློ་མཚམས་སྦྱོར་བར་བྱེད་པ་ཉིད་ཡིན་པ་དེ་ལྟར་ན་བྱེད་པ་རྣམས་འཇུག་པ་ཡོད་པ་ཡིན་ནོ། །ཅིའི་སྟེ་དྲི་མ་དེ་དག་བློ་ཉིང་མཚམས་སྦྱོར་བར་བྱེད་པ་དེ་ལ་ནུས་པ་མེད་པ་

ཉིད་དུ་འདོད་པ་དེའི་ཚེ་བློ་ལ་དེ་རྣམས་ནུས་མེད་ན་སྐྱེས་བུ་དབང་བསྐུར་བ་དེ་གསོན་པ་ཉིད་ཀྱིའང་ནུས་མེད་འགྱུར། དྲི་མ་དེ་དག་བློ་འཕེན་པར་བྱེད་པ་ཉིང་མཚམས་སྦྱོར་བ་ལ་ནུས་པ་མེད་པར་འགྱུར་ན། འདི་ལྟར་ནུས་པ་ཉིད་ཡིན་ཏེ། ལོག་པའི་ཤེས་པ་དང་སྲིད་པའི་དབང་གིས་
དབང་བསྐུར་བ་རྣམས་ཀྱང་འཇུག་པ་མཐོང་བའི་ཕྱིར་རོ། །དེ་ལྟར་ན་དབང་བསྐུར་བ་དེས་དེ་དག་འབྱུང་བ་འགའ་ཞིག་ལའམ། རང་གི་ངོ་བོ་ལ་གནོད་པ་བྱེད་པ་མ་ཡིན་ན་གང་གིས་ན་དྲི་མ་དེ་རྣམས་ནུས་པ་མེད་པར་འགྱུར། འོན་ཀྱང་འབྱུང་བ་མ་ཚང་བ་མེད་པ་དེ་འདྲ་བ་ཡིན་ཏེ། དེ་དང་
རིགས་མཚུངས་པའི་རྒྱུ་མ་ཚང་བ་མེད་པའི་ཕྱིར་རོ། །རང་གི་ས་བོན་རྒྱུ་ཅན་སྐྱོན། །འདི་ལས་འཕེལ་བར་འགྱུར་བས་ན་རྒྱུན་ནོ། །གང་དག་ལ་རང་གི་ས་བོན་གྱི་རྒྱུན་ཡོད་པ་དེ་དག་ནི་དེ་འདྲ་བ་སྟེ། རིགས་མཐུན་པའི་ས་བོན་ལ་རག་ལུས་པས་འཇུག་པ་ཅན་གྱི་སྐྱོན་རྣམས་ནི་དབང་
བསྐུར་བ་ལ་ཡང་ལོག་པ་མེད། དབང་བསྐུར་དུ་ཟིན་ཀྱང་ཡོད་པ་ཉིད་ཡིན་ནོ། །དབང་བསྐུར་བ་དྲི་མ་རྣམས་ལ་གནོད་པ་ཅན་མ་ཡིན་ནོ་ཞེས་བྱ་བ་དེ་ལ་གང་ལས་ཡིན། འདི་ལྟར་རིགས་མཐུན་པའི་རྒྱུ་ཅན་དེའི་ཚེ་ཡང་ཡོད་པ་ཉིད་ཡིན་ནོ་ཞེ་ན། །བཤད་པ་འབའ་ཞིག་གི་ཚེ།
གཉེན་པོ་དང་ནི་རང་གི་ཕྱོགས། །འཕེལ་ན་ཕུལ་བྱུང་འགྲིབ་ཕྱིར་རོ། །གཉེན་པོའི་ཕྱོགས་བདག་མེད་པ་མཐོང་བ་འཕེལ་བ་ཡོད་ན་འགྲིབ་པར་འགྱུར་ཞིང་། རང་གི་ཕྱོགས་ལོག་པའི་ཤེས་པ་དང་སྲེད་པ་ལ་སོགས་པའི་འཕེལ་བ་ན་འཕེལ་བར་འགྱུར་རོ། །དེས་ན་བདག་མེད་པ་མཐོང་བ་
ཉིད་དེ་དག་གི་གཉེན་པོའི་ཕྱོགས་ཡིན་ཞིང་རང་གི་ཕྱོགས་ནི་རྒྱུ་ཡིན་ནོ། །དབང་བསྐུར་གཉེན་པོའི་ཕྱོགས་མ་ཡིན་ཞིང་དབང་བསྐུར་མ་ཡིན་པ་རང་གི་ཕྱོགས་ཀྱང་མ་ཡིན་པ་འཇུག་པར་འགྱུར་ན་གང་གིས་ན་དབང་བསྐུར་བའི་ཉམས་པར་འགྱུར་ཞིང་དབང་མ་བསྐུར་བའི་འཇུག་པར་
འགྱུར། སྦྱོར་བ་ནི་གང་འཕེལ་བ་དང་འགྲིབ་པར་འགྱུར་བ་དེ་ནི་དེའི་གཉེན་པོའི་ཕྱོགས་ཅན་དང་དེའི་རྒྱུ་ཅན་ཡིན་ཏེ། དཔེར་ན་ཆུ་འཕེལ་བ་དང་། བུད་ཤིང་སྔོན་དུ་སོང་བ་ཅན་གྱི་མེའི་ཁྱད་པར་འཕེལ་བ་ན་མེ་ཕུལ་དུ་བྱུང་བ་དང་འགྲིབ་པ་རྗེས་སུ་ཐོབ་པ་ན་དེ་ནི་དེའི་མི་མཐུན་པའི་ཕྱོགས་

ཅན་དང་དེའི་རྒྱུ་ཅན་ཡིན་པ་ལྟ་བུའོ། །ལག་པའི་ཤེས་པ་ལ་སོགས་ཕྱིར་འབྱུང་བ་དག་ཀྱང་བདག་ཀྱང་བདག་མེད་པ་མཐོང་བ་དང་། ལོག་པའི་ཤེས་པ་དང་སྲེད་པའི་སེམས་པ་སྔར་གྱི་འཕེལ་བ་ན་ཕུལ་དུ་བྱུང་བ་དང་འགྲིབ་པར་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་
གྱི་གཏན་ཚིགས་སོ། །དེ་བས་ན་དུས་སྔར་བྱུང་བ་ཅན་གྱི་དྲི་མ་རྣམས་ཀྱིས་བྱེད་པ་འཕེན་པར་བྱེད་པའི་བློའི་རྒྱུ་དྲི་མ་གཞན་འཇུག་པར་བྱེད་ཅིང་དེ་དག་ལ་བྱེད་པ་འཕེན་པར་བྱེད་པའི་བློ་འཇུག་པར་བྱེད་དོ། །དེ་བས་ན་མངོན་པར་འདོད་པའི་གནས་སུ་བྱེད་པ་རྣམ་པར་འཕེན་པ་དང་། དེ་བཞིན་
དུ་བྱེད་པ་འཕངས་པ་དག་ལས་ཁྱད་པར་ཅན་གྱི་གནས་ཐོབ་པ་དེ་ཡང་སྐྱེད་པ་ཡིན་པ་དེ་ལྟར་ན་དབང་བསྐུར་བ་འཁོར་བ་ཉིད་ལས་མ་གྲོལ་བ་ཡིན་ནོ། །གལ་ཏེ་བདག་ཀྱང་འདི་ལ་ཉེ་བར་སྦྱོར་བ་ཡོད་པ་དེ་ལྟར་ན་དེ་ཅིའི་ཕྱིར་ལྷག་མར་བྱས་པ་ཡིན་ཞེ་ན། གང་གིས་ན་འཇུག་པ་དང་ལྡན་པ་
དང་ལྡོག་པ་དང་ལྡན་པ་དེ་ཙམ་ཉིད་ནི་བདག་གི་ངོ་བོ་ཡིན་ནོ། །བྱིན་གྱིས་རློབ་པ་པོ་ཉིད་དམ་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཉིད་དམ་ཉེ་བར་སྦྱོར་བ་གཞན་འགའ་ཞིག་གིས་ཕན་འདོགས་པར་བྱེད་པའི་བདག་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན་གང་གིས་ན་དེ་ཡང་འདིར་ཉེ་བར་སྦྱོར་བ་ཅན་དུ་བརྗོད་
པར་འདོད་པར་འགྱུར། ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་རྟག་པ་རྟག་ཏུ་ནུས་པ་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་པ་མེད་ཉིད་ཕྱིར་དེའི་འབྲས་བུ་རིམ་བཞིན་སྐྱེ་བ་འགལ་བ་ཡིན། དེ་ལྟར་ན་དེ་མང་དུ་དཔྱད་ཟིན་ཏོ། །འབྲས་བུ་དང་བྱེད་པའི་ཚོགས་རིམ་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་
འདིའི་ཡང་འདིར་འདི་བྱེད་པ་པོ་ཉིད་མ་ཡིན་ནོ། །བྱེད་དང་མི་བྱེད་དུས་དག་ཏུ། །འབྲས་བུ་མངོན་པར་འདོད་པ་དང་འདོད་པ་མ་ཡིན་པ་བྱེད་པ་དང་མི་བྱེད་པའི་དུས་དག་ལ་འདིའི་བདག་ཉིད་དག་ནི་འདྲ་བ་དང་། མི་བྱེད་པའི་དུས་ལས་ཁྱད་པར་མེད་པའི་ཕྱིར་ཕྱིས་ཀྱང་འདི་བྱེད་པ་འགལ་བར་
འགྱུར་རོ་ཞེས། ཇི་ལྟར་དངོས་པོ་དེ་རྒྱུ་ཡིན་པ་དེ་ལྟར་དེ་ཉིད་གང་གི་ཚེ། རྒྱུ་མིན་དེ་ནི་གང་གིས་འགྱུར། །ཞེས་བྱ་བའི་སྐབས་སུ་བཤད་ཟིན་ཏོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ཀྱང་འགལ་བ་ཡིན་ནོ། །དེ་ལྟར་ན་བདག་རྟག་པའི་བྱེད་པའི་གནས་སྐབས་གང་ཡིན་པ་དེ་ནི་རྒྱུ་

ཡིན་ཞིང་དེ་ཉིད་ཀྱི་ལོངས་སྤྱོད་པའི་གནས་སྐབས་གང་ཡིན་པ་དེ་འབྲས་བུ་ཡིན་ན་གནས་སྐབས་འདི་ཉིད་ལ་ཁྱད་པར་མེད་པ་ཡིན་ཏེ། རྟག་པ་ཉིད་ཉམས་པའི་ཕྱིར་རོ། །དེ་ཉིད་ཀྱི་རྒྱུའི་རང་བཞིན་གང་ཡིན་པ་དེ་འབྲས་བུ་ཡིན་པ་དེ་ལྟར་ན་རྒྱུ་དང་འབྲས་བུ་ཐ་དད་པ་མེད་པ་འགལ་བ་ཡིན་ནོ། །
དེ་ལྟར་ནི་འགྱུར་མོད་ཀྱི་བདག་ལས་བྱེད་པ་དང་དེའི་འབྲས་བུ་གཞན་ཡིན་པ་དེ་ལྟར་ན་འདོད་པ་ལ་སྒྲུབ་པ་ཉིད་ཡིན་ནོ་ཞེ་ན། དེ་དེ་ལྟར་ན་བདག་དེ་ལས་དེ་དག་སྟེ། བྱེད་པ་དང་ལོངས་སྤྱོད་དག་ལྡོག་པར་ཁས་ལེན་ན་བྱེད་པ་དང་ལོངས་སྤྱོད་དེ་དག་ལ་བདག་ཉེ་བར་མི་སྦྱོར་བ་དེ་ལྟར་ན་དེ་ནི་བྱེད་
པ་པོ་ཟ་བ་པོ་ཉམས་དང་། བྱེད་པ་པོ་མི་འདོད་པ་གང་ཡིན་པ་དེས་ཀྱང་དོན་གྱིས་དེ་བྱེད་པ་པོ་ཉིད་ཡིན་པར་ཁས་ལེན་པར་འགྱུར་ཏེ། སྐྱེས་བུའི་འདོད་པ་དེ་ཉིད་ལས་རང་བཞིན་འཇུག་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་ན་མ་གྲུབ་པ་དང་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །སྦྱོར་བ་ནི་གང་
ཞིག་གང་གི་རྒྱུ་ཡིན་པ་དེ་ནི་དེ་ཉིད་མ་ཡིན་ཏེ། དཔེར་ན་སྐྱེས་བུའི་འདོད་པ་ཉིད་གཙོ་བོའི་འཇུག་པ་ཉིད་མ་ཡིན་པ་དང་། ཡུལ་ཉིད་ཡུལ་ལོངས་སྤྱོད་པའི་མངོན་པར་གསལ་བ་མ་ཡིན་པ་དང་། ཐགས་མཁན་ཉིད་སྣམ་བུ་མ་ཡིན་པ་ལྟ་བུའོ། །བྱེད་པ་པོའི་གནས་སྐབས་ཀྱི་
བདག་ཀྱང་ལོངས་སྤྱོད་པའི་གནས་སྐབས་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པའོ། །གང་ཞིག་གང་ལ་རང་གི་བདག་ཉིད་ཀྱིས་ཉེ་བར་སྦྱོར་བ་མ་ཡིན་པ་དེ་ནི་དོན་དམ་པར་དེ་དང་འབྲེལ་པ་ཅན་དུ་མི་འགྱུར་ཏེ། དཔེར་ན་རང་གི་བདག་ཉིད་ཀྱིས་བྱ་བ་དང་། ལོངས་
སྤྱོད་པ་རྗེས་སུ་སྦྱོར་བར་མི་བྱེད་པ་ནི་ཤིན་ཏུ་མེད་པ་ཡིན་པ་ལྟ་བུའོ། །བདག་ཀྱང་རང་གི་བདག་ཉིད་ཀྱིས་བྱ་བ་དང་ལོངས་སྤྱོད་དག་ལ་ཉེ་བར་སྦྱོར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །བདག་རྟག་པ་ཉིད་ཀྱི་ཕྱིར་ལྡོག་པ་ཅན་གྱི་མཚན་ཉིད་ཅན་གྱི་
ནུས་པ་ཉིད་ནི་འགྲུབ་མི་འགྱུར་ཞེས་བྱ་བ། རྟག་པ་ལྡོག་པ་ཉིད་མེད་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ། །ཞེས་བྱ་བའི་སྐབས་སུ་བཤད་ཟིན་ཏོ། །གང་ཡང་གལ་ཏེ་གཅིག་འགའ་ཞིག་ཀྱང་ཡོད་པ་མ་ཡིན་པ་དེའི་ཚེ། གཞན་གྱིས་ཉམས་སུ་མྱོང་བ་གཞན་གྱིས་དྲན་

པའམ། གཞན་གྱིས་མཐོང་བ་གཞན་གྱིས་ངོ་ཤེས་པའམ། གཞན་གྱིས་བྱས་པ་གཞན་གྱིས་མྱོང་བ་མ་ཡིན་ནོ། །སོགས་པ་སྨོས་པས་ནི་གཞན་ཐེ་ཚོམ་ཟ་བར་གྱུར་པ་ལ་གཞན་གྱིས་ངེས་པ་མ་ཡིན་ནོ་ཞེས་བརྗོད་པ་དེ་ལྟར་ན། གཞན་གྱིས་དྲན་དང་ལོངས་སྤྱོད་
སོགས་ཐལ་བའང་། གཞན་གྱིས་གནོད་པ་ཅན་དུ་བརྗོད་པ་གང་ཡིན་པ་དེ་གནོད་པ་ཅན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་དེ་འགའ་འང་དྲན་པར་མེད་ཕྱིར་རོ། །ཕྱིས་ཀྱང་ཉམས་སུ་མྱོང་བའི་དོན་སྐྱེས་བུས་དྲན་པ་མེད་དོ། །གང་སྐྱེས་བུ་འགའ་ཞིག་གིས་ཉམས་སུ་མྱོང་བའི་
དོན་ཕྱིས་དྲན་པ་མེད་པ་དེ་ལྟར་འདོད་པ་དེ་བས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །འོ་ན་ཇི་ལྟར་དེ་དྲན་པ་ཡིན་ཞེ་ན། ཉམས་སུ་མྱོང་ལས་དྲན་པ་འབྱུང་། །ཞེས་བྱ་བ་སྨོས་ཏེ། དྲན་པ་ཉིད་དྲན་པ་ཡིན་ཏེ་ཉམས་སུ་མྱོང་བ་གསལ་བས་ནུས་པ་ཕྱི་མ་ཕྱི་མ་ཆེས་ཤིན་ཏུ་བའི་ཡིད་ཀྱི་རྣམ་པར་
ཤེས་པ་བསྐྱེད་པའི་སྒོ་ནས་ཕྱིས་རྐྱེན་ཇི་ལྟ་བ་བཞིན་དུ་དྲན་པ་སྐྱེད་པར་བྱེད་དོ། །གང་གི་ཕྱིར་དེ་ལྟར་ཉམས་སུ་མྱོང་བ་ལས་དྲན་པ་སྐྱེ་བ་དེ་བས་ན་གཅིག་འགའ་ཞིག་ཉམས་སུ་མྱོང་བ་ཉིད་དྲན་པར་བྱེད་པ་མ་ཡིན་ནོ། །འདིར་དངོས་པོའི་རྐྱེན་ཡིན་ན་ཡང་བྱེད་པ་པོ་ལ་ལྟོས་པ་མ་
ཡིན་ཏེ། སྔ་ཕྱིར་གྱུར་པའི་འདུ་བྱེད་རྣམས་ལ་རྣམ་པ་འགའ་ཞིག་ལ་སྒྲོ་བཏགས་པ་ལ་འཇུག་པ་དེ་ལྟར་ན་དེ་ལས་དངོས་པོའི་རང་བཞིན་གྲུབ་པ་མ་ཡིན་ནོ། །སྒྲ་ལས་དོན་གནས་པར་འདོད་པ་གང་ཡིན་པ་དེ་ཉིད་ལ་སྐྱོན་འདི་ཡིན་ན་གང་གིས་ན་དོན་གྱི་དེ་ལྟ་བུའི་ངོ་བོ་མེད་པར་དེ་ལྟ་
བུའི་ཐ་སྙད་འཇུག་པར་འགྱུར། ཁོ་བོ་ཅག་ལ་ནི་བརྡར་བཏགས་པའི་དོན་རྣམས་ལ་དོན་འགའ་ཞིག་ཏུ་མངོན་པར་ཞེན་པ་དེ་ལྟར་ན་འཇིག་རྟེན་ཇི་ལྟ་བ་བཞིན་དུ་ཐ་སྙད་འདོགས་པའི་ཕྱིར་གནོད་པ་མེད་པ་ཉིད་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོ་དངོས་པོའི་དེ་ཁོ་ན་ཉིད་ཡོངས་
སུ་བརྟག་པ་ལ་རྒྱབ་ཀྱིས་ཕྱོགས་པའི་བློ་ཅན་ཀུན་རྫོབ་ལ་ཞེན་པ་དག་ཐ་སྙད་ལ་བརྟེན་ནས་དེ་ཁོ་ན་ཉིད་རྣམ་པར་འཇོག་པར་ནུས་པ་མ་ཡིན་ཏེ། ཚད་མ་དང་འགལ་བའི་ཕྱིར་རོ། །གང་གི་ཕྱིར་འདི་ལྟར་ལོག་པའི་ཤེས་པ་དང་སྲེད་པ་དང་སྡུག་བསྔལ་གྱི་རྒྱུ་དག་ལ་དབང་བསྐུར་བ་

ལ་སོགས་པའི་ཆོ་ག་གནོད་པ་ཅན་མ་ཡིན་ཞིང་གནོད་པ་ཅན་མ་ཡིན་པའི་ཕྱིར་བཅོམ་པ་མ་ཡིན་ལ་བདག་མེད་པ་ཉིད་མཐོང་བ་གནོད་པ་ཅན་ཡིན་པ་དེའི་ཕྱིར་དེ་གོམས་པར་གྱུར་པ་ལས་ཡང་སྲིད་པ་ཡོད་པ་མ་ཡིན་ནོ། །འདི་རྣམ་པ་མང་དུ་གཉེན་པོའི་ཕྱོགས་ཉིད་ཡིན་པར་
རབ་ཏུ་བསྒྲུབས་ཟིན་པ་དེ་ལྟར་ན་ཡང་ཇི་ལྟར་དེ་སྡུག་བསྔལ་གྱི་རྒྱུའི་གཉེན་པོའི་ཕྱོགས་ཡིན་པ་དེ་ལྟར་བསྟན་པའི་ཕྱིར་བདེན་པ་བཞི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རེ་ཞིག་སྡུག་བསྔལ་གྱི་རྒྱུ་ནི་སྲེད་པ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་ཡང་མ་རིག་པ་ལས་བྱུང་བའམ།
མ་རིག་པའི་ཁྱད་པར་ཡིན་གྲང་ན། རྣམ་པ་གཉི་ག་ལྟར་ཡང་མ་རིག་པ་དང་འགལ་བའི་བདག་མེད་པ་ཉིད་མཐོང་བ་ནི་སྲེད་པ་དང་འགལ་བ་ཡིན་ནོ། །འགལ་བ་དེ་ཡང་དམིགས་པའི་རྣམ་པ་ཕྱིན་ཅི་ལོག་པའི་སྒོ་ནས་ཡིན་ནོ། །མ་རིག་པ་དེས་ཀྱང་སྡུག་བསྔལ་ལ་རྟག་པ་ཞེས་བྱ་
བའི་རྣམ་པར་འཛིན་པར་བྱེད་དོ། །འདིས་ནི་མི་རྟག་པ་ལས་བཟློག་པར་སྒྲོ་བཏགས་པས་བཤད་པ་ཡིན་ནོ། །བཟློག་པས་རྟག་པ་ཞེས་བརྗོད་པར་བྱ་བ་ལ་བརྟན་པ་སྨོས་པ་ནི་གལ་ཏེ་སྐད་ཅིག་མ་ལས་དུས་ཕྱིས་གནས་པའི་ངང་ཚུལ་ཅན་དུ་སྐྱེས་པ་ཐམས་ཅད་རྟག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །
བདེ་དང་ཞེས་བྱ་བའི་ཟག་པ་དང་བཅས་པ་མ་ཡིན་པའམ། སྐད་ཅིག་མ་རེ་རེ་ལ་རྒྱུའི་གཞན་གྱི་དབང་ལ་ཕྱིན་ཅི་ལོག་ཏུ་བཏགས་པའོ། །ང་ཞེས་བྱ་བ་ནི་བདག་མེད་པ་ལ་ཕྱིན་ཅི་ལོག་པའི་སྒོ་ནས་སོ། །ངའི་ཞེས་བྱ་བ་འདིས་ནི་སྟོང་པ་ཉིད་ཀྱི་རྣམ་པ་ལ་ཕྱིན་ཅི་ལོག་པའི་སྒོ་
ནས་སོ། །རེ་ཞིག་དེ་ལྟར་སྡུག་བསྔལ་གྱི་བདེན་པ་ལ་མི་ཤེས་པ་མི་རྟག་པ་ལ་སོགས་པའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་ཡིན་ནོ། །སོགས་པ་སྨོས་པས་ནི་སྲེད་པའི་མཚན་ཉིད་ཅན་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་བ་མ་ཡིན་པ་དང་། རྒྱུ་ཉིད་མ་ཡིན་པ་དང་། རྐྱེན་ཉིད་
མ་ཡིན་པ་དང་། རབ་ཏུ་སྐྱེ་བ་མ་ཡིན་པ་སྒྲོ་བཏགས་པ་དང་། དེ་བཞིན་དུ་འགག་པ་དང་ལམ་གྱི་བདེན་པ་དག་ལ་ཡང་བདག་ཉིད་ཇི་ལྟ་བ་བཞིན་གྱི་རྣམ་པ་བཞི་དག་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པར་བཟུང་ངོ་། །དེ་དེ་ལྟར་ན། བདེན་པ་བཞི་ལ་བརྟན་པ་དང་། བདེ་དང་ང་དང་ངའི་

ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི། མི་ཤེས་པའི་ཕྱིར་བདེ་བ་ལ་སོགས་པས་ཡོངས་སུ་སྲེད། འདིས་ནི་ལམ་ལ་ཕྱིན་ཅི་ལོག་པའི་མ་རིག་པ་བསྟན་ཅིང་། དེ་ལས་བྱུང་བ་དང་དེའི་རང་བཞིན་གྱི་སྲེད་པ་སྡུག་བསྔལ་གྱི་རྒྱུར་
གྱུར་པ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ལམ་མ་རིག་པ་དང་འགལ་བར་གྱུར་པ་ན་སྲེད་པ་དང་ཡང་དོན་གྱིས་འགལ་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་ལ་ནི་ཞེས་བྱ་བ་ལ་སོགས་པས་མ་རིག་པས་སྒྲོ་བཏགས་པའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་དམིགས་པ་ཉིད་ཀྱི་ལམ་གཉེན་པོའི་
ཕྱོགས་ཉིད་དུ་བསྟན་པ་ཡིན་ཏེ། བདེན་པ་བཞི་པོ། །དེ་ཉིད་ལ་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །དོན་ཡང་དག་པའི་རྣམ་པ་ནི་དོན་གྱི་དེ་ཁོ་ན་ཉིད་ཀྱི་རྣམ་པ་སྟེ་མི་རྟག་པ་ལ་སོགས་པའོ། །དེ་དག་དང་འགལ་བ་ནི་མ་རིག་པས་བསྟན་པ་ལ་སོགས་པའི་རྣམ་པར་སྒྲོ་
བཏགས་པ་གང་ཡིན་པ་དེ་རྣམས་དང་འགལ་བ་ཡིན་ཏེ། དེའི་རྣམ་པའི་རང་བཞིན་དང་ཕྱིན་ཅི་ལོག་པའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་དེ་རྗེས་སུ་རྟོགས་ཤིང་ཁོང་དུ་ཆུད་ལ་ཤེས་པའི་ངང་ཚུལ་ཅན་གང་ལ་ཡོད་པ་དེ་ནི་བདག་མེད་པ་མཐོང་བའི་མཚན་ཉིད་
ཅན་གྱི་ཡང་དག་ལྟ་བ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་སྡུག་བསྔལ་གྱི་རྒྱུའི་རང་བཞིན་ལས་ཕྱིན་ཅི་ལོག་པ་ཡིན་པའི་ཕྱིར་གཉེན་པོའི་ཕྱོགས་སུ་སྦྱར་བ་ཡིན་ནོ། །གང་གི་ཕྱིར་འདི་གཉེན་པོའི་ཕྱོགས་ཡིན་གྱི་དབང་བསྐུར་ལ་སོགས་པའི་ཆོ་ག་མ་ཡིན་པ་དེའི་ཕྱིར་འདི་
ཉིད། ལེགས་བསྒོམས་ཡང་དག་ལྟ་བ་ཡིས། །གང་གི་ཚེ་ཡང་དག་པར་བསྒོམས་པས་དེའི་བདག་ཉིད་དུ་འགྱུར་བ་དེའི་ཚེ། སྲེད་པའི་རྗེས་འབྲང་བཅས་འཇོམས་བྱེད། །སྡུག་བསྔལ་གྱི་རྒྱུར་གྱུར་པ་སེར་སྣ་དང་ཕྲག་དོག་ལ་སོགས་པའི་ཉེས་པ་དང་བཅས་པའོ། །རྒྱུ་
གསུམ་ཅན་སྐྱེ་བའི་མཚན་ཉིད་ཅན་གྱི་སྡུག་བསྔལ་གང་ལ་ལས་དང་ཉོན་མོངས་པ་དང་། ལུས་དེ་རྒྱུ་གསུམ་ཡོད་པ་དེ་ནི་རྒྱུ་གསུམ་ཅན་ནོ། །བདག་དང་བདག་གིར་ལྟ་བའི་ཆགས་པ་ལ་སོགས་པའི་ཉོན་མོངས་པ་སྤངས་པ་ཡོད་ན། སྐྱེ་བ་དག་ནི་མི་འབྱུང་སྟེ། །ཞེས་

བྱ་བར་སྦྱར་ཏེ། ཡང་སྔ་ན་མེད་པའི་སྐྱེ་བ་འབྱུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ལས་དང་ལུས་དང་གནས་ན་ཡང་། རྒྱུ་ཉིད་དུ་མངོན་པར་འདོད་པ་ལྷག་མ་ཡོད་ན་ཡང་གཅིག་མེད་ཕྱིར་ན། ཉོན་མོངས་པའི་མཚན་ཉིད་ཅན་གྱི་རྒྱུ་གཅིག་མེད་པའི་ཕྱིར་ཉོན་མོངས་པ་སྤངས་པ་ཅན་དག་
གི་རྒྱུ་མ་ཚང་བ་ཡོད་ན་ཡང་སྲིད་པ་འབྱུང་བ་མ་ཡིན་ནོ། །ཅི་འདྲ་བར་ཞེ་ན། ས་བོན་མེད་པར་མྱུ་གུ་བཞིན། དཔེར་ན་ས་ལ་སོགས་པའི་རྒྱུ་ལྷག་མ་ཡོད་དུ་ཟིན་ཀྱང་ས་བོན་གཅིག་མ་ཚང་བའི་ཕྱིར་མྱུ་གུ་མི་སྐྱེ་བ་དེ་དང་འདྲའོ། །སྦྱོར་བ་ནི་གང་རྒྱུ་མ་ཚང་བ་ཅན་དེ་ནི་འབྱུང་
བ་མ་ཡིན་ཏེ། དཔེར་ན་རྒྱུ་མ་ཚང་བ་ཅན་གྱི་མྱུ་གུ་ལ་སོགས་པ་ལྟ་བུའོ། །བདག་དང་བདག་གིར་ལྟ་བའི་ཆགས་པ་ལ་སོགས་པ་སྤངས་པ་ཅན་གྱི་ཡང་སྲིད་པར་རྒྱུ་མ་ཚང་བ་ཅན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འོ་ན་གལ་ཏེ་གང་གི་ཚེ་ལས་
དང་ལུས་དག་ཀྱང་རྒྱུ་ཉིད་ཡིན་ན་གཅིག་མེད་ན་ཡང་མི་སྐྱེ་བ་དེའི་ཚེ། འདི་དག་ཟད་པ་ལས་ཀྱང་གྲོལ་བར་བརྗོད་པ་གང་ཡིན་པ་དེ་དག་རིགས་པ་ཉིད་སྨྲ་བ་ཡིན་ནོ་ཞེ་ན། དེ་ནི་ལས་དང་ལུས་དག་སྤངས་མིན་ཏེ། ནུས་པའམ་རིགས་པས་སྤོང་བར་བྱེད་པ་མ་ཡིན་ན་གང་གིས་
ན་དེ་དག་སྤངས་པས་ཡང་སྲིད་པར་མི་འགྱུར། ཅིའི་ཕྱིར་ཞེ་ན། གཉེན་པོའི་ཕྱོགས་ནི་མེད་ཕྱིར་དང་། །རྟོག་པ་སྔོན་དུ་གཏོང་བ་ཅན་འདི་སྤོང་བར་འདོད་པ་གང་ཡིན་པ་དེས་ནི་དེ་གལ་ཏེ་གཉེན་པོའི་ཕྱོགས་ཤེས་པར་འགྱུར་བ་དེའི་ཚེ་དེ་སྤང་བར་བྱ་བའི་ཕྱིར་དེའི་གཉེན་པོའི་ཕྱོགས་
གོམས་པའི་འབད་རྩོལ་བྱེད་ན། རྟོག་པ་པོ་འདི་ལས་དང་ལུས་ཀྱི་གཉེན་པོའི་ཕྱོགས་གོམས་པའི་ཚད་མས་རྟོགས་པར་ནུས་པ་མ་ཡིན་ན་གང་གིས་ན་ལས་ལ་སོགས་པ་ཟད་པའི་ཕྱིར་འཇུག་པར་འགྱུར་ཏེ་དེ་ལྟར་ན། གཉེན་པོའི་ཕྱོགས་ནི་མེད་ཕྱིར་དང་། །ཞེས་བྱ་བ་འདིས་
རྟོགས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ཁོ་ནས་དབྱུང་བར་བྱ་བ་ཡིན་པས་ན། གཉེན་པོའི་ཕྱོགས་རྟོགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་མི་ནུས་པ་ཉིད་ཀྱི་ཕྱིར་ཞེས་བསྟན་པའི་ཕྱིར་ཡིན་གྱི་རྣམ་པ་ཐམས་ཅད་དུ་གཉེན་པོའི་ཕྱོགས་བཀག་པ་ཉིད་ནི་མ་ཡིན་ནོ། །དེ་ལྟར་ན་

ལུང་ལས་གྲུབ་པའི་གཉེན་པོའི་ཕྱོགས་སུ་འགྱུར་བ་དེའི་ཚེ་ཡང་དེ་དད་པ་ཙམ་གྱིས་རྟོག་པ་ཉིད་ཀྱིས་ངེས་པ་མེད་པ་ཉིད་ཡིན་ཞིང་། ངེས་པ་མེད་པ་ལ་ཡང་རྟོག་པ་དང་ལྡན་པ་ནན་ཏན་དུ་བྱེད་པར་མི་འགྱུར་ལ། དེ་ནན་ཏན་དུ་བྱེད་ན་ནི་རྟོག་པ་སྔོན་དུ་གཏོང་བ་ཅན་ཉིད་
ཡིན་པར་མི་འགྱུར་རོ། །དེ་བས་ན་གཉེན་པོའི་ཕྱོགས་ངེས་པ་མེད་པ་ཅན་ནི་དེ་ལ་འཇུག་པར་མི་རིགས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་རྟོག་པ་སྔོན་དུ་གཏོང་བ་ཅན་ཡིན་ཡང་དེའི་རང་བཞིན་མི་ཤེས་པ་ཅན་ཡིན་པ་དེ་ནི། དོན་དེ་རྟོགས་པར་ནུས་པ་མ་ཡིན་ཏེ། དཔེར་ན་དུག་མ་ཡིན་པ་
ཉིད་དུ་མ་རྟོགས་པར་ཟས་ཟ་བ་ལྟ་བུའོ། །སྐྱེས་བུ་རྟོགས་པར་འདོད་པ་འདི་ཡང་རྟོག་པ་སྔོན་དུ་གཏོང་བ་ཅན་ཡིན་ཡང་ལས་ཟད་པར་བྱེད་པའི་ལམ་མི་ཤེས་པ་ཅན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ནུས་མེད་ཕྱིར་རོ། །ལས་དང་ལུས་དག་སྤང་བར་མི་ནུས་པའི་
རྒྱུ་ཉིད་ཀྱི་ཕྱིར་དེ་སྤང་བར་བྱ་བའི་ཕྱིར་འབད་རྩོལ་མི་བྱའོ། །ཇི་ལྟར་མི་ནུས་པ་ཉིད་ཡིན་ཞེ་ན། ཇི་སྲིད་དུ་ལས་དང་ལུས་དག་གིས་རྒྱུ་སྲེད་པ་ཡོད་པ་དེ་ཇི་སྲིད་དུ་མ་ཚང་བ་མེད་པའི་སྲེད་པ་ནི། ཡོད་ན་ཡང་ལས་རྣམས་འབྱུང་ཞིང་ལས་ལས་ཀྱང་སྐྱེ་བ་ཡིན་ན། དེ་ལྟར་ན། ལས་དང་
ལུས་དག་འབྱུང་ཕྱིར་རོ། །རྒྱུའི་ཕྱིར་ལས་དང་ལུས་དག་སྤོང་བར་ནུས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་སྤོང་བར་ནུས་པ་མ་ཡིན་པ་དེ་ནི་སྤང་བའི་ཕྱིར་རྟོག་པ་སྔོན་དུ་གཏོང་བ་ཅན་གྱིས་འབད་རྩོལ་བྱ་བ་མ་ཡིན་ཏེ། དཔེར་ན་ལུས་ཅན་ཤེས་རབ་དང་ལྡན་པས་ནམ་མཁའ་
སྤོང་བའི་ཕྱིར་འབད་རྩོལ་མི་བྱེད་པ་ལྟ་བུའོ། །ལོག་པའི་ཤེས་པ་དང་སྲེད་པ་དང་ལྡན་པའི་སྐྱེས་བུས་ཀྱང་ལས་དང་ལུས་སྤོང་བར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་མི་འགྱུར་མོད་ཀྱི་གང་གི་ཚེ་སྲེད་པ་དང་ལས་གཉི་ག་ཟད་པར་
བྱས་པ་དེའི་ཚེ་ཡང་ལས་སམ་སྐྱེ་བ་མ་ཡིན་པ་དེ་ལྟར་ན། གཉི་ག་ཟད་པར་བྱེད་པའི་འབད་རྩོལ་བྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ། གཉིས་ཟད་དོན་དུ་སྲེད་པ་དང་ལས་ཟད་པའི་རྒྱུ་མཚན་དུ་འབད་ན་ཡང་སྟེ། འབད་པ་བྱེད་ན་ཡང་ལས་ཟད་དུབ་པ་གང་

ཡིན་པ་དེ། དོན་མེད་ཡིན། དེ་ལྟར་ན་རེ་ཞིག་ལས་ཀྱི་གཉེན་པོའི་ཕྱོགས་རྟོགས་པར་མི་ནུས་པ་དང་། སྲེད་པ་ཡོད་ན་དེ་ནུས་པ་མེད་པ་བསྟན་ཟིན་ཏོ། །སྲིད་པ་སྤང་བར་བྱས་ན་ཡང་དེ་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་ལ་ལྷན་ཅིག་བྱེད་པ་ཟད་པའི་ཕྱིར་ནུས་པ་མེད་པ་ཉིད་
ཡིན་པ་དེ་ལྟར་ན་ཡང་སྲིད་པའི་ཉིང་མཚམས་སྦྱོར་བ་མ་ཡིན་ནོ། །དེ་ཙམ་ཉིད་ཀྱིས་སྐྱེས་བུའི་དོན་ཡོངས་སུ་རྫོགས་པ་ཉིད་ཡིན་པའི་ཕྱིར་ལས་ཟད་པའི་དུབ་པ་འབྲས་བུ་མེད་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་གཉེན་པོའི་ཕྱོགས་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་དང་། ལས་ཟད་པར་ནུས་
པ་མེད་པ་ཉིད་ཀྱི་ཕྱིར་ལས་དང་ལུས་དག་ལས་གྲོལ་བ་མ་ཡིན་ནོ། །འབའ་ཞིག་ཀྱང་ལུས་གདུང་བས་སྔོན་བྱས་པའི་ལས་ལོངས་སྤྱོད་པ་ལས་དེ་ཟད་པའི་ཕྱིར་དང་། མ་འོངས་པ་མ་བྱས་པའི་ཕྱིར་གྲོལ་བ་ཡིན་ནོ་སྙམ་དུ་སེམས་ན། དེའི་ལས་ཀྱི་འབྲས་བུ་ལོངས་སྤྱོད་
པས་ཀྱང་དེ་དག་གི་ལས་རྣམས་ཟད་པར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འདིར་ཁ་ཅིག་ནི། གདུང་བ་རྩོམ་པ་ལས་མི་འདོད་པ་ཉམས་སུ་མྱོང་བ་ནི་ལས་ཀྱི་འབྲས་བུ་མ་ཡིན་ན། གང་
ལས་དེའི་འབྲས་བུ་ལོངས་སྤྱོད་པས་ལས་ཟད་པ་ཡིན་ཏེ། འདོད་པའི་དབང་གིས་འཇུག་པ་ཡིན་པའི་ཕྱིར་རོ་ཞེས་རྗོད་པར་བྱེད་ན་དེ་དང་དེའི་འདོད་པ་མ་ཡིན་ནོ། །དེ་ལྟར་ན་ལས་དེ་འདྲ་བ་དེ་ནི་སྟོབས་དང་ལྡན་པ་མ་ཡིན་ནོ། །གང་གིས་ན་འདིའི་འབྲས་བུ་སྐྱེས་བུ་བྱེད་པའི་
ལྷན་ཅིག་བྱེད་པ་ལ་ལྟོས་པ་ཡིན། དེ་ལྟ་མ་ཡིན་ན་སྐྱེས་བུའི་བྱེད་པས་བསྒྲུབས་པའི་རྒྱལ་སྲིད་ལ་སོགས་པ་ལའང་ལས་ཀྱི་འབྲས་བུ་ཉིད་ཡིན་པར་མི་འགྱུར་ཏེ། འདོད་པ་དེ་དག་ཀྱང་དོར་བར་ནུས་པ་ཡིན་ཞིང་འདོད་པ་ཡང་ཡིན་ནོ། །དེ་བས་ན་འདོད་པ་དང་མི་འདོད་པ་
ཅུང་ཟད་གང་ཡིན་པ་དེ་ཐམས་ཅད་ལས་ཀྱི་འབྲས་བུ་ཉིད་ཡིན་པ་དེ་ལྟར་ན་འགལ་བ་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་འཕགས་པ་གནས་བསྟན་པས། བདེ་འགྲོ་འམ་ནི་ངན་འགྲོ་ཡང་། །སྐྱེ་མཆེད་ལྔ་ཡི་རྐྱེན་ཅན་གྱི། །སེམས་ནི་མི་འདོད་སྐྱེ་གང་དེ། །སྡིག་པའི་ལས་ཀྱི་

འབྲས་བུར་འདོད། །ཅེས་བཤད་པ་ཡིན་ནོ། །དེ་ལྟར་ན་འདོད་པ་སྐྱེ་བ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཡིན་ནོ། །དེ་བས་ན་གཏན་ཚིགས་འདི་མ་ངེས་པ་ཡིན་ནོ། །ལོངས་སྤྱོད་ཆེན་པོ་དང་། ནད་དང་ནད་མེད་པ་དང་། ཡན་ལག་དང་ཉིང་ལག་ལ་སོགས་པ་
མ་ཚང་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་འབྲས་བུ་སྣ་ཚོགས་པ་སྣང་བས་ན་འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར། ལས་རྣམས་ཀྱི་ནུས་པའི་ཁྱད་པར་ངོ་བོ་དུ་མ་ཅན་གྱི་འབྲས་བུ་འབྱིན་པའི་ནུས་པ་རྗེས་སུ་དཔོག །འབྲས་བུ་སྣ་ཚོགས་པ་འབྱིན་པར་ནུས་པ་ཅན་གྱི་ལས་དེ་དག་
གིས་འབྲས་བུ་སྣ་ཚོགས་པ་ཉམས་སུ་མྱོང་བ། དེ་ཕྱིར་གདུང་བའི་ཉོན་མོངས་གཅིག །རང་བཞིན་ལས་ནི་ཡོངས་སུ་གདུང་བའི་མཚན་ཉིད་ཅན་གྱི་ཡོངས་སུ་གདུང་བའི་འབྲས་བུ་ལས་འབྲས་བུ་འབྱིན་པའི་སྒོ་ནས་ཀུན་ནས་ཉོན་མོངས་པའི་འབྲས་བུ་སྣ་ཚོགས་པ་ཅན་གྱི། ལས་ཟད་
མིན་ཏེ་རིགས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་འབྲས་བུ་སྣ་ཚོགས་པ་ཅན་ཡིན་པ་དེ་ནི་འབྲས་བུ་ངོ་བོ་གཅིག་པ་ཅན་འབྱིན་པར་ནུས་པ་མ་ཡིན་ཏེ། དཔེར་ན་ནས་དང་སཱ་ལུ་དང་ཀོ་ཏྲ་བའི་ས་བོན་ལྟ་བུའོ། །ལས་ཀྱང་འབྲས་བུ་སྣ་ཚོགས་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་
འགལ་བ་དམིགས་པའོ། །གང་ཞིག་འབྲས་བུ་སྣ་ཚོགས་པ་འབྱིན་པར་ནུས་པ་ཅན་ཡིན་པ་དེ་ནི་འབྲས་བུའི་རང་བཞིན་གཅིག་གི་བློ་ནས་འབྲས་བུ་འབྱིན་པས་ནུས་པ་ཟད་པ་ཅན་མ་ཡིན་ཏེ། དཔེར་ན་ནས་དང་སཱ་ལུ་དང་ཀོ་ཏྲ་བའི་ས་བོན་དེ་དག་ནི་ཀོ་ཏྲ་བའི་མྱུ་གུ་སྐྱེད་པས་གཞན་
དག་འབྲས་བུ་འབྱིན་པའི་ནུས་པ་ཟད་པ་མ་ཡིན་པ་ལྟ་བུའོ། །ལས་དང་འབྲས་བུ་སྣ་ཚོགས་པ་འབྱིན་པའི་ནུས་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །གལ་ཏེ་ལྷན་ཅིག་བྱེད་པའི་ཁྱད་པར་ཡོད་པ་དང་མེད་པ་དག་ལས་འབྲས་བུའི་འཕེལ་
བ་དང་འགྲིབ་པར་འགྱུར་བ་ཡིན་ལ། ལས་ནི་རྗེས་སུ་མཐུན་པའི་འབྲས་བུ་འབྱིན་པ་ལ་རུང་བ་ཡིན་པ་དེའི་ཕྱིར། རྣམ་འགས་ལྷན་ཅིག་བྱེད་པ་རྒྱས་པ་མེད་ན། དེ་སྐྱེད་རྒྱུ་འདྲ་བ་ལས་འབྱུང་བ་ཅན་འདྲ་བའི་འབྲས་བུ་ནི། ཆུང་འགྱུར་རིགས་མི་མཐུན་ལྡན་མིན། །ལས་

གཞན་ཡོད་ན་ལས་གཞན་ལས་འབྱུང་བ་ཅན་རིགས་ཐ་དད་པ་ཅན་གྱི་ལས་ཀྱི་འབྲས་བུ་གཞན་ལས་འབྱུང་བ་མ་ཡིན་ཏེ། དཔེར་ན་སཱ་ལུའི་ས་བོན་ལས་ཞིང་འདུས་བྱས་པ་ལ་སོགས་པ་མ་ཚང་བས་སཱ་ལུ་ཉིད་འབྲས་བུ་ཆུང་བར་འགྱུར་གྱི། དེ་ཡང་ཀོ་ཏྲ་བ་ལ་སོགས་པའི་འབྲས་
བུ་མ་ཡིན་པ་ལྟ་བུའོ། །དེ་ལྟར་སྔ་མ་ཉིད་ཀྱི་གཞུང་བཙུགས་པ་ཡིན་ནོ། །ཅི་སྟེའང་དཀའ་ཐུབ་ནུས་པ་ཡིས། ལས་ནུས་པ་འདྲེས་པ་ཅན་གྱིས་བྱས་པ་ཡིན་ན་འབྲས་བུའི་ངོ་བོ་གཅིག་ཉིད་ཀྱི་སྒོ་ནས་ཟད་པར་འགྱུར་བའམ། ལས་ཀྱི་ནུས་པ་སྣ་ཚོགས་པ་དེ་ཉིད་དཀའ་
ཐུབ་ཀྱི་ནུས་པས་ཟད་པར་འགྱུར་རོ། །དེ་དེ་ལྟར་ན་དཀའ་ཐུབ་ཀྱི་ནུས་པས་ལས་རྣམས་ཀྱི་ནུས་པ་འདྲེན་པ་ཟད་པ་ཡིས། རྒྱུར་གྱུར་པ་དག་གིས་ལྷག་མར་གྱུར་པ་འབྲས་བུ་ཆུང་བ་ཅན་གང་ཡིན་པ་དེ་ཕྱིས་ཀྱང་ལོངས་སྤྱོད་ཆུང་བའི་ཉོན་མོངས་གང་ལས་ཏེ། སྐྲ་འབལ་བ་ལ་སོགས་
པས་སྐྱེད་པས་ལས་དེ་མ་ལུས་པར་ཉམས་པར་འགྱུར་བས་ཟད་པ་དེ་ལས་གྲོལ་བར་འགྱུར་རོ་ཞེ་ན། གལ་ཏེ་དཀའ་ཐུབ་ཀྱི་ནུས་པས་ལས་ཀྱི་ནུས་པ་ཟད་པའི་ཕྱིར་ལས་ཉམས་པར་འདོད་པའི་ཕྱོགས་དེ་ལ། ཉོན་མོངས་པ་མ་ལུས་པ་ཉོན་མོངས་མིན་ལས་ཏེ། །ལུས་ཀྱི་གདུང་
བ་ཉམས་སུ་མྱོང་བ་མེད་པར་ཉམས་པ་ཡིན་ནོ། །དེ་ལྟར་ན་དམྱལ་བའི་སྡུག་བསྔལ་ལ་སོགས་པ་ཤིན་ཏུ་མི་བཟད་པའི་ལས་འབྲས་བུའི་ནུས་པ་ཟད་པར་ནུས་པའི་དཀའ་ཐུབ་གང་ཡིན་པ་དེ་ཡིན་ན་ཇི་ལྟར་ན་དེ་ཉིད་ཀྱིས་སྲབ་མོར་བྱས་པས་སྡུག་བསྔལ་ཆུང་བ་ཅན་གྱི་ལུས་ཀྱི་
གདུང་བ་ཉམས་སུ་མྱོང་བ་ཙམ་གྱིས་འབྲས་བུ་གསལ་བ་ཅན་གྱི་ལས་ཀྱི་ནུས་པ་ཟད་པ་ལ་ནུས་པ་མེད་པར་འགྱུར། དེ་བས་ན་སྡུག་བསྔལ་དེ་ཡང་མ་འགྱུར་བ་དེ་ལྟར་ན་ལུས་ཀྱི་ཀུན་ནས་ཉོན་མོངས་པས་ཅི་ཞིག་བྱ། ནུས་པ་འདྲེས་པའི་ཕྱོགས་ལ་ཡང་ལས་ཆགས་པས་
ཉམས་པ་ཡིན། བ་སྤུ་གཅིག་བཏོགས་པར་བྱས་པ་ལ་སོགས་པའི་གདུང་བས་ཟད་པར་འགྱུར་ཏེ། དེ་ལས་གཞན་པ་དོན་མེད་པ་ཉིད་དུ་འགྱུར་བ་དེ་ལྟར་ཞེས་བྱ་བའི་དོན་ཏོ། །འདི་ཡང་གང་གི་ཚེ་བརྗོད་ཅེ་ན། གལ་ཏེ་ནུས་པ་དེ་འདྲེས་པར་བྱེད་པའམ། ཟད་པར་བྱེད་

པའི་དཀའ་ཐུབ་སྟེ། སྐྲ་འབལ་བ་ལ་སོགས་པ་ལས་སྐྱེ་བའི་ཉོན་མོངས་ལས་གཞན་འདོད་པར་འགྱུར་ནའོ། །གལ་ཏེ་ཉོན་མོངས་ཉིད་ཅེ་ན། །ལུས་གདུང་བར་བྱེད་པ་དཀའ་ཐུབ་ཡིན་པ་དེའི་ཚེ་དཀའ་ཐུབ་དེ་ལས་འབྲས་ཡིན། ལས་ཀྱི་འབྲས་བུ། འདི་ལས་
ནི་ནུས་པ་འདྲེས་སོགས་མ་ཡིན་ནོ། །སོགས་པ་སྨོས་པས་ནི་ཟད་པ་མ་ཡིན་པར་བཟུང་ངོ་། །སྦྱོར་བ་ནི་གང་ཞིག་ལས་ཀྱི་འབྲས་བུ་ཡིན་པ་དེ་དཀའ་ཐུབ་མ་ཡིན་པའམ། དེ་ལས་ནུས་པ་འདྲེས་པའམ་ཟད་པ་མ་ཡིན་ཏེ། དཔེར་ན་གླང་གི་ལས་ཀྱི་འབྲས་བུ་ལྟ་བུའོ། །ཉོན་མོངས་
པ་ཡང་ལས་ཀྱི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་ན་སྲེད་པ་ནི་ལས་ཀྱི་རྒྱུ་ཡིན་ལ། དེ་ཡང་ལམ་གྱི་ཟད་པ་ན། །རྒྱུ་ཅན་ལས་ཀྱང་ཟད་པའི་ཕྱིར། །ཁྱེད་ཅག་ཀྱང་ལས་ཟད་པར་འདོད་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ཞིག་
གང་གི་རྒྱུ་ལ་གནོད་པ་དེ་ནི་དེའི་གནོད་པ་ཅན་དུ་འགྱུར་ཏེ། དཔེར་ན་བད་ཀན་ཅན་གྱི་ནད་ཀྱི་རྒྱུ་ལ་རྩུབ་པ་དང་དྲོ་བ་དང་ཡང་བའི་རྫས་གནོད་པ་ཅན་གྱི་རྒྱུ་ཡིན་པ་ལྟ་བུའོ། །ལམ་ཡང་ལས་ཀྱི་རྒྱུ་སྲེད་པ་ལ་སོགས་པ་ལ་གནོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །
གང་ཡང་སྐྱོན་རྣམས་འགོག་བྱེད་པ་བདག་མེད་པ་ཉིད་མཐོང་བའི་མཚན་ཉིད་ཅན་ཐབས་ཡིན་པར་འདོད་དེ། སྐྱོན་རྣམས་ཀྱི་རྒྱུ་སྲེད་པ་འཇོམས་པར་བྱེད་ཅིང་སྲེད་པ་མེད་ན་ཡང་མ་འོངས་པའི་སྐྱོན་རྣམས་སྐྱེ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །
རྒྱུའི་ཕྱིར་དེ་དག་ཉེས་པ་འགོག་པར་བྱེད་པའི་ཐབས་ཡིན་ནོ། །དེ་སྐྱེ་ལས་ལ་ནུས་འགྱུར་གྱི། སྐྱེ་བར་འདོད་པའི་སྐྱོན་གྱིས་སྐྱེད་པའི་ལས་ལ་ནུས་པར་འགྱུར་གྱི། སྔར་བྱས་པ་དག་ལ་ནི་མ་ཡིན་ནོ། །ཇི་ལྟར་བྱས་པ་བཅོམ་པར་འགྱུར། །སྔོན་བྱས་པའི་ལས་རྣམས་ནི་ཟད་
པར་མི་འགྱུར་རོ། །དེ་ལ་འདི་ལྟར་གལ་ཏེ་འདས་པའི་ལས་ལ་བརྟེན་ནས་བརྗོད་པ་དེའི་ཚེ་མ་གྲུབ་པ་ཡིན་ལ། མ་འོངས་པའི་ལས་ལ་བརྟེན་ནས་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གལ་ཏེ་ཇི་ལྟར་ཉོན་མོངས་པ་ཡོད་པ་ན་ཡང་དེ་ལས་ལས་རྣམས་སྐྱེ་བར་འགྱུར་བའི་ཕྱིར་གྲོལ་བ་

མ་ཡིན་ཞིང་། དེ་བཞིན་དུ་ལས་ཀྱི་གནས་པས་ཀྱང་སྲེད་པ་དང་བྲལ་བ་རྣམས་ཀྱི་ཉོན་མོངས་པར་འགྱུར་རོ་ཞེ་ན། ལས་ལས་སྐྱོན་ནི་འབྱུང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་སྐྱོན་ལྡན་ལས་བྱེད་པར་འགྱུར་ཞིང་སོགས་པར་འགྱུར་གྱི། བཟློག་ལས་མིན་ཏེ། སྐྱོན་དང་ལྡན་པ་
མ་ཡིན་པ་ལས་མ་ཡིན་ནོ། །རིགས་མཐུན་པའི་སྐྱོན་རྣམས་ཡོད་ན་སྐྱོན་རྣམས་འཇུག་པར་འགྱུར་གྱི་བཟློག་པ་ལས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་གང་སྐྱོན་དང་ལྡན་པ་མ་ཡིན་པ་དེ་ནི་སྡིག་པའི་ལས་མི་བྱེད་དེ་དཔེར་ན་མོ་གཤམ་གྱི་བུ་ལྟ་བུའོ། །སྐྱེས་བུ་ཉེས་པ་ཟད་པ་ཡང་
སྐྱོན་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི། ལས་འདོད་པ་ལས་བདེ་བ་དང་བདེ་བ་ལས་འདོད་ཆགས་པ་དང་། དེ་བཞིན་དུ་མི་འདོད་པ་ལས་སྡུག་བསྔལ་ཉམས་སུ་མྱོང་ཞིང་དེ་ལས་ཞེ་སྡང་ལ་སོགས་པ་ཡིན་
པ་དེ་ལྟར་ན། ལས་ལས་ཀྱང་ཉོན་མོངས་པ་སྐྱེ་བ་ཡིན་ནོ་ཞེ་ན། ལོག་པའི་རྣམ་རྟོག་མེད་པར་ནི། །བདེ་བ་ལས་ཀྱང་འདོད་པ་སྟེ་ཆགས་པ་མ་ཡིན་ནོ། །གང་གི་ཚེ་ང་དང་ངའི་ཞེས་བྱ་བ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དེའི་ཚེ། འདོད་ཆགས་ལ་སོགས་པ་སྐྱེ་བ་ཡིན་གྱི་
རྣམ་པ་གཞན་དུ་ནི་མ་ཡིན་ནོ། །ལོག་པའི་རྣམ་པར་རྟོག་པ་དེ་ཡང་བདག་ཏུ་ལྟ་བ་སྤངས་པ་ཅན་དག་ལ་ཡོད་པ་མ་ཡིན་པ་དེ་ལྟར་ན། གང་ལས་ཉོན་མོངས་པ་སྐྱེ་བར་འགྱུར། སྦྱོར་བ་ནི་གང་ལས་ལོག་པའི་རྣམ་པར་རྟོག་པ་མེད་པ་དེ་ལ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བའི་དུས་ན་
ཡང་ཉོན་མོངས་པ་སྐྱེ་བ་མེད་དེ། དཔེར་ན་མཁས་པ་པོ་སོ་སོར་རྟོག་པ་དང་ལྡན་པ་ལྟ་བུའོ། །བདག་དང་བདག་གི་ལྟ་བ་སྤངས་པ་ཅན་ལ་ཡང་བདེ་བ་ལ་སོགས་པ་ཉམས་སུ་མྱོང་ན་ཡང་ལོག་པའི་རྣམ་པར་རྟོག་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །བདེན་པ་སྟོན་པར་
མཛད་པས་ན། །སྐྱོབ་པ་ཞེས་བཤད་པ་འདིས་སྐྱོབ་པར་མཛད་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྒྲུབས་ཟིན་ཏོ། །དེ་ཙམ་ཉིད་སེམས་ཅན་ལ་ཕན་པ་བཞེད་པའི་གཞན་གྱི་དོན་དུ་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། བླང་བར་བྱ་བ་དང་དོར་བར་བྱ་བའི་དེ་ཁོ་ན་ཉིད་ཐབས་དང་བཅས་

པ་གྲོལ་བར་འདོད་པ་དག་ལ་བསྟན་པ་ཡིན་ནོ། །དེ་དང་དེ་ལས་ཇི་ལྟར་རབ་ཏུ་བསྒྲུབ་པའི་བདེན་པ་བཞིན་སྟོན་པའི་མཚན་ཉིད་ཅན་འབྲས་བུར་འགྱུར་བའི་སྐྱོ་བ་ལས་དེ་ཉིད་བསྟན་དང་། མ་ལུས་ཁྱད་པར་མཁྱེན་པ་བསྒྲུབ། །གྲུབ་པ་སྒྲུབ་པ་ཡིན་ནོ། །སྔར་ནི་
གཤེགས་པའི་དོན་ཅན་གྱི་བསྔགས་པར་གཤེགས་པ་ལ་སོགས་པའི་དོན་གྱིས་བདེ་བར་གཤེགས་པ་ཉིད་དུ་བཤད་ནས་ད་ནི་ཡང་། གཤེགས་པ་རྟོགས་པའི་དོན་གྱི་ཕྱིར། །བདེ་བར་གཤེགས་པ་ཉིད་ཡིན་ཏེ། །བསྔགས་པ་ཐུགས་སུ་ཆུད་པ་དང་ལྡན་པས་ན་མ་ལུས་པ་
ཐུགས་སུ་ཆུད་པ་དང་ལྡན་པ་ཞེས་བྱ་བའི་བར་གྱིས་དེ་ལྟར་བདེ་བར་གཤེགས་པ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ཁོ་ན་ཉིད་དང་བརྟན་པ་དང་། མ་ལུས་པ་ཉིད་ཀྱི་ཁྱད་པར་གྱི་མཁྱེན་པ་ནི། དེ་ཁོ་ན་ཉིད་དང་བརྟན་པ་དང་། མ་ལུས་པའི་ཁྱད་པར་མཁྱེན་པའོ། །དེ་ཁོ་ན་ཉིད་མཁྱེན་
པ་ནི་ཚད་མས་མི་སླུ་བ་དང་། བརྟེན་པ་མཁྱེན་པ་ནི་ལམ་ངེས་པའམ་བཀའ་སྔ་ཕྱིའི་འགལ་བ་མེད་པ་སྟེ། གནོད་པ་མེད་པས་འགྱུར་བ་མེད་པ་བརྟེན་པ་ལས་རྗེས་སུ་དཔོག་པ་ཡིན་ནོ། །སྟོན་པའི་བསྟན་པའི་ཡན་ལག་དགུ་དང་ཐེག་པ་གསུམ་གྱི་ཡུལ་ཅན་བསྟན་པ་སྡུག་བསྔལ་ལ་
སོགས་པའི་མཚན་ཉིད་ཅན་གྱི་བསྟན་པ་ལ་ཡང་གསུང་གཅིག་ཉིད་ཡིན་པའི་ཕྱིར། མ་ལུས་པར་མཁྱེན་པའོ། །ལུས་པ་ནི་འདིར་བདེན་པ་བཞི་རྟོགས་པའི་ཤེས་པ་ཡང་ཇི་ལྟ་བ་བཞིན་དུ་བསྟན་པའི་ཐབས་ལ་མི་མཁས་པའོ། །བཅོམ་ལྡན་འདས་ལ་དེ་མངའ་བ་མ་ཡིན་ཏེ།
ཐབས་སྣ་ཚོགས་པས་བདེན་པ་བཞི་སྟོན་པ་མཛད་པའི་ཕྱིར་རོ། །འཕགས་པ་དག་གི་མཁས་པ་ཅུང་ཟད་ཙམ་གང་ཡིན་པ་དེ་ཡང་དེའི་རྗེས་སུ་སློབ་པ་ཡིན་ནོ། །དེ་ཁོ་ན་ཉིད་དང་བརྟན་པ་དང་། མ་ལུས་པའི་ཁྱད་པར་མཁྱེན་པའི་རྒྱུ། དེའི་ཕྱིར་ཕྱི་རོལ་པ་དང་སློབ། མི་སློབ་
ལས། བཅོམ་ལྡན་འདས་ཚད་མས་ཡོངས་སུ་གཟིགས་པའི་དོན་ཐུགས་སུ་ཆུད་པའི་ཁྱད་པར་གྱིས། ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་དག་ལས་ལྷག་པ་ཡིན་ནོ། །དེ་བཞིན་དུ་དེ་རྣམས་ནི་ཚད་མས་མི་སླུ་པའི་བླང་བ་དང་དོར་བ་ལ་སོགས་པའི་ཡུལ་ཤེས་པ་མ་ཡིན་ནོ། །

བརྟན་པ་ཤེས་པའི་ཁྱད་པར་ཉིད་ཀྱིས་སློབ་པ་ལས་ལྷག་པ་ཡིན་ཏེ་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་སུ་ལྟ་བ་མ་སྤངས་པའི་ཕྱིར་རོ། །མི་སློབ་པ་དགྲ་བཅོམ་པ་དང་། རང་སངས་རྒྱས་དག་ལས་ལྷག་པ་ནི་མ་ལུས་པའི་ཁྱད་པར་མཁྱེན་པས་སོ། །བརྟན་པ་དང་མ་ལུས་པའི་ཁྱད་པར་
མཁྱེན་པ། དེའི་ཕྱིར་གཞན་གྱི་དོན་མཁྱེན་པ་ལ་བརྩོན་པར་བཅོམ་ལྡན་འདས་གྲུབ་པ་ཡིན་པ་གཞན་དོན་མཁྱེན་པ་བརྩོན་ཏེ། གཞན་གྱི་དོན་མཁྱེན་པའི་ཕྱིར་བརྩོན་པས་ལམ་གོམས་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །དེ་འདི་ལ་གྲུབ་པ་ཡིན་ཏེ་གང་གིས་དེ་ལྟར་ཐུགས་སུ་ཆུད་ན་ཡང་
མཛད་པ་མེད་པར་བཞུགས་པ་མ་ཡིན་ཏེ། དཔེར་ན་རང་སངས་རྒྱས་ལ་སོགས་པ་ལྟ་བུའོ། །དེ་ཡང་སྟོན་པར་འགྱུར་རོ། །གཞན་གྱི་དོན་མཁྱེན་པ་ལ་བརྩོན་པ། དེ་སྟོན་པ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པ་ཡིན་པའི་ཕྱིར་རོ། །དེ་ལས་བརྩེ་ཡིན། གཞན་གྱི་དོན་མཁྱེན་པ་ལས་
བརྩེ་བ་གྲུབ་པ་ཡིན་ནོ། །བརྩེ་བ་དང་ལྡན་པ་གཞན་གྱི་དོན་ལ་འཇུག་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །འདིས་ནི་འགྲོ་བ་ཕན་པར་མཛད་པ་བཞེད་པ་ཉིད་བཤད་པ་ཡིན་ནོ། །གཞན་དོན་དབང་གཞན་གྱི་དོན་མཁྱེན་པར་བརྩོན་པ་གང་ལས་ཤེས་པ་ཡིན། གྲུབ་ཕྱིར་ཆགས་བྲལ་མེད་ཕྱིར་རོ། །
འདི་ལྟར་དེ་ཁོ་ན་ཉིད་དང་བརྟན་པ་དང་མ་ལུས་པའི་ཁྱད་པར་མཁྱེན་པའི་ཐུགས་སུ་ཆུད་པ་མངའ་ན་ཡང་འཕགས་པའི་བདེན་པ་བཞི་ཕྱིས་ཀྱང་བཏང་སྙོམས་ལ་བརྟན་པར་མཛད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། འདི་ལྟར་ཐུགས་སུ་ཆུད་པ་ཉིད་སྟོན་པ་རྗེས་སུ་སྒྲུབ་པར་མཛད་པ་
ཉིད་ཡིན་ནོ། །དེའི་ཕྱིར་གཞན་གྱི་དབང་དུ་གྱུར་པ་ཉིད་ཡིན་ནོ། །གང་འདི་བཏང་སྙོམས་སུ་བཞུགས་པར་སྟོན་པ་ལ་སོགས་པའི་རྒྱུད་པ་དེ་ཡང་ཇི་ལྟར་ཐུགས་སུ་ཆུད་པ་ཟབ་པའི་དོན་ཉིད་དུ་བསྟན་པ་ཡིན་པར་སྟོན་པ་ལ་གཞོལ་བ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ཉིད་
ཡིན་ནོ། །སྦྱོར་བ་ཡང་གང་ཞིག་གང་རྟོགས་ན་ཡང་བྱད་པ་རྫོགས་པ་ཅན་མ་ཡིན་པ་དེ་ནི་དེའི་འབྲས་བུ་དེ་ཙམ་འདོད་པ་མ་ཡིན་ཏེ། དཔེར་ན་ཟས་ཐོབ་ན་ཡང་བྱེད་པ་རྫོགས་པ་མེད་པར་ཟས་ཀྱི་ཕྱིར་འཇུག་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱང་དེ་ཁོ་ན་ཉིད་དང་བརྟན་པ་དང་། མ་ལུས་པའི་

ཁྱད་པར་མཁྱེན་པ་ཐུགས་སུ་ཆུད་པ་མངའ་ན་ཡང་། དེ་ཙམ་གྱིས་མཛད་པ་རྫོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལས་བརྩེ་མིན་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་ཚད་མ་ཉིད་སྒྲུབ་པར་བྱེད་པ་ཡིན་པ་འགྲོ་ལ་ཕན་མཛད་ལ་སོགས་
པའི་ཚིག་རྐང་པ་དེ་འཆད་པར་བྱེད་པ་ཡིན་ནོ། །བརྩེ་བས་ལེགས་པ་སྟོན་པར་མཛད། བརྩེ་བ་དང་ལྡན་པ་གཞན་གྱི་སྡུག་བསྔལ་ཡོངས་སུ་སྤོང་བ་དོན་དུ་གཉེར་བ་དོན་ལོག་པར་སྟོན་པར་མི་མཛད། དེ་མཁྱེན་བཞིན་དུ་སྐལ་བ་དང་ལྡན་པ་དེ་དོན་དུ་གཉེར་བ་དག་ལ་ལེགས་པ་ཉིད་སྟོན་
པར་མཛད་ཀྱི། ལེགས་པ་མ་ཡིན་པ་ནི་མ་ཡིན་ནོ། །བརྩེ་བ་དང་ལྡན་པ་ཡང་། མི་ཤེས་པའི་ཕྱིར་ཡང་དག་པའི་དོན་སྟོན་པར་མི་ནུས་པ་དེ་ལྟར་ན། ཡེ་ཤེས་ལས། བདེན་པ་སྟོན་མཛད་ཀྱི་བརྩེ་བ་མེད་པ་ནི་ཤེས་ན་ཡང་རྣམ་པ་གཞན་ཡང་སྟོན་པར་འགྱུར་བ་དེ་ལྟར་ན། བརྩེ་བ་ཡང་
ཚད་མ་ཉིད་ཀྱི་ཐབས་ཡིན་ནོ། །ཤེས་པ་དེ་ཡང་སྒྲུབ་བྱེད་བཅས། །དེའི་ཕྱིར་འདི་ཚད་མ་ཉིད་དུ་རིགས་པ་ཡིན་པ་དེ་ལྟར་ན་མཐོང་བ་ཙམ་གྱིས་འབྲས་བུ་ཅན་སྟོན་པའི་ཚིག་ནི་ཚད་མ་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེ་གསུང་བར་ནི་མངོན་སྦྱོར་ལྡན་ཞེས་བྱ་བས་ནི་སྐྱོབ་པ་ཉིད་དུ་བསྟེན་ཏོ། །
གལ་ཏེ་བརྩེ་བ་དང་ལྡན་པ་དང་། ཡེ་ཤེས་དང་ལྡན་པ་ལེགས་པ་དང་བདེན་པ་སྟོན་པར་མཛད་པ་གདོན་མི་ཟ་བར་ཐུགས་སུ་ཆུད་པའི་བརྩོན་པ་དང་ལྡན་པ་ཡིན་པ་དེ་ལྟར་ངེས་པ་ཡིན་པ་དེའི་ཚེ་ཡང་། གྲོལ་བར་འདོད་པ་དག་གིས་དེ་ལ་གུས་པར་བྱ་བ་མ་ཡིན་གྱི། བརྩོན་པ་དང་
ལྡན་པ་ཉིད་ལ་གུས་པར་བྱའོ། །གང་ཕྱིར་དེ་ལྟར་ལེགས་པ་དང་བདེན་པ་སྟོན་པར་མཛད་པ་དང་། དེ་འཆད་པ་ལ་བརྩོན་པ་དང་ལྡན་ན། དེ་ཕྱིར་ཚད་མ་ཡིན། སྦྱོར་བ་ནི་གང་ཞིག་གང་གི་ཕྱིར་གང་དོན་དུ་གཉེར་བ་ལ་ལེགས་པ་དང་། བདེན་པ་སྟོན་པར་བྱེད་ཅིང་དེ་སྟོན་པ་ལ་བརྩོན་པ་དང་
ལྡན་པ་དེ་ནི་དོན་དུ་གཉེར་བའི་མཁས་པ་དེས་ཚད་མ་ཉིད་དུ་བྱ་བའམ། དེའི་ཚིག་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན་ཇི་སྐད་དུ་བཤད་པའི་ཡོན་ཏན་དང་ལྡན་པའི་མཁན་པོ་སློབ་མ་ལ་སྟོན་པར་བྱེད་པའི་ཚིག་གི་དོན་སློབ་མ་མཁས་པ་སྒྲུབ་པར་བྱེད་པ་ལྟ་བུའོ། །བཅོམ་ལྡན་འདས་གྲོལ་

བར་འདོད་པ་རྣམས་ལ་ལེགས་པ་དང་། བདེན་པའི་དོན་སྟོན་པར་མཛད་ཅིང་འཆད་པ་ལ་བརྩོན་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་དེ་ལྟར་ན་ཚད་མར་གྱུར་པ་ཞེས་བྱ་བ་དེ་ཙམ་ནི་བསྟོད་པའི་ཚིག་ཡིན་ནོ། །བསྟོད་པའི་ཚིག་གཅིག་མ་གཏོགས་པ་
ལྷག་མ་ནི་ཚད་མར་སྒྲུབ་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་དེ་ལས་གཞན་པའི་ཡོན་ཏན་མངའ་ན་ཡང་ཚད་མར་གྱུར་པ་ཞེས་བྱ་བ་ཉིད་བསྟོད་པར་མཛད་པ་ཡིན་ཞེ་ན། སྟོན་པ་དེ་ལྟའི་དངོས་བསྟོད་ནི། །ཞེས་བྱ་བ་སྨོས་ཏེ། ཚད་མ་ཉིད་དུ་བསྟོད་པ་གང་ཡིན་པ་དེ་དེའི་བསྟན་པ་ཉིད་ལས་ནི།
ཚད་མའི་དེ་ཉིད་གྲུབ་དོན་ཡིན། །མངོན་སུམ་ལ་སོགས་པའི་ཚད་མ་གང་ཡིན་པ་དེའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཉིད་ལས་གྲུབ་པ་ཡིན་ནོ། །དེ་ལྟར་ཁོ་བོ་རང་ཉིད་ཀྱིས་བརྟགས་ནས་རྣམ་པར་གཞག་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་དོན་ཏོ། །དེ་ཉིད་
ཀྱི་ཕྱིར་ཆོས་མངོན་པ་ལས་ཀྱང་བཤད་པ་ཡིན་ནོ། །རེ་ཞིག་མངོན་སུམ་གྱི་ཚད་མ་དེས་བསྟན་པ་མཐོང་བའི་ཕྱིར་གྲུབ་པའི་རིགས་པ་ཡིན་ནོ། །འདིར་རྗེས་སུ་དཔག་པ་མ་བསྟན་པ་ཇི་ལྟར་གྲུབ་པ་ཡིན་ཞེ་ན། རྗེས་སུ་དཔག་པའང་བཟློག་མེད་ཕྱིར། གང་རིགས་པ་མ་ཡིན་པ་གང་
ཡིན་པ་དེ་ཕན་པ་འདོད་པས་བཟློག་པར་བྱ་བ་ཡིན་གྱི། བཅོམ་ལྡན་འདས་ཀྱིས་འགའ་ཞིག་ཏུ་ཡང་རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་སྤོང་བ་མ་མཛད་པ་དེ་བས་ན་མ་སྤངས་པའི་ཕྱིར་རིགས་པ་དང་ལྡན་པ་ཡིན་པར་གཟུང་བར་བྱ་བ་ཡིན་ནོ། །རྗེས་སུ་དཔག་པའི་མཚན་ཉིད་གཞན་
དག་ཀྱང་སྤངས་པ་མེད་པ་མ་ཡིན་ནམ། དེ་དག་ཀྱང་གཟུང་བར་བྱ་བར་འགྱུར་རོ་ཞེ་ན། དེ་ལྟར་ནི་མི་འགྱུར་ཏེ། འདི་ཡི་སྦྱོར་བ་མཐོང་ཕྱིར་རོ། །རྗེས་སུ་དཔག་པ་འདིའི་སྦྱོར་བ་མཐོང་བའམ། ཡང་ན་བཅོམ་ལྡན་འདས་འདིའི་རྗེས་སུ་དཔག་པ་མཐོང་བ་ཡིན་ཏེ། བཅོམ་ལྡན་འདས་
ཀྱིས་རྗེས་སུ་དཔག་པ་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། འདི་ལྟར། ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །སྐྱེ་བ་དང་ལྡན་པ། གང་དེ་ཐམས་ཅད་འགོག་ཆོས་ཅན་སྐད་ཅིག་མ་ཅན་ཡིན་ནོ། །སོགས་པའི་སྒྲས་ནི་རྗེས་སུ་དཔག་པའི་མཚན་ཉིད་རྣམ་པ་དུ་མར་རབ་ཏུ་བསྟན་

པའི་ཕྱིར་རོ། །དེ་སྐད་དུ་གསུངས་པས་ན། ཇི་ལྟར་ན་རྗེས་སུ་དཔག་པའི་མཚན་ཉིད་གསུངས་པ་ཡིན་ཞེ་ན། རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །གང་འདིར་རྟགས་ཡིན་ནོ། །ཅི་འདྲ་བ་ཞིག་ཅེ་ན། མེད་ན་མི་འབྱུང་མཚན་ཉིད་ཅན། །གང་ལ་མེད་ན་མི་འབྱུང་བའི་མཚན་ཉིད་
ཡོད་ན་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དེ་ལྟར་མེད་ན་མི་འབྱུང་བ་ནི་རྟགས་ཀྱི་མཚན་ཉིད་ཡིན་ནོ། །གང་ཅུང་ཟད་འབྱུང་བའི་ཆོས་ཅན་ཡིན་པ་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ལ་སོགས་པས། ཁྱབ་པ་ནི་བསྟན་པའི་རྒྱུའི་ཕྱིར། །བཅོམ་ལྡན་འདས་ཀྱིས་མེད་ན་མི་འབྱུང་
བ། །དེ་ཡང་གསལ་བར་བཤད། གཏན་ཚིགས་ཏེ། སྐྱེ་བའི་བདག་ཉིད་ཅན་ལ་སོགས་པ་རང་གི་བསྒྲུབ་པར་བྱ་བ་འགོག་པའི་ཆོས་ཅན་ཉིད་ལ་སོགས་པ་དང་། མེད་ན་མི་འབྱུང་བར་བསྟན་པའི་ཕྱིར་རོ། །རྗེས་སུ་དཔག་པའི་མཚན་ཉིད་བཤད་ཅིང་བསྟན་པ་དེ་ལྟར། བཅོམ་ལྡན་འདས་ཀྱིས་
ཚད་མའི་དེ་ཁོ་ན་ཉིད་དུ་དང་པོར་བཤད་པ་ཡིན་ནོ། །ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། ཚད་མ་གྲུབ་པ་སྟེ་ལེའུ་གཉིས་པའོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་ཉི་ཤུ་གཉིས་པ། སློབ་དཔོན་གྱིས་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བཤད་པའི་རྒྱུ་རྗེས་སུ་
དཔག་པ་སྔར་རྣམ་པར་གཞག་པ་དང་། སློབ་དཔོན་གྱིས་གསུངས་པ་བསྟན་བཅོས་ཀྱི་དང་པོ་ཕྱག་འཚལ་བའི་ཚིགས་སུ་བཅད་པའི་ཕྱེད་འོག་མ་རྟོགས་སླ་བ་ཉིད་ཀྱི་ཕྱིར་ཕྱེད་གོང་མ་ཉིད་ཀྱི་བཤད་པ་ཡོངས་སུ་རྫོགས་པར་མཛད་ནས། ད་ཚད་མའི་མཚན་ཉིད་ཀྱི་བཤད་པ་མཛད་
པའི་ཕྱིར། གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་ལ་སོགས་པ་བརྩམས་པ་ཡིན་ནོ། །ཚད་མ་དང་དེའི་མཚན་ཉིད་ཀྱི་བསྟན་བཅོས་དག་ལ་ལོག་པར་རྟོགས་པ་རྣམ་པ་བཞི་སྟེ། འདི་ལྟ་སྟེ། གྲངས་ལ་ལོག་པར་རྟོགས་པ་དང་། མཚན་ཉིད་ལ་ལོག་པར་རྟོགས་པ་དང་། སྤྱོད་ཡུལ་ལ་
ལོག་པར་རྟོགས་པ་དང་། འབྲས་བུ་ལ་ལོག་པར་རྟོགས་པའོ། །དེ་ལ་དང་པོར་གྲངས་ལ་ལོག་པར་རྟོགས་པ་བསལ་བར་བྱ་བའི་ཕྱིར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་བྱ་བ་སྨོས་སོ། །འདིས་འཇལ་བར་བྱེད་པས་ན་ཚད་མའོ། །དེ་ཡང་རྣམ་པ་གཉིས་ཉིད་ཡིན་ནོ་

ཞེས་བྱ་བ་དེས་ཚད་མ་གཅིག་དང་གསུམ་ལ་སོགས་པ་བཀག་པ་ཡིན་ནོ། །གཅིག་ནི་མ་ཡིན་ཏེ། འཆད་པར་འགྱུར་བས་རྗེས་སུ་དཔག་པ་ཚད་མ་ཉིད་དུ་སྟོན་པའི་ཕྱིར་རོ། །གལ་ཏེ་ཚད་མའི་མཚན་ཉིད་སྟོན་པར་བྱེད་པ་ལ། གྲངས་ལ་སོགས་པ་སྟོན་པ་དོན་མེད་པ་ཡིན་ནོ་ཞེ་ན་
མ་ཡིན་ཏེ་དེ་ནི་མཚན་ཉིད་རྣམ་པར་དག་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་ལ་ནི་མི་སླུ་བ་ཉིད་ཀྱི་མཚན་ཉིད་གཅིག་ཏུ་འགྱུར་ལ། གང་གི་ཚེ་དེ་ཉིད་མཚོན་པར་བྱ་བར་འགྱུར་བ་དེའི་ཚེ་དེ་ལས་གཞན་པའི་མཚན་ཉིད་གཅིག་ཡོད་པ་མ་ཡིན་ན་མཚན་
ཉིད་གཅིག་བརྗོད་པ་གང་གིས་དེ་དག་མཚོན་པར་བྱ་བའི་ཕྱིར་ནུས་པར་འགྱུར། དེ་ལྟར་ན་མཚན་ཉིད་གཅིག་གིས་མཚོན་པར་མི་ནུས་པའི་ཕྱིར་རོ། །དབྱེ་བའི་སྒོ་ནས་བསྟན་ན་མཚན་ཉིད་དབྱེ་བ་བསྟན་པར་ནུས་པའི་ཕྱིར། གྲངས་བསྟན་པ་ཡིན་ནོ། །སྤྱོད་ཡུལ་བསྟན་པ་ཡང་གང་
གི་ཚེ་ཡུལ་མ་ཡིན་པ་འཛིན་པ་ཚད་མར་འགྱུར་བ་དེའི་ཚེ་དེ་ལ་སླུ་བ་ཡིན་ན་དེ་དང་འདྲ་བར་རང་གི་ཡུལ་ལ་ཡང་དེ་ལྟར་རྟོགས་པ་པོའི་ཚད་མ་ཉིད་མ་ཡིན་པར་འགྱུར་བ་དེ་ལྟར་ན་ཡུལ་བསྟན་པ་ཡིན་ནོ། །གང་གི་ཚེ་ཚད་མ་ལས་ཚད་མའི་འབྲས་བུ་དོན་གཞན་མ་ཡིན་ནོ་ཞེས་མ་བསྟན་པ་དེའི་ཚེ་རེ་
ཞིག་འབྲས་བུ་གདོན་མི་ཟ་བར་དོན་རྟོགས་པའི་ངོ་བོ་ཉིད་ཡིན་གྱི། དེ་ལྟ་མ་ཡིན་ན་འབྲས་བུ་མི་རུང་བ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་རྟོགས་པའི་ངོ་བོ་ནི་འབྲས་བུ་ཡིན་ནོ། །དེ་བས་ན་གང་གི་ཚེ་རྟོགས་པའི་ངོ་བོ་ལས་ཐ་དད་པ་ཚད་མ་ཡིན་པ་དེའི་ཚེ། མི་ཤེས་པའི་ངོ་བོ་དེར་འགྱུར་རོ། །མི་
ཤེས་པའི་ངོ་བོ་ཡང་ཚད་མར་མི་རུང་བའི་ཕྱིར་ཚད་མའི་འབྲས་བུ་བསྟན་པ་དེ་ལྟར་ན། གྲངས་ལ་སོགས་པ་བསྟན་པ་དོན་མེད་པ་མ་ཡིན་ནོ། །དེ་ལ་འདིར་འཆད་པར་འགྱུར་བའི་ཚུལ་གྱི་རྗེས་སུ་དཔག་པ་ཚད་མར་བསྟན་པས་ཚད་མ་གཅིག་མ་ཡིན་ནོ། །དེ་མང་པོ་ཉིད་དུ་འགྱུར་ན་མང་པོ་དེ་ཉིད་དེ་
ཡང་ཡུལ་མང་པོ་ཉིད་ཀྱི་ཕྱིར་རམ། ཡུལ་གཅིག་ལ་ཡང་ཚད་མ་མང་པོ་ཉིད་འཇུག་པའི་ཕྱིར་རོ། །རེ་ཞིག་ཡུལ་མང་བ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཞལ་བྱ་གཉིས་ཕྱིར་ཡུལ་ནི་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དོ། །གལ་ཏེ་སྤྱི་ཁྱད་

པར་གྱི་ངོ་བོ་གསུམ་པ་ཡང་ཡོད་པ་ཡིན་ཏེ། དཔེར་ན་ཨུཏྤ་ལ་སྔོན་པོ་ལ་སོགས་པ་ལྟ་བུའོ། །དེ་བས་ན་ཡུལ་རྣམ་པ་གཉིས་མ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། རྣམ་པ་གཉིས་མ་གཏོགས་པའི་གཞན་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་བྱེད་ནུས་དང་མི་ནུས་ཕྱིར། །
རྣམ་པ་འགའ་ཞིག་གིས་གང་འགའ་ཞིག་ལ་ཡང་དོན་གྱི་བྱ་བ་བྱེད་པར་ནུས་པ་གང་ཡིན་པ་འདི་ནི་རང་གི་མཚན་ཉིད་ཡིན་ནོ། །དོན་བྱེད་པའི་ནུས་པ་ཐམས་ཅད་དང་བྲལ་བ་ཡང་སྤྱིའི་མཚན་ཉིད་ཡིན་ནོ། །དེ་བས་ན་གལ་ཏེ་ཡུལ་གཉིས་ལས་ཐ་དད་པ་ཉིད་དུ་ཁས་བླངས་པ་དོན་གྱི་བྱ་བ་ཅུང་
ཟད་བྱེད་པར་ནུས་པ་དེའི་ཚེ་ཡང་དེ་རང་གི་མཚན་ཉིད་ཡིན་ནོ། །ཅི་སྟེ་ཅུང་ཟད་ཀྱང་མི་ནུས་པ་དེའི་ཚེ་སྤྱིའི་མཚན་ཉིད་ཡིན་ནོ། །ཇི་སྐད་དུ་བཤད་པའི་ནུས་པ་དང་ནུས་པ་མེད་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་གཅིག་ལ་རུང་བ་མ་ཡིན་ན། གང་གིས་ན་ངོ་བོ་གཉིས་པ་ཅན་གྱི་
ཡུལ་གཞན་དུ་འགྱུར། དེ་བས་ན་ཡུལ་གཞན་ཡོད་པ་མ་ཡིན་ནོ། །འོ་ན་སྐྱེས་བུ་མཐོང་བ་འཁྲུལ་པ་ཅན་གྱི་ཤེས་པ་ལ་སྐྲ་ཤད་དང་སྦྲང་མ་དང་། ཟླ་བ་གཉིས་པ་ལ་སོགས་པས་བརྫུན་པ་སྣང་བ་དེ་དག་དོན་གྱི་བྱ་བ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར། དེ་དག་རང་གི་མཚན་ཉིད་ཀྱི་ནང་
དུ་འདུ་བ་མ་ཡིན་ཞིང་། དོན་བྱེད་པ་དང་བྲལ་དུ་ཟིན་ཀྱང་སྤྱིའི་ནང་དུ་འདུ་བ་ཡང་མ་ཡིན་ཏེ། གསལ་བར་སོ་སོར་སྣང་བ་ཉིད་ཀྱི་ཕྱིར་དང་། ལ་ལར་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་ལྟར་ན་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་དུ་མི་འདུ་བའི་ཕྱིར་དེ་ཡུལ་གཞན་མ་ཡིན་པས་ན། ཡུལ་
རྣམ་པ་གཉིས་རིགས་པ་མ་ཡིན་ནོ་ཞེ་ན། མི་རིགས་པ་མ་ཡིན་ཏེ། འདི་ལྟར་སྐྲ་ཤད་ལ་སོགས་དོན་མིན་ནོ། །ཅིའི་ཕྱིར་ཞེ་ན། དོན་དུ་མོས་པ་མེད་ཕྱིར་རོ། །སྐྱེས་བུ་ཐ་སྙད་འདོགས་པ་པོ་དག་དེ་ལ་དོན་དུ་མོས་པ་མེད་པའི་ཕྱིར་རོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་རབ་རིབ་
ཅན་ལ་སོགས་པས་དམིགས་པའི་སྦྲང་མ་ལ་སོགས་པའི་ཡུལ་ཡིན་པར་འགྱུར་བ་དེའི་ཚེ། ཅི་དེ་རང་གི་མཚན་ཉིད་ཡིན་ནམ་གཞན་ཡིན་ཞེས་དཔྱད་པར་བྱ་བ་ཡིན་ན། འདི་ལྟར་དོན་ནི་མ་ཡིན་ནོ། །གང་གི་ཕྱིར་སྐྱེས་བུ་ཐ་སྙད་འདོགས་པ་པོ་དེ་དག་གི་ཤེས་པ་གང་ལ་སྦྲང་མ་ལ་

སོགས་པ་སྣང་བའི་ཤེས་པ་དེའི་ཡུལ་འདི་ཡིན་ནོ་ཞེས་དེ་དག་ལ་མོས་པ་མ་ཡིན་ནོ། །དེ་ལྟར་ན་དེ་དག་གི་ཐ་སྙད་ཀྱི་ལམ་ཤེས་པ་འཛིན་པའི་རྣམ་པ་དང་འདྲ་བར་ཡོངས་སུ་བཅད་དུ་ཟིན་ཀྱང་འཐོབ་པར་འགྱུར་བ་མ་ཡིན་ནོ། །དོན་དམ་པར་སྤྱི་ཡུལ་མ་ཡིན་དུ་ཟིན་ཀྱང་ཐ་སྙད་
འདོགས་པ་པོའི་དེའི་དངོས་པོར་མངོན་པར་ཞེན་པ་ཅན་འཇུག་པར་འགྱུར་བ་དེ་བས་ན་དེ་ཡུལ་ཉིད་ཡིན་ནོ་ཞེས་རྣམ་པར་གཞག་པ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །སྦྱོར་བ་ཡང་སྐྱེས་བུ་རྣམས་གང་ལ་ཤེས་པ་གང་གིས་ཡུལ་གྱི་ངོ་བོ་ཉིད་དུ་མོས་པ་མེད་པ་དེ་ནི། ཤེས་པ་དེའི་ཡུལ་
གྱི་ཐ་སྙད་འཇུག་པ་མ་ཡིན་ཏེ། དཔེར་ན་ཤེས་པ་དེ་ཉིད་ཀྱི་འཛིན་པའི་རྣམ་པ་ལྟ་བུའོ། །རབ་རིབ་ཅན་ལ་སོགས་པས་དམིགས་པའི་སྐྲ་ཤད་ལ་སོགས་པ་ལ་ཡང་ཐ་སྙད་འདོགས་པ་པོ་རྣམས་དོན་ཉིད་དུ་མོས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཆ་
འཛིན་པའི་རྣམ་པ་ཡང་རང་རིགས་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་དཔེ་མ་གྲུབ་པ་ཉིད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་རང་རིག་པའི་ཤེས་པ་ཉིད་དུ་སྐྱེས་པ་ཉིད་ན་རིག་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཤེས་པ་གཞན་གྱིས་ཐ་དད་པར་བརྟགས་ནས་འཛིན་པའི་རྣམ་པ་ཡུལ་ཉིད་ཡིན་པ་
དེའི་ཚེ་རང་རིག་པ་ཡང་དེ་བཞིན་དུ་ཡུལ་ཉིད་ཡིན་པར་འགྱུར་རོ། །དེ་བས་ན་རྣམ་པ་ཐ་དད་པ་མེད་པ་ཅན་ནི་གཟུང་བ་དང་འཛིན་པའི་དངོས་པོ་མ་ཡིན་ནོ། །འདྲ་དང་མི་འདྲ་ཉིད་ཀྱི་ཕྱིར། །ཡུལ་གསུམ་པ་ཡོད་པ་མ་ཡིན་ནོ། །འདྲ་བ་གཞན་དང་ཐུན་མོང་བ་གང་ཡིན་པ་འདི་ནི་སྤྱིའི་ངོ་བོ་
ཡིན་ལ་མི་འདྲ་བ་ཕན་ཚུན་ལྡོག་པ་ཐུན་མོང་མ་ཡིན་པ་ནི་རང་གི་མཚན་ཉིད་ཡིན་ནོ། །ཡུལ་དེ་ལས་ཐ་དད་པའི་ཡུལ་རྟོགས་པ་ན་འདྲ་བའམ་མི་འདྲ་བར་འགྱུར་གྲང་ན། ཐུན་མོང་ཉིད་ཡིན་ན་ནི་སྤྱི་ཡིན་ལ། ཐུན་མོང་ཉིད་མ་ཡིན་ན་ནི་རང་གི་མཚན་ཉིད་ཡིན་པ་དེ་ལྟར་ན། དེ་གཉིས་ལས་འདས་
པ་མ་ཡིན་ནོ། །སྒྲའི་ཡུལ་དང་ཡུལ་མིན་ཕྱིར། །ཡུལ་གཉིས་ལས་དོན་གཞན་མ་ཡིན་ནོ། །སྒྲའི་ཡུལ་གང་ཡིན་པ་དེ་ནི་སྤྱི་ཡིན་ལ། སྒྲའི་ཡུལ་མ་ཡིན་པ་དེ་ནི་རང་གི་མཚན་ཉིད་དོ། །དེ་གལ་ཏེ་སྒྲའི་ཡིན་པ་དེའི་ཚེ། དེ་ནི་སྤྱིའི་མཚན་ཉིད་ཡིན་ལ། ཅི་སྟེ་སྒྲའི་ཡུལ་མ་ཡིན་པ་དེའི་

ཚེ་རང་གི་མཚན་ཉིད་ཡིན་ནོ། །རང་གི་མཚན་ཉིད་ཀྱང་སྒྲའི་ཡུལ་མ་ཡིན་ཏེ། སྔར་བསྟན་ཟིན་པ་ཉིད་ཀྱི་ཕྱིར་དང་། འདིར་ཡང་མཐོང་བ་བཞིན་དུ་སྒྲས་སྒྲ་ལས་བྱུང་བའི་ཤེས་པ་ལ་སོ་སོར་སྣང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སྟོན་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །
དེ་བས་ན་སྒྲའི་ཡུལ་དང་ཡུལ་མ་ཡིན་པ་གཉིས་ལས་ཡུལ་གཞན་ཡོད་པ་མ་ཡིན་ནོ། །ཡུལ་ལས་རྒྱུ་མཚན་གཞན། དེ་ཡིད་ལ་བྱེད་པ་དང་དེ་དང་རྗེས་སུ་མཐུན་པ་དང་། བརྡ་འཛིན་པ་དེ་དག་ཡོད་པ་ན་ཡུལ་གང་ལ་བློ་ཡོད་པའི་ཡུལ་དེ་ནི་སྤྱི་ཡིན་ནོ། །སྐྱེས་བུ་ཐ་སྙད་འདོགས་
པའོ་ཞེས་པའི་ངོར་ཡུལ་དང་འདྲ་བས་ཡུལ་ཞེས་བརྗོད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །ཡུལ་མ་རྟོགས་པར་རྒྱུ་མཚན་གཞན་ཏེ། མིག་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་པའི་རྒྱུ་དེ་དག་ཡོད་ན་ཡང་། གང་མེད་ན་བློ་མེད་པ་དེ་ནི་རང་གི་མཚན་ཉིད་ཡིན་ནོ། །དེ་ནི་གལ་ཏེ་ཡིད་
ལ་བྱེད་པ་ལ་སོགས་པའི་དངོས་པོ་ཙམ་ཡིན་ན། ཇི་ལྟར་ཀུན་དུ་བརྟགས་པའི་ཡུལ་གསུམ་པར་མངོན་པར་འདོད་པ་ལ་བློ་འབྱུང་བ་དེའི་ཚེ་དེ་སྤྱི་ཡིན་ཞིང་ཅི་སྟེ། ཡིད་ལ་བྱེད་པ་ལ་སོགས་པ་ཡོད་ན་ཡང་དེ་མེད་ན་བློ་མི་འབྱུང་བ་དེའི་ཚེ་རང་གི་མཚན་ཉིད་ཡིན་པ་དེ་ལྟར་ན་ཡུལ་གྱི་རྣམ་
པ་གཉིས་ཁོ་ན་ཡིན་ནོ། །དོན་བྱེད་པར་ནུས་པ་ལ་སོགས་པའི་མཚན་ཉིད་དེ་ཉིད་རང་གི་མཚན་ཉིད་ལ་སོགས་པ་ལ། དོན་དམ་པར་དོན་བྱེད་ནུས་གང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་བར་བྱའོ། །དོན་ནི་འབྲས་བུ་ཡིན་ལ་དེའི་བྱེད་པ་ནི་བསྐྱེད་པའོ། །དོན་བྱེད་པ་དེའི་ནུས་གང་སྟེ། རང་ཉེ་
བས་སྐྱེད་པར་བྱེད་པ་གང་ཡིན་པ་དེ་དེ་འདིར་ཏེ་བསྟན་བཅོས་འདིར་དོན་དམ་པར་ཡོད་པ་ཡིན། དངོས་པོ་ཡོད་པར་འདོད་པ་ཡིན་ནོ། །གཞན་ཏེ། རྣམ་པ་འགའ་ཞིག་གིས་འབྲས་བུ་འགའ་ཞིག་ཀྱང་ནུས་པ་མེད་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པར་འདོད་དོ། །དེ་ལྟར་ན་མི་འདྲ་བ་
གང་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཞིང་འདྲ་བ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །སྒྲའི་ཡུལ་མ་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཞིང་སྒྲའི་ཡུལ་ཡིན་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །རྒྱུ་མཚན་གཞན་ཡོད་ན་ཡང་གང་ཞིག་མེད་ན་བློ་མེད་པ་གང་ཡིན་པ་དེ་ནི་དོན་དམ་པར་

ཡོད་པ་ཡིན་ཞིང་། གཞན་ནི་ཀུན་རྫོབ་ཏུ་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པར་བྱའོ། །དོན་དམ་པ་དང་ཀུན་རྫོབ་ཏུ་ཡོད་པ་གཟུང་བར་བྱ་བ་དེ་དག་རང་སྤྱིའི་མཚན་ཉིད་བཤད། དོན་དམ་པར་ཡོད་པ་ནི་རང་གི་མཚན་ཉིད་ཡིན་ལ། ཀུན་རྫོབ་ཏུ་ཡོད་པ་ནི་སྤྱིའི་མཚན་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་
མོད་ཀྱི། གལ་ཏེ་ཐམས་ཅད་ནུས་མེད་ཅེས། དོན་དམ་པར་དོན་བྱེད་ནུས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་ལྟར་ན་དོན་དམ་པར་ཡོད་པ་ཉིད་དུ་འདོད་པའི་དངོས་པོ་ལ་མཚན་ཉིད་ཡོད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་ཡོད་པ་མ་ཡིན་པ་དེ་ནི་དེའི་མཚན་ཉིད་དུ་འགྱུར་བ་མ་ཡིན་
ཏེ། དཔེར་ན་རྟ་ལ་རྭ་ཅན་ཉིད་ལྟ་བུའོ། །རང་གི་མཚན་ཉིད་དུ་འདོད་པ་ལ་ཡང་དོན་བྱེད་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ས་བོན་སོགས་ནི་མྱུ་གུ་སོགས་ལ། ནུས་མཐོང་སྟེ། འབྲས་བུ་མཐོང་ངོ་། །འདི་ནི་འདི་སྐད་དུ་གང་ཞིག་ཐག་ཉེ་བ་ཉིད་
ཡོད་ན་གང་འགྱུར་བ་དེ་ནི་དེ་ལ་ནུས་པ་ཡིན་ཏེ། དོན་བྱེད་ནུས་པ་ནི་དེ་ཙམ་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ནི་ས་བོན་ལ་སོགས་པ་ནི་མྱུ་གུ་ལ་སོགས་པ་ལ་ཡོད་པ་ཡིན་པ་དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་
ཀུན་རྫོབ་འདོད་ན་ས་བོན་ལ་སོགས་པ་ཡོད་ན་མྱུ་གུ་ལ་སོགས་པ་སྐྱེ་བ་གང་ཡིན་པ་དེ་ཀུན་རྫོབ་ཏུ་སྐྱེ་བ་ཡིན་གྱི་དོན་དམ་པར་མ་ཡིན་ནོ། །དེས་ན་གལ་ཏེ་དོན་དམ་པར་སྐྱེ་བའི་དབང་དུ་བྱས་ནས་དངོས་པོའི་མཚན་ཉིད་དོན་བྱེད་ནུས་པ་ཡིན་པ་དེའི་ཚེ། མཚོན་པར་བྱ་བ་ཁྱབ་པ་མེད་
པས་མཚན་ཉིད་མ་ཡིན་ནོ། །ཅི་སྟེ་ཀུན་རྫོབ་ཡིན་པ་དེའི་ཚེ་སྤྱི་ལ་ཡང་དེ་ཡོད་པ་དེ་ལྟར་ན་ཤིན་ཏུ་ཁྱབ་པ་ཉིད་ཀྱི་ཕྱིར་མཚན་ཉིད་འཆོལ་བར་འགྱུར་རོ་ཞེ་ན། ཇི་ལྟར་དེ་ལྟར་འགྱུར། ཁོ་བོ་ཅག་གིས་དོན་བྱེད་ནུས་པའི་མཚན་ཉིད་ཁྱབ་པ་མེད་པ་བཤད་པ་དེས་ན། དོན་བྱེད་ནུས་པ་ཅི་འདྲ་བ་
དེ་འདྲ་བར་མཐོང་བ་དེ་བསྙོན་པར་ནུས་པ་མ་ཡིན་པ་གང་ཡིན་པ་དེ་མཚན་ཉིད་ཡིན་ཞིང་དེ་ལ་ཇི་ལྟར་འདོད་པ་བཞིན་དུ་མིང་འདོགས་པ་ལ་བརྩད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཞན་ཡང་ཁྱེད་ཀྱིས་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་འདོད་པ་དེ་ཡང་ཅི་ཡིན། གང་གིས་ན་ཀུན་རྫོབ་ཏུ་སྐྱེ་

བར་འདོད་ཀྱི། རྣམ་པ་གཞན་དུ་མ་ཡིན། གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་མེད་པ་ཀུན་རྫོབ་ཡིན་པ་དེ་ལྟར་ན་ཀུན་རྫོབ་ཅེས་བརྗོད་ན་མི་ནུས་པ་དང་། སྐྱེ་བ་ཞེས་བརྗོད་ན་ནུས་པར་འགྱུར་རོ། །དེ་ཇི་ལྟར་ན་ནུས་པ་དང་མི་ནུས་པ་དག་ཕན་ཚུན་སྤངས་ཏེ། གནས་པའི་མཚན་
ཉིད་ཅན་གཅིག་ལ་ལྡན་པར་འགྱུར། ཡང་ན་ཀུན་རྫོབ་ཀྱི་སྒྲ་སྐྱེས་པ་ལ་སོགས་པ་འདོད་པ་ཡིན་ན། དེས་ཀྱང་སྐྱེ་བ་མེད་པ་ལ་སོགས་པའི་དོན་དམ་པའི་མཚན་ཉིད་ཅན་དུ་སྐྱེ་བ་མེད་པ་ཡིན་པ་དེའི་ཚེ། གཞན་དག་ཀྱང་སྐྱེ་བ་མེད་པ་ལ་སོགས་པ་དག་སྐྱེ་བར་མི་འདོད་པ་དེ་ལྟར་ན་འདོད་པ་ཡིན་
ནོ། །འོན་ཀྱང་སྐྱེ་བས་སྐྱེ་བ་ཞེས་བརྗོད་པ་ན་མི་མཛེས་པར་འགྱུར་ཏེ། སྐྱེ་བ་ལ་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟར་ན་དེ་ནི་ཅིར་ཡང་མི་རུང་ངོ་། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཀུན་ལ་དེ་ཡོད་ཅེས་ཇི་ལྟར་དེ་ལྟར་འགྱུར་ཞེས་ཁས་ལེན་པ་ན་ཀུན་རྫོབ་ཀྱང་དོན་བྱེད་ནུས་པར་འདོད་པར་འགྱུར་ན། དེ་ཡང་
སྤྱི་ལ་ཡང་ཡོད་པར་འགྱུར་རོ། །དེ་བས་ན་མཚན་ཉིད་འཁྲུལ་པར་འགྱུར་རོ་ཞེ་ན། དེ་ལ། སྤྱི་ཡི་མཚན་ཉིད་རྗེས་འགྲོ་ལྡོག །ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །སྐྱོན་དེ་ཡོད་པ་མིན་ཏེ། སྤྱི་ཡི་མཚན་ཉིད་རྗེས་འགྲོ་ལྡོག །བློ་ལ་མི་སྣང་ཕྱིར་རོ། །རེ་ཞིག་ཐ་ན་
རང་གི་ཡུལ་ལ་ཤེས་པ་སྐྱེད་པ་གང་ཡིན་པ་དངོས་པོ་རྣམས་ཀྱི་དོན་བྱེད་པ་འདི་ཡིན་ནོ། །རེ་ཞིག་སྤྱི་ནི་བློ་ལ་ཡང་ནུས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་འབད་རྩོལ་དང་། བརྡ་ཙམ་ལ་རག་ལས་པ་བུམ་པ་ཉིད་ལ་སོགས་པར་རྟོགས་པའི་བློ་སྐྱེ་བར་འགྱུར་གྱི། བུམ་པ་ཉིད་ལ་སོགས་
པའི་སྤྱིའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་མ་ཡིན་པ་དེ་ལྟར་ན། སྤྱིའི་མཚན་ཉིད་ནི་བློ་ལ་ནུས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན། གང་གིས་ན་ཤེས་པ་དེའི་འབྲས་བུར་འགྱུར། ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་མེད་པར་དེའི་འབྲས་བུ་ཉིད་ཡིན་ན། རག་ལས་པ་
མེད་པ་གཞན་ཡང་ཅིའི་ཕྱིར་དེའི་འབྲས་བུ་ཉིད་མ་ཡིན། དེའི་འདི་བུམ་པའི་རྣམ་པར་སྣང་བ་དང་འབྲེལ་པའི་ཕྱིར་དེའི་འབྲས་བུ་ཉིད་ཡིན་ན། དེ་འདིའི་སྣང་བ་དེ་དག་ལས་ཡིན། དེ་ལྟ་ན་ཇི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་མཐོང་བའི་ཕྱིར་དེའི་ཤེས་པར་མི་འགྱུར་བ་དེ་ལྟར་སྣང་བ་

ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་མ་མཐོང་བ་ཅན་ནུས་པ་མེད་པ་ཉིད་ཡིན་ནོ། །དེ་བས་ན་སྤྱིའི་མཚན་ཉིད་ཀྱི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ་བྱེད་པ་བུམ་པ་ལ་སོགས་པའི་རྣམ་པར་རྟོག་པའི་བློ་ལ་ཡོད་པ་མ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། མིག་དང་གཟུགས་སོགས་བློ་
བཞིན་ནོ། །མིག་ལ་སོགས་པ་བཞིན་དང་། གཟུགས་ལ་སོགས་པ་བཞིན་ནོ། །སོགས་པ་སྔ་མས་ནི་རྣ་བ་ལ་སོགས་པ་དང་། གཉིས་པས་ནི་སྒྲ་ལ་སོགས་པ་བཟུང་ངོ་། །ཇི་ལྟར་མིག་དང་རྣ་བ་དང་ཡིད་ལ་བྱེད་པ་དག་ཡོད་ན་ཡང་སྔོན་པོ་ལ་སོགས་པས་སྟོང་པའི་ས་ཕྱོགས་ལ་
དེར་སྣང་བའི་རྣམ་པར་ཤེས་པ་ལྡོག་ཅིང་། ཡང་ཉེན་རྗེས་སུ་འགྲོ་བ་ལྟར་བུམ་པ་ལ་སོགས་པའི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་གདོན་མི་ཟ་བར་འགྱུར་བ་དེ་ནི་དེ་ལས་བཟློག་པའི་རྒྱུ་མཚན་གཞན་ལ་ལྟོས་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་
མིག་དང་བུམ་པའི་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་དག་ཡོད་ན་ངེས་པར་བུམ་པའི་གཟུགས་མཐོང་བར་འགྱུར་བ་དེ་དག་ལས་བཟློག་པའི་རྒྱུ་མཚན་གཞན་ལ་ལྟོས་པར་འགྱུར་བ་མ་ཡིན་པ་ལྟ་བུའོ། །བུམ་པའི་རྣམ་པར་རྟོག་པ་ཡང་བུམ་པས་སྟོང་པའི་ས་ཕྱོགས་དག་
ལ་མཐུན་པའི་འབད་རྩོལ་དང་བརྡ་འཛིན་པ་ཙམ་ཡོད་ན་གདོན་མི་ཟ་བར་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་ཞིག་འབྲས་བུ་གང་ལ་རང་ཉིད་ལྡོག་པའི་རྗེས་སུ་བྱེད་པས་ནུས་པ་མཐོང་བ་མེད་པ་ཅན་ཡིན་པ་དེ་ནི་དེ་ལ་རྟོག་པ་དང་ལྡན་པས་ནུས་
པ་ཉིད་དུ་གཟུང་བར་བྱ་བ་མ་ཡིན་ཏེ། དཔེར་ན་མྱུ་གུ་ལ་གཏན་ནས་མེད་པ་ལྟ་བུའོ། །སྤྱིའི་མཚན་ཉིད་ཀྱང་སྤྱིའི་མཚན་ཉིད་ཀྱི་ཤེས་པ་ལ་རང་ཉིད་ལྡོག་པའི་རྗེས་སུ་བྱེད་པས་ནུས་པ་མཐོང་བ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཉིད་ཡིན་ནོ། །
གཏན་ཚིགས་སྔ་མ་ནི་མ་གྲུབ་པ་ཉིད་ཡིན་ནོ། །སྤྱི་བུམ་པ་ཉིད་དང་བྲལ་བ་སྣམ་བུ་ཉིད་ལ་སོགས་པ་ལ་འབད་རྩོལ་ལ་སོགས་པ་ཡོད་ན་ཡང་བུམ་པའི་སྤྱིའི་བློ་མེད་པའི་ཕྱིར་ལྡོག་པའི་རྗེས་སུ་བྱེད་པ་ཉིད་མ་ཡིན་ནམ་དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། ལྡོག་པ་དེ་

འདྲ་བ་ལས་ནུས་པ་གྲུབ་པ་མ་ཡིན་ཏེ། ཇི་ལྟར་བུམ་པས་སྟོང་པའི་ས་ཕྱོགས་ལ་དེ་མཐོང་བ་ལ་གཞོལ་བ་ཡང་མཐོང་བ་གྲུབ་པ་མ་ཡིན་པ་དེ་ལྟར་ན། གལ་ཏེ་ཅི་ཤེས་པར་འདོད་པ་ལས་ཡང་དེའི་ཤེས་པ་མི་འགྱུར་ན། དེ་ལྟར་ནི་འགྱུར་རོ། །ཡང་བུམ་པའི་
རྗེས་སུ་བྱེད་པ་ཅན་གྱི་རྣམ་པར་རྟོག་པ་ལ་སྣང་བ་མེད་པ་གང་ཡིན་པ་དེ་ནི་ཤེས་པ་ཐ་དད་པའི་ངོ་བོ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་དེའི་ཡུལ་མེད་པའི་ཕྱིར་མ་ཡིན་ཞིང་ཤེས་པ་གཞན་གྱི་ངོ་བོ་གཞན་གྱི་ཡིན་པར་མི་འགྱུར་ཏེ། ཐེ་ཚོམ་ཟ་བ་དང་ངེས་པ་ཡིན་ནོ། །གལ་ཏེ་ཡུལ་མེད་པའི་ཕྱིར་མི་འགྱུར་ན་
ཡུལ་ཞིག་པ་ལ་ཡང་མི་འགྱུར་རོ། །གལ་ཏེ་སྤྱི་འཇིག་པ་མེད་པའི་ཕྱིར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྤྱི་འབའ་ཞིག་འཛིན་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྟེན་ཆོད་པ་ཅན་ལ་སོགས་པ་འཛིན་པ་མ་ཡིན་ནོ། །དེས་ན་སྤྱིའི་མཚན་ཉིད་ཀྱི་ཤེས་པ་འབྲས་བུ་ཙམ་ཡིན་ན་ཡང་ནུས་པ་མེད་པར་རབ་ཏུ་བསྟན་པས་སོ། །རྫས་དང་
འདེགས་དང་སྤྱི་དང་ནི། །གྲངས་སོགས་ལ་ནི། སོགས་པ་སྨོས་པས་ནི་ལྡན་པ་དང་རྣམ་པར་ཕྱེ་བ་ལ་སོགས་པ་དང་། ཀུན་རྫོབ་ལས་འབྱུང་བ་དག་བཟུང་ངོ་། །བློ་གང་ཡིན་པ་དེ་བཤད་ཅིང་བསྟན་པ་ཡིན་ནོ། །དཔེར་ན་བུམ་པ་ལ་སོགས་པ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་མི་རུང་བའི་
ཕྱིར་དེ་དེ་དག་གི་འབྲས་བུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྡ་རྩོལ་བ་ལ་སོགས་པ་དང་། ནང་གི་ཡན་ལག་རྗེས་སུ་འཇུག་ཕྱིར་རོ། །བརྡ་ལ་སོགས་པ་བརྡ་ཡིད་ལ་བྱེད་པའོ། །སོགས་པ་སྨོས་པས་ནི་རྗེས་སུ་མཐུན་པ་ཡིད་ལ་བྱེད་པ་བཟུང་ངོ་། །ནང་གི་ཡན་ལག་ནི་ནང་ངོ་། །རྗེས་སུ་
འཇུག་པ་ནི་རྗེས་སུ་བྱེད་པའོ། །བརྡ་རྩོལ་དང་དེ་དང་རྗེས་སུ་མཐུན་པའི་བརྡ་འཛིན་པའི་ནང་གི་རྒྱུ་མཚན་རྣམས་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་ཕྱིར། བུམ་པ་ལ་སོགས་པའི་རྣམ་པར་རྟོག་པའི་བློ་དག་འགྱུར་གྱི། ཕྱི་རོལ་གྱི་བུམ་པ་ལ་སོགས་པའི་རྫས་ལས་ནི་མ་ཡིན་
ནོ་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་གྱི་ལག་པ་འདེགས་པ་ལ་སོགས་པ་མཐོང་བ་ཉིད་ལས་ནི་འདེགས་པ་ལ་སོགས་པའི་བློ་དག་འགྱུར་བ་མ་ཡིན་ནམ། ཇི་ལྟར་ན་བརྡ་ལ་རྩོལ་བ་ལ་སོགས་པ་དང་། ནང་གི་ཡན་ལག་དང་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་ཞེས་བརྗོད་ཅེ་ན། སྐྱོན་དེ་ཡོད་

པ་མ་ཡིན་ཏེ། དེ་ལ་ནི་ཡུལ་གཞན་དག་དང་གཞན་དུ་འབྱུང་བའི་ཆོས་ཅན་གྱི་གཟུགས་ལ་སོགས་པ་འཛིན་པ་ཡིན་གྱི། འདེགས་པ་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ནུས་པ་མ་མཐོང་བ་ཅན་ལས་ཤེས་པ་སྐྱེ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཕྱེ་བ་ལ་སོགས་པ་
དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །དེ་བས་ན་འདིར་གཟུགས་ལ་སོགས་པ་དང་ཁྱད་པར་དེ་འདྲ་བའི་ཡུལ་ཅན་གྱི་མཐོང་བ་ནི་བཟློག་པ་མ་ཡིན་ནོ། །འདེགས་པ་ལ་སོགས་པའི་ཡུལ་ཅན་གྱི་རྣམ་པར་རྟོག་པའི་ཤེས་པ་ནི་ཡུལ་མེད་པ་ཅན་ཞེས་བརྗོད་དོ། །གལ་ཏེ་དོན་ལ་ལྟོས་པ་མེད་
པ་རྒྱུ་མཚན་ཡོད་ན་ཡུལ་གང་ལ་བློ་འབྱུང་བ་དེ་ནི་སྤྱི་ཡིན་པ་དེའི་ཚེ་སྐྲ་ཤད་ལ་སོགས་པ་དོན་བྱེད་ནུས་པ་མེད་པར་དེ་ལས་གཞན་པ་དམིགས་ལ་སོགས་པའི་རྒྱུ་མཚན་ཡོད་ན་རབ་རིབ་ཅན་ལ་སོགས་པས་དམིགས་པས་སྐྲ་ཤད་ལ་སོགས་པ་དེའི་ཤེས་པ་འགྱུར་བ་དེ་ལྟར་ན་སྐྲ་ཤད་འཛིངས་པ་
ལ་སོགས་པ་སྤྱི་ཡིན་པར་འགྱུར་རོ་ཞེ་ན། སྐྲ་ཤད་སོགས་ནི་སྤྱི་མིན་ནོ། །ཅིའི་ཕྱིར་ཞེ་ན། དོན་དུ་ཞེན་པ་མེད་ཕྱིར་རོ། །རབ་རིབ་ཅན་རྣམས་ཀྱི་རང་གི་ཤེས་པ་ལ་སྣང་བའི་སྐྲ་ཤད་འཛིངས་པ་ལ་སོགས་པ་ལ་ཡུལ་ཉིད་དུ་མོས་པས་ཐ་སྙད་ཀྱི་ལམ་ལ་འཇུག་པ་མ་ཡིན་པ་དེ་ལྟར་ན་སྤྱི་
དང་ཁྱད་པར་གྱི་ཡུལ་ཅན་གྱི་དཔྱད་པ་མི་བྱའོ། །གང་ལ་ཐ་སྙད་འདོགས་པ་པོ་རྣམས་ཡུལ་དུ་ཞེན་པ་འདི་ལ་དཔྱད་པ་འདི་བྱའོ། །སྦྱོར་བ་ནི་གང་ཞིག་ཡུལ་གང་གི་ངོ་བོ་ཉིད་དུ་འཇིག་རྟེན་མངོན་པར་ཞེན་ནས་ཤེས་བྱ་ཉིད་དུ་ཐ་སྙད་དུ་མི་བྱེད་པ་དེ་ནི་དེའི་ངོ་བོ་མ་ཡིན་ཏེ། དཔེར་ན་བ་
ལང་དང་རྟ་ལྟ་བུའོ། །རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་ལ་སོགས་པ་ཡང་དོན་འགའ་ཞིག་སྤྱི་ལ་སོགས་པའི་ཤེས་བྱའི་ངོ་བོ་ཉིད་དུ་འཇིག་རྟེན་མངོན་པར་ཞེན་པས་ཐ་སྙད་དུ་མི་བྱེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གལ་ཏེ་ཡུལ་ཉིད་དུ་མངོན་པར་ཞེན་པས་
འཇིག་རྟེན་ཐ་སྙད་དུ་མི་བྱེད་པའི་ཕྱིར་སྤྱི་མ་ཡིན་ན། དེ་ལྟར་ན་ནི་མེད་པའི་སྤྱིར་མི་འགྱུར་ཏེ། ཡུལ་ཉིད་དུ་ཞེན་པ་མེད་པ་ཡིན་ནོ་ཞེ་ན། དེ་ལ་སྤྱིའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །མེད་པ་ལ་ཉེས་པ་དག་ཏུ་ཐལ་མི་འགྱུར། ཅིའི་ཕྱིར་ཞེ་ན། ཤེས་བྱར་འཛིན་ཕྱིར་རོ། །

གལ་ཏེ་ཡང་མེད་པ་ལ་དོན་གྱི་ངོ་བོ་ཉིད་དུ་ཞེན་པས་ཐ་སྙད་དུ་བྱས་པ་མེད་པ་དེ་ལྟར་ན་ཡང་ཤེས་བྱ་ཉིད་དུ་ཐ་སྙད་བྱེད་པ་ཡིན་གྱི། དངོས་པོ་ཁོ་ན་ཤེས་བྱ་མ་ཡིན་ཏེ། །དེ་མེད་པ་ཡང་རྣམ་པ་འབའ་ཞིག་གིས་ཡུལ་དུ་བྱེད་པའི་ཕྱིར་རོ། །དེ་དག་གི་ཡང་དེ་ལྟའི་དངོས།
གལ་ཏེ་ཡང་མེད་པ་དང་འདྲ་བར་རབ་རིབ་ཅན་ལ་སོགས་པས་མཐོང་བའི་སྐྲ་ཤད་ལ་སོགས་པ་དག་ནི་ཤེས་པ་གཞན་གྱི་ཤེས་བྱ་ཉིད་དུ་འཛིན་པར་འདོད་པ་དེའི་ཚེ། དེ་ལྟར་འཛིན་པ་ལ་བཀག་པ་མེད་ཕྱིར། སྤྱིའི་ངོ་བོ་ཉིད་དུ་འདོད་པ་ཡིན་ནོ། །འོན་ཀྱང་ཤེས་པ་གང་ལ་དེ་དག་སོ་སོར་སྣང་
བའི་ཤེས་པ་དེས་ཤེས་བྱ་ཉིད་དུ་འཛིན་པ་མ་ཡིན་པ་དེ་ལྟར་ན་སྤྱི་མ་ཡིན་ནོ། །གལ་ཏེ་རབ་རིབ་ཅན་ལ་སོགས་པས་མཐོང་བ་ལ་སོགས་པ་དངོས་པོ་མ་ཡིན་ན་དེ་ཇི་ལྟར་སྣང་བ་ཡིན་ཞེ་ན། བཤད་པ། སྐྲ་ལ་སོགས་པ་གསལ་སྣང་ཉིད། །ཤེས་པའི་ངོ་བོ་དོན་ཉིད་ཕྱིར། །ཤེས་པའི་ངོ་བོ་ཉིད་
ཀྱིས་རང་གི་མཚན་ཉིད་ཡིན་པའི་རྒྱུའི་ཕྱིར། ཤེས་པའི་ངོ་བོ་སྐྲ་ལ་སོགས་པ་དེ་གསལ་བར་སྣང་བ་ཉིད་ཡིན་ནོ། །ཤེས་པ་དེ་ལས་ཀྱང་དུས་ཕྱིས་སྐྲ་ལ་སོགས་པ་དང་འདྲ་བར་སྐྲ་ལ་སོགས་པར་ཉེ་བར་བཏགས་པའི་ཕྱིར་རོ། །སྔར་གྱི་ཤེས་པ་ལ་སྣང་བའི་སྒྲ་ལ་སོགས་པ་འདི་ཉིད་ཡིན་
ནོ་ཞེས། སྐྲ་སོགས་ཤེས་བྱའི་བློ་དག་ཀྱང་། །རྣམ་པར་རྟོག་པ་སྒྲ་ལས་བྱུང་བའི་རྣམ་པ་ཅན་དཔྱོད་པར་བྱེད་པ་ཡང་འབྱུང་བར་འགྱུར་རོ། །དེ་ནི་སྤྱིའི་ཡུལ་ཅན་ཉིད་ཡིན་ནོ། །འཁྲུལ་པ་མཐོང་བ་རྣམས་ཀྱིས་སྐྲ་ལ་སོགས་པ