Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 175

Văn bản gốc(Tây Tạng)

Trang 9 / 24 (50.000 ký tự/trang)
་སྣང་བ་མཐོང་བ་གང་ཡིན་པ་དེ། དོན་མེད་ཅན་ཡིན་ཏེ་ཡུལ་མེད་
པ་ཡིན་ནོ། །གལ་ཏེ་སྤྱི་ནི་ཤེས་ངོ་ཡི། །དོན་ཉིད་ཡིན་ན་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །ཞེས་བྱ་བ་སྨོས་ཏེ། ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྤྱི་ཡང་རང་གི་མཚན་ཉིད་ཡིན་པར་འདོད་པ་དེ་ལྟར་ན་འགལ་བ་མེད་དོ། །དེ་ཡང་ཇི་ལྟར་སྤྱི་ཡིན་ཞེ་ན། བཤད་པ།
དོན་གྱི་ངོ་བོ་ཉིད་ཀྱིས་སྤྱི། ཡུལ་གྱི་ངོ་བོ་ཉིད་ཀྱི་སྒོ་ནས་དེ་སྤྱི་རྣམ་པར་གཞག་པ་ཡིན་གྱི། ཤེས་པའི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །རྒྱུ་གང་གིས་དོན་གྱི་ངོ་བོ་ཉིད་ཀྱི་སྒོ་ནས་ཀྱང་དེ་སྤྱིའི་རྣམ་པར་གཞག་པ་ཡིན་ཞེ་ན། བཤད་པ། ཀུན་ལའང་ངོ་བོ་མཚུངས་ཕྱིར་ཏེ། །གསལ་བ་དོན་གྱི་

བྱ་བ་བྱེད་པར་མཚུངས་པ་ཐམས་ཅད་ལ་དེ་སྣང་བ་མཚུངས་པ་ཡིན་ཏེ། རྗེས་སུ་འགྲོ་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྡོག་པ་ལ་བརྟེན་ཕྱིར་ཏེ། མཚུངས་པ་ཉིད་དོ། །དོན་གཞན་ལས་ལྡོག་པ་ལ་བརྟེན་པའི་སྒོ་ནས་བློ་དེ་ལྟར་སྣང་བའི་ཕྱིར་ཏེ། ལྡོག་པའི་དངོས་པོ་མཐོང་བ་ལས་སྐྱེས་པའི་
ཕྱིར་རོ། །དེར་སྣང་བ་དེའི་སྤྱི་ཡིན་ནོ། །དེ་དེ་ལྟར་རང་དང་སྤྱིའི་མཚན་ཉིད་རྣམ་པར་གནས་པ་ཡིན་ནོ། །སྤྱིའི་མཚན་ཉིད་དེ་དངོས་མིན་པར་རྣམ་པར་གཞག་གོ། །དེ་ལ་འདིར་དགོངས་པ་ནི་འདི་ཡིན་ཏེ། སྒྲའི་ཡུལ་ནི་སྤྱི་ཡིན་ནོ་ཞེས་བཤད་པ་ལ་ཡང་དངོས་པོར་གྱུར་པ་ཐ་དད་པ་དང་ཐ་
དད་པ་མ་ཡིན་པ་མེད་དོ་ཞེས་སྔར་བསྩལ་བ་ཉིད་ཡིན་ནོ། །དེའི་ཚེ་འོ་ན་ནི་སྤྱིའི་གཟུགས་ལ་སོགས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་དོགས་པ་བཟློག་པའི་དོན་དུ་དེ་དངོས་པོ་མ་ཡིན་ནོ་ཞེས་བརྗོད་དོ། །གཟུགས་ལ་སོགས་པའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །ཅིའི་ཕྱིར་ཞེ་ན། བརྗོད་བྱ་ཉིད་ཕྱིར་ཏེ། སྤྱི་ནི་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཡང་སྒྲའི་བརྗོད་པར་བྱ་བ་མ་ཡིན་པ་དེས་ན་གཟུགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་ནོ་གཟུགས་ལ་སོགས་པ་སྒྲའི་བརྗོད་པར་བྱ་བ་ཉིད་མ་ཡིན་པ་ཡང་། དབང་
སོགས་འབྲས་བཅས་ཉིད་ཕྱིར་རོ། །གལ་ཏེ་དོན་གྱིས་བྱ་བ་མེད་པའི་གཟུགས་ཏེ། གཟུགས་ལ་སོགས་པའི་སྒྲ་ལས་བྱུང་བའི་ཤེས་པས་འཛིན་པ་དེའི་ཕྱིར། དབང་པོ་མེད་པ་ཅན་གྱིས་ཀྱང་སྒྲ་ལས་གཟུགས་ལ་སོགས་པ་མཐོང་བ་དེ་ལྟར་ན་དབང་པོ་ལ་དགོས་པ་ཅུང་
ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་མ་ཡིན་ཏེ། དབང་པོ་རྣམས་ཀྱང་དོན་དང་ལྡན་པ་ཡིན་ནོ། །དེའི་ཕྱིར་དབང་པོའི་ཡུལ་གྱི་ཤེས་པ་ལ་སྣང་བ་དང་མཚུངས་པར་སྣང་ལ་སྒྲ་ལས་བྱུང་བའི་ཤེས་པ་ལ་མེད་པ་དེ་ལྟར་ན་ཡུལ་གཅིག་པ་ཅན་ཉིད་ཡོད་པ་མ་ཡིན་ནོ། །སྒྲས་
བྱས་པའི་ཤེས་པ་ལ་སྣང་བ་མ་ཡིན་པ་གང་ཡིན་པ་དེ་ནི་སྒྲའི་བརྗོད་པར་བྱ་བ་རིགས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་ཤེས་པ་ཡུལ་མཚུངས་པར་སྣང་བ་ཅན་དུ་འགྱུར་བ་མ་ཡིན་པ་དེ་ནི་དེ་དང་ཡུལ་གཅིག་པ་ཅན་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་བུམ་པའི་ཤེས་པའི་ཡུལ་

དང་མཚུངས་པར་སྣང་བ་ཅན་མ་ཡིན་པ་སྣམ་བུའི་ཤེས་པ་ལྟ་བུའོ། །སྒྲ་ལས་བྱུང་བའི་ཤེས་པ་ཡང་དབང་པོའི་ཡུལ་གྱི་ཤེས་པ་དང་མཚུངས་པར་ལྡན་པ་ཅན་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི།
གཟུགས་ལ་སོགས་པ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འདོད་པ་ཉིད་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། མིང་དང་མཚན་མ་རྣམ་པར་ཤེས་པ་ལས་ཐ་དད་པ་མཚུངས་པར་ལྡན་པ་མ་ཡིན་པ་དེའི་འདུ་བྱེད་ཀྱི་མིང་ཅན་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་མིང་ལ་སོགས་པ་བརྗོད་
བྱ་ཡིན་པ་དེའི་ཚེ། མིང་སོགས་བརྗོད་ཡིན་ན། ཁས་ལེན་ན། མིང་ལ་སོགས་པ་དེ་འཆད་པ་པོའམ། ཉན་པ་པོའམ། གང་བརྗོད་པར་བྱ་བའི་དོན་ལ་འབྲེལ་བར་འགྱུར་བའམ་གསུམ་པོ་དེ་དག་འགའ་ཞིག་དང་ཡང་འབྲེལ་པ་མ་ཡིན་པ་དེ་ལྟར་ན། མིང་ལ་སོགས་པ་
འཆད་པ་པོ། །ཉན་པོ་བརྗོད་བྱ་རྗེས་འབྲེལ་ཅན། །མིང་སོགས་འབྲེལ་པ་མེད་པ་ཅན། །ཞེས་བྱ་བའི་རྣམ་པར་རྟོག་པ་འདི་ཙམ་དུ་འགྱུར་གྲང་ན། རེ་ཞིག་འཆད་པ་པོ་དང་ཉན་པ་པོ་དང་འབྲེལ་བ་ཅན་མིང་དང་མཚན་མ་དག་བརྗོད་པར་བྱ་བ་ཉིད་ཡིན་ན། དོན་གྱི་བྱ་བ་བྱེད་
པ་ཕྱི་རོལ་གྱི་དོན་ལ་འཆད་པ་པོ་དང་། ཉན་པ་པོ་དང་འབྲེལ་པ་ཅན་མིང་དང་མཚན་མ་རྗོད་པར་བྱེད་པ་ཅན་གྱི་སྒྲ་ལས་ཉན་པ་པོ་འཇུག་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མ་བརྗོད་པ་ཉིད་ཀྱི་ཕྱིར་རོ། །མིང་ལ་སོགས་པ་རྗོད་པར་བྱེད་པའི་ངང་ཚུལ་ཅན་གྱི་སྒྲ་ཕྱི་རོལ་ན་གནས་པའི་
དོན་མ་བརྗོད་དོ། །མ་བརྗོད་པ་ལ་ཡང་སྒྲ་དེ་ལས་འཇུག་པའི་རིགས་པ་མ་ཡིན་ཏེ། དཔེར་ན་བ་ལང་བརྗོད་པ་ལ་བ་ལང་གི་སྒྲ་ལས་རྟ་ལ་མ་ཡིན་པ་ལྟ་བུའོ། །སྦྱོར་བ་ནི་གང་ཞིག་སྒྲ་གང་གིས་མ་བརྗོད་པ་དེ་ནི་སྒྲ་དེ་ལས་དེ་ལ་འཇུག་པ་མ་ཡིན་ཏེ། དཔེར་ན་བུམ་པའི་སྒྲ་ལས་སྣམ་བུ་ལྟ་
བུའོ། །ཆུ་ལ་སོགས་པ་འཛིན་པའི་དོན་བྱེད་པའི་ནུས་པའི་དོན་ཀྱང་འཆད་པ་པོ་དང་ཉན་པ་པོ་དང་འབྲེལ་པ་ཅན་གྱི་མིང་དང་མཚན་མ་རྗོད་པར་བྱེད་པའི་ངང་ཚུལ་ཅན་གྱི་སྒྲ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཕྱི་

རོལ་གྱི་དོན་གང་ཡིན་པ་དང་། མིང་དང་མཚན་མ་ལ་སོགས་པ་གང་ཡིན་པ་དེ་དག་ལ་གཅིག་ཉིད་དུ་ཞེན་པའི་སྒོ་ནས་སྟོན་པར་བྱེད་པ་པོ་དང་བསྟན་པར་བྱ་བ་ཐ་སྙད་དུ་བྱེད་པ་ཡིན་ནོ། །དེ་ལ་གཅིག་པ་ཉིད་དུ་ཞེན་པའི་སྒྲའི་དོན་ནི་འདིར་འགྱུར་ཏེ། ཕྱི་རོལ་གྱི་དོན་དང་མིང་དང་མཚན་མ་དག་རང་
བཞིན་གཅིག་ཉིད་དུ་འགྱུར་བའམ། ཡང་ན་དོན་ལ་མིང་དང་མཚན་མ་དག་གམ་མིང་དང་མཚན་མ་དག་ལ་དོན་ཉེ་བར་འདོགས་པར་བྱེད་པ་ཡིན་པའམ། གཉི་ག་ལ་ཕན་ཚུན་ཉེ་བར་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་ཙམ་དུ་འགྱུར་གྲང་ན། རང་བཞིན་གཅིག་
ཏུ་འགྱུར་བ་དེ་ལ་ཕྱི་རོལ་གྱི་དོན་ཉིད་ལ་སྟོན་པར་མི་ནུས་པ་དེ་ལྟར་ན། མིང་དང་མཚན་མར་མི་འགྱུར་རོ། །དེའི་ཚེ་ཡང་སྒྲ་ལས་ཕྱི་རོལ་གྱི་དོན་རྟོགས་པའི་ཕྱིར། དབང་པོ་རྣམས་འབྲས་བུ་དང་ལྡན་པར་མི་འགྱུར་བའམ། མིང་ལ་སོགས་པ་བརྗོད་པར་བྱ་བའི་སྐབས་ཉམས་པར་འགྱུར་
རོ། །ཕྱོགས་གཉིས་པ་ལ་ཡང་དེ་ལ་དོན་ཉིད་གཙོ་བོར་བསྟན་པས་མིང་དང་མཚན་མ་ཡང་དེར་གཞན་ལྷག་པ་ཕལ་པ་ཉིད་དུ་རྟོགས་པ་དེ་ལྟར་ན་དབང་པོ་འབྲས་བུ་མེད་པ་ཅན་གྱི་གནས་སྐབས་དེ་ཉིད་ཡིན་ནོ། །གང་གི་ཚེ་དོན་མིང་ལ་སོགས་པ་ལ་ཉེ་བར་བཏགས་པ་དེའི་ཚེ། མིང་དང་
མཚན་མ་ལ་གཙོ་བོར་རྟོགས་པར་འགྱུར་ཞིང་དོན་ལ་ཕན་པ་རྟོགས་པར་མི་འགྱུར་རོ། །དེ་ལྟར་ན་དེའི་ཚེ་དོན་ལ་འཇུག་པར་མི་འགྱུར་ཏེ། དཔེར་ན་སྐྱེས་བུ་རྒྱལ་པོའི་ནུས་པ་ཅན་ལ་གང་གི་ཚེ་འདི་རྒྱལ་པོ་དང་འདྲ་བ་ཡིན་ནོ་ཞེས་བྱ་བ་རྒྱལ་པོ་ཉེ་བར་བཏགས་པར་འགྱུར་བ་དེའི་ཚེ།
དེའི་བརྗོད་པའི་སྒོ་ནས་རྒྱལ་པོར་བཏགས་པ་མ་ཡིན་གྱི། འོན་ཀྱང་དེ་ཉིད་དུ་ཞེས་བྱ་བ་ལྟ་བུའོ། །ཕན་ཚུན་ཉེ་བར་བཏགས་པ་ལ་ཡང་ཅི་རིགས་པར་དབང་པོ་འབྲས་བུ་མེད་པ་ཅན་དང་འཇུག་པར་མི་འགྱུར་བའི་སྐྱོན་ཡོད་དོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དོན་ལ་མཚུངས་
འདྲ་ལས། །འཁྲུལ་འཇུག་འགྱུར་ན། ཕྱི་རོལ་གྱི་དོན་འདྲ་བ་ལས། མིང་དང་མཚན་མ་མི་ལྡན་པའི་འདུ་བྱེད་ཀྱང་ཡོད་པ་བསྟན་པ་དེ་ལ་ཚུལ་འདྲ་བ་ལ་སྐྱེས་བུ་འཁྲུལ་བའི་དོན་གྱི་རྗེས་སུ་འཇུག་པར་བྱེད་དོ་ཞེ་ན། གལ་ཏེ་ཚུལ་འདྲ་བ་ལས་འཁྲུལ་པ་དོན་ལ་འཇུག་པར་འགྱུར་

བ་དེའི་ཚེ། དུས་ཀུན་དུ་མི་འགྱུར་རོ། །གལ་ཏེ་ཚུལ་འདྲ་བའི་རྒྱུ་མཚན་འཇུག་པར་འགྱུར་བ་དེའི་ཚེ། དོན་ལ་འགའ་ཞིག་འཁྲུལ་པས་འཇུག་པ་དུས་ཐམས་ཅད་དུ་ནི་མ་ཡིན་ཏེ། དཔེར་ན་མཚེ་མ་ལྟ་བུའོ། །འདི་ལྟར་སྐྱེས་བུ་འདི་དུས་ཐམས་ཅད་དུ་སྒྲ་ལས་འཇུག་
པ་ན་དོན་ཉིད་མཐོང་གི་འབའ་ཞིག་གི་ཚེ་ཡང་འཆད་པ་པོ་དང་ཉན་པ་པོ་དང་འབྲེལ་པ་ཅན་གྱི་མཚན་མ་ཉིད་མ་ཡིན་པ་དེས་ན་ཚུལ་འདྲ་བས་བྱས་པའི་འཁྲུལ་པ་ལས་འཇུག་པར་མི་འགྱུར་རོ། །གཞན་ཡང་ཡུལ་ལ་འཁྲུལ་པར་ཡང་མི་འགྱུར་རོ། །ཇི་ལྟར་ཡུལ་ངེས་པ་ཅན་གྱི་དོན་
འགའ་ཞིག་དོན་འདྲ་བ་ཡོད་ན་ཡང་འདིར་ཁྱོད་ཀྱིས་བྱས་པ་ནི་འདི་ཡིན་ནོ་ཞེས་སྐྱེས་བུས་བསྟན་པ་དེ་ལས་གཞན་པའི་ཡུལ་ལ། སོ་སོར་ངེས་པའི་དོན་ལ་ཚུལ་འདྲ་བ་ལས་འཇུག་པར་མི་འགྱུར་བ་དེ་ལྟར་འདིར་ཡང་འཆད་པ་པོ་དང་། ཉན་པ་པོ་ལ་ངེས་པའི་མིང་ལ་སོགས་པའི་བློ་
བརྗོད་པ་ནི་རྣམ་པར་ངེས་པའི་ཡུལ་གཞན་དང་འབྲེལ་པ་ཅན་གྱི་བུམ་པ་ལ་སོགས་པ་ལ་འཇུག་པར་རིགས་པ་མ་ཡིན་ནོ། །གལ་ཏེ་གང་གི་ཡང་མིང་ལ་སོགས་པ་ལྡན་པ་མ་ཡིན་པ་བརྗོད་བྱ་མ་ཡིན་གྱི། ཤེས་པ་འབའ་ཞིག་ཡིན་པ་དེའི་ཡང་དོན་བརྗོད་པ་མ་ཡིན་པ་དེ་ལྟར་ན།
དོན་ལ་མི་འཇུག་པ་ལ་སོགས་པ་མཚུངས་སོ་ཞེ་ན། ཤེས་པ་བརྗོད་བྱར་མཚུངས་མིན་ཏེ། །དོན་ལ་མི་འཇུག་པ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། རྣམ་པ་དེ་འདྲའི་བློ་དག་ནི། །སྐྱེ་ཕྱིར་ཚུལ་འདྲ་བ་ལས་འཁྲུལ་པས་དོན་ལ་འཇུག་པར་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྒྲ་
དེས་ཀུན་ནས་བསླང་བའི་རྣམ་པར་རྟོག་པ་ནི་ངོ་བོ་ཉིད་ཀྱིས་འཁྲུལ་པ་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཡང་ཉམས་སུ་མྱོང་བས་བྱས་པ་ཡིན་ཏེ། དོན་གྱི་རྣམ་པ་ཅི་འདྲ་བ་དང་རྗེས་སུ་འབྲེལ་པའི་ཉམས་སུ་མྱོང་བ་དེས་བསྒོས་པའི་བག་ཆགས་སྒྲས་སད་པར་བྱས་པ་ལས་དེ་ལྟ་བུའི་རྣམ་པ་
ཅན་གྱི་རྣམ་པར་རྟོག་པའི་བློ་སྐྱེ་བ་གང་ཡིན་པ་དངོས་སུ་རང་གི་ཆ་ལ་དམིགས་པ་ཅན་ཡིན་ན་ཡང་། ངོ་བོ་ཉིད་ཀྱིས་འཁྲུལ་པ་ཡིན་པའི་ཕྱིར། དངོས་པོ་འཛིན་པ་བཞིན་དུ་སྣང་ངོ་། །རྣམ་པར་རྟོག་པའི་བློའི་གཟུང་བའི་ཆ་ཉིད་ལ་དོན་བྱེད་པར་རུང་བ་ཡིན་པར་ཞེན་པས་དོན་ལ་འཇུག་པར་

འགྱུར་གྱི་ཚུལ་འདྲ་བ་ལས་ནི་མ་ཡིན་ཏེ། ཇི་ལྟར་འཁྲུལ་པ་མཐོང་བ་ཅན་གྱི་སྐྱེས་བུ་ནང་གི་འཁྲུལ་པ་ལས་སྐྲ་ཤད་ལ་སོགས་པ་མཐོང་བ་ཡིན་གྱི་དོན་གྱི་བྱ་བ་བྱེད་པའི་སྐྲ་ལ་སོགས་པ་ཚུལ་འདྲ་བ་ལས་མཐོང་བ་མ་ཡིན་ཏེ། འོན་ཀྱང་དེ་ནི་འཁྲུལ་པའི་རང་བཞིན་ཡིན་ན། གང་གིས་ན་དེ་
ལྟར་མཐོང་བར་འགྱུར། དེ་ལྟར་ན་ཀླན་ཀ་ཉིད་མ་ཡིན་ནོ་གཞན་ལ་དེ་ལྟར་མིན་ཏེ། མིང་ལ་སོགས་པ་བརྗོད་པར་འདོད་པ་གང་ཡིན་པ་དེའི་ཡུལ་དང་འདྲ་བ་ཉམས་སུ་མྱོང་བས་སྐྱེད་པ་དེ་ལྟའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པའི་བློ་ནི་ངོ་བོ་ཉིད་ཀྱིས་འཁྲུལ་པ་ཡིན་པའི་ཕྱིར་དོན་ལ་
འཇུག་པར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བློ་ནི་ཁས་ལེན་མེད་ཕྱིར་རོ། །དེས་ཡུལ་དང་འདྲ་བ་ཉམས་སུ་མྱོང་བ་ལས་སྐྱེ་བའི་ཉམས་སུ་མྱོང་བའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པའི་བློ་ཁས་མི་ལེན་ན། གང་གིས་ན་རྣམ་པར་རྟོག་པ་ལ་སྣང་བའི་ངང་ཚུལ་ཅན་གྱི་དོན་ལས་དོན་བྱེད་
པར་ངེས་པ་ལས་འཇུག་པར་འགྱུར། ཅི་སྟེ་སྐྱོན་དེར་མ་གྱུར་ཅིག་སྙམ་པས་ཕྱི་རོལ་གྱི་དོན་དུ་སྣང་བའི་བློ་ཁས་ལེན་པ་དེའི་ཚེ། ཕྱི་རོལ་དོན་དུ་སྣང་བ་ཅན་གྱི་བློ་ཁས་ལེན་ན་ཡང་མིང་དང་མཚན་མ་སོ་སོར་རིག་པའི་ངོ་བོ་ཅན་གྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཁས་ལེན་པར་བྱེད་ནའོ། །
རྣམ་ཤེས་ལས་ཐ་དད་པ་ནི། མིང་ལ་སོགས་པ་མི་ལྡན་པའི་འདུ་བྱེད་ཚད་ཅན་མིན། རྣམ་པར་ཤེས་པ་ལས་ཐ་དད་པའི་མིང་ལ་སོགས་པ་ཡོད་པ་ཉིད་ཀྱི་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ལྡོག་པ་གྲུབ་པ་མེད་ཕྱིར་རོ། །ཇི་ལྟར་དོན་གྱི་རྣམ་པ་ཅན་གྱི་
རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་ལས་དོན་གཞན་སྣང་བ་མེད་ན། དེ་ལས་གཞན་པའི་དབང་པོ་ལ་སོགས་པ་རྒྱུ་ཡོད་ན་ཡང་འབྲས་བུ་རྣམ་པར་ཤེས་པ་རྒྱུ་གཞན་ལ་ལྟོས་པ་དང་བཅས་པར་སྐྱེ་བར་མི་འགྱུར་བས་ཕ་རོལ་གྱི་དོན་གྲུབ་པ་ཡིན་པ་དེ་ལྟར་མིང་ལ་སོགས་པ་གྲུབ་
པའི་ཕྱིར་ལྡོག་པ་རབ་ཏུ་གྲུབ་པ་མེད་ན་གང་གིས་ན་དེས་ཡོད་པ་ཞེས་བྱ་བར་འགྱུར། དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཤེས་ཀུན་དོན་ལྡན་ཕྱིར། །ཅུང་ཞིག་ཤེས་པ་གང་ཡིན་པ་དེ་ཐམས་ཅད་དོན་དང་ལྡན་པ་ཡིན་ཏེ། ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །སྒྲ་ལས་འབྱུང་བ་འདི་ཡང་ཤེས་

པ་ཡིན་ནོ། །དེ་བས་ན་དེ་ནི་དོན་དང་ལྡན་པ་ཉིད་ཡིན་གྱི་དེ་ཡང་གཟུགས་ལ་སོགས་པ་མ་ཡིན་ན། །དོན་གང་གིས་དོན་དང་ལྡན་པ་དེས་རྒྱུ་མཚན་ལ་སོགས་པ་ཚད་མ་ཅན་ཉིད་མ་ཡིན། དེ་དང་དེ་ནི་ཁྱབ་པ་མེད་པའི་ཕྱིར་དང་། ལྡོག་པ་མེད་པའི་ཕྱིར་ལྷག་མ་དང་
ལྡན་པ་ཉིད་ཡིན་པས་མ་ངེས་པ་ཡིན་ནོ། །རྣམ་པ་གཞན་དུ་ཡང་འདིའི་མི་མཐུན་པའི་ཕྱོགས་ལ་འཇུག་པ་ཡོད་པ་དེ་ལྟར་ན་མ་ངེས་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྨི་སོགས་ལ་རྣམ་གཞན་མཐོང་ཕྱིར། །རིགས་མིན། སོགས་པ་སྨོས་པས་ནི་རབ་རིབ་ཅན་ལ་སོགས་པ་
བཟུང་ངོ་། །རྨི་ལམ་ལ་སོགས་པ་ནི་ཤེས་པ་ཡང་དེ་དོན་གྱིས་སྟོང་པ་ཉིད་དུ་སྐྱེ་བ་དེ་ལྟར་ན་མ་ངེས་པ་ཡིན་ནོ། །གལ་ཏེ་རྨི་ལམ་ན་ཡང་དོན་གྱི་མཚན་མའི་འདུ་བྱེད་ལས་རྣམ་པར་ཤེས་པ་འབྱུང་བར་འགྱུར་བ་དེ་བས་ན་མ་ངེས་པ་མ་ཡིན་ནོ་ཞེ་ན། དེ་ནི་མི་ལྡན་པའི་འདུ་བྱེད་ལས་རྨི་ལམ་
ན་ཡང་རྣམ་པར་ཤེས་པ་འབྱུང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔོན་པོ་ལ་སོགས་སྣང་ཕྱིར་རོ། །རྨི་ལམ་གྱི་ཤེས་པ་ལ་ཁ་དོག་དང་དབྱིབས་སྣང་བ་ཡིན་གྱི། ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཅན་མི་ལྡན་པའི་འདུ་བྱེད་ནི་མ་ཡིན་ནོ། །སྦྱོར་བ་ནི་ཁ་དོག་དང་དབྱིབས་ཀྱི་ངོ་བོར་གྱུར་
པ་མ་ཡིན་པ་དེ་ནི། ཁ་དོག་དང་དབྱིབས་ཀྱི་ངོ་བོའི་སྒོ་ནས་རང་ཉིད་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་ལ་སྣང་བ་མ་ཡིན་ཏེ། དཔེར་ན་བདེ་བ་ལ་སོགས་པ་ལྟ་བུའོ། །མི་ལྡན་པའི་འདུ་བྱེད་ཀྱང་ཁ་དོག་དང་དབྱིབས་ཀྱི་ངོ་བོར་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །
དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མིག་ལ་སོགས་པ་ཁ་དོག་དང་དབྱིབས་སུ་སྣང་བ་ཅན་མི་ལྡན་པའི་འདུ་བྱེད་མ་ཡིན་པ་དེ་ལྟར་ན་ཡང་། རྨི་ལམ་གྱི་ནང་གི་སྔོན་པོ་ལ་སོགས་པའི་ངོ་བོ་དེ་འགྱུར་བ་དེ་ལྟར་ན་དོན་དང་བཅས་པ་ཉིད་ཡིན་པས་ན་མ་ངེས་པ་མ་ཡིན་ནོ་ཞེ་ན། རྨི་ལམ་གྱི་
རྣམ་པར་ཤེས་པ་ལ་ཡུལ་སྔོ་སོགས་མིན། ཅིའི་ཕྱིར་ཞེ་ན། རྨི་ལམ་ན་དམིགས་པའི་སྔོན་པོ་ལ་སོགས་པ་ཐོགས་མེད་ཕྱིར་རོ། །སྔོན་པོ་ལ་སོགས་པ་ནི་ཐོགས་པ་དང་བཅས་པ་ཡིན་ཞིང་། གཉིད་ཀྱིས་ལོག་པའི་གནས་སྐབས་ན་ཡང་ཁང་པ་བར་མཚམས་མེད་པ་ཉིད་ལས་བདག་ཕྱིར་

བྱུང་བ་རྨི་མོད་ཀྱི། ཐོགས་པ་ཅན་ཡིན་པ་དེ་ལྟར་འཇུག་པ་ནི་མ་ཡིན་ནོ། །སྦྱར་བ་ནི་གང་ཐོགས་པ་མེད་པ་དེ་ནི་སྔོན་པོ་ལ་སོགས་པར་མི་འགྱུར་ཏེ། དཔེར་ན་རྣམ་པར་ཤེས་པ་ལྟ་བུའོ། །རྨི་ལམ་དུ་དམིགས་པའི་ཡུལ་ལ་ཡང་ཐོགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་
འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི། ལས་དེ་ཉིད་ཀྱིས་དེ་འདྲ་བའི་ངོ་བོ་སྐྱེ་བར་འགྱུར་བ་ཡིན་ལ། གང་གིས་ཡུལ་ཆོད་པ་དག་ཏུ་གཉིད་ཀྱིས་ལོག་པ་འདི་བདག་ཉིད་ཕྱིར་འབྱུང་བར་རྨིས་པ་ཡིན་ནོ། །ཞེ་ན་དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་དངོས་སུ་དེ་བྱུང་
བ་དེའི་ཚེ། །ནང་ན་གནས་པའི་ལུས་ལ་དབུགས་འབྱུང་བ་དང་རྔུབ་པ་ལ་སོགས་པ་དེའི་ཚེ་ཡོད་པར་འགྱུར་བ་མ་ཡིན་ཏེ། ཤི་བ་ཉིད་ཡིན་པའི་ཕྱིར་དང་། རྣམ་པར་ཤེས་པའི་རྒྱུད་གཉིས་མེད་པའི་ཕྱིར་རོ། །དེ་གཉིད་ལོག་པ་ཉིད་ལ་བསྣུན་པར་བྱེད་པ་ནི་ཆོས་མ་ཡིན་པར་མི་འགྱུར་རོ། །
ཅི་སྟེ་མ་བྱུང་བ་དེའི་ཚེ་དེ་ལྟར་མཐོང་བ་འཁྲུལ་པ་དོན་གྱིས་སྟོང་པ་ཉིད་ཡིན་པ་དེ་ལྟར་ན། དེ་ནི་ཅིར་ཡང་མི་རུང་ངོ་། །གཞན་ཡང་གཟུགས་ལ་སོགས་པ་དེ་དངོས་སུ་ཤེས་པ་ཡིན་གྱི། དོན་མིན་ནོ། །ཅིའི་ཕྱིར་ཞེ་ན། ཡུལ་རུང་ཅན་གྱིས་མི་ཤེས་པ། ཡུལ་རུང་བ་མཚུངས་པ་ཅན་ལ་
སོགས་པའི་སྐྱེས་བུ་རྣམས་ཀྱིས་མ་བཟུང་བ་མངོན་སུམ་རང་གིས་ཤེས་པའི་རྒྱུའི་ཕྱིར་རོ། །འདི་ནི་ཤེས་པའི་མཚན་ཉིད་ཡིན་ནོ། །གལ་ཏེ་དེ་ཤེས་པ་མ་ཡིན་པའི་ངོ་བོར་འགྱུར་ན། ཡུལ་རུང་བར་མཚུངས་པ་ན་གནས་པ་གང་གིས་ཅིའི་ཕྱིར་མི་འཛིན། རྣལ་འབྱོར་པ་གཟུགས་
གང་བསྐྱེད་ནས་རང་ཉིད་ཀྱིས་མཐོང་བ་དེས་ཀྱང་མཚན་ཉིད་ལ་འཁྲུལ་པ་མ་ཡིན་ཏེ་ཡུལ་རུང་བ་ཅན་ཉིད་འཛིན་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པའི་དོན་སྟོན་པ། དེས་ནི་མིང་སོགས་བརྗོད་པ་ཡིན། དཔེར་ན་དེའི་ཡང་ཡུལ་རུང་བ་ཅན་དག་གིས་མི་ཤེས་པ་རང་ཉིད་ཀྱིས་ཤེས་པའི་ཕྱིར་
ཤེས་པའི་མཚན་ཉིད་ཡིན་གྱི། ཐ་དད་པར་ཡོད་པ་མ་ཡིན་པ་ལྟ་བུའོ། །ཇི་ལྟར་སྤྱིའི་བློ་ལ་དོན་ཡོད་པ་མ་ཡིན་པ་དེ་ལྟར་དེ་བཤད་པ་ཡིན་ནོ། །གཞན་ཡང་རེ་ཞིག །གང་འདི་མིག་ལ་སོགས་པའི་བློ། །གཟུགས་ལ་སོགས་པའི་ཡུལ་ལ་འདོད་པ་སྟེ། །ཁས་ལེན་ན་ཚད་མ་གང་

གིས་དེ་ཉིད་དོན་དང་ལྡན་པར་འདོད། དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དོན་གྱི་ནུས་མཐོང་ཡིན། དེ་ལས་གཞན་པའི་དབང་པོ་ལ་སོགས་པའི་རྒྱུ་རྣམས་ཡོད་ན་ཡང་། འབྲས་བུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་རོ། །ད་ནི་དེ་མི་སྐྱེ་བ་དེ་
རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་སྟོན་པར་བྱེད་པ་དེ་ལྟར་ན་ལྡོག་པ་ལས་དོན་གྱི་ནུས་པ་མཐོང་བའི་ཕྱིར་མིག་ལ་སོགས་པའི་བློ་དོན་དང་ལྡན་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་འབྲས་བུ་ལྡོག་པ་ལས་དོན་གྲུབ་པ་ཡིན་པ་དེའི་ཚེ། དོན་མེད་ཅན་གཞན། སྤྱིའི་ཡུལ་ཅན་གྱི་
རྣམ་པར་རྟོག་པའི་རྣམ་པར་ཤེས་པ་མཐོང་བར་འགྱུར། དེ་ལྟར་དེ་ལྡོག་པ་ལས་སྤྱིའི་ནུས་པ་ཉིད་རྟོགས་པར་མི་ནུས་ཏེ། ཡིད་ལ་བྱེད་པ་ལ་སོགས་པ་ནང་གི་རྒྱུ་མཚན་ཡོད་ན་ཡོད་པའི་ཕྱིར་རོ། །གང་ཡང་སྣམ་བུ་འཛིན་པ་ན་བུམ་པའི་སྤྱི་མི་སྣང་བ་ཡིན་ཏེ། སྣམ་བུ་ལ་མེད་
པའི་ཕྱིར་རོ། །ཞེས་བྱ་བ་དེ་ཉིད་འབྲས་བུ་དེ་ལྡོག་པའི་ཡུལ་ཡིན་ནོ་སྙམ་དུ་སེམས་ན། སྣམ་བུའི་བློ་དེ་ལ་ཡང་བུམ་པ་མི་སྣང་བ་ནི་རང་གི་བག་ཆགས་ཀྱི་ཉེ་བར་ལེན་པའི་ཁྱད་པར་གྱིས་བློ་ཐ་དད་པ་རྣམས་ནི་ངོ་བོ་ཕན་ཚུན་འདྲེས་པ་མེད་པའི་ཕྱིར་ཡིན་གྱི། ཡུལ་ཐ་དད་པའི་ཕྱིར་ནི་མ་
ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་བས་ན་དེ་ལ་ཡུལ་མེད་པའི་ཕྱིར་བུམ་པའི་བློ་མེད་པ་མ་ཡིན་ནོ། །གང་གི་ཚེ་སྣམ་བུ་དེ་ཡང་བློས་བུམ་པའི་ངོ་བོར་སྒྱུར་བར་བྱེད་པའམ། སྣམ་བུར་མི་རྟོག་པས་ཡུལ་དེ་ལ་བུམ་པར་དཔྱོད་པར་བྱེད་པ་དེའི་ཚེ་དེ་ལས་ཡང་བུམ་པའི་རྣམ་པར་རྟོག་པ་ཉིད་
དུ་འགྱུར་ན་དེ་ལ་དེའི་ཚེ་བུམ་པ་ཡོད་པ་མ་ཡིན་ནོ། །སྣམ་བུ་བུམ་པའི་ངོ་བོར་བསྒྱུར་བ་དེ་ལྟར་ན་ཡང་དོན་གྱིས་སྟོང་པའི་ས་ཕྱོགས་དང་འབྲེལ་པ་ཅན་གྱི་བུམ་པར་སྣང་བའི་བློ་ཉིད་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསལ་བ་ཡུལ་གཞན་ན་གནས་པའམ། གསལ་བ་དེ་ལ་གནས་པ་སྤྱི་
ཡིན་པ་དེའི་ཚེ། དེ་ནི་བློའི་ཡུལ་མ་ཡིན་ཏེ། དེའི་ཡུལ་དང་། འབྲེལ་པ་ཅན་ཉིད་དམ། སྣམ་བུ་དེར་གྱུར་པའམ་ཡུལ་དེ་ཉིད་ལ་བུམ་པར་རྣམ་པར་རྟོག་པའི་ཕྱིར་རོ། །གལ་ཏེ་ཡུལ་གཞན་ན་གནས་པའི་གསལ་བའི་སྤྱི་འཛིན་པ་ཅན་དུ་འགྱུར་བ་དེའི་ཚེ། དེ་ཡུལ་གང་

ལ་གནས་པའི་ཡུལ་དེའི་གནས་སྐབས་ཉིད་ལ་རྣམ་པར་རྟོག་པར་འགྱུར་གྱི། དེ་ལྟར་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །དེ་བས་ན་ཡུལ་གཞན་ན་གནས་པའི་དོན་འཛིན་པ་མ་ཡིན་ནོ། །འདོད་རྒྱལ་གྱི་སྒྲའི་ཡུལ་གསལ་བའི་ཁྱད་པར་རྣམས་སམ། གསལ་བ་ཉུང་ཟད་པ་ཅན་གྱི་སྤྱིའམ་
གྲོང་དང་གྲོང་ཁྱེར་དང་། ཡུལ་དང་། སྐྱེས་བུ་དང་། ཁང་བཟངས་ལ་སོགས་པ་ཞིག་པའི་ཡུལ་ཅན་གྱི་ཤེས་པའམ་དེ་མེད་ན་ཡང་འབད་རྩོལ་ཙམ་གྱི་རང་གི་འདོད་པས་སྦྱོར་བའི་ངོ་བོ་ཅན་གྱི་ཤེས་པ་དག་ལ་རྣམ་པར་རྟོག་པའི་བློ་ཡོད་པ་ཡིན་ན་དོན་ཡོད་པ་གང་ཡིན། གལ་
ཏེ་དོན་མེད་ན་མེད་པར་འགྱུར་བ་དེ་བས་ན། རྣམ་པར་རྟོག་པའི་བློ་ལ་དེ་ལས་གཞན་པའི་རྒྱུ་མཚན་ཐག་ཉེ་བ་ན་ཡོད་ན་ལྡོག་པ་མ་ཡིན་པའི་ཕྱིར། དེ་ལས་ཐ་དད་པའི་རྒྱུ་ལ་དེ་ལྟོས་པ་མ་ཡིན་ནོ། །དེ་དེ་ལྟར་ན་འཆད་པ་པོ་དང་། ཉན་པ་པོ་དང་། འབྲེལ་པ་ཅན་གྱི་མིང་ལ་སོགས་པ་བརྗོད་པར་བྱ་
བ་ཡིན་ནོ། །སྒྲ་ལས་དོན་བྱེད་པར་ནུས་པའི་དོན་ཉིད་ལ་འཇུག་པར་རིགས་པ་མ་ཡིན་ནོ། །འབྲེལ་མེད་ཅན་ལ་འཇུག་པ་མེད། །ཇི་ལྟར་འཆད་པ་པོ་དང་ཉན་པ་པོ་དང་འབྲེལ་པ་ཅན་གྱི་མིང་ལ་སོགས་པའི་བརྗོད་པར་བྱ་བ་ཡིན་ནོ། །དོན་ལ་འཇུག་པ་མེད་པ་དེ་ལྟར་འཆད་པ་པོ་དང་ཉན་
པ་པོའི་བརྗོད་པར་བྱ་བའི་དོན་དང་འབྲེལ་པ་མེད་པ་ཅན་གྱི་མིང་ལ་སོགས་པ་འགའ་ཞིག་ལ་ཡང་རྟེན་པ་མེད་པ་རང་དབང་དུ་འགྱུར་བ་བརྗོད་པ་ན། དོན་བྱེད་པར་རུང་བའི་དོན་ལ་འཇུག་པ་མེད་པ་ཡིན་ནོ་ཞེས་བསྟན་ཏོ། །གལ་ཏེ་དོན་དང་འབྲེལ་ལྡན་ཡིན། །གལ་ཏེ་མིང་ལ་སོགས་པའི་
བརྗོད་པར་བྱ་བའི་དོན་དང་འབྲེལ་པ་དང་ལྡན་པར་འདོད་པ་དེའི་ཚེ། འདས་དང་མ་འོངས་བརྗོད་བྱ་མིན། །འདས་པ་ལ་སོགས་པའི་སྒྲའམ། འདས་པ་ལ་སོགས་པའི་དོན་རྗོད་པར་བྱེད་པ་གཞན་གྱིས་བརྗོད་པར་བྱ་བར་འགྱུར་བ་མ་ཡིན་ཏེ། དཔེར་ན་རྒྱལ་པོ་ཆེན་པོ་མང་པོས་བཀུར་བ་
བྱུང་བར་གྱུར་པ་དང་། རྒྱལ་པོ་དུང་འཁོར་ལོས་སྒྱུར་བར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། དོན་དང་དེ་དག་ཟད་ཕྱིར་རོ། །བརྗོད་པར་བྱ་བའི་དོན་བྱེད་པའི་དངོས་པོ་གང་ཡིན་པ་དེ་དང་ལྷན་ཅིག་དེ་ལ་བརྟེན་པའི་མིང་དང་མཚན་མ་དག་ཀྱང་ཞིག་པའི་ཕྱིར་རོ། །མ་འོངས་པ་

ཡང་མ་སྐྱེས་པས་ན་དེ་རྟེན་ཉིད་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་བརྗོད་བྱ་ཞིག་པའམ་མ་སྐྱེས་པ་ཡིན་ན་ཡང་མིང་ལ་སོགས་པ་རང་རྒྱུད་འབའ་ཞིག་ཏུ་གནས་པ་ཉིད་ཡིན་ནོ་ཞེ་ན། དེའི་ཚེ་དེ་ནི་བརྟེན་པ་ཉིད་མ་ཡིན་པའི་ཕྱིར། འབྲེལ་པ་མེད་པའི་ཕྱོགས་ལ་འབྱུང་བ་ཅན་
གྱི་སྐྱོན་ལ་བརྟེན་པར་འགྱུར་རོ། །དེ་ལྟར་འགྱུར་མོད་ཀྱི། སྒྲ་ཡིས་སྤྱི་ནི་བརྗོད་པའི་ཕྱིར། །གལ་ཏེ་ཐལ་བ་མི་འདོད་ན། །གཟུགས་ལ་སོགས་པ་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན་ན། དབང་པོའི་ཚོགས་འབྲས་བུ་མེད་པར་འགྱུར་རོ་ཞེས་བཤད་པ་གང་ཡིན་པའི་ཐལ་བ་འདི་ཉིད་ཡོད་པ་མ་
ཡིན་ནོ། །འདི་ལྟར་གཟུགས་ལ་སོགས་པའི་དོན་སྒྲ་ལས་ངེས་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྤྱི་ཡིན་ནོ། དེ་བས་ན་གཟུགས་ལ་སོགས་པའི་ཤེས་པ་ལ་དབང་པོ་དོན་དང་ལྡན་པ་ཉིད་ཡིན་ནོ། །དབང་པོའི་ཚོགས་འབྲས་བུ་མེད་པར་ཐལ་བ་མེད་པར་དེ་མིན་ནོ། །ཅིའི་ཕྱིར་ཞེ་ན།
སྤྱི་ནི་ཡན་གར་བ་བརྗོད་མེད་ཕྱིར་རོ། །སྒྲས་གསལ་བ་ལ་ལྟོས་པ་མེད་པ་སྤྱི་བརྗོད་པ་མེད་པ་དེ་ལྟར་ན། ཁྱད་པར་དང་བཅས་པའི་སྒོ་ནས་སྤྱི་ཤེས་པར་བྱེད་པའི་ཕྱིར་རོ། །ཁྱད་པར་གྱི་གཞི་ཡང་རྟོགས་པའི་ཕྱིར། དབང་པོའི་ཚོགས་དོན་མེད་པ་ཉིད་ཡིན་ནོ། །བརྗོད་ན་ཡང་གསལ་
བ་ལ་ལྟོས་པ་མེད་པ་སྤྱི་ཡན་གར་བ་ཡང་སྒྲས་བརྗོད་པར་བྱ་བར་ཁས་ལེན་ནའོ། །དེ་མཚུངས་མིན་དང་གསལ་བ་མིན། །གསལ་བ་ནི་གསལ་བར་བྱེད་པ་སྟེ། སྤྱི་ཡན་གར་བ་སྒྲས་བརྗོད་པ་ཡིན་ན། གསལ་བའི་སྤྱི་དེར་མི་འགྱུར་རོ། །གསལ་བས་གསལ་བར་བྱ་བ་ཉིད་ཀྱང་འདི་ལ་
ཡོད་པ་མ་ཡིན་ནོ། །དེ་བས་ན། དེ་མཚུངས་མིན་དང་གསལ་བ་མིན། །དེ་བས་ན་སྤྱི་ནི་དེ་དང་མཚུངས་པ་ཉིད་མ་ཡིན་ཞིང་གསལ་བ་མ་ཡིན་པ་དེ་དག་ཏུ་འགྱུར་རོ། །དེ་ལྟར་ན་དངོས་སུ་དེ་ནི་འདིའི་ཞེས་བྱ་བའི་འབྲེལ་པ་ནི། གང་ཞིག་གང་ལ་སྐྱེ་བའི་གཞན་གྱི་དབང་ལ་རག་
ལས་པའམ། དེའི་སྒོ་ནས་རྟོགས་པའི་གཞན་གྱི་དབང་སྟེ། གང་གི་བདག་ཉིད་རྟོགས་པར་འགྱུར་བ་ཡིན་གྲང་ན། རེ་ཞིག་སྤྱི་ནི་གསལ་བ་ལ་སྐྱེ་བའི་གཞན་གྱི་དབང་ཉིད་མ་ཡིན་ཏེ། རྟག་པ་ཉིད་ཀྱི་ཕྱིར་རོ། །རྟོགས་པའི་གཞན་གྱི་དབང་ཡང་མ་ཡིན་ཏེ། གསལ་བ་ལ་

ལྟོས་པ་མེད་པར་སྒྲས་བརྗོད་པར་ཁས་ལེན་པའི་ཕྱིར་རོ། །དེ་ལྟར་ན་གསལ་བ་ནི་དེ་དང་མཚུངས་པ་མ་ཡིན་ནོ། །གསལ་བས་གསལ་བར་བྱ་བ་ཡང་མ་ཡིན་ཏེ། གསལ་བ་ལ་ལྟོས་པ་མེད་པར་སྒྲས་བརྗོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལ་སྐྱེ་བ་དང་
རྟོགས་པའི་གཞན་གྱི་དབང་ཉིད་མ་ཡིན་པ་དེ་ནི། དེའི་ཞེས་བྱ་བའམ་དེ་ལ་ཞེས་བྱ་བར་དངོས་སུ་ཐ་སྙད་གདགས་པར་འོས་པ་མ་ཡིན་ཏེ། དཔེར་ན་གངས་ཅན་དང་འབིགས་བྱེད་ལྟ་བུའོ། །སྤྱི་གཟུང་བར་བྱ་བའི་རང་གི་ངོ་བོ་འབའ་ཞིག་དང་རྟག་པ་དེ་ཡང་སྐྱེ་བ་དང་རྟོགས་པ་
གཞན་གྱི་དབང་གིས་གསལ་བ་གཞན་གྱི་དབང་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་ཞིག་གང་ལ་ལྟོས་པ་མེད་པར་རང་དབང་ཅན་བློས་གཟུང་བ་དེ་ནི་དེས་གསལ་བར་བྱ་བ་མ་ཡིན་ཏེ། དཔེར་ན་སྣང་བ་ལ་ལྟོས་པ་མེད་པར་རང་དབང་ཅན་སྒྲས་རྗོད་པར་བྱེད་པ་ལྟ་
བུའོ། །སྤྱི་ཡང་གསལ་བ་ལ་ལྟོས་པ་མེད་པར་རང་དབང་ཅན་བློས་གཟུང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་ལྟར་ན་གསལ་བ་ལྟོས་པ་མེད་པར་རང་དབང་ཅན་བརྗོད་པར་བྱ་བ་ཡིན་གྱི། གསལ་བས་བྱ་བ་ཕན་པ་ལ་ལྟོས་པ་ནི་མ་ཡིན་ནོ། །རྒྱུ་དེས་
ན་རྟག་ཏུ་དམིགས་འགྱུར་ཏེ། གསལ་བ་ཡོད་པ་དང་མེད་པ་ཉིད་ཀྱི་དུས་ན་ཡང་སྤྱི་དམིགས་པར་འགྱུར་ཏེ། རྟག་ཉིད་ཕྱིར་རོ། །སྤྱི་རྟག་ཏུ་སྣང་བར་ཡང་འགྱུར་བ་དེ་ལྟར་ན་གསལ་བ་མ་བྱུང་བ་དང་འཇིག་པའི་དུས་ན་ཡང་འབྱུང་བར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་གིས་
བྱས་པའི་ཕན་པ་ལ་ལྟོས་པ་མེད་པར་དམིགས་པ་ཅན་དེ་ནི་ཡོད་པ་དང་མེད་པ་ཉིད་ཀྱི་དུས་ན་ཡང་དམིགས་པར་འགྱུར་ཏེ། དཔེར་ན་དམིགས་པར་བྱེད་པ་ལ་སྣང་བས་བྱས་པའི་ཕན་པ་ལ་ལྟོས་པ་མེད་པའི་རེག་བྱ་ལྟ་བུའོ། །སྤྱི་ཡང་གསལ་བས་བྱས་པའི་ཕན་པ་ལ་ལྟོས་པ་
མེད་པར་དམིགས་པར་བྱེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་གང་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡོད་པ་དེ་ནི་དེའི་ཚེ་དམིགས་པར་འགྱུར་ཏེ། དཔེར་ན་དབུགས་ཀྱི་གནས་སྐབས་ཀྱི་སྤྱི་དེ་ཉིད་ལྟ་བུའོ། །སྤྱི་ལ་ཡང་གནས་

སྐབས་སྔ་ཕྱི་དག་ཏུ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཡང་། གསལ་བས་མངོན་སུམ་ཕྱིར་གསལ་ཡིན། །དོན་གྱི་ངོ་བོ་གསལ་བ་ལས་སྤྱིའི་མངོན་པར་གསལ་བ་གང་ཡིན་པའོ། །
ཅིའི་ཕྱིར་ཞེ་ན། མངོན་སུམ་ཕྱིར་ཏེ། ཕྱི་རོལ་གྱི་དོན་གྱི་ཁྱད་པར་གྱི་སྒོ་ནས་སྤྱི་གསལ་བ་མངོན་སུམ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་གསལ་བ་མ་བྱུང་བ་དང་འཇིག་པའི་དུས་ན་གསལ་བར་བྱེད་པའི་གསལ་བ་མེད་པའི་ཕྱིར། གསལ་བ་མ་ཡིན་པ་དམིགས་པའི་མཚན་ཉིད་
ཀྱིར་གྱུར་པ་མེད་པ་ཉིད་ཀྱིས་གཏན་ཚིགས་མ་གྲུབ་པ་དག་ཡིན་ནོ་ཞེ་ན། དེ་ལྟར་བྱས་ན་ཡང་གལ་ཏེ་རྟག་པ་ཉིད་ཀྱི་ཕྱིར་དུས་ཐམས་ཅད་དུ་མི་དམིགས་ཞེས་བྱ་བ་དེ་ཙམ་གྱི་སྐྱོན་གྱི་ལན་སྨྲས་པར་འགྱུར་མོད་ཀྱི། སྐྱོན་ལྷག་མ་དག་ནི་དེའི་གནས་སྐབས་ཅན་ཉིད་ཡིན་ནོ་འདི་ལ་ཡང་ཅི་
སྤྱི་དེ་རང་གི་ངོ་བོ་ཉིད་ཀྱིས་མངོན་སུམ་གྱི་ཤེས་པ་སྐྱེད་པར་རུང་བ་ཡིན་ནམ། འོན་ཏེ་རུང་བ་མ་ཡིན། གལ་ཏེ་རུང་བའི་རང་གི་ངོ་བོ་ཉིད་ལས་འགྱུར་བ་མེད་པའི་ཕྱིར་གནས་སྐབས་སྔ་ཕྱི་དག་ལ་ཡང་དེ་རུང་བ་ཉིད་ཡིན་པ་དེ་ལྟར་ན་མ་གྲུབ་པ་ཡིན་ནོ། །དེ་ལྟར་ན། བདག་ལ་ཤེས་པ་སྐྱེད་པ་
ན། །ནུས་པ་གང་དེ་ནུས་ཉིད་ཡིན། །ནུས་པ་དེ་ཡང་ནུས་པ་མ་ཡིན་པར་མི་རུང་ངོ་། །བདག་ཉིད་ལ་ཤེས་པ་སྐྱེད་པའི་ཕྱིར། གལ་ཏེ་ལ་ལར་ནུས་མེད་ན། གསལ་བ་མ་བྱུང་བ་དང་ཞིག་པའི་གནས་སྐབས་ཀྱི་དུས་ནའོ། །དེ་ལྟར་ཡིན་ན་ནི། དེ་ནི་ཀུན་ཚེ་ནུས་མེད་ཡིན། །སྤྱིའོ། །དེའི་
ཞེས་བྱ་བ་ལ་སོགས་པས་དེ་ཉིད་ཀྱི་གཞུང་འཛུགས་པ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་ཉི་ཤུ་གསུམ་པ། བདག་ཉིད་ལ་ཤེས་པ་སྐྱེ་བའི་ཕྱིར། སྤྱི་དེའི་ནུས་པའམ་ནུས་མེད་པ། །རང་བཞིན་གྱིས་ནི་གང་གནས་ཉིད་ནུས་པ་དང་ནུས་པ་མེད་པ།
དེ་ཟད་བྱ་ཕྱིར་ནུས་པ་གང་། དེ་གསལ་བར་བྱ་བའི་ཕྱིར་ནུས་པ་ཅི་ཞིག་ཡིན། རྟག་པ་ཉིད་ཕྱིར་ཏེ། རྒྱུའི་ཕྱིར་སྤྱི་ནི་གསོ་མིན་ན། དངོས་པོའི་རྒྱུན་མི་རྟག་པ་ལ་རྐྱེན་གཞན་དང་གཞན་ཉེ་བ་ལས། གནས་སྐབས་ཁ་ཅིག་ནི་བྱེད་པ་པོ་དང་བྱེད་པ་པོ་མ་ཡིན་ནོ་ཞེས་རིགས་པ་ཡིན་ན་དེ་ནི་སྤྱི་རྟག་

པ་ལ་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་སྤྱིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་གསལ་བ་ལ་ལྟོས་པ་མེད་པ་སྤྱི་རྟོགས་པ་ཡིན་ནོ་ཞེས་འདོད་ན། སྤྱིའི་རྣམ་པར་ཤེས་པ་དེ་ལའང་། རྗེས་འབྲེལ་ཏེ་རྗེས་སུ་འཇུག་པའོ། །སྔོན་པོ་ལ་སོགས་པའི་རྣམ་པའི་ཆ་ནི་ཁ་དོག་
དག་དང་དབྱིབས་ཀྱི་ཡན་ལག་དུ་གནས་པའི་སྔོན་པོ་ལ་སོགས་པའི་ཆ་སྟེ། ཆོས་སྣང་བའོ། །སྤྱིའི་རྣམ་པར་ཤེས་པ་དེ་ལ་སྣང་བར། རྣམ་པར་ངེས་པ་སྟེ་མཚོན་པར་བྱའོ། །གལ་ཏེ་སྤྱིའི་རྣམ་པར་ཤེས་པ། །དེ་ལ་གང་གིས་སྤྲུལ། དོན་གང་གིས་གཞག་པ་ཡིན། །སྤྱིས་ནི་མ་
ཡིན་ཏེ། དེའི་རྣམ་པ་ཅན་ཉིད་མ་ཡིན་ནོ་སྙམ་དུ་སེམས་སོ། །སྔོན་པོ་ལ་སོགས་པའི་རྣམ་པ་ནི་སྤྱི་མ་ཡིན་ནོ། །དེ་ནི་སྔོན་པོ་ལ་སོགས་པའི་རྣམ་པའི་སྒོ་ནས་སྤྱི་འཛིན་པའི་རྣམ་པར་ཤེས་པ་ལ་སྤྱི་སྣང་བར་རིགས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གི་རྣམ་པ་དང་བྲལ་བ་དེ་ནི་འཛིན་པ་
ན་རྣམ་པ་དེར་སྣང་བ་མ་ཡིན་ཏེ། དཔེར་ན་སྒྲ་འཛིན་པ་ན་དྲི་ལྟ་བུའོ། །སྤྱི་ཡང་སྔོན་པོ་ལ་སོགས་པའི་རྣམ་པ་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མངོན་སུམ་ཤེས་དོན་ཅན། །ཕྱིར་ན་དབང་པོ་དོན་མེད་མིན། །དོན་
ཤེས་པ་ཡང་རྣམ་པ་གཉིས་ཏེ། མངོན་སུམ་དང་མངོན་སུམ་མ་ཡིན་པའོ། །དེ་ལ་མངོན་སུམ་མ་ཡིན་པའི་ཤེས་པ་སྐྱེད་པ་ལ་སྒྲ་བྱེད་པ་ཡིན་ལ། མངོན་སུམ་གྱི་ཤེས་པ་སྐྱེད་པའི་འབྲས་བུ་ཅན་ནི་དབང་པོ་ཡིན་པ་དེ་ལྟར་ན་མངོན་སུམ་གྱི་ཤེས་པའི་འབྲས་བུ་ཅན་ཉིད་ཡིན་
པའི་ཕྱིར་དེ་དག་འབྲས་བུ་མེད་པ་ཅན་མ་ཡིན་ནོ། །མིང་ལ་སོགས་པ་བརྗོད་པ་ལ་ཡང་ལན་འདི་ཉིད་ཡིན་ནོ། །ངོ་བོ་གཅིག་ཅན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། སྒྲ་ལ་སོགས་པའི་དོན་སོ་སོར་ངེས་པ་ངོ་བོ་གཅིག་པ་གསལ་བ་དང་མི་གསལ་བ་ཡིན་པ་དེ་
ལྟར་ན། ངོ་བོ་གཅིག་ཅན་སྒྲ་སོགས་ལས། སོགས་པ་སྨོས་པས་ན་གཟུགས་དང་དྲི་དང་རོ་ལ་སོགས་པ་བཟུང་ངོ་། །ཐ་དད་སྣང་ཅན། གསལ་བར་སྣང་བའི་ངང་ཚུལ་ཅན་དང་། དེ་ལས་གཞན་པའི་བློ་གང་ལས་མ་ཡིན་ནོ། །ཕན་ཚུན་མི་འདྲ་བ་གསལ་བ་དང་མི་གསལ་བའི་

རྣམ་པ་ནི་དོན་ལ་ཡོད་པ་མ་ཡིན་ནོ། །གང་གིས་ཤེས་པ་ལ་རྣམ་པ་གཅིག་གསལ་བ་སྐྱེད་ཅིང་། གཞན་ལ་མི་གསལ་བ་ཡིན། དེ་བས་ན་ངོ་བོ་གཅིག་ཏུ་འདོད་པ་གང་ཡིན་པའི་ངོ་བོ་དེ་ཉིད་ཀྱིས་རང་ཉིད་འཛིན་པའི་རྣམ་པར་ཤེས་པ་ལ་དོན་དེར་སྣང་བ་ཡིན་ནོ། །དེ་
ལྟར་ན་དོན་གཅིག་མངོན་སུམ་དང་མངོན་སུམ་མ་ཡིན་པའི་ཁྱད་པར་རམ། སོ་སོར་སྣང་བའི་ཁྱད་པར་ཡོད་པ་ཉིད་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་དོན་གཅིག་པའི་ཡུལ་ཅན་གྱི་ཤེས་པ་དེ་དག་ནི། མངོན་སུམ་དང་མངོན་སུམ་མ་ཡིན་པའི་ཁྱད་པར་དང་ལྡན་པའམ། ཐ་དད་པར་སྣང་བར་འགྱུར་
བ་མ་ཡིན་ཏེ། དཔེར་ན་མིག་ཉམས་པ་མེད་པ་ཅན་གྱིས་ཟླ་བ་གཅིག་ཏུ་མཐོང་བའི་མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །རྣམ་པར་རྟོག་པ་དང་རྣམ་པར་རྟོག་པ་མེད་པའི་ཤེས་པ་དེ་དག་གིས་ཡུལ་གཅིག་ཉིད་ཡིན་པར་སྨྲ་བར་འདོད་པའི་མངོན་སུམ་དང་མངོན་སུམ་མ་ཡིན་པའི་ཤེས་པ་ཡང་དོན་
གཅིག་པའི་ཡུལ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །རིགས་འདིར་གསལ་བ་ལས་གཞན་ནམ་གཞན་མ་ཡིན་པར་འགྱུར་གྲང་ན། གལ་ཏེ་གཞན་མ་ཡིན་པ་དེའི་ཚེ། རིགས་ལྡན་རིགས་ནི་མིན། །རིགས་དང་ལྡན་པ་ཉིད་རིགས་མ་ཡིན་ནོ། །ཅིའི་ཕྱིར་
ཞེ་ན། རྒྱུ་གང་གིས། གསལ་བའི་ངོ་བོར་གཞན་རྟེན་མེད། །སྤྱི་ནི་གསལ་བ་གཞན་གྱི་རྗེས་སུ་འགྲོ་བའི་ངོ་བོ་ཡིན་ཞིང་། གསལ་བ་ཡང་ཐུན་མོང་མ་ཡིན་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་རྟེན་མེད་པ་སྟེ། འདི་ལ་རྟེན་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གསལ་
བ་གཞན་ལ་བརྟེན་པ་མ་ཡིན་པ་སྟེ། གསལ་བ་གཞན་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སྤྱི་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཐ་དད་པར་གྲུབ་ན། །གསལ་བ་ལས་རིགས་གཞན་ཡིན་ནོ་ཞེ་ན། དེའི་ཚེ་གསལ་བ་འདིའི་སྤྱི་འདི་ཡིན་ནོ་ཞེས་དངོས་སུ་ཐ་སྙད་
དུ་བྱ་བ་མ་ཡིན་ནོ། །དེ་ལྟར་ན་འདིའི་འདི་ཞེས་བྱ་བ་འབྲེལ་བ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན་ལྟོས་པར་བརྗོད་པའོ། །ལྟོས་པ་ཡང་འབྲས་བུ་ཡིན་ནོ། །རྟག་པ་ཉིད་ཀྱི་ཕྱིར་རིགས་གསལ་བའི་འབྲས་བུ་མ་ཡིན་ནོ། །འབྲས་བུ་ཉིད་མ་ཡིན་པའི་ཕྱིར་ལྟོས་པ་

མེད་པ་ཅན་ནོ། །ལྟོས་པ་མེད་པ་ཅན་འབྲལ་པ་ཡོད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་འབྲས་བུར་འགྱུར་བ་མ་ཡིན་པ་དེ་ནི་དེ་ལྟོས་པ་དང་བཅས་པ་མ་ཡིན་ཏེ། དཔེར་ན་འབིགས་བྱེད་དང་གངས་ཅན་ལྟ་བུའོ། །རིགས་ཀྱང་གསལ་བའི་འབྲས་བུ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་
པར་བྱེད་པ་དམིགས་པའོ། །གང་ཞིག་གང་ལ་ལྟོས་པ་མེད་པ་དེ་ནི་དེའི་ཞེས་དོན་དམ་པའི་འབྲེལ་པ་རིགས་པ་མ་ཡིན་ཏེ། དཔེར་ན་དཔེ་དེ་ཉིད་ལྟ་བུའོ། །རིགས་ཀྱང་རིགས་དང་ལྡན་པ་ལ་ལྟོས་པ་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་
ཡང་རེ་ཞིག་མྱུ་གུ་ལ་སོགས་པ། ས་བོན་ལ་སོགས་པ་དེའི་འབྲས་བུ་གང་ཡིན་པ་དེ་ཡང་རང་གི་རྒྱུ་ལས་གྲུབ་པའི་ཕྱིར་ཏེ། གྲུབ་པ་ཉིད་ཀྱི་ཕྱིར་ཅུང་ཞིག་ལ་ལྟོས་པ་མེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལ་གྲུབ་པའི་འོག་ཏུ་ས་བོན་ལ་སོགས་པ་ཡང་ཅུང་ཟད་ཀྱང་མི་བྱེད་པ་དེ་བས་ན།
དེ་ནི་རག་ལས་པ་མེད་པ་ཡང་རང་རྒྱུད་དུ་གྱུར་པ་ཡིན་ནོ། །རྟོག་པ་ཡིས་ནི་ས་བོན་ལ་སོགས་པ་དང་འབྲེལ་པར་བྱེད། ས་བོན་ལ་སོགས་པའི་ལྗང་བུ་ལ་སོགས་པ་འདི་འབྲས་བུ་ཡིན་ནོ་ཞེས་འབྲེལ་པ་ཐོབ་པར་འགྱུར་གྱི། དོན་དམ་པར་འབྲེལ་པ་འགའ་ཞིག་ཀྱང་ཡོད་པ་མ་
ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གིས་ཅུང་ཟད་ཀྱང་བྱར་མེད་པའམ། གྲུབ་པ་གང་ཡིན་པ་དེ་ནི་དེ་ལ་ལྟོས་པར་མི་འགྱུར་བའམ། དེ་དངོས་སུ་གཞན་གྱི་དབང་མ་ཡིན་ཏེ། དཔེར་ན་འབིགས་བྱེད་དང་གངས་ཅན་ལ་ལྟོས་པའམ། དེ་གཞན་གྱི་དབང་མ་ཡིན་པ་ལྟ་བུའོ། །
འབྲས་བུའི་དངོས་པོ་ཡང་ཕྱིས་ཅུང་ཟད་ཀྱང་བྱར་མེད་པའམ། གྲུབ་ཟིན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་དེ་ལྟར་ན་འབྲས་བུ་ལ་ཡང་དོན་དམ་པའི་འབྲེལ་
པ་ཡོད་པ་མ་ཡིན་ན། ཇི་ལྟར་ཡང་སྟེ་རྣམ་པ་ཇི་ལྟར་སྤྱི་འབྲས་བུ་མ་ཡིན་པ་གང་ཡིན་པ་དེ་ལ་དོན་དམ་པའི་འབྲས་བུ་ཇི་ལྟར་ཡོད་པར་འགྱུར། དེ་བས་ན་གཞན་ཉིད་ཡིན་ན་དོན་གཞན་ཉིད་ཡིན་ནའོ། །གང་ལས་ཤེ་ན། གསལ་བ་ལས་སོ། །ཅིའི་ཕྱིར་ཞེ་ན། སྤྱི་དེ་འབྲེལ་

མེད་གསལ་བ་དང་ངོ་། །སྦྱོར་བ་ནི་གང་ཞིག་གང་གིས་རང་བཞིན་ཕུལ་དུ་བྱུང་བ་ཅུང་ཟད་ཀྱང་བྱར་མེད་པ་དེ་ནི་དེ་ལ་རག་ལུས་པའམ། དེ་དང་འབྲེལ་པར་རིགས་པ་མ་ཡིན་ཏེ། དཔེར་ན་གཞན་འགའ་ཞིག་གང་དང་ཡང་འབྲེལ་བ་མེད་པ་ལྟ་བུའོ། །སྤྱི་ཡང་གསལ་བས་རང་
བཞིན་ཕུལ་དུ་བྱུང་བ་ཅུང་ཟད་ཀྱང་བྱར་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་ཕྱིར་རང་བཞིན་མེད་པར་གྲུབ། གང་གིས་གཟུགས་ལ་སོགས་པ་ལས་ཐ་དད་པ་དང་ཐ་དད་མེད་པ་དག་ཏུ་རིགས་ཀྱི་རང་གི་ངོ་བོ་རྣམ་པར་གཞག་པ་མི་ནུས་པ་དེའི་ཕྱིར་དེ་རང་བཞིན་
མེད་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་གཟུགས་ལ་སོགས་པ་ལ་ཐ་དད་པ་དང་། ཐ་དད་པ་མེད་པ་དག་ཏུ་རྣམ་པར་གཞག་པར་བྱ་བའི་རང་བཞིན་དུ་མི་འགྱུར་བ་དེ་ནི་རང་བཞིན་མེད་པ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ལྟ་བུའོ། །སྤྱི་དང་གཟུགས་ལ་སོགས་པ་ལས་ཐ་དད་པ་དང་།
ཐ་དད་པ་མེད་པ་དག་ཏུ་རྣམ་པར་གཞག་པར་བྱ་བའི་རང་བཞིན་དུ་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གལ་ཏེ་དངོས་པོ་ལས་རིགས་དེ་ཉིད་དང་གཞན་ཉིད་དུ་རྣམ་པར་གཞག་པ་མི་ནུས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་མེད་པ་ཡིན་ལ། རིགས་དེ་ཡང་
དེ་དང་འདྲ་བ་ཡིན་པར་བརྗོད་པ་དེའི་ཚེ། མེད་པ་རི་བོང་གི་རྭ་ལ་སོགས་པ་ཡང་དངོས་པོ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། རང་བཞིན་མེད་པ་ཉིད་ཡིན་པ་དེ་བས་ན། རིགས་སུ་ཐལ་བར་འགྱུར་ཏེ། དེ་ཡང་སྤྱིར་འགྱུར་རོ། །ཁོ་བོ་ཅག་ནི་གང་དང་གང་
རང་བཞིན་མེད་པ་དེ་ཐམས་ཅད་ནི་སྤྱི་ཡིན་ནོ་ཞེས་མི་སྨྲ་བ་དེ་ལྟར་ན་གང་གིས་མེད་པར་རིགས་སུ་ཐལ་བར་འགྱུར། འོ་ན་ཅི་ཡིན་ཞེ་ན། རིགས་ནི་དངོས་པོའི་རང་བཞིན་དུ་ཡོད་པ་མ་ཡིན་ནོ། །འོ་ན་གལ་ཏེ་རིགས་རང་བཞིན་མེད་པ་དེའི་ཚེ་རང་བཞིན་མེད་པ་དེ་ཉིད་ཀྱི་ཕྱིར་འབའ་ཞིག་ཀྱང་
སྤྱིར་མི་འགྱུར་ཏེ། རི་བོང་གི་རྭ་ལ་སོགས་པ་བཞིན་ནོ་ཞེ་ན། དེ་ལ་འདིར་གལ་ཏེ་སྤྱི་དངོས་པོར་གྱུར་པ་གཅིག་ཅིག་རྗེས་སུ་འགྲོ་བའི་ངང་ཚུལ་ཅན་དུ་མི་འགྱུར་རོ་ཞེས་བརྗོད་པ་དེའི་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ནོ། །ཅི་སྟེ་ཡང་ཐ་དད་པ་མེད་པའི་རྣམ་པའི་རྣམ་པ་ཅན་གྱི་ཤེས་

པའི་ཡུལ་དུ་མི་འགྱུར་རོ་ཞེས་བརྗོད་པ་དེའི་ཚེ། མ་ངེས་པ་ཡིན་ནོ། །འདི་ལྟར་རྟ་མ་ཡིན་པ་ཉིད་ནི་བ་ལང་ལ་སོགས་པ་རྣམ་པ་གཅིག་པ་ཅན་གྱི་ཤེས་པའི་ཡུལ་ཡིན་ཞིང་། ཚིག་གི་དོན་དྲུག་ཚིག་གི་དོན་ཉིད་ཡིན་པ་དང་། སྔ་ན་མེད་པ་ལ་སོགས་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ལྟ་
བུ་ལ་སོགས་པའི་རྣམ་པ་དུ་མ་འདྲ་བའི་ཤེས་པའི་ཡུལ་ཡིན་ནོ། །དེ་ལ་དངོས་པོར་གྱུར་པ་གཅིག་རྗེས་སུ་འགྲོ་བའི་ངང་ཚུལ་དུ་ཡོད་པ་མ་ཡིན་ནོ། །གང་ཡང་རི་བོང་གི་རྭ་ལ་སོགས་པ་མེད་པ་ཡིན་ན་ཡང་། བུམ་པ་ལ་སོགས་པ་སྤྱི་མིན། བུམ་པ་ལ་སོགས་པ་དེ་ལ་དེ་ལྟོས་མེད་
ཕྱིར་རོ། །བུམ་པ་དང་རི་བོང་གི་རྭ་ལ་སོགས་པ་དག་ལ་ཕན་ཚུན་ཆོས་དང་ཆོས་ཅན་གྱི་དངོས་པོ་ཡོད་པ་མ་ཡིན་ནོ། །བུམ་པ་དང་དེའི་སྤྱི་ལ་ལྟོས་པ་ཡོད་པ་གང་ཡིན་པ་དེ་ལ་ནི་བུམ་པ་ཆོས་ཅན་དང་བུམ་པ་ཉིད་ཆོས་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །གལ་ཏེ་འདི་ལ་ཡང་
ཇི་ལྟར་ཆོས་དང་ཆོས་ཅན་གྱི་དངོས་པོར་འགྱུར་ཞེ་ན། བདེན་ཏེ་འོན་ཀྱང་ཕྱི་རོལ་གྱི་དོན་དང་དེ་ལས་ལྡོག་པ་ཡིན་ནོ་ཞེས་དེ་མཐོང་བ་ལ་བརྟེན་ནས། རྣམ་པར་རྟོག་པའི་བློ་ཆོས་དུ་མ་ལ་ཞེན་པ་ཅན་རང་བཞིན་གྱིས་འཁྲུལ་པར་བྱུང་བ་རང་གི་སྣང་བ་ལ་གནས་པ་ཆོས་ཐ་དད་པ་དེ་དང་དེ་
དངོས་པོའི་ཆོས་བཞིན་དུ་འཇོག་པར་བྱེད་དོ། །དེའི་སྣང་བའི་སྟོབས་ཀྱིས་ཆོས་སམ་ཆོས་ཅན་ཞེས་བྱ་བའི་ཐ་སྙད་འདི་བྱེད་པ་དེ་བས་ན་དེ་དག་ལ་ལྟོས་པ་ཡོད་པ་ཡིན་ནོ། །བུམ་པ་དང་རི་བོང་གི་རྭ་དག་ལ་ནི་དེ་འདྲ་བའི་ལྟོས་པ་དེ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་ན་བུམ་པ་ཆོས་ཅན་མ་
ཡིན་ཞིང་མེད་པ་ཡང་དེའི་སྤྱི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རིགས་རང་བཞིན་མེད་པར་བསྟན་པ་དེའི་ཕྱིར་ངོ་བོ་མེད་པ་སྟེ། རིགས་རང་བཞིན་མེད་པ་ཡིན་ནོ། །འོན་ཀྱང་ངོ་བོ་སྟེ། རང་བཞིན་རྣམས་ལ་བརྟེན་ནས། དངོས་པོ་གང་དང་གང་ལས་ལྡོག་པ་དེ་དང་དེ་ལས་ཐ་དད་པ་ལ་
བརྟེན་ནས་རང་བཞིན་ཐ་དད་དུ་ཟིན་ཀྱང་། ཐ་སྙད་ཀྱི་དོན་དུ། ངོ་བོ་མེད་ལ་རིགས་བརྟགས་པ། །སྒྲ་རྣམས་ཀྱིས་ནི་རབ་ཏུ་བསྟན། ཅི་འདྲ་བ་ཞིག་ཅེ་ན། ཁྱད་པར་དེ་ལ་འཇུག་དོན་ཅན། །དེ་ཡང་དེ་ཡིན་ལ་ཁྱད་པར་ཡང་ཡིན་པ་དེ་བས་ན་ཁྱད་པར་དེ་ལའོ། །དེ་དང་དེ་རྣམ་པར་གཅད་པར་ཤེས་

པར་བྱ་བའི་ཕྱིར་བརྡར་བྱས་པ་ཅན་དག་གིས་སོ། །རིགས་དེ་དེའི་ངོ་བོར་སྣང་བའམ། ངོ་བོ་གང་ཅུང་ཟད་བཞིན་དུ་སྣང་བ་ཞེས་བརྗོད་པ་གང་ཡིན་པའམ། དོན་ལ་དེ་ཉིད་དུ་འཛིན་པ་རིགས་ཀྱི། ངོ་བོར་སྣང་བའི་སྒོ་ནས་ཕྱི་རོལ་གྱི་དོན་ལ་གཅིག་ཉིད་དུ་མངོན་པར་ཞེན་པ་
གང་དེ་འཁྲུལ་པ་ཡིན་ནོ། །ཅི་འདྲ་བ་ཞིག་ཅེ་ན། ཐོག་མ་མེད་པའི་དུས་ཅན་མཐོང་གོམས་སྤྲུལ་པ་ཉིད། ཐོག་མ་མེད་པའི་དུས་ཅན་ཕན་ཚུན་ཐ་དད་པར་འཛིན་པའི་ངང་ཚུལ་ཅན་མཐོང་བ་གོམས་པ་དེས་གཞན་པ་གང་ཡིན་པ་དེ་ནི་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་འདི་ནི་ལོག་
པའི་དོན་ཅན་ཡིན་ནོ། །གཞན་སེལ་བའི་མཚན་ཉིད་ཅན་གྱི་སྤྱི་དེ་རྣམ་པར་གཞག་པ་གང་ཡིན་པ་དེ་ཡང་སྤྱིའི་ངོ་བོ་མེད་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། དོན་རྣམས་ཀྱི་ནི་གཅིག་ལ་སོགས་པས་གཞན་ལ་ལྡོག་པ་རྣམས་ཀྱི་སྤྱི་གང་ཡིན་པ་གཞན་ལས་ལྡོག་པའི་མཚན་ཉིད་ཅན།
གཞན་སེལ་བའི་ངོ་བོ་རྣམ་པར་གཞག་པ་ཉིད་ཡིན་ནོ། །སྒྲ་དེ་འདིས་ནི་གང་ངེས་ཅན། མི་འདོད་པ་སྤོང་བའི་སྒོ་ནས་འཇུག་པའི་ཕྱིར་དེ་ལ་དེ་ལས་གཞན་པ་རྣམ་པར་གཅོད་པ་ན་སྒྲ་ཐ་སྙད་དུ་བྱེད་པ་དག་གིས་ཐ་དད་པ་དེ་དང་དེ་ཤེས་པར་བྱ་བའི་ཕྱིར། རྗོད་པར་བྱེད་པ་རབ་ཏུ་སྦྱོར་བ་ཡིན་
ནོ། །གཞན་སེལ་བ་དེའི་ངོ་བོ་ཅིར་མི་རུང་། རང་བཞིན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་ཡང་སྤྱིའི་བློ་ལ། དོན་འཁྲུལ་པ་ཕན་ཚུན་ཐ་དད་པའི་དོན་ལ་བརྟེན་ནས་སྐྱེས་པར་གྱུར་པ་དེ་ཉིད་རང་གི་སྣང་བའི་རྗེས་སུ་བྱེད་པས་ཐ་དད་པ་མེད་པ་བཞིན་དུ་འཛིན་པ་ན་ངོ་བོ་གཅིག་པ་དོན་
གྱི་རྣམ་པ་ཅན་རྗེས་སུ་འགྲོ་བ་འཁྲུལ་པའི་ངོ་བོའོ། །ཅི་འདྲ་བ་ཞིག་ཅེ་ན། ངོ་བོ་མེད་ཅན་ལ་སྟེ། ཇི་ལྟར་སྣང་བར་གྱུར་པའི་རྣམ་པས་རང་བཞིན་མེད་པ་ཡིན་དུ་ཟིན་ཀྱང་དེའི་དོན་དུ་འཁྲུལ་པ་སྟེ། དེའི་དོན་གྱི་རྣམ་པ་ཅན་དེ། སྤྱི་ཡིན་པར་ཁོ་བོ་ཅག་འདོད་པར་གྱུར་ན། འདི་ལྟར་
འཁྲུལ་བའི་ངོ་བོ་ཉིད་ཀྱིས་བརྫུན་པ་ཉིད་ཡིན་པའི་ཕྱིར། དེ་ཡང་རིགས་པ་མ་ཡིན་ནོ། །འཁྲུལ་པ་ཉིད་གང་ལས་ཡིན་ཞེ་ན། སྤྱི་ཉིད་དུ་ཡང་མཐོང་ཕྱིར་རོ། །ཐ་དད་པ་མེད་པར་དོན་ཐ་དད་པ་དག་ཏུ་ཡང་སོ་སོར་སྣང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་གྱི་རྣམ་པ་ཅན་དེ་ལ་དོན་དུ་འཁྲུལ་པ་

ཞེས་བཤད་པ་ཡིན་ནོ། །གཞན་ཡང་སྤྱིའི་བློ་ནི་ངོ་བོ་ཅན་མིན་ཏེ། རང་བཞིན་མེད་པའོ། །ཅིའི་ཕྱིར་ཞེ་ན་བསླད་ཕྱིར་དང་། དེའི་ངོ་བོ་དེ་མ་ཡིན་ཏེ། དེ་ལྟ་བུའི་ངོ་བོར་བརྟགས་པའི་རྟེན་མ་ཡིན་པའི་ཕྱིར་རོ། །དོན་དངོས་དེ་ཉིད་མེད་ཕྱིར་རོ། །ཇི་ལྟར་དེའི་ངོ་བོ་ཉིད་ཀྱིས་འཁྲུལ་པ་ཡིན་པའི་ཕྱིར་རང་
གི་སྣང་བའི་དོན་མེད་དུ་ཟིན་ཀྱང་དོན་དུ་ཞེན་པ་དེ་ལྟར་ན་དེ་ཉིད་དེ་བདེན་པའི་དོན་གྱི་རང་གི་ངོ་བོ་ཉིད་དུ་མི་འགྱུར་བའི་ཕྱིར་ཡང་རང་བཞིན་མེད་པ་ཡིན་ནོ། །དེ་དེ་ལྟར་ན་གཞན་ལས་ལྡོག་པའི་ངོ་བོ་སྤྱི་ཡིན་ནམ། བློའི་སྣང་བ་སྤྱིར་འདོད་པ་གང་ཡིན་པ་དེ་ནི་གཉིས་ཀ་ཡང་དོན་དམ་པར་ངོ་བོ་ཅུང་ཟད་
ཀྱང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྤྱི་དེ། ངོ་བོ་མེད་པས་བརྗོད་བྱ་མིན། །དངོས་པོ་ལས་དེ་ཉིད་དང་གཞན་ཉིད་དུའོ། །གང་ལ་ངོ་བོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེའི་དངོས་པོ་ལ་བརྟེན་པ་དེ་ཉིད་དང་གཞན་ཉིད་ཀྱི་ཐ་སྙད་གང་ལས་ཡིན། ངོ་བོ་ཉིད་དང་ལྡན་པ་ཡིན་ན་ནི། དེ་ཉིད་དང་
གཞན་ཉིད་ལས་འདས་པ་མ་ཡིན་ནོ། །དེ་ལྟར་འགྱུར་མོད་ཀྱི། གལ་ཏེ་ཚིག་འབའ་ཞིག་ལས་ཀྱང་། དངོས་འདོད་ན་ནི། བུམ་པའི་སྤྱི་རང་གི་ཉེ་བར་ལེན་པར་འགྱུར་བ་གཟུགས་ལ་སོགས་པ་དག་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ན་ཡང་། སྣམ་བུ་ལས་བུམ་པ་
ཐ་དད་པ་ཡིན་ནོ། །སྣམ་བུ་ལས་བུམ་པ་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་ཡིན་པ་དེ་ལྟར་ན། སྤྱི་དངོས་པོ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་ཡིན་པས་ན། བརྗོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ། །དེ་བས་ན་བརྗོད་པར་བྱ་བ་
ཉིད་ཡིན་པའི་ཕྱིར་སྤྱི་དངོས་པོ་ཡིན་ནོ་ཞེ་ན་དངོས་པོ་རྣམས་ཞེས་བྱ་བ་ལ་སོགས་པས་མ་གྲུབ་པའི་ལན་འདེབས་པར་བྱེད་དོ། །གལ་ཏེ་ཡང་བུམ་པ་ཞེས་བྱ་བའི་ཚོགས་པ་སྣམ་བུ་ཞེས་བྱ་བའི་དངོས་པོ་ལས་གཞན་ཉིད་དུ་བརྗོད་པར་བྱ་བ་ཡིན་པ་དེ་ལྟར་ན་ཡང་། རང་གི་ཚོགས་པ་
དག་ལས་བརྗོད་པར་བྱ་བ་ཉིད་མ་ཡིན་ནོ། །བརྗོད་པར་བྱ་བ་ཉིད་མ་ཡིན་པ་དེ་ཡང་དངོས་པོ་ཉིད་མ་ཡིན་པའི་ཕྱིར་འདོད་དོ། །དེ་ལྟ་མ་ཡིན་ན་དེ་ལས་ཀྱང་མི་འགྱུར་ན་དེ་ཡོད་པ་ཡང་ཡིན་ཏེ། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་རྣམས་རྣམ་འགས་བརྗོད་བྱ་ཉིད་མ་ཡིན་

དངོས་པོའི་རང་བཞིན་པ་འགའ་ཞིག་ལས་ཀྱང་བརྗོད་པར་བྱ་བ་ཉིད་མ་ཡིན་པ་མེད་དེ། དེ་ཉིད་དང་གཞན་གྱི་རྣམ་པར་རྟོག་པ་ལས་མ་འདས་པའི་ཕྱིར་རོ། །དེ་བས་ན་གཏན་ཚིགས་འདི་ནི་ཁྱབ་པར་བཅས་པ་ཡིན་ཏེ། ཇི་ལྟར་དངོས་པོ་འགའ་ཞིག་ལས་ཀྱང་བརྗོད་པར་བྱ་
བ་མ་ཡིན་པ་གང་ཡིན་པ་དེ་ནི་དངོས་པོ་མ་ཡིན་པ་དེ་ལྟར་ན་མ་གྲུབ་པ་མ་ཡིན་ནོ། །ཡང་ན་གཏན་ཚིགས་ཁྱད་པར་མེད་པས་ཀྱང་མ་གྲུབ་མ་ཡིན་ཏེ། འདི་ལྟར་སྣམ་བུ་ལས་ཀྱང་བུམ་པ་ཉིད་གཞན་ཉིད་དུ་བརྗོད་བྱ་མིན། ཅིའི་ཕྱིར་ཞེ་ན། ཉེར་ལེན་ཐ་དད་པས་ཐ་དད། །ཉེ་བར་བརྟགས་
ཕྱིར་ཏེ། དེ་ལ་བུམ་པའི་ཉེ་བར་ལེན་པར་འགྱུར་བ་གཟུགས་ལ་སོགས་པ་དངོས་པོར་ཡོད་པ་གང་ཡིན་པ་དེ་དག་སྣམ་བུའི་ཉེ་བར་ལེན་པ་དངོས་པོར་ཡོད་པ་དག་ལས་དངོས་སུ་ཐ་དད་པ་དེར་གཏོགས་པའི་ཐ་དད་པ་དེ་དང་དེའི་ཉེ་བར་ལེན་པའི་སྒོ་ནས་བཏགས་པའི་བུམ་པ་དང་སྣམ་བུ་
དག་ལ་ཡང་ཉེ་བར་བཏགས་པ་ཡིན་པ་དེ་ལྟར་ན་ཐ་དད་པར་བརྗོད་དོ། །བུམ་པ་ཉིད་ལ་སོགས་པ་དེ་དངོས་སུ་ཡོད་པ་ཡང་མ་ཡིན་ན་གང་གིས་ན་དེ་འགའ་ཞིག་ལས་གཞན་ཉིད་དམ་གཞན་ཉིད་མ་ཡིན་པར་བརྗོད་པར་བྱ་བར་འགྱུར། གཞན་ཡང་། འདས་པ་དང་ནི་མ་འོངས་པའི། །དོན་
ལའང་སྤྱི་ཡི་རྒྱུ་ཅན་གྱི། །སྤྱིའི་རྟེན་ཅན་ཉིད་ཀྱིས་མཉམ་པ་དག་སྟེ། སྒྲ་དག་འཇུག་འགྱུར་ན་འགོད་པར་འགྱུར་ཏེ། དཔེར་ན་བུམ་པར་གྱུར་པ་དང་། བུམ་པར་འགྱུར་བ་ཞེས་བྱ་བ་ལྟ་བུའོ། །དེ་ལ་གལ་ཏེ་སྤྱི་དངོས་པོར་གྱུར་པ་རྟེན་ཉིད་ཡིན་པའི་སྒོ་ནས་སྒྲ་རྣམས་འཇུག་པར་འགྱུར་བ་
དེའི་ཚེ། འདས་པ་དང་མ་འོངས་པའི་བུམ་པ་དེ་ནི་དངོས་པོ་མེད་པ་ཉིད་ཡིན་པའི་ཕྱིར། ཡོད་པ་སྟེ། སྤྱི་དངོས་པོར་གྱུར་པ་ཞེས་བྱ་བ་འདི་ནི་གཏན་ཚིགས་ཡིན་ནོ། །མེད་ཆོས་ཇི་ལྟར་འགྱུར་ཏེ། མི་འགྱུར་བ་ཉིད་དོ། །དངོས་པོ་མེད་པའི་འདས་པ་ལ་སོགས་པའི་ཆོས་མི་རུང་ངོ་ཞེས་བྱ་བ་འདི་
ནི་ཚད་མའི་འབྲས་བུ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་དངོས་པོ་ཡིན་པ་དེ་ནི་དངོས་པོ་མེད་པའི་ཆོས་ཅན་དུ་མི་འགྱུར་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རང་བཞིན་ཅན་གྱི་གཟུགས་ལྟ་བུའོ། །སྤྱི་ཡང་དངོས་པོ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་

པའོ། །ཡང་ན་གང་ཞིག་དངོས་པོ་མེད་པའི་ཆོས་ཡིན་པ་དེ་ནི་དངོས་པོར་མི་འགྱུར་ཏེ། དཔེར་ན་མེད་པ་བཞི་པོ་རྣམས་ཀྱི་མེད་པ་ཉིད་ལྟ་བུའོ། །སྤྱི་འདས་པ་དང་མ་འོངས་པར་འཇུག་པ་ཅན་ཡང་དངོས་པོ་མེད་པའི་ཆོས་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཉིད་ཡིན་ནོ། །དེ་
ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཉེར་བཏགས་ལས་དེ་འདོད། །ད་ལྟར་གྱི་བུམ་པ་དང་འདྲ་བར་འདས་པ་ལ་སོགས་པའི་བུམ་པ་ལ་སྤྱིའི་རྒྱུ་ཅན་གྱི་སྒྲ་མི་འཇུག་པ་ནི་བདེན་མོད་ཀྱི། འོན་ཀྱང་དེ་ལ་ཉེ་བར་བཏགས་པ་ལ་འཇུག་པ་ཡིན་ནོ། །ཉེ་བར་བཏགས་པ་ལ་འཇུག་པ་ཡང་སྤྱི་དངོས་པོར་གྱུར་
པའི་རྟེན་གྱི་སྒོ་ནས་འཇུག་པ་མ་ཡིན་ནོ་སྙམ་དུ་སེམས་སོ། །གལ་ཏེ་ཉེ་བར་བཏགས་པ་ལ་རྒྱུ་མཚན་འགའ་ཞིག་ཡོད་པར་གྱུར་ན། ཉེ་བར་བཏགས་པའི་སྒོ་ནས་འཇུག་པར་འགྱུར་ན། གང་གི་ཕྱིར་དེ་ཉིད་ཡོད་པ་མ་ཡིན་པ་དེ་ལྟར་ན་ཉེ་བར་བཏགས་པ་ལས་སྒྲ་འཇུག་པ་མེད་པ་ཡིན་ནོ། །
དེ་ལྟར་ན་ད་ལྟར་བའི་བུམ་པའི་ཉེ་བ་གང་སྟེ། སྒྲ་འཇུག་པ་རྒྱུ་མཚན་གྱི་ཆོས་སོ། །མེད་པ་དང་ནི་འདས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བུམ་པ་མེད་པ་དང་། ལྷན་ཅིག་ད་ལྟར་གྱི་བུམ་པའི་དངོས་པོའོ། །སྣམ་བུ་ལ་སོགས་པ་མེད་པ་དང་། ཉེ་བ་གང་ཡིན་པ་དེ་གང་ཡིན། གང་
གིས་ན་སྣམ་བུ་ལ་ཉེ་བར་བཏགས་པ་ལས་བུམ་པའི་སྒྲས་འཇུག་པར་མི་འགྱུར་ཞིང་། བུམ་པའི་ཉེ་བར་བཏགས་པ་ཉིད་ཀྱིས་མེད་པ་ལས་འགྱུར་བ་ཅུང་ཟད་ཀྱང་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཇི་ལྟར་ད་ལྟར་གྱི་བུམ་པ་ཆུ་ལ་སོགས་པ་འཛིན་པ་ལ་སོགས་པ་དེ་ལྟར་
འདས་པ་དང་མ་འོངས་པའི་བུམ་པ་དག་གྱུར་པ་དང་འགྱུར་བ་དེ་ལྟར་འདི་ཉེ་བར་བཏགས་པའི་རྒྱུ་མཚན་ཡིན་ནོ་ཞེ་ན། །དེ་ལྟར་ན་ནི་གང་གི་ཚེ་དེ་ཆུ་ལ་སོགས་པ་འཛིན་པ་ལ་སོགས་པ་བྱེད་པར་འགྱུར་བ་དེའི་ཚེ། བུམ་པ་ཉིད་ཡིན་པ་དེ་ལྟར་ན་དེའི་ཚེ་བཟློག་པ་ཉིད་མེད་དོ། །ཞིག་པར་
གྱུར་པ་མེད་པ་ཡོད་པ་མ་ཡིན་པ་དེའི་ཚེ། ད་ལྟར་གྱི་བུམ་པ་ཉེ་བར་བཏགས་པའི་རྒྱུ་མཚན་དེ་ལ་ཅི་ཞིག་ཡིན། དེ་ལྟར་ན་ཉེ་བར་བཏགས་པ་མ་ཡིན་ནོ། །དེ་བཞིན་དུ་མ་འོངས་པ་ཡང་ངོ་། །བྱུང་བ་ལ་དེ་བྱེད་པའི་ནུས་པ་ཉིད་ཀྱི་སྒོ་ནས་སྒྲ་བཟློག་པ་མེད་པ་ཉིད་ཡིན་ནོ། །མ་བྱུང་བ་ཡང་

དེ་ཡོད་པ་མ་ཡིན་ནོ། །དེ་བས་ན་ཉེ་བར་བཏགས་པའི་རྒྱུ་མཚན་མེད་པའི་ཕྱིར་ཉེ་བར་བཏགས་པ་ཉིད་མ་ཡིན་ནོ། །སྦྱོར་བ་ནི་གང་ལ་གང་ཉེ་བར་བཏགས་པའི་རྒྱུ་མཚན་མེད་པ་དེ་ལ་ཉེ་བར་བཏགས་པ་མ་ཡིན་ཏེ། དཔེར་ན་ཕྱུག་པོ་ལ་སོགས་པའི་ཡོན་ཏན་དང་བྲལ་
བའི་བྲན་པོ་ལ་རྒྱལ་པོ་ཉེ་བར་མི་འདོགས་པ་ལྟ་བུའོ། །འདས་པ་དང་མ་འོངས་པ་དག་ལ་ཡང་ད་ལྟར་གྱི་བུམ་པ་ཉེ་བར་བཏགས་པའི་རྒྱུ་མཚན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དམིགས་པའོ། །གཞན་ཡང་ཁྱེད་ཅག་གིས་ཐ་དད་པའི་ཁྱད་པར་ཅན་གང་ཡིན་པ་དེ་
དངོས་ཡིན་ལ། གཞན་ནི་ཕལ་པ་ཡིན་ནོ་ཞེས་བྱ་བའི་དངོས་དང་ཉེ་བར་བཏགས་པ་ཉིད་ཀྱི་མཚན་ཉིད་དེ་ནི་འཇིག་རྟེན་པ་ཉིད་ཀྱི་མ་ཡིན་ནོ། །འདི་ལྟར་དངོས་དང་སྒྲོ་འདོགས་ལ། །དངོས་དང་ཉེ་བར་བཏགས་པའི་དོན་དག་ལ་ཇི་ལྟར། སེང་གེ་མཆེ་བ་དང་མཇུག་མ་དང་ལྡན་པ་ཆོས་ཅན་
མཐུན་པ་ཉིད་ཅན་ལ་ལྟོས་པ་མེད་པར་སེང་གེའི་ཤེས་པ་འཁྲུལ་པ་མེད་པ་དང་། བྲམ་ཟེའི་ཁྱེའུ་ལ་སེང་གེ་ལ་ཡོད་པའི་དཔའ་བ་ལ་སོགས་པའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་དང་ལྡན་པ་ལས་ཆོས་མཐུན་པ་ཉིད་དེ་ལ་ལྟོས་ནས་ཉེ་བར་བཏགས་པའི་སྒོ་ནས་སེང་གེའི་སྒྲ་དང་ཤེས་པ་
འཇུག་པ་ཉེ་བར་བཏགས་པ་ཡིན་ནོ། །བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་བརྗོད་པ་ན་བློ་ནི་འཁྲུལ་པར་འཇུག་པར་འགྱུར་རོ། །གྲགས་པའི་དོན་བཞིན་དུ་དུས་དེའི་ཚེ་ཆོས་མཐུན་པར་བྱེད་པ་ལ་ལྟོས་པ་མེད་པར་འགྱུར་བ་མེད་པ་ཡིན་ནོ། །དངོས་དང་ཉེ་བར་བཏགས་པའི་ཐ་སྙད་ཀྱི་བརྗོད་པ་འདི་
ཡང་འཇིག་རྟེན་ན་ཡོད་པ་དེ་དོར་བར་རིགས་པ་ཡང་མ་ཡིན་ནོ། །དེ་བས་ན་བུམ་པའི་ཤེས་པ་བུམ་པ་ཞིག་པ་དང་། མ་སྐྱེས་པ་དག་ལ་མ་འཁྲུལ་པ་ཡིན་པ་དེ་ལྟར་ན། ཇི་ལྟར་ན་དེ་ལ་སྒྲ་འཇུག་པ་ཉེ་བར་བཏགས་པ་ཡིན། བུམ་པའི་སྤྱི་ལ་ཡང་སྤྱིའི་རྒྱུ་མཚན་ཉིད་ཅན་གྱི་ཤེས་པ་མ་
ཡིན་པ་དེ་ལྟར་ན་གྲགས་པ་ཉིད་ཀྱིས་དེ་ལ་དངོས་ཀྱི་སྒྲ་འཇུག་པ་ཡིན་གྱི་སྤྱིའི་རྒྱུ་མཚན་ཅན་ནི་མ་ཡིན་པས་ན་གཞན་དག་ལ་ཡང་དངོས་དང་ཉེ་བར་བཏགས་པའི་མཚན་ཉིད་འཇིག་རྟེན་པ་ཉིད་ཀྱིས་བྱས་པ་ཡིན་ན། གནས་མེད་པ་ལ་ཞེན་པས་ཅི་ཞིག་བྱ། དེ་བས་ན་དོན་གང་ལ་གྲགས་

པས་དོན་མིན་ལའང་ཁྱད་པར་དང་བྲལ་བ་ལ་ཡང་། འགྲོ་བ་རྣམས་ཀྱིས་སྒྲ་འགོད་པ། དཔེར་ན་སེང་གེའི་སྒྲ་སེང་གེ་ལ་དངོས་ཀྱི་སྒྲ་ཡིན་པ་ལྟ་བུའོ། །དེ་ལ་མཚུངས་ཕྱིར་ཏེ། གྲགས་པའི་དོན་གྱི་ཡོན་ཏན་གྱི་ཆ་འདྲ་བའི་ཕྱིར། འཁྲུལ་རྟོགས་ཅན་གཞན་ཕལ་པ་ཡིན། །ཤེས་པ་འཁྲུལ་པ་སྟེ། དཔེར་
ན་བྲམ་ཟེའི་ཁྱེའུ་ལྟ་བུའོ། །དེ་ལྟར་ན་འདས་པའི་བུམ་པ་ལ་སོགས་པ་ལ་ཡང་ད་ལྟར་གྱི་བུམ་པ་ལ་སོགས་པ་དང་འདྲ་བར་འཁྲུལ་པ་མེད་པར་ཉེ་བར་བཏགས་པ་མ་ཡིན་པའི་བློ་འཇུག་པར་འགྱུར་བ་དེ་ལྟར་ན་གཉི་ག་ལ་ཡང་དངོས་པོར་གྱུར་པའི་ཁྱད་པར་མེད་པ་སྒྲ་འཇུག་པའི་ཕྱིར་ང་ལ་ཀླན་ཀ་
བཙལ་དུ་མེད་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ཤེས་པ་འཁྲུལ་པ་མེད་པའི་ཡུལ་ཡིན་པ་དེ་ནི་ཆོས་དེ་དངོས་ཡིན་ཏེ། དཔེར་ན་ཁྲ་བོ་དང་ཁུ་ཡུ་དག་གི་ཤེས་པ་མ་འཁྲུལ་པའི་ཡུལ་བ་ལང་གི་ཆོས་དངོས་ཡིན་པ་ལྟ་བུའོ། །འདས་པ་དང་མ་འོངས་པའི་བུམ་པ་ཡང་ཤེས་པ་མ་འཁྲུལ་པའི་ཡུལ་
ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གྲགས་པས་ཤེས་པ་མ་འཁྲུལ་པ་གང་ཡིན་པ་དེ་ནི་དངོས་ཡིན་ཞིང་དེའི་ཡོན་ཏན་གྱི་ཆོས་མཐུན་པ་ཉིད་ཅན་གྱི་ཤེས་པ་འཁྲུལ་པའི་ཡུལ་ནི་ཕལ་པ་ཞེས་བྱའོ། །འཇིག་རྟེན་པའི་དངོས་དང་ཕལ་པའི་མཚན་ཉིད་འདི་བསལ་ནས། ཁྱོད་
ཀྱིས་ཉེ་བར་བཏགས་པ་ཡོད་པའི་དོན་གྱི་ཡུལ་ཅན་དངོས་ཡིན་ཞིང་། གཞན་ནི་ཕལ་པ་ཡིན་ནོ་ཞེས་དངོས་དང་ཉེ་བར་བཏགས་པའི་མཚན་ཉིད་གང་ཡིན་པ་དེ་ཡང་འཁྲུལ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་དངོས་པོ་ནུས་མེད་
ལའང་། །དངོས་པོ་མེད་པ་ཞེས་བྱ་བའི། །མཉན་པ་སྐྱེ་བོས་བྱས་པ་ཡིན། །དཔེར་ན་འགའ་ཞིག་གིས་འགའ་ཞིག་ལས་རྣམ་པ་འགའ་ཞིག་གིས་རང་གི་བུ་ལ་སོགས་པ་ལ་བརྗོད་པར་འདོད་པའི་འབྲས་བུའི་རྒྱུ་ནུས་པ་མེད་པ་ནི་མེད་པ་དང་འདྲ་བའམ་རི་བོང་གི་རྭའམ་མོ་གཤམ་གྱི་བུ་
ཞེས་བྱ་བ་མེད་པར་རྗོད་པར་བྱེད་པ་ལྟ་བུའོ། །དེ་ལྟར་ན་ཡོད་པ་ལ་ཡང་མེད་པའི་ཐ་སྙད་ནི་ཕལ་པ་ཡིན་ནོ། །རི་བོང་གི་རྭ་ལ་སོགས་པ་མེད་པ་ལ་ནི་བཟློག་པས་དངོས་ཡིན་ནོ། །ཇི་ལྟར་བཏགས་བཞིན་དུ་ནུས་པ་མེད་པའམ། ནུས་པ་ལ་གཙོ་བོ་ལ་སོགས་པའི་མཉན་པ་སྐྱེ་བོས་བྱས་པ་

ཡིན། གྲངས་ཅན་གྱིས་ཀུན་བརྟགས་པའི་གཙོ་བོ་ལ་སོགས་པ་མེད་ན་ཡང་ངོ་། །དེ་འདྲ་བ་ཡོད་པ་ཉིད་དུ་འཇིག་རྟེན་མི་འདོད་དོ། །དེ་ལྟར་ན་དེ་མེད་ན་ཡང་ཇི་ལྟར་བརྟགས་པ་བཞིན་དུ་གཙོ་བོ་ལ་སོགས་པ་འཇུག་པ་དང་། སྐྱེས་བུ་འགའ་ཞིག་བྱ་བ་དུ་མ་ནུས་པ་གཞན་ལ་
མཉན་པ་འཇུག་པར་བྱེད་དེ། དཔེར་ན་འདི་ནི་གཙོ་དང་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། བྱ་བ་ལྡོག་པ་ཅན་ཇི་ལྟར་ཀུན་བརྟགས་པ་བཞིན་དུ་འདི་ནི་གྲངས་ཅན་གྱི་སྐྱེས་བུ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་མཉན་པ་བྱེད་པ་ལྟ་བུའོ། །དེ་ལ་གྲངས་ཅན་པའི་འདོད་པ་མེད་ན་ཡང་།
སྒྲ་འཇུག་པ་ནི་དངོས་ཡིན་ལ་གཞན་དུ་མངོན་པར་འདོད་པའི་སྐྱེས་བུའི་ནི་ཕལ་པ་ཡིན་ནོ། །ཁྱོད་ཀྱི་འདོད་པས་མེད་པ་ལ་ཉེ་བར་བཏགས་པ་དང་དངོས་པོ་ལ་འཇུག་པ་དངོས་ཡིན་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་པ་དེ་བས་ན་ཁྱེད་ཅག་གིས་དངོས་དང་ཉེ་བར་བཏགས་པའི་མཚན་ཉིད་ནི་
འཁྲུལ་པ་ཡིན་ནོ། །ཁོ་བོ་ཅག་ནི་སྤྱི་དངོས་པོར་ཡོད་པ་མེད་པར་བརྡ་ཇི་ལྟ་བ་བཞིན་དུ་སྒྲ་འཇུག་པ་དེ་ལྟར་ན་ཞེན་པ་མེད་པ་ཉིད་དུ་ཡིན་ནོ། །དེ་དེ་ལྟར་ན་བརྗོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་དང་། བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་སྤྱི་དངོས་པོ་མེད་པར་བསྟན་ནས། ཞིག་ལས་སྒྲ་ལས་བློ་ཅི་
འདྲ། །ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཀྱི་རིགས་པ་གཞན་སྟོན་པ་ཡིན་ཏེ། བུམ་པ་ལ་སོགས་པ་ཞིག་པ་ལ། བུམ་པ་ལ་སོགས་པའི་སྒྲ་ལ་བློ་ཅི་འདྲ། སྣང་བ་དེ་འདྲ་བློ་ཉིད་མ་ཞིག་པ་ལ་ཡང་སྣང་། ཇི་ལྟར་བུམ་པར་གྱུར་པ་དང་། བུམ་པར་འགྱུར་བ་ཞེས་བརྗོད་པ་ན། བུམ་པའི་
ཤེས་པ་སྐྱེ་བ་གང་ཡིན་པ་དེ་ཅི་འདྲ་བར་སྣང་བ་དེ་ལྟར་བུམ་པ་ཡོད་དོ་ཞེས་བྱ་བའི་ད་ལྟར་གྱི་བུམ་པའི་ཡུལ་ཅན་གྱི་སྒྲ་ལས་ཀྱང་། སྐྱེས་བུའི་དབང་པོའི་བྱ་བ་མི་བྱེད་པའི་ཤེས་པ་དེ་ལ་ཡང་དེ་འདྲ་བ་ཉིད་དུ་སྣང་ངོ་། །འོན་ཀྱང་དུས་དང་འབྲེལ་པའི་ཐ་དད་པའི་ཁྱད་པར་ནི་ཡོད་དོ། །རྣ་བ་ལ་སོགས་
རྣམ་པར་ཤེས། །དོན་ཡོད་ཅན་ལ་དེ་དག་མེད། །མིག་ལ་སོགས་པའི་རྣམ་པར་ཤེས་པ་གཟུགས་ལ་སོགས་པ་དོན་ཡོད་པའི་ཡུལ་ཅན་སྐྱེ་བར་འགྱུར་བ་དག་ལ་ནི་ཇི་སྐད་དུ་བཤད་པ་མེད་པའི་དོན་ཅན་གྱི་ཡུལ་ཅན་གྱི་ཤེས་པ་སྣང་བའི་ཁྱད་པར་མེད་པ་ཉིད་ཡོད་པ་མ་ཡིན་ཏེ། འདི་ལྟར་

ཇི་ལྟར་དོན་ཉེ་བ་ཅན་གསལ་བར་སྣང་བའི་ངང་ཚུལ་ཅན་ཞེས་བྱ་བའི་ཆོས་མི་མཐུན་པ་ཉིད་ཅན་གྱིས་བསྟན་ཏོ། །དེ་བས་ན་དངོས་པོ་མེད་པའི་ཡུལ་ཅན་གྱི་ཤེས་པའི་སྣང་བ་ལས་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་བུམ་པ་ཡོད་པའི་ཡུལ་ཅན་གྱི་སྒྲའི་ཤེས་པ་དངོས་པོའི་ཡུལ་མ་ཡིན་ནོ་ཞེས་ཤེས་
པར་བྱའོ། །སྦྱོར་བ་ཡང་གང་དང་གང་མེད་པའི་དོན་ཅན་གྱི་ཤེས་པ་ལས་ཤེས་པ་ཁྱད་པར་མེད་པར་སྣང་བ་ཡིན་པ་དེ་དང་དེ་ནི་དངོས་པོའི་ཡུལ་ཅན་མ་ཡིན་ཏེ། དཔེར་ན་མེད་པའི་དོན་ཅན་གྱི་ཤེས་པ་ལས་ཁྱད་པར་མེད་པར་སྣང་བ་ཅན་འདས་པའི་ཡུལ་ཅན་གྱི་ཤེས་པ་གཉིས་པ་ལྟ་བུའོ། །
ད་ལྟར་ཡུལ་ཅན་གྱི་སྒྲ་ལས་བྱུང་བའི་ཤེས་པ་ཡང་མེད་པའི་དོན་ཅན་འདས་པ་དང་མ་འོངས་པའི་ཤེས་པ་ལས་ཁྱད་པར་མེད་པར་སྣང་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་གིས་ཡང་འདས་པ་དང་མ་འོངས་པ་དག་ཤིན་ཏུ་མེད་པ་ཉིད་དུ་ཁས་མི་ལེན་པ་དེའི་
ཡང་དོན་བྱེད་པར་རུང་བའི་གནས་སྐབས་ཀྱི་རང་གི་ངོ་བོ་དམིགས་པ་གང་ཡིན་པ་དེ་ནི་སྔ་ཕྱི་དག་ལ་ཡོད་པ་ཉིད་མ་ཡིན་པ་དེ་ལྟར་ན་གཏན་ཚིགས་སམ་དཔེ་མ་གྲུབ་པ་མ་ཡིན་ནོ། །དེ་ལྟར་འགྱུར་མོད་ཀྱི། སྤྱི་ཙམ་འཛིན་པར་བྱེད་པའི་ཕྱིར། །སེམས་གཉིས་དག་ནི་མཚུངས་པ་ཡིན། །ད་ལྟར་གྱི་
བུམ་པའི་ཡུལ་ཅན་གྱི་སྒྲ་ལས་བྱུང་བའི་ཤེས་པ་གང་ཡིན་པ་དང་། མེད་པའི་དོན་ཅན་འདས་པ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་གང་ཡིན་པ་དེ་ཤེས་པ་གཉིས་པོ་དེ་དག་ནི་སྤྱི་ཁོ་ནས་མཚུངས་པ་ཉིད་དུ་སྣང་བ་ཁྱད་པར་མེད་པ་ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི་འདི་ཡིན་ཏེ། འདི་ལྟར་སྤྱི་ཙམ་
འཛིན་པ་ཉིད་ཡིན་ནོ། །དེ་ལྟར་ན་ད་ལྟར་གྱི་བུམ་པའི་ཡུལ་ཅན་གྱི་སྒྲ་ལས་བྱུང་བའི་ཤེས་པ་ཡང་སྤྱི་འབའ་ཞིག་ཡུལ་ཡིན་པ་དེ་ལྟར་ན་བུམ་པ་ཞིག་པ་དེ་ལ་ཡང་སྤྱི་ཡན་གར་བ་གནས་པ་ཉིད་སྒྲ་ལས་བྱུང་བའི་ཤེས་པས་འཛིན་པའི་ཕྱིར་སྔ་མ་དང་ཕྱི་མ་དང་བར་མའི་གནས་སྐབས་དག་ཏུ་
བུམ་པ་ཉིད་ཀྱི་སྤྱི་ཡན་གར་བ་སྒྲ་ལས་བྱུང་བའི་ཤེས་པའི་རྒྱུ་མཚན་ཉིད་དུ་ཁས་ལེན་པའི་ཕྱིར། སྒྲས་ཀུན་ནས་བསླང་བའི་ཤེས་པ་ཐམས་ཅད་མཚུངས་པར་སྣང་བ་ཅན་ཡིན་ནོ་ཞེ་ན། དེ་དང་དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་སྤྱི་དེ་འབའ་ཞིག་པ་ཉིད་དག་ཀྱང་གསལ་བ་ལ་ལྟོས་པ་

མེད་པ་ན། དེ་མཚུངས་མིན་དང་གསལ་བ་མིན། །ཞེས་བྱ་བ་ལ་སོགས་པས། འཛིན་པ་རྣམ་པར་བཟློག་པ་ཡིན། གང་གིས་ན་སྤྱི་ཡན་གར་བ་སྒྲ་ལས་འཛིན་པ་ཡིན་ན་གསལ་བའི་སྤྱི་དེ་གསལ་བས་གསལ་བར་བྱ་བར་འགྱུར། སྐྱེ་བ་དང་རྟོགས་པའི་གཞན་གྱི་དབང་གིས་
གཞན་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་པ་ཉིད་ཀྱི་ཕྱིར་སྤྱི་ཡན་གར་བ་འཛིན་པ་ཉིད་མ་ཡིན་ནོ། །དེ་བས་ན་འདི་ལན་ཉིད་མ་ཡིན་ནོ། །གཞན་ཡང་གང་གི་ཕྱིར་དེ་སྤྱི་ཡིན་པ་དེ་ཉིད་ཀྱི་ཕྱིར་དེ་དངོས་པོ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཕན་ཚུན་ཁྱད་པར་ཅན་དངོས་རྣམས། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། རེ་ཞིག་གདོན་མི་ཟ་བར་ཐ་དད་པ་མེད་པར་འདོད་ན་ཡང་། རྣམ་པ་འགའ་ཞིག་གིས་ཐ་དད་པར་ཁས་བླང་བར་བྱ་སྟེ། འདི་དེའི་རྟེན་ཅན་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་འགྲོ་བ་གཅིག་ཉིད་དུ་འདོད་པ་དེས་ཀྱང་རྡུལ་དང་། མུན་པ་དང་། སྙིང་སྟོབས་ཐ་དད་པ་དང་། དེ་དག་ལ་
སེམས་དང་ལྡན་པ་དང་སེམས་དང་ལྡན་པ་མ་ཡིན་པ་རྣམས་ཕན་ཚུན་འདོད་པ་ཉིད་ཡིན་ནོ། །དེ་ལྟར་གཞན་ལ་ཡང་རྣམ་པ་འགའ་ཞིག་གིས་གནས་སྐབས་ལ་སོགས་པའི་སྒོ་ནས་ཐ་དད་པ་ཉིད་ཡིན་པ་དེ་ལྟར་ན་ཐ་དད་པ་དགག་པར་མི་ནུས་པ་ཅན་ཡིན་པས་ན། དངོས་པོ་རྣམས་ཁྱད་པར་ཅན་ཡིན་ནོ། །དངོས་
པོ་རྣམས་ཕན་ཚུན་ཁྱད་པར་ཅན་རྣམས་དངོས་པོའི་ཁྱད་པར་མེད་པར་སྤྱིའི་རང་བཞིན་དུ་ཇི་ལྟར་འགྱུར་ཏེ། མི་འགྱུར་རོ། །ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་གྱི་རང་བཞིན་གཉིས་ནི་གཅིག་ལ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཁྱད་པར་ཅན་གྱི་ངོ་བོ་ཡིན་
པ་དེའི་ཚེ། སྤྱིའི་ངོ་བོ་མ་ཡིན་ནོ། །སྦྱོར་བ་ནི་གང་དག་འགལ་བའི་རང་བཞིན་ཡིན་པ་དེ་དག་ནི་གཅིག་གི་རང་བཞིན་དག་མ་ཡིན་ཏེ། དཔེར་ན་བདེ་བ་དང་སྡུག་བསྔལ་དག་སོ་སོར་ངེས་པའི་རང་བཞིན་ལྟ་བུའོ། །ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པའི་རང་བཞིན་རྣམ་གྲངས་མ་ཡིན་པ་དག་
ཀྱང་འགལ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ངོ་བོ་ཉིད་གཉིས་ཡོད་ན་ཡང་། །གལ་ཏེ་དངོས་པོ་ལ་ཁྱད་པར་ཅན་དང་། །ཁྱད་པར་ཅན་མ་ཡིན་པའི་རང་བཞིན་གཉིས་ཡོད་པ་དེའི་ཚེ། དེ་དངོས་གཅིག་ཏུ་ཇི་ལྟར་འགྱུར། ཁྱད་པར་ཅན་མ་ཡིན་པ་ལས་

ཁྱད་པར་ཅན་གཞན་ཡིན་པ་དེ་ལྟར་ན། དངོས་པོ་གཉིས་སུ་འགྱུར་གྱི་དངོས་པོ་གཅིག་ནི་མ་ཡིན་ནོ། །དེ་བས་ན་དངོས་པོ་ཁྱད་པར་ཅན་གང་ཡིན་པ་དེ་དག་ནི་གང་དག་དང་མཚུངས་པའི་ངོ་བོར་འདོད་ན། དེ་ལས་དེ་སྟེ་སྤྱི་ངོ་བོ་གཞན་ཉིད་དུ་འགྱུར། དེ་ལྟར་ན་སྤྱི་ཐ་དད་པ་མེད་པ་མི་རུང་ངོ་། །དེ་ལྟར་ནི་འགྱུར་
མོད་ཀྱི། གལ་ཏེ་དེ་ལྟར་ངོ་མཚུངས་ན། གང་གི་སྤྱི་ཐ་དད་པ་མེད་པ་དེའི་སྐྱོན་དེ་ཡིན་གྱི་གང་གིས་གསལ་བ་ལས་ཐ་དད་པའི་ཁྱད་པར་ཅན་གང་ཡིན་པ་དེ་དག་ལས་ཁྱད་པར་ཅན་མ་ཡིན་པ་གཞན་ཉིད་ཡིན་ནོ། །འོན་ཀྱང་སྤྱི་དང་ལྡན་པ་གཉིས་པོ་དེ་དག་མཚུངས་པ་སྟེ། སྤྱི་དང་ཁྱད་པར་
མེད་པ་ཅན་གྱི་ངོ་བོ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ། སྤྱི་དེ་དང་ལྡན་པ་ཕན་ཚུན་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པ་ཉིད་མ་ཡིན་པ་དེའི་ཕྱིར། དེ་དག་གིས་སྤྱི་དེ་ཞེས་བྱ་བའི་དོན་དམ་པའི་འབྲེལ་པ་མེད་པ་སྟེ་མི་རུང་ངོ་། །དེ་འདོད་ན་ནི་འབྲེལ་པ་ཅན་གཞན་
གྱིས་ཀྱང་གཞན་དག་དང་མཚུངས་པ་ནི་མ་ཡིན་ནོ་ཞེས་བྱ་བས་ཡང་བསྟན་ཟིན་ཏོ། །དེ་དེ་ལྟར་ན་སྤྱི་དངོས་པོར་གྱུར་པ་གཞན་དང་གཞན་མ་ཡིན་པ་མི་རུང་ངོ་། །ལྡོག་པ་ལ་ནི་སུན་འབྱིན་མེད། །གང་གིས་ཡང་སྤྱི་གཞན་རྣམ་པར་གཅོད་པ་ཙམ་ཡིན་པ་དེའི་དེ་ནི་དངོས་པོ་མ་ཡིན་པ་སྟེ། དེ་ལྟར་ན་གཞན་ཉིད་
དང་གཞན་ཉིད་མ་ཡིན་པའི་སྐྱོན་ཡོད་པ་མ་ཡིན་ཞིང་། ཐམས་ཅད་ལ་རྣམ་པར་གཅོད་པ་མཚུངས་པ་ཡོད་པ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་གཅིག་གི་མཛུབ་མོའི་སྡིགས་མཛུབ་མཐེ་བོང་ལས་ཐ་དད་པ་དེ་ལྟར་ལྷག་མ་རྣམས་ལ་ཡང་དེ་ལས་ཐ་དད་པ་ཉིད་ཡིན་ནོ། །མཐེ་བོང་གཅིག་ལས་ཐ་
དད་པ་གང་ཡིན་པ་དེ་ཉིད་མཐེ་བོང་མ་ཡིན་པ་དེ་ཉིད་དུ་ཐ་དད་པ་མེད་པ་ཡིན་ཏེ། ཐ་དད་པ་མེད་པའི་ཐ་སྙད་ཀྱི་རྟེན་ཡིན་ཞིང་། དེ་ཡང་རྣམ་པར་གཅོད་པའི་ངོ་བོ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་དང་གཞན་ཉིད་འགྱུར་བའི་ངང་ཚུལ་ཅན་གྱི་རྟེན་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་སྤྱི་ཉིད་
ཡིན་ན། དངོས་པོའི་ངོ་བོ་ཉིད་མ་ཡིན་པ་དེའི་ཕྱིར་ན་མཚུངས་པ་ཉིད། སྤྱི་འདི་དངོས་མེད་མཚན་ཉིད་ཡིན། །དངོས་པོ་ལ་མཚུངས་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །གཞན་ཡང་སྤྱི་དངོས་པོར་གྱུར་པ་གང་ཡིན་པ་དེ་ཅི་འབྲས་བུ་ཉིད་ཡིན་ནམ། འོན་ཏེ་

འབྲས་བུ་མ་ཡིན། གལ་ཏེ་དེ་འབྲས་བུ་ཡིན་པ་དེའི་ཚེ། སྐྱེ་བ་དང་ལྡན་པ་ཉིད་ཡིན་པའི་ཕྱིར། རང་བཞིན་གཞན་དང་གཞན་ཉིད་ཀྱིས་དུ་མར་འགྱུར་རོ། །དེ་བས་ན་སྤྱིའི་མཚན་ཉིད་གཅིག་ཉིད་ཉམས་པར་འགྱུར་ན། དེ་ཡང་འཇིག་པར་མི་འདོད་དོ། །འབྲས་བུ་ཉིད་ཡིན་
པའི་སྟོབས་ཀྱིས་ཀྱང་སྤྱི་མི་རྟག་པར་འགྱུར་ན་དེ་མི་རྟག་པར་མི་འདོད་དོ། །དེ་ལྟར་སྤྱི་དངོས་པོར་སྨྲ་བས་དེ་འབྲས་བུར་ཁས་བླང་བར་མི་བྱའོ། །གཞན་ཡང་། འཇིག་པ་དངོས་པོ་ཙམ་དང་ནི། །རྗེས་འབྲེལ་ཕྱིར་ན། སྐད་ཅིག་མ་ཉིད་ཡིན་ནོ། །འཇིག་པ་ནི་དངོས་པོ་ཙམ་དང་འབྲེལ་
པ་ཅན་ཉིད་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེས་ན་གལ་ཏེ་སྤྱི་དངོས་པོ་ཡིན་པ་དེའི་ཚེ་གདོན་མི་ཟ་བར་འཇིག་པར་འགྱུར་རོ། །དེ་ལྟ་མ་ཡིན་ན། དངོས་པོ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དངོས་པོ་ཉིད་ཡིན་ན་ཡང་སྤྱི་ནི། རྟག་ཉིད་མིན། མི་རྟག་པ་ཉིད་ཡིན་ན་ཡང་དུ་མ་ཉིད་ཡིན་པའི་ཕྱིར་
དེ་ལྟར་སྤྱི་ཉིད་མ་ཡིན་ནོ། །འོན་ཏེ་འབྲས་བུ་མ་ཡིན་ན། རིགས་རྣམས་འབྲེལ་པ་མེད་པ་ཡང་། །འབྲས་མིན་ཕྱིར་རོ། །སྤྱི་རྣམས་ནི་དེ་དང་ལྡན་པ་དང་ལྷན་ཅིག་འདིའི་འདི་ཞེས་བྱ་བའི་འབྲེལ་པ་ཡང་མི་རུང་ངོ་ཞེས་བྱ་བ་ཡང་། ལྟོས་པ་ཞེས་བྱ་འབྲས་བུར་བརྗོད། །ཅེས་བྱ་བའི་སྐབས་
སུ་བཤད་ཟིན་ཏོ། །རིགས་རྣམས། ངོ་བོ་ཉིད་མེད་འབྲས་མིན་ཕྱིར། །རང་བཞིན་མེད་པ་ཉིད་ཡིན་ཏེ། །སྐྱེ་བ་དང་ལྡན་པ་གང་ཡིན་པ་དེ་ནི་རང་བཞིན་ཉིད་ཡིན་ལ་གཞན་ནི་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འབྲས་བུ་མ་ཡིན་པ་ནི་བསྐྱེད་པར་བྱ་བ་མ་ཡིན་ཞིང་། སྤྱི་ནི་ཡོད་པ་མ་
ཡིན་ནོ། །འདིས་ཀྱང་སྒྲ་ལས་བྱུང་བའི་ཤེས་པའི་ཡུལ་དངོས་པོ་མ་ཡིན་ཏེ། འདི་ལྟར་དངོས་པོའི་སྟོབས་ལས་སྐྱེས་པའི་ཤེས་པ་གང་དེ། དཔེར་ན་མིག་ལ་སོགས་པའི་ཤེས་པ། བརྡ་དག་ལ། བརྡའི་དྲན་པ་ལ་ལྟོས་པ་མ་ཡིན་པ་ལྟ་བུའོ། །འོ་ན་ཅི་ཡིན་ཞེ་ན། དངོས་པོ་རུང་བ་ཉིད་ཐག་ཉེ་
བ་ཙམ་ལས་འབྱུང་བའི་ངང་ཚུལ་ཅན་ཡིན་ནོ། །སྤྱི་ནི་བློ་ལ་དེ་དག་སྟེ། བརྡ་ལ་ལྟོས་པ་མེད་པ་ཉིད། སྣང་མི་འགྱུར། འོན་ཀྱང་བརྡ་དྲན་པ་ལ་ལྟོས་པ་ཉིད་སྤྱིའི་བློར་འགྱུར་བ་དེ་ལྟར་ན་དེ་དངོས་པོའི་ཡུལ་ཅན་མ་ཡིན་ནོ། །སྦྱོར་བ་ཡང་གང་ཞིག་བརྡ་དྲན་པ་ལ་ལྟོས་པའི་ཤེས་པའི་

ཡུལ་ཡིན་པ་དེ་ནི་དངོས་པོ་མ་ཡིན་ཏེ། དཔེར་ན་སྒྲའི་དོན་གཙོ་བོའམ། དཔེར་ན་སྒྲའི་དོན་དངོས་པོ་ཐམས་ཅད་སྐད་ཅིག་མ་རེ་རེར་མི་གནས་པར་འཇིག་པའི་ངང་ཚུལ་ཅན་ཡིན་ནོ་ཞེས་བྱ་བའམ་སྒྲའི་དོན་འཕྲོད་པ་འདུ་བ་ལ་སོགས་པ་ལྟ་བུའོ། །བ་ལང་ཉིད་ལ་སོགས་པའི་སྒྲའི་དོན་དག་
ཀྱང་བརྡའི་དྲན་པ་ལྟོས་པའི་ཤེས་པའི་ཡུལ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་གསལ་བའི་ཁྱད་པར་ཁྲ་བོ་ཉིད་མཐོང་བ་ལ་བ་ལང་གི་ཐ་སྙད་མ་བཟུང་བའི་རྟ་ལ་སོགས་པ་མཐོང་བ་ན། ཁོ་བོས་དོན་གང་ཡིན་པ་དེ་དང་འདིར་སྔར་མཐོང་ངོ་ཞེས་
མི་འགྱུར་ལ། ཁུ་ཡུ་མཐོང་བས་ན། ཁྱད་པར་གང་ལ་ཡང་ཐེ་ཚོམ་མེད་པར་དེ་ཉིད་འདི་ཡིན་ནོ་ཞེས་བརྡ་ལ་ལྟོས་པ་མེད་པར་རྗེས་སུ་འཇུག་པ་སྤྱིའི་ཤེས་པ་འབྱུང་བར་འགྱུར་རོ། །དེ་བས་ན་སྤྱི་མཐོང་བས་བྱས་པ་ཡིན་ནོ་ཞེས་རྟོགས་པ་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་
ན། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་འབྲས་བུ་མཚུངས་པ་ཅན། །དངོས་ཉིད་མཐོང་བ་བློ་འགའ་ཞིག །བརྡ་མེད་ན་ཡང་ཐ་དད་མིན། །རྗེས་སུ་འཇུག་པ་གང་ཡིན་ཏེ། །དོན་ཉེ་བ་དང་འབྲེལ་ཅན་ཡིན། །གང་དག་མཐོང་བ་ཡོད་ན་ཇི་ལྟར་ཁྲ་བོ་དང་། ཁུ་ཡུ་དག་ལ་འདི་བ་ལང་ཡིན་ཞིང་
འདིར་ཡང་བ་ལང་ཡིན་ནོ་ཞེས་བློ་རྗེས་སུ་འཇུག་པ་དེའི་དོན་དེ་དག་ངོ་བོ་ཉིད་ཀྱིས་དོན་ཐ་དད་པ་བློ་གཅིག་པ་ཅན་དེའི་འབྲས་བུ་ཉིད་ཡོད་པ་ཡིན་ནོ། །དེ་བས་ན་བློ་གཅིག་པ་དེ་དག་གི་འབྲས་བུ་ཡིན་པ་དེ་ལྟར་ན། དེ་དག་ཉིད་དེས་བཟུང་བ་ཡིན་ནོ་ཞེས་བཤད་དོ། །དེ་བས་ན་བློ་དེ་ནི་གསལ་
བའི་རྒྱུ་མཚན་ཅན་ཉིད་ཡིན་གྱི། རིགས་ཀྱི་རྒྱུ་མཚན་ཅན་ནི་མ་ཡིན་ནོ། །དངོས་པོ་དེ་དག་གིས་རང་བཞིན་གྱི་ཁྱད་པར་དེ་ཉིད་དེ་འདྲ་བའི་རང་བཞིན་ཡིན་ནོ་ཞེས་བརྗོད་དོ། །དེ་ཉིད་ནི་ཇི་ལྟར། རིགས་མེད་པར་ཤེས་པའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཇི་ལྟར་རིགས་མེད་
པར་མིག་སོགས་ཉེ་འདོད་པའོ། །ཅི་འདྲ་བ་ཞིག་ཅེ་ན། ཤེས་པའི་འབྲས་ཅན་ཏེ། གང་ལ་ཤེས་པའི་འབྲས་བུ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཇི་ལྟར་སྤྱི་མེད་དུ་ཟིན་ཀྱང་། དབང་པོ་དང་སྣང་བ་དང་། ཡིད་ལ་བྱེད་པ་མཚན་ཉིད་མི་འདྲ་བ་དག་གིས་ཀྱང་། གཟུགས་ཀྱི་རྣམ་པར་

ཤེས་པ་གཅིག་སྐྱེད་པར་བྱེད་པ་དེ་ལྟར་ཁྲ་བོ་ལ་སོགས་པ་ཕན་ཚུན་འདྲ་བ་མེད་ན་ཡང་། ངོ་བོ་ཉིད་ཀྱིས་འབྲས་བུ་གཅིག་བྱེད་པའི་ནུས་པ་སོ་སོར་ངེས་པའི་ཕྱིར། དེ་འདྲ་བའི་རང་གི་ཡུལ་ཅན་གྱི་བློ་སྐྱེད་པར་བྱེད་ལ། གང་གིས་ངོ་བོ་ཉིད་ཀྱིས་རྣམ་པ་གཅིག་རྟོགས་པའི་
མཚན་ཉིད་ཅན་གྱི་ཤེས་པ་སྐྱེད་པར་བྱེད་དོ། །དེ་ནི་འབྲས་བུ་གཅིག་པ་ཅན་ཉིད་ཉེ་བ་ཡིན་ནོ། །འདི་ཉིད་ནི་གཅིག་གི་རྗེས་སུ་འཇུག་པའི་བློའི་རྟེན་ཡིན་ནོ། །གང་གིས་རྣམ་པར་ཕྱེ་བ་ཡིས། །རིགས་ནི་རྗེས་སུ་འགྲོ་བར་བྱེད། །ཇི་ལྟར་བ་ལང་དང་འབྲེལ་པ་ཅན་གྱི་རིགས་དེ་ཉིད་ཁྲ་བོ་དང་
ཁུ་ཡུ་ལ་སོགས་པ་ལ་རྗེས་སུ་འགྲོ་བར་བྱེད་ཅིང་། རྟ་དང་བ་ལང་ལ་སོགས་པ་ཐ་དད་པར་མཚུངས་པ་ལ་ཅིའི་ཕྱིར་མ་ཡིན། དེ་ལ་གསལ་བ་རྣམས་འབྲས་བུ་གཅིག་བྱེད་པར་ནུས་པས་རིགས་རྗེས་སུ་འགྲོ་བར་བྱེད་ཅིང་གང་ལ་ནུས་པ་དེ་མེད་པ་དེ་ལ་ཐ་དད་པ་ཡོད་ན་ཡང་རིགས་
རྗེས་སུ་འཇུག་པ་མ་ཡིན་ནོ་ཞེས་བྱ་བ་དེ་བརྗོད་པར་བྱའོ། །འབྲས་བུ་གཅིག་བྱེད་པར་ནུས་པ་ཡང་གཅིག་གི་རྗེས་སུ་འགྲོ་བ་ཅན་མ་ཡིན་ཏེ། དེའི་རྗེས་སུ་འགྲོ་བ་ནི་ནུས་པ་གཞན་གྱི་རྗེས་སུ་འགྲོ་བའི་རྒྱུ་མཚན་ཉིད་ཀྱི་ནུས་པ་གཞན་དང་གཞན་གྱི་རྗེས་སུ་འགྲོ་ཞིང་རྗེས་སུ་འབྲང་བས་
ཐུག་པ་མེད་པའི་ཕྱིར་རོ། །དེ་བས་ན་ཐ་དད་པ་ཡོད་ན་ཡང་འབྲས་བུ་གཅིག་ཉིད་མཚན་ཉིད་ཅན་ཉེ་བས་རྣམ་པར་ཕྱེ་བས་རིགས་རྗེས་སུ་འགྲོ་བར་བྱེད་པ་ཡིན་ནོ། །ཉེ་བ་དེ་ཉིད་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པའི་རྒྱུ་མཚན་ཅན་ཡིན་པ་དེ་ལྟར་ན་འགལ་བ་མེད་དོ། །འདིས་ཀྱང་སྤྱི་དངོས་པོ་མ་
ཡིན་ནོ། །རྣམ་པ་འགས་ཀྱང་རྣམ་ཤེས་ལ། །དངོས་པོ་སྣང་བ་མེད་ཕྱིར་རོ། །སྤྱི་དེའི་ངོ་བོ་སྟེ་རང་བཞིན་གང་ཡིན་པ་དེ་སྣང་བ་ཉིད་དུ་འདོད་པ་རང་ཉིད་འཛིན་པར་ཁས་ལེན་པའི་ཤེས་པ་གསལ་བས་དབེན་པར་མི་སྣང་བའི་ཕྱིར་རོ། །གལ་ཏེ་སྤྱི་དངོས་པོ་ཡོད་པ་དང་། སྣང་བ་ཡིན་
པ་དེའི་ཚེ། དེ་མེད་པར་རང་ཉིད་འཛིན་པའི་ཤེས་པ་ལ་བདག་གི་རང་གི་ངོ་བོ་ཉིད་སྣང་བར་འགྱུར་རོ། །ཡུལ་གཅིག་པ་ཅན་དབང་པོ་གཅིག་གིས་གཟུང་བར་བྱ་བ་དག་ཏུ་གྱུར་པ་ལ་ཡང་། རང་རང་གི་ངོ་བོར་རྟོགས་པར་འགྱུར་ཏེ། དཔེར་ན་རླུང་དང་ཉི་མའི་རེག་བྱ་དག་ལྟ་བུའོ། །དེ་བས་

ན་གལ་ཏེ་སྤྱིར་འགྱུར་བ་དེའི་ཚེ་ཡང་མཐོང་བར་འགྱུར་ཞིང་སྣང་བར་འགྱུར་རོ། །བཟུང་དུ་ཟིན་ཀྱང་ངེས་པ་མ་ཡིན་ན། ཤེས་པ་དང་བརྗོད་པ་འཇུག་པ་དེས་བྱས་པ་མ་ཡིན་པ་དེ་ལྟར་ན་རྣམ་པར་རྟོག་པ་དེ་དོན་མེད་པར་འགྱུར་རོ། །སྦྱོར་བ་ནི་གང་གི་ངོ་བོ་རྣམ་པ་འགའ་ཞིག་གིས་ཀྱང་འཛིན་
པར་འདོད་པའི་ཤེས་པ་ལ་གང་དབེན་པར་མི་སྣང་བ་དེ་ནི་དེ་ལས་ཐ་དད་པར་ཡོད་པ་མ་ཡིན་ཏེ། དཔེར་ན་དེས་སྤྱི་འཛིན་པའི་ཤེས་པ་ལ་སྤྱི་གཞན་མི་སྣང་བ་ལྟ་བུའོ། །སྤྱིའི་ངོ་བོ་ཡང་སྤྱི་འཛིན་པ་ཉིད་དུ་འདོད་པའི་ཤེས་པ་ལ་གསལ་བའི་ངོ་བོ་ལས་ཐ་དད་པར་སྣང་བ་མ་ཡིན་ནོ་ཞེས་བྱ་བ་ནི་
ཁྱབ་པར་བྱེད་པ་མི་དམིགས་པའོ། །གལ་ཏེ་མིག་ལ་སོགས་པའི་དབང་པོའི་གཟུགས་རྣམ་པར་ཤེས་པ་ལ་མི་སྣང་མོད་ཀྱི། འོན་ཀྱང་གཟུགས་ལ་སོགས་པ་ལས་ཐ་དད་པར་དེ་དག་ཡོད་པ་མ་ཡིན་པ་དེ་ལྟར་ན་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། འདི་
ལྟར་དབང་པོ་དེ་དག་ནི་མངོན་སུམ་གྱི་རང་བཞིན་ཉིད་མ་ཡིན་པའི་ཕྱིར། ཚུ་རོལ་མཐོང་བས་རང་གི་ངོ་བོ་རིག་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། མངོན་སུམ་གྱི་ཤེས་པ་འབྲས་བུ་འགའ་ཞིག་གི་ཚེ། ཡུལ་ཡོད་པ