Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 175
Văn bản gốc(Tây Tạng)
Trang 20 / 24 (50.000 ký tự/trang)
ག་འདི། དེ་སྐད་བརྗོད་མིན་ཏེ། གྲགས་པས་གནོད་པ་ཐམས་ཅད་ཀྱི་ཕྱིར། མཚན་ཉིད་ཀྱི་མཚན་གཞི་ལ་ཁྱབ་པར་བསྟན་པར་བྱ་བ་ཡིན་གྱི། དཔེ་གཅིག་ཉིད་ལ་དེ་རྫོགས་པ་མ་ཡིན་ནོ། །དེ་ལྟར་ད་ཏྲིག་ཤིང་མིན་ཞེས། །ད་ཏྲིག་ཤིང་མ་ཡིན་པར་བཀོད་པ་ལ་ ཡང་གྲགས་པས་གནོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདི་ཅི་ཞིག་མཚོན་པར་འགྱུར། ཟླ་བ་གཉིས་པ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་གང་ཡིན་པ། འཇིག་རྟེན་འདི་ལ་ག་པུར་དང་། དངུལ་ལ་སོགས་དག་ལ་ཟླ་བ་ཉིད་མཐོང་ཕྱིར་རོ། །ཁྱེད་ཀྱི་གཞུང་གིས་བརྡ་ལས་འཇུག་པར་འགྱུར་བ་ཡི། ། ཟླ་བ་ཉིད་ཀྱི། ཐུན་མོང་མིན་པ་ཉིད་ཀྱང་ཅི། །དེ་ལྟར་གང་ཁོ་ནའི་ཚེ་གང་ཁོ་ན་ལ་སྐྱེས་བུས་འདོད་པ་དེ་ཉིད་ཀྱི་ཚེ་དེ་ཉིད་དེ་ལ་སྦྱོར་བར་འགྱུར་རོ། །སྦྱོར་བར་བྱེད་པ་ལ་གགས་བྱེད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་ལྟར་ན་ཐམས་ཅད་ལ་ཐམས་ཅད་ཡོད་པར་འགྱུར་རོ། །དེ་བས་ན་ལོག་པར་ཞུགས་ པ་ལ་གྲགས་པ་ཐམས་ཅད་ཀྱི་ཡུལ་གྲུབ་པའི་ཕྱིར། གཏན་ཚིགས་བཤད་པ་ཐུན་མོང་མ་ཡིན་པ་ཡིན་ཏེ། དེ་ལ་གྲགས་པ་འགའ་ཞིག་ཀྱང་གྲུབ་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། གལ་ཏེ་དེའི་དེ་ལྟར་གྲགས་པ་ལ་ལོག་པར་ཞུགས་པ་ལ་ལར་ཏེ། ག་པུར་ལ་སོགས་པ་ཟླ་བ་ཉིད་ཡིན་པའི་ ཕྱིར་གྲུབ་པར་འགྱུར་བ་དེའི་ཚེ། གདོན་མི་ཟ་བར་དངོས་པོའི་སྟོབས་ཀྱིས་དེ་གྲུབ་ཡིན་གྱི། གྲགས་པས་གྲུབ་པར་ནི་མི་འགྱུར་རོ། །དེ་ལྟར་ན་གྲགས་པས་འགོག་པ་ན་གྲགས་པས་གྲུབ་པ་ཅུང་ཟད་ཀྱང་འདོད་པ་མ་ཡིན་ནོ། །རེ་ཞིག་གྲགས་པས་གྲུབ་པར་འདོད་པའི་ཕྱིར། ལ་ལར་གྲགས་ པས་གྲུབ་པར་ཁས་ལེན་ན། རི་བོང་ཅན་ལ་ཟླ་བའི་སྒྲར་བརྗོད་པར་བྱ་བ་ཉིད་བཟློག་པ་མེད་དོ། །དེ་ལྟར་ན་དེ་ལས་ཆེས་ཤིན་ཏུ་གྲགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་གྲགས་པ་འགོག་པ་ལ་རྟེན་ལ་ལར་ཟླ་བ་ཉིད་གྲུབ་པ་དེའི་ཚེ། དངོས་སུ་གྲུབ་པར་འགྱུར་རོ། །དེ་བས་ན་དེ་ དངོས་སུ་གྲུབ་པ་ཡིན་རི་བོང་ཅན་ལ་ཡང་ཟླ་བ་ཉིད་ཡོད་པ་དེའི་ཚེ། དེའི་དངོས་པོ་ཉིད་ལས་གྲུབ་པས་དངོས་ལ་གྲུབ་པ་ལ། རི་བོང་ཅན་ལའང་བཟློག་པ་མེད། །ཅི་སྟེ་ཡང་ལ་ལར་དངོས་སུ་ཟླ་བ་ཉིད་དུ་སྨྲ་བ་དེའི་ཚེ། རི་བོང་ཅན་ལ་ཟླ་བའི་རྒྱུ་མཚན་གྱི་དངོས་པོ་ཡོད་པ་མ་ཡིན་པ་དེའི་ཚེ། དེ་དངོས་མེད་ན་རི་བོང་ཅན་ལ་ཟླ་བ་ཉིད། བཟློག་པ་ལ་ཡང་གྲགས་པས་གནོད་པའི་ཉེས་པ་ཅུང་ཟད་མེད་པ་ཡིན་ཏེ། སྒྲ་རྒྱུ་མཚན་ཅན་ལ་རྒྱུ་མཚན་མེད་པའི་ཕྱིར། གྲགས་པ་སྤོང་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་མ་ཡིན་པ་དེའི་ཕྱིར་རི་བོང་ཅན་ཟླ་བ་ཉིད་དུ་མི་འདོད་པའི་གྲགས་ པ་ཅུང་ཟད་ཀྱང་གྲུབ་པ་མ་ཡིན་ཞིང་། དེ་ཉིད་སྤང་བར་བྱ་བ་ཉིད་དུ་འདོད་དོ། །གང་གི་ཕྱིར་འདི་ལྟར་རང་རྒྱུ་མཚན་ཉིད་ཀྱི་དངོས་པོ་མེད་པས་སྒྲ་རྒྱུ་མཚན་ཅན་འགོག་པར་བྱེད་པ་ཉེས་པ་ལ་བརྟེན་པ་མ་ཡིན་པ། དེ་ཕྱིར་དངོས་མེད་ངེས་བརྡ་ཅན། །སྒྲ་གང་ལ་དངོས་པོ་མེད་པའི་ངེས་པའི་བརྡ་ཡོད་ པ་དེ་དག་ལས་ནི་བྱུང་བའི་ངང་ཚུལ་ཅན་གྱི་ཆོས་རྣམས་གང་ཡིན་པ་དེ་དག་དངོས་པོ་ཐམས་ཅད་ནི། རུང་ཡིན་ཏེ་དེ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པ་བཟློག་པ་མེད་ཕྱིར་རོ། །རྒྱུའི་ཕྱིར་རོ། །འདོད་པའི་སྒྲས་བརྗོད་པ། རུང་བ་དེ་ཉིད་འགོག་བྱེད་པ། །སྐྱེས་བུ་ལ་གནོད་ པར་བྱེད་པ་གང་ཞེ་ན། གྲགས་པ་ཞེས་བྱའི་རྗེས་དཔག་པ། །ཞེས་བྱ་བར་སྦྱར་རོ། །འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་རུང་བ་ཉིད་ཀྱི་ཡུལ་ཅན་ནོ། །ཅི་འདྲ་བ་ཞིག་ཅེ་ན་བརྡ་འགོག་པ་མེད་ལས་སྐྱེས་པ་ཡིས། འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་བརྡ་དགག་ཏུ་ མེད་པ་ཡིན་པ་དེ་ལས་སྐྱེས་པའིའོ། །རྗེས་སུ་དཔག་པ་གནོད་པར་བྱེད་པ་དེའི་ཡང་སྦྱོར་བ་ཡང་འདི་ལྟ་སྟེ། གང་ཞིག་སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་དེ་ནི། ཐམས་ཅད་དུ་ཡོད་པ་ཡིན་ཏེ། དཔེར་ན་རྣམ་པར་རྟོག་པས་སྤྲུལ་པའི་དོན་གྱིས་ཡོངས་སུ་མགུ་བ་ལྟ་བུའོ། ། འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་རུང་བ་ཉིད་ཀྱང་དོན་ཐམས་ཅད་ལ་རྗེས་སུ་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །བཤད་མ་ཐག་པ། འདིས་ནི་རྣམ་པ་བརྡ་ཉིད་ཀྱི་རྗེས་བྱེད་ངང་ཚུལ་ཅན་དེས། མ་ཡིན་ཞེས་བཤད་པར་འགྱུར་རོ། །དེ་ཉིད་ལ་འདོད་རྒྱལ་བའི་སྒྲའི་ཡུལ་གྱི་དོན་ལ་སྒྲ་དེ་དག་ ནི། འགོག་པ་དག་ནི་འགལ་བར་འགྱུར། དམ་བཅའ་བའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལྟར་ན་ཤིང་ལ་སོགས་པའི་སྒྲའི་ཡུལ་འགོག་པ་ན། གྲགས་པ་ལ་གནོད་པར་མི་འགྱུར་ཏེ། དེ་དག་ནི་རིགས་ཀྱི་སྒྲ་ཉིད་ཡིན་པའི་ཕྱིར་རོ། །མ་ཡིན་ཏེ་སྒྲ་ཐམས་ཅད་ནི་དང་ པོའི་དོན་ལ་བརྡར་བྱས་པ་ཉིད་ཡིན་ཕྱིར་རོ། །དཔེར་ན་ལ་བ་སྔོན་པོ་ཞེས་བྱ་བ་འདི་ལ་ཡང་ཡོན་ཏན་སྔོན་པོའི་སྒྲ་འདོད་རྒྱལ་བ་ཉིད་ཡིན་ནོ། །དེ་ལ་གྲགས་པས་འཇུག་པ་ན། །དེའི་སྒོ་ནས་གཞོན་ལ་འཇུག་པ་རྒྱུ་མཚན་དུ་བརྗོད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་རྒྱུ། །དེས་རྒྱུ་མཚན་ཅན་སྒྲ་དོན་ནམ། ། འཚེ་བར་བྱེད་པའི་སྒྲ་དང་གི་རྒྱུ་མཚན་མེད་པར་དོན་འགོག་པར་བྱེད་པའམ། སྒྲ་རྣམས་དོན་དམ་པའི་དོན་ནི། དཔེར་ན་ཟླ་བ་ཉིད་ཅེས་བྱ་བ་དོན་དམ་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་འགོག་པར་བྱེད་པ་ལ། གནོད་པར་རིགས་པ་ལ་མ་ཡིན་པར་བརྗོད་པ་ལྟ་བུའོ། །གང་གི་ཕྱིར་དེ་ལྟར་སྤྱིར་ བཏང་བ་ཉིད་ཀྱི་དོན་ལ་འགོག་པར་བྱེད་པ་ན་གྲགས་པས་གནོད་པ་དེའི་ཕྱིར། འདི་ཉིད་ཀྱི་ཡུལ་གྱི་ཁྱད་པར་ནི། བསྟན་པར་བྱ་ཕྱིར་གྲགས་པ་ཡང་། །རྗེས་དཔག་ལས་ཕྱི་རོལ་མིན་པ། །ཡིན་པར་འགྱུར་བ་དེ་ལས། ཐ་དད་བྱས་ཡིན་སྔ་མ་བཞིན། རང་གི་ཚིག་དང་ཁས་བླངས་པས་ གནོད་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་ཐལ་ཆེས་པའམ་དོན་མེད་པ་ཅན་དུ་འགྱུར་རོ། །རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་པར་ཁས་བླངས་པ་དང་གྲགས་པས་གནོད་པ་དག་གྲུབ་པ་ནི་རྗེས་སུ་དཔག་པ་ལས་ཐ་དད་བཤད་པའི་དགོས་པ་ཅི་ཡིན་ཞེ་ན། རེ་ཞིག་རྒོལ་བ་ རང་ཚད་མ་ཉིད་དུ་མི་འདོད་ན་དེ་ཚད་མ་ཉིད་མ་ཡིན་པ་དེའི་ཚེ། སྐབས་ཉིད་ལ་འཇུག་པ་མེད་པའི་ཕྱིར་དང་། རང་གི་ཚིག་ཚད་མ་ཉིད་དུ་དམ་བཅའ་བའི་སྐབས་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་རོ། །བསྟན་བཅོས་ཀྱང་དེ་བཞིན་དུ་རྩོད་པའི་སྐབས་ཀྱི་རྟེན་ཉིད་ཡིན་པའི་ ཕྱིར་གནས་གསུམ་པ་ཐོབ་པའི་དཔྱོད་པ་ཁས་ལེན་པས་ཚད་མ་ཉིད་དུ་དམ་བཅའ་བ་ཡིན་པ་དེ་ལྟར་ན་རང་གི་ཚིག་དང་བསྟན་བཅོས་གནོད་པ་བྱེད་པར་སྐྱེས་པ་ཡིན་ནོ་ཞེས་འདི་ནི་འདིའི་དགོས་པ་ཡིན་ནོ། །གྲགས་པས་གནོད་པ་ལ་ཡང་དངོས་པོའི་སྟོབས་ཀྱིས་གྲགས་པས་གནོད་པ་མ་ ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། འདོད་པ་ཙམ་ལས་བྱུང་བའི་ངང་ཚུལ་ཅན་སྒྲ་ལས་བྱུང་བའི་གྲགས་པས་སོ། །དེ་ཉིད་ལ་ཡང་འགོག་པར་བྱེད་པ་ལ་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དགོས་པ་འདི་གཉིས་པོ་འདིའི། །དགོས་པ་དག་ནི་སྟོན་པ་དང་། །དེ་དག་གནོད་པ་གཉིས་པོའི་ སློབ་དཔོན་གྱིས། རྒྱུ་བཅས་བསྟན་པ་ཡིན། དཔེར་ན་གཞལ་བྱ་བའི་དོན་ཅན་དག་གི་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་དམ་བཅའ་བ་ཙམ་གྱིས་ཞེས་བྱ་བ་ལྟ་བུའོ། །བསྟན་བཅོས་དང་རང་གི་ཚིག་དག་ཚད་མ་ཉིད་དུ་དམ་བཅའ་བ་ལ་གནོད་པ་ཡིན་པ་དེ་ལྟར་མ་སྨོས་པ་ཡིན་ཏེ། གལ་ཏེ་ཡང་ རང་གི་ཚིག་ལ་སོགས་པ་ལ་རྗེས་སུ་དཔག་པ་ལ་སོགས་པས་གནོད་པར་འགྱུར་བ་དེ་ལྟར་ན་ཡང་རྗེས་སུ་དཔག་པ་དེ་ལ་ལྟོས་པ་མེད་པར་རྒོལ་བ་ཚད་མ་ཉིད་དུ་དམ་བཅའ་བ་ཙམ་གྱིས་རང་གི་ཚིག་དང་འགལ་བ་ཡིན་པར་སེམས་ཀྱི། རྗེས་སུ་དཔག་པས་གནོད་པའི་སྒོ་ ནས་ནི་མ་ཡིན་ནོ། །དེ་བཞིན་དུ་ཡིད་ཆེས་པས་གནོད་པ་རྒྱུ་དང་བཅས་པ་ཡིན་ནོ། །སྒྲ་ལས་བྱུང་བའི་གྲགས་པས་ཡིན་གྱི་དངོས་པོའི་གྲགས་པས་ནི་མ་ཡིན་ནོ་ཞེས་གྲགས་པས་གནོད་པ་རྒྱུ་དང་བཅས་པ་བསྟན་ཏོ། །མངོན་སུམ་རྗེས་དཔག་གནོད་མ་ཡིན། རྒྱུ་དང་ བཅས་པར་མ་བསྟན་ཏོ། །སྒྲ་མཉན་པར་བྱ་བ་མ་ཡིན་ཞིང་བུམ་པ་རྟག་པ་ཡིན་ནོ་ཞེས་བྱ་བ་འབའ་ཞིག་དེ་ལྟར་བརྗོད་པའི་ཕྱིར་རོ། །མངོན་སུམ་གྱིས་གནོད་འདི་ལ་ཡང་། །སྒྲ་ནི་དུ་མའི་དངོས་ཉིད་དུ། །གྲགས་པའི་སྒྲ་ནི་མི་རྟག་པ་ཉིད་ལ་སོགས་པའི་རང་བཞིན་ དུ་གྲགས་པའི་ངོ་བོ་ཉིད་གང་ནི་མཉན་ལ་སྟེ། རྣ་བའི་རྣམ་པར་ཤེས་པ་ལ་སྣང་བར་འགྱུར་རོ། །ཅི་འདྲ་བ་ཞིག་ཅེ་ན། གཉིས་མེད་དེ་འདི་ལ་གཉིས་ཡོད་པ་མ་ཡིན་པས་ན་ཞེས་ཚིག་རྣམ་པར་སྦྱར་རོ། །རིགས་ལ་སོགས་པས་དབེན་པའི་རང་གི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །གཉིས་ མེད་པ་ཞེས་བྱ་བ་དེ་ཅིའི་ཕྱིར་ཞེ་ན། བློ་ཡི་སྐྱེ་བ་སྣ་ཚོགས་པ། །སྣང་བ་མཐོང་བ་མེད་ཕྱིར་རོ། །བློའི་སྐྱེ་བ་རྣམ་པ་གཅིག་ཏུ་སྣང་བ་མཐོང་བའི་ཕྱིར་རོ། །མངོན་སུམ་དོན་ཞེས་བྱ་བ་འདི་ལ་དེའི་དོན་ཏོ། །རང་གི་མཚན་ཉིད་ཡང་དག་པར་བསྟན་པའི་དོན་དུ་བཤད་འདི་ཉིད་ནི། རྣ་བའི་དབང་ པོའི་ཡུལ་ཉིད་ནི། སྤོང་ན་མངོན་སུམ་ཉིད་ཀྱིས་གནོད། །རྣ་བ་དང་ལྷན་ཅིག་སྒྲ་གཟུང་བ་དང་འཛིན་པའི་དངོས་པོ་འགོག་པའམ། སྤྱི་ལ་མ་ཡིན་ནོ། །དེ་ཉིད་དེ་དེ་ལྟར་གྱུར་པའི་ངོ་བོ་དེ་ལ། མཉན་པ་ལ་སྣང་བར་འགྱུར་བའི་དོན། ལྷག་མ་ཤེས་བྱ་ཉིད་ལ་སོགས་པའི་ལྡོག་པའི་མཚན་ ཉིད་རྣམ་པར་གཅོད་པའི་རང་བཞིན་སྤྱི་ནི་དངོས་མིན་ངོ་བོ་ཉིད། རྒྱུ་དེ་ཕྱིར། སྤྱི་ནི་དེ་དབང་སྤྱོད་ཡུལ་མིན། །རྒྱུ་གང་གིས་ནི་དངོས་པོའི་ངོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར། དབང་པོའི་ཡུལ་ཉིད་མ་ཡིན་ནོ། །རྒྱུ་དེས་ན་སྤྱིའི་ཆོས་རྣམས་ནི་སྤྱིར་གྱུར་པའི་ཆོས་གཞལ་བྱ་ཉིད་ལ་སོགས་པ་རྣམས་ནི། མངོན་ སུམ་ཉིད་མིན་གྲུབ་ཉིད་ཕྱིར། །རྒྱུའི་ཕྱིར་སྤོང་བ་ཡིན་ན་ཡང་གནོད་པ་མེད་པ་ཡིན་ཏེ། མངོན་སུམ་གྱིས་གནོད་པ་མེད་དོ་ཞེས། སློབ་དཔོན་གྱིས་མཉན་བྱར་སྨྲས་པས་བསྟན་པར་འགྱུར་རོ། །གལ་ཏེ་དབང་པོའི་ཡུལ་གྱི་རང་བཞིན་དོན་ཡིན་པར་འདོད་པ་དེ་རང་ཉིད་བརྗོད་པས་ཅིའི་ ཕྱིར་མི་བརྗོད། གང་གིས་ན་མཉན་པར་བྱ་བའི་སྒྲས་བརྗོད་པར་བྱ་བ་ཡིན་ཞེ་ན་དེ་ལ་དངོས་པོའི་རང་བཞིན་བརྗོད་པར་བྱ་བ་ལ་སྤྱི་ནི་སྟོན་པར་བྱེད་པ་ལས་གཞན་རྗོད་པར་བྱེད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྣམ་ཀུན་བརྗོད་བྱའི་དངོས་མིན་ཕྱིར། །རང་གི་ མཚན་ཉིད་དོ། །སྤྱིར་བརྗོད་པ་ཡིན་ན་སྒྲ་མཉན་པར་བྱ་བ་བརྗོད་པའམ། གཞན་ཉིད་ཀྱིས་ཡིན་ནོ་ཞེས་བྱ་བ་འདི་ལ་མངོན་པར་ཞེན་པ་ཅི་ཞིག་ཡོད། གཞན་ཡང་དེ་ལྟར་བརྗོད་པ་ལ་དགོས་པ་ཡང་ཡོད་པ་ཡིན་ཏེ། རྣ་བའི་དབང་པོའི་ཡུལ་གྱི་དོན་གྲུབ་པ་གང་ཡིན་པ་དེ་ལྟ་བུའི་ ངོ་བོར་གྲུབ་པས་དེས་དེ་ལ་བརྟེན་པའི་དབང་པོའི་ཤེས་པ་བརྟེན་པའི་དབང་པོའོ་ཞེས་རྟེན་ཕྱིར་རོ། །དེ་ལྟར་ནི་དབང་པོའི་ཤེས་པ་ལས་དེའི་ངོ་བོ་ཡོད་པ་ཡིན་ནོ་ཞེས་གྲུབ་པར་འགྱུར་ཏེ། དེའི་སྒྲུབ་པར་བྱེད་པ་གཞན་མེད་པའི་ཕྱིར་རོ། །དེའི་སྟོབས་ཀྱིས་གྲུབ་པའི་དངོས་པོ་དེ་ཉིད་ཀྱིས་ཐ་ སྙད་དུ་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཐ་སྙད་ཀྱི་དགོངས་པ་ཡིན་ནོ། །གཞན་ཡང་དེ་ལྟ་བུར་གྱུར་པའི་དོན་འགོག་པར་བྱེད་པའི་སྐྱེས་བུ་ལ། དེ་ཡི་སྟོབས་ཀྱིས་གནོད་པའི་ཕྱིར། དབང་པོའི་ཤེས་པའི་སྟོབས་ཀྱིས་སོ། །དེ་འདྲ་བའི་ངོ་བོ་དེ་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་ལ་མངོན་ སུམ་གྱིས་གནོད་པར་འགྱུར་རོ། །དེ་ཡང་རྣ་བའི་རྣམ་པར་ཤེས་པའི་མངོན་སུམ་ཡིན་ནོ། །རྒྱུ་མཚན་འདིས་ཀྱང་མཉན་བྱས་ཏེ། མཉན་པར་བྱ་བའི་སྒྲས་སྒྲའི་རང་བཞིན་དབང་པོའི་སྤྱོད་ཡུལ་བཤད་པ་ཡིན་ནོ། །རང་གི་ཆོས་ཅན་ཞེས་བྱ་བ་དེ། རྒོལ་བ་ཀུན་ལ་ཞེས་བྱ་བ་ལ་སོགས་ པས་འཆད་པར་བྱེད་དེ། ཀུན་ལ་སྟེ་རྩོད་པའི་དུས་སམ། བསྒྲུབ་པར་བྱ་བའི་དུས་སུ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན། ཆོས་དེ་ལྡན་ལ་རྒོལ་བས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཆོས་དང་ལྡན་པ་ལའོ། །ཆོས་ཅན་དེ་དམ་བཅའ་བའི་དོན་ལ་ རྣམ་པ་གཞན་ཞིག་གིས་གནོད་འགྱུར་གྱི། རྒོལ་བས་བསྒྲུབ་པར་འདོད་པ་མ་ཡིན་པའི་ཆོས་གཞན་དེ་དང་ལྡན་པའི་ཆོས་ཅན་ལ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རང་གི་ཆོས་ཅན་ཞེས་སྨོས་པ་ཡིན་ནོ། །གཞན་དུ་ཆོས་ཅན་གཞན་ལ་ནི་སྟེ། སྐབས་སུ་བབ་པ་མ་ཡིན་ པའི་ཆོས་གཞན་གྱི་ཆོས་ཅན་ལ་གནོད་པ་ཡིན་ན། སྐབས་སུ་བབ་པའི་ཆོས་ཅན་གྱིས་སྐབས་སུ་བབ་པའི་བསྒྲུབ་པར་བྱ་བ་འདི་ལ་ཅི་ཞིག་བཀག །གང་གིས་ན་དེའི་དགོས་པ་བཟློག་པའི་དོན་དུ་འདི་འབྲས་བུ་དང་ལྡན་པའི་ཚིག་ཏུ་འགྱུར། ཆོས་ཅན་འདི་ཉིད་ལ་གནོད་པ་ཡོད་ པ་སྐྱོན་ཡིན་གྱི། ཆོས་ཅན་གཞན་ལ་ནི་མ་ཡིན་ནོ་ཞེས་རྟོགས་པའི་དོན་དུ་རང་གི་ཆོས་ཅན་ལ་ཞེས་བརྗོད་པ་ཡིན་ནོ། །དེ་བས་སྐབས་སུ་བབ་པའི་ཆོས་དང་ལྡན་པའི་ཆོས་ཅན་ལ་གནོད་པར་འགྱུར་བ་དོན་དེར་འགྱུར་རོ། །གལ་ཏེ་དེའི་དོན་ཅན་གྱི་རང་གི་ཆོས་ཅན་ ཞེས་སྨོས་པར་བྱ་བ་མ་ཡིན་ཏེ། བདག་ཉིད་ཅེས་བྱ་བའི་མཚན་ཉིད་ཀྱིས་དོན་འདི་ཐོབ་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་རྒོལ་བ་བདག་ཉིད་བསྒྲུབ་པར་བྱ་བར་འདོད་པ་དེ་བསྒྲུབ་པར་བྱ་བ་ཡིན་པ་དེ་བས་ན་དེ་བཟློག་ན་གནོད་པ་ཅན་ནོ་ཞེས་བྱ་བ་འདི་དོན་གྱིས་གྲུབ་པ་ཡིན་ནོ་ཞེ་ན། བདེན་ཏེ་བདག་ ཉིད་ཀྱིས་ཞེས་བྱ་བའི་མཚན་ཉིད་ཀྱིས་འདི་དོན་རྟོགས་ལ། རང་གི་ཆོས་ཅན་ཚིག་ཀྱང་ནི། །བྱས་པ་གང་ཡིན་པ་དེ་བསྒྲུབ་པར་བྱ་བའི་ཆོས་འབའ་ཞིག་ལ་གནོད་པ་ཡིན་ན། གནོད་པར་འགྱུར་བ་ཡིན་གྱི་འོན་ཀྱང་ཆོས་ཅན་དག་ལ་གནོད་ན་ཡང་། རྣམ་པ་འགའ་ཞིག་གནོད་འགྱུར་ཞེས་བྱ་བའི་དོན་ འདི་གྲགས་ཕྱིར་རོ། །ཅིའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གནོད་པ་བསྒྲུབ་པར་བྱ་བའི་ཆོས་ལ་གནོད་པ་ཡིན་ཞེ་ན། རྟེན་དག་ལ་གནོད་པ་ཡིས། །རྒྱུ་ཡིས་དེ་རྟེན་པ་ལ་སྟེ། བསྒྲུབ་པར་བྱ་བའི་ཆོས་ལ་འགལ་ཕྱིར་རོ། །ཐམས་ཅད་དུ་ཚོགས་པ་ཉིད་ལ་གནོད་པ་ཡིན་ཏེ། འོན་ཀྱང་འགའ་ ཞིག་ཏུ་ཆོས་ཀྱི་སྒོ་དང་འགའ་ཞིག་ཏུ་ཆོས་ཅན་གྱི་སྒོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །གཞན་དུ་གང་གི་ཚེ་ཆོས་ཅན་ལ་ཡང་གནོད་པ་ན། ཆོས་ཅན་དེ་ལ་གནོད་པ་རྟོགས་པར་བྱ་བའི་དོན་དུ་རང་གི་ཆོས་ཅན་གྱི་ཚིག་མི་འདོད་པ་དེའི་ཚེ། བསྒྲུབ་པར་བྱ་བའི་ངོ་བོ་ཉིད་དུ་འདོད་པ་དེ་ལྟའི་རྣམ་ཅན་ཆོས། བསྒྲུབ་བྱ་ཡིན་ཞེས་བརྗོད་པའི་ཕྱིར། །རྒྱུའི་ཕྱིར། དེ་ལ་གནོད་པ་ཡིན་པ་སྟེ། །དེ་ལྟར་ན་སྐབས་སུ་བབ་པའི་བསྒྲུབ་པར་བྱ་བའི་ཆོས་དེ་ཉིད་ལ་གནོད་པ་དེའི་སྒོ་ནས་འོངས་པ་གང་ཡིན་པ་དེ་ཉིད་ལ་གནོད་པ་ཡིན་པར་བསྒྲུབ་པར་སེམས་ཀྱི་ཆོས་ཅན་ལ་གནོད་པ་ཡང་གནོད་པ་མ་ཡིན། དེ་ཡང་ འདོད་པ་ཡིན་ཏེ། ཚིག་མེད་པར་བསྟན་པར་ནུས་པ་མ་ཡིན་ཏེ། དེ་ཕྱིར་རང་གི་ཆོས་ཅན་ཚིག །བྱས་པ་ཡིན་ནོ། །དེ་དོན་གྱིས་གྲུབ་མ་ཡིན་ན། །དེ་ལྟར་ན་རེ་ཞིག་ཆོས་ལ་གནོད་པ་ལ་རེག་པས་གནོད་པ་ཡིན་ལ་དེ་ཡང་བསྒྲུབ་པར་བྱ་བའི་ཆོས་ལ་དངོས་སུ་གནོད་པར་འགྱུར་བའམ། ཆོས་ཅན་ ལ་གནོད་པའི་སྒོ་ནས་ཡིན་གྲང་ན། རྣམ་པ་གཉི་ག་ལྟར་ཡང་ཆོས་ལ་གནོད་པ་དེ་བས་ན་གནོད་པས་ཆོས་ཅན་ལ་གནོད་པ་ཡང་དོན་གྱིས་ཐོབ་པ་ཡིན་ནོ། །དེ་ལྟར་ན་དོན་ཅན་གྱི་ཆོས་ཅན་གྱི་ཚིག་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་ཏེ་ཆོས་ཅན་འགོག་པ་གང་ལ་བསྒྲུབ་པར་བྱ་བའི་ཆོས་འགོག་པར་འགྱུར་ ཞིང་ཡུལ་གང་ལ་ཆོས་ཅན་འགོག་པ་ན་ཡང་བསྒྲུབ་པར་བྱ་བའི་ཆོས་ལ་ཅུང་ཟད་ཀྱང་གནོད་པ་མ་ཡིན་ནོ། །དེ་ལ་ཡང་རྒོལ་བ་འགའ་ཞིག་ཆོས་ཅན་ནི། འབའ་ཞིག་འགལ་བ་ཡིན་ན་ཡང་། །སྐྱོན་དང་ལྡན་པར་ཁས་ལེན་ཏོ། །དམ་བཅའ་བའི་སྐྱོན་དང་འགལ་བས་སྐྱོན་དང་ལྡན་པར་འདོད་དོ། །དེ་ནི་དཔེར་ན་སྔོན་མེད་དོ་གཞན་གྱིས། །བསྐྱེད་ བྱ་མིན་ལྟར་ནམ་མཁའ་ལ་སོགས་མིན། །ནམ་མཁའ་ལ་སོགས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཀྱིས་ཕུལ་དུ་བྱུང་བར་བྱར་མེད་པའི་རང་བཞིན་ཏེ་གཅིག་གི་རང་བཞིན་དུ་གནས་པ་དང་བྲལ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཅིག་ཅར་འབྲས་བུ་མི་བྱེད་པའི་ཕྱིར། ནམ་ མཁའ་ལ་སོགས་པའི་ཆོས་ཅན་དངོས་པོའི་རང་བཞིན་ཡིན་ནམ་མ་ཡིན་ཞེས་བརྗོད་པར་འདོད་པ་ཁས་མི་ལེན་པ། ནམ་མཁའ་མེད་པར་སྨྲ་བས་སྤྱིར་ནམ་མཁའ་ལ་སོགས་པའི་སྐབས་ལ་ཆོས་རྣམ་པར་གཅོད་པ་ཙམ་བསྒྲུབ་པར་བྱ་བ་དང་། རྣམ་པར་གཅོད་པའི་ངོ་བོའི་གཏན་ཚིགས་འབྲས་ བུ་ཅིག་ཅར་མི་བྱེད་པའི་ཕྱིར་རོ་ཞེས་བཤད་པ་ལ་གལ་ཏེ་སུན་འབྱིན་བྱེད་པ་འགའ་ཞིག་གིས་འགལ་སྨྲ་སྟེ། དཔེར་ན་ནམ་མཁའ་སོགས་ཆོས་ཅན་དངོས་མེད་ཀྱི། ངོ་བོ་ཉིད་ཀྱང་དེ་དང་འདྲ། །ནམ་མཁའ་ལ་སོགས་པའི་ཆོས་ཅན་དངོས་པོའི་རང་བཞིན་དུ་གྱུར་པ་མེད་པར་ཡང་སྒྲུབ་པར་བྱེད་པ་ ལྟ་བུའོ། །དེ་ལྟ་བུར་གྱུར་པའི་ཆོས་ཅན་བསལ་བ་ན་ཡང་། དེ་ལྟར་བསྒྲུབ་བྱར་འདོད་པ་ལ་གནོད་པ་ཅི་ཡང་མེད་པ་ཡིན་པའམ། གཏན་ཚིགས་རྣམ་པར་གཅོད་པའི་ངོ་བོ་མ་གྲུབ་པ་ཉིད་མ་ཡིན་ནོ། །འདིར་ཡང་ཆོས་ཅན་འབའ་ཞིག་འགོག་པ་ཡང་གནོད་པ་འདོད་པ་ཡིན་ན་ཡང་མི་འདོད་དེ། ཆོས་ཅན་དངོས་པོར་གྱུར་པ་བསལ་བ་ན་ཡང་བསྒྲུབ་པར་བྱ་བ་རྣམ་པར་གཅོད་པའི་ངོ་བོ་གྲུབ་པའི་ཕྱིར་རོ། །དེས་ན་གཉི་ག་བསྒྲུབ་བྱ་ཉིད་ཡིན་ན། ཁས་ལེན་པར་བྱེད་ན། ཆོས་ཅན་ལ་ནི་གནོད་པ་གང་། བསྒྲུབ་པར་བྱ་བའི་ཆོས་འགོག་པར་འགྱུར་རོ། །དེ་ལ་བསྒྲུབ་པར་ བྱ་བ་ལ་གནོད་པ་སྟེ། གང་ཆོས་ཅན་འགོག་པ་ཡང་བསྒྲུབ་པར་བྱ་བ་ལ་གནོད་པ་མེད་པ་དེ་ལ་སྐྱོན་མ་ཡིན་ཏེ། དཔེར་ན་གཏན་ཚིགས་བསྟན་མ་ཐག་པ་ལྟ་བུའོ། །དེའི་རང་གི་ཆོས་ཅན་སྨོས་པ་དེས་ནི་བརྗོད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལྟའི་ཆོས་ ཅན་ཉིད་ཀྱང་འདིར་རང་གི་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་དུ་བྱ་བའི་ཆོས་ཅན་བསྒྲུབ་བྱ་ཉིད་ཕྱིར་ཡན་གར་མིན། གང་གིས་ན་ཡན་གར་བ་འདི་འགོག་པ་ན་ཡང་གནོད་པར་འགྱུར། དེས་ན་བསྒྲུབ་པར་བྱ་བ་རྣམ་པར་གཅོད་པ་ཙམ་ཡིན་ན། དེའི་ཆོས་ཅན་དངོས་པོར་གྱུར་པ་དེ་མ་ ཡིན་ན། གང་གིས་ན་དེ་བསལ་བ་ན་རང་གི་ཆོས་ཅན་བསལ་བའི་ཕྱིར་འགལ་བ་ཉིད་ཡིན་པར་འགྱུར། གལ་ཏེ་དེ་ལྟར་བསྒྲུབ་པར་བྱ་བའི་ཆོས་འགོག་པ་ནི། ཆོས་ཅན་ལ་གནོད་པ་དེའི་ཚེ། འདིར་གྲངས་ཅན་པ་ལ་སངས་རྒྱས་པས་བརྗོད་པའི་གཏན་ཚིགས་ལ་གནོད་འགྱུར་ཏེ། དཔེར་ན། ཅིག་ཅར་སྒྲ་སོགས་ རྒྱུ་མིན་ཕྱིར། །བདེ་སོགས་གཞན་གྱིས་བསྐྱེད་བྱ་མིན། །ནུས་ཅན་མ་ཡིན་ཏེ། ལྷན་ཅིག་བྱེད་པའི་རྐྱེན་གྱིས་ཕུལ་དུ་དབྱུང་དུ་བྱར་མེད་པའི་རང་བཞིན་ཅན་ཡིན་ནོ། །རིམ་མ་ཡིན་པས་ན་འབྲས་བུ་བྱེད་པ་མ་ཡིན་པའི་ཕྱིར་ཞེས་གཏན་ཚིགས་བརྗོད་པ་ལ། སྔ་མ་བཞིན་ཏེ་སུན་འབྱིན་པར་ བྱེད་པས་བདེ་བ་ལ་སོགས་པ་རྟག་པ་ཉིད་ཀྱི་དང་གཞན་གྱི་ཆོས་ཅན་མེད་པ་ཡང་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་འགལ་བས། ཆོས་ཅན་ལ་གནོད་པ་བརྗོད་པས་ན་གཏན་ཚིགས་འགལ་བར་འགྱུར་ཏེ། ཤུགས་ཀྱི་བདེ་བ་ལ་སོགས་པ་མི་རྟག་པའི་རང་བཞིན་དུ་བསྒྲུབ་པར་འདོད་པ་ཉིད་ཀྱི་ཕྱིར་རོ་ ཞེས་བྱ་བ་ནི་གཞན་གྱི་ཡིན་ནོ། །དེ་དེ་ལྟར་ནི་མ་ཡིན་ན། གལ་ཏེ་གཏན་ཚིགས་ངེས་ཡིན་ན། །དེ་ལ་འགལ་བ་ཉིད་འགྱུར་ཏེ། །བདེ་བ་ལ་སོགས་པ་དངོས་པོར་གྱུར་པ་མི་རྟག་པའི་རང་བཞིན་དེ་ལྟར་བསྒྲུབ་པའི་ཕྱིར་དང་། ཆོས་ཅན་བཀག་པས་བསྒྲུབ་པར་བྱ་བའི་ཆོས་ལ་གནོད་པའི་ཕྱིར་རོ། ། འདི་ལྟར་རིམ་བཞིན་བྱེད་པ་གཏན་ཚིགས་ཉིད་དུ་བཟུང་བ་གང་ཡིན་པ་དེ་ཡང་བདེ་བ་ལ་སོགས་པ་འདི་དག་ནི། རིམ་བཞིན་བྱེད་དང་མི་རྟག་ཉིད། །འགལ་བ་མེད་ཕྱིར་རོ། །རྒྱུའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལས་ཐེ་ཚོམ་ཟ་བ་ཡིན་ནོ། །མི་མཐུན་ཕྱོགས་ལྡོག་པ་ཐེ་ཚོམ་ཟ་བའི་ཕྱིར། རྒྱུའི་ ཕྱིར། ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བྱ་བའི་གནོད་པ་ཅན་གྱི་གཏན་ཚིགས་དེ་དག་ལྷག་ལྡན་ཁྱད་པར་འདོད། གཏན་ཚིགས་སྔ་མའི་ཁྱབ་པ་ལན་དུ་མར་བསྟན་པ་བྱས་པ་ཡིན་ནོ། །དེ་དེ་ལྟར་ན། གང་ཕྱིར་བདག་ཉིད་འདོད་ཆོས་བསྒྲུབ་པར་བྱ་བ་ཡིན་གྱི། གཞན་མ་ཡིན་པ་དེའི་ཕྱིར་ན་དེ་རྟེན་ ནི། བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པ་དེ་ཉིད་ཀྱི་རྟེན་གང་ཡིན་པ་དེ་ཉིད། གནོད་བྱ་ཡིན་གྱི་འབའ་ཞིག་མིན། །རྟེན་གང་ཡིན་པ་བསལ་དུ་ཟིན་ཀྱང་བསྒྲུབ་པར་བྱ་བའི་ཆོས་ལ་གནོད་པ་ཡོད་པ་མ་ཡིན་ནོ། །གཞན་རྟེན་མ་ཡིན་ཏེ། སའི་ཡོན་ཏན་ཉིད་ལ་སོགས་པའི་ཆོས་སྐབས་མ་ཡིན་པ་གནོད་ པར་བྱ་བ་ཉིད་ལས། གཞན་མི་རྟག་པ་ཉིད་ལ་སོགས་པའི་རྟེན་ཆོས་ཅན་སྒྲ་ལ་སོགས་པ་གང་ཡིན་པ་དེ་ཡང་སྐབས་མ་ཡིན་པ་གནོད་པར་བྱེད་པ་དེས། གནོད་པ་མ་ཡིན་ནོ་ཞེས་བྱ་བ་དེས་རང་གི་ཆོས་ཅན་ཞེས་བྱ་བ་འདིས་བཤད་དོ། །དེ་ལ་འདིར་ཕྱོགས་ཀྱི་མཚན་ཉིད་ཀྱི་ཚིག་ལ་བདག་ཉིད་སྒྲ་ ཡིས་ཆོས་གཞན་ལ་བསྟན་བཅོས་ལ་མཐོང་བ་སྐབས་སུ་བབ་པ་མ་ཡིན་པ་ལ། གནོད་པ་གང་ཡིན་པ་དེ་གནོད་མིན་ཞེས་བརྗོད་དེ། དེ་ལྟར་རང་གི་ཆོས་ཅན་ཞེས་བྱ་བའི་ཚིག་གིས་ཆོས་ཅན་གཞན་ལ། གནོད་པ་གང་ཡིན་པ་དེ་གནོད་མིན་ཞེས་བརྗོད་དོ། །གལ་ཏེ་ཁྱད་པར་མ་གྲུབ་པ་ལ་སོགས་ སྒྲུབ་པར་བྱེད་པ་ཡོད་པ་མ་ཡིན་པའི་ཕྱིར། ཕྱོགས་ལྟར་སྣང་བརྗོད་པ། ཅིའི་ཕྱིར་མ་བཤད་ཅེ་ན། དེ་ལ་ཁྱད་པར་མ་གྲུབ་པ་ལ་སོགས་པ་ལ། དཔེ་བསྒྲུབ་པར་བྱ་བ་སྟོང་པ་ལ་སོགས་པས་སྐྱོན་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་པས་ཕྱོགས་ཉིད་ལ་གནོད་པའི་ཕྱིར་སྐྱོན་ཡིན་པར་མི་ འདོད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མ་གྲུབ་པ་ལ་སོགས་པའི་སྐྱོན་ཐམས་ཅད་ཀྱིས་ཕྱོགས་ཉིད་ལ་གནོད་པར་འགྱུར་བ་དེའི་ཕྱིར། དེ་ལྟ་ཡིན་ན་ཡང་ཕྱོགས་ལྟར་སྣང་བ་ཉིད་ལ་གཏན་ཚིགས་མ་གྲུབ་པ་ཉིད་ལ་སོགས་པ་ཡང་ཕྱོགས་ལྟར་སྣང་བར་བརྗོད་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་པ་དེའི་ཕྱིར། གལ་ཏེ་ཡང་། སྒྲུབ་བྱེད་སྐྱོན་ནི་ཐམས་ཅད་ཀྱིས། །ཕྱོགས་ཉིད་ལ་ནི་གནོད་པར་འགྱུར་བ་ཡིན་པ་དེ། དེ་ལྟ་ན་ཡང་ཕྱོགས་ཙམ་གྱིས་འབྱུང་བ་ཙམ་ནི་ཕྱོགས་སྐྱོན་ཉིད། དེ་ཡིན་པ་དེ་ཉིད་ཀྱི་ཕྱིར། དམ་བཅའ་བ་ཙམ་གྱིས་ཞེས་བྱ་བ་དོན་གཞན་འདི་སྟོན་ པར་བྱེད་པའི་ཚིག་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པར་བལྟ་བར་བྱའོ། །གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་ཁྱད་པར་གཞི་མ་གྲུབ་པ་ལ་སོགས་པ་དེ་ལ་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ། ཡན་ལག་ཕྱི་མ་ལ་ལྟོས་སྐྱོན། །གང་ཡིན་བྱེད་པ་དེའི་རྗེས་བྱེད་པ་སྟེ། དེས་ མིན། དམ་བཅའ་བ་ཙམ་གྱིས་ཞེས་བཤད་པར་འགྱུར་རོ། །རྒྱུ་དེའི་ཕྱིར་རྟེན་སོགས་མ་གྲུབ་སྟེ། ཁྱད་པར་གྱི་གཞི་མ་གྲུབ་པ་ལ་སོགས་པ་ཕྱོགས་སྐྱོན་མིན། ཕྱོགས་ཀྱི་སྐྱོན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་རང་གི་ངོ་བོ་བསལ་བས་དམ་བཅའ་བའི་སྐྱོན་གང་ཡིན་པ་བཤད་ པ། འདིས་བསྒྲུབ་ཡན་ལག་གྱུར་པ་ཡི། །ཆོས་དང་ཆོས་ཅན་ཁྱད་པར་དང་། །སྐབས་སུ་བབ་པ་བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བ་དང་། ཆོས་ཅན་རང་གི་ངོ་བོ་ལ། །གནོད་པ་དག་ནི་བསྟན་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་ཇི་ལྟར་བསྒྲུབ་པར་བྱ་བའི་ཡན་ལག་ཏུ་གྱུར་ པ་ཉིད་ལ་ཐམས་ཅད་དུ་གནོད་པར་གྱུར་པ་དེ་ལྟར་ན། དོན་ནི་མཐོང་བའི་ཕྱིར། དཔེའི་ཕྱོགས་ཙམ་བརྗོད་པ་ཡིན། ཆོས་ཀྱི་ཁྱད་པར་དཔེར་བརྗོད་པ་ཡིན་ནོ། །ཆོས་ཀྱི་ཁྱད་པར་ལ་སོགས་པ་བསལ་བ་ཡང་ཕྱོགས་འདིས་ཁོང་དུ་ཆུད་པར་བྱའོ། །དེ་བསྟན་པར་བྱ་སྟེ་དཔེར་ན་ཡང་ཡན་ ལག་ལས་ཡན་ལག་ཅན་གཞན་ཡིན་ནོ་ཞེས་དམ་བཅའ་བ་བྱས་པ་ན་ཡང་། ཡན་ལག་ལས་ཡན་ལག་ཅན་གཞན་མ་ཡིན་ཏེ། སྲང་མདའ་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་རོ། །དེ་ལྟར་འདིས་ནི་གཞན་གྱི་ཁྱད་པར་བསལ་བ་ཡིན་གྱི། གཞན་ཙམ་བསལ་བ་ནི་མ་ཡིན་ནོ། ། དེ་ལྟར་ན་དེ་བསལ་བ་ན་ཆོས་ཀྱི་རང་གི་ངོ་བོ་བསལ་བ་ཉིད་དུ་འགྱུར་གྱི་དེའི་ཁྱད་པར་ནི་མ་ཡིན་ནོ། །ཆོས་ཀྱི་ཁྱད་པར་བསལ་བའི་དཔེ་དེ་ཉིད་འདོད་པ་ཡིན་ནོ། །དེའི་ཕྱིར་མེད་ན་མི་འབྱུང་བ་ལྕི་བ་ལ་སོགས་པའི་ཁྱད་པར་གཞན་བསལ་བ་ཡིན་ནོ། །དེ་ལྟར་ན་གཞན་ཉིད་ཀྱང་ཡན་ལག་རྣམས་ཀྱི་ ལྡན་ཡོད། ཡན་ལག་རྣམས་ལས་དོན་གཞན་ཏེ། །ཡན་ལག་ཅན་མིན་ཅན་དེ་ཡང་། །རྫས་མཚན་ཉིད་དེ། བྱེད་པ་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་དང་། འཕྲོད་པ་འདུ་བ་ཞེས་བྱ་བའི་རྒྱུ་གང་ཡིན་པ་དེ་དང་། ལྡན་དང་མཐོང་བ་སྟེ། སྣང་བའི་རང་བཞིན་ཡོད་དོ་ཞེས་དེ་ལྟར་བསྒྲུབ་པར་ འདོད་པ་ཡིན་གྱི། མ་མཐོང་བའམ་རྫས་ཀྱི་མཚན་ཉིད་ཀྱི་ཁྱད་པར་ཅན་དུ་གྱུར་པ་མ་ཡིན་པ་གཞན་ཉིད་ཙམ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན། མ་མཐོང་ཁྱད་པར་ཅན་མིན་པ། །གཞན་ཉིད་ཙམ་འགའ་ཞིག་ལ་སྒྲུབ་པར་བྱེད་པ་ན། དམ་བཅའ་བ་ལ་དགོས་པ་མེད་དོ། །དེ་ལྟར་ན་གདོང་ལ་ སོགས་པ་དག་ཀྱང་ཡན་ལག་ལས་གཞན་ཉིད་ཡིན་པར་དམ་བཅའ་བར་འགྱུར་རོ། །དེ་ལྟར་ན་ཡང་སངས་རྒྱས་པའི་འདོད་པར་གྲུབ་པ་ཉིད་ཡིན་ནོ། །འདི་ལྟར་མ་མཐོང་བ་ལ། རྡུལ་ཕྲ་རབ་རྣམས་ལ་མཐོང་བ་ལ། སྒྲིབ་གཡོགས་དང་ཐོགས་པ་ཉིད་ལ་སོགས་པ་འབྲས་མེད་པ། བྱེ་བྲག་ པས་མཐོང་ནས་མཐོང་བ་ལ་སོགས་པ་བསྒྲུབ་པའི་ཕྱིར། ཡན་ལག་ཅན་གྲུབ་པར་འདོད་པའོ། །དེས་རྫས་ཀྱི་མཚན་ཉིད་ཁྱད་པར་ཅན་དང་། མཐོང་བ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་གདོན་མི་ཟ་བར་འདོད་པར་བྱའོ། །ཅི་སྟེ་ཡང་ཡོན་ཏན་ལ་སོགས་པ་ཁྱད་པར་ཅན་མ་ཡིན་པའམ། མཐོང་ བ་འབའ་ཞིག་བསྒྲུབ་པར་འགྱུར་བ་དེའི་ཚེ། ཁྱད་པར་ཅན་མིན་དང་གཞན་ནི། །བསྒྲུབ་ཡིན་ན། སངས་རྒྱས་པ་ལ་མི་འདོད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་ལྟར་ན། གྲུབ་པ་ལ་སྒྲུབ་བྱེད་ཉིད་ཡིན་པར་འགྱུར་རོ། །དེ་བས་ན་གཞན་ཡོན་ཏན་ལ་སོགས་པ་དང་ལྡན་པ་དེ་ཉིད་བསྒྲུབ་པར་བྱ་བ་ ཡིན་པར་བརྗོད་པར་བྱའོ། །དེ་ལྟ་མ་ཡིན་ན། འདིའི་སྐབས་ཉིད་ཉམས་པར་འགྱུར་རོ། །དེའི་ཚེ་ཡང་འདི་ཡན་ལག་ཅན། ལྕི་འོག་འགྲོ་འགྱུར། ལྕི་བ་ཉིད་དེ་ཡོན་ཏན་དུ་གྱུར་པ་དང་། ལས་འོག་ཏུ་འགྲོ་བ་ཡིན་པ་དེའི་ཚེ། འཇི་བ་ལ་སོགས་པ་རི་ལུ་མ་འདྲེས་པ་བཅལ་བ་དག་སྲང་དམའ་བ་ཅི་ འདྲ་བ་དེ་ལས་རི་ལུ་འདྲེས་པ་དེ་དག་ནི། དེ་དག་གིས་ཡན་ལག་ཅན་གྱི་འབྲས་བུ་གསུམ་པ་རྩོམ་པ་འདི་ནི། འདིའི་ལྕི་བ་དང་འོག་ཏུ་འགྲོ་བ་ལྷག་པར་འགྱུར་བ་དེའི་ཚེ། སྲང་ནི་དམའ་བའི་ཁྱད་པར་དག་ཏུ་འགྱུར་རོ། །དེས་ན་སྟེ། དེའི་ཕྱིར་མ་འདྲེས་པ་དེ་དག་བཅལ་བའི་གནས་སྐབས་དེ་བཞིན་དུ་དེའི་ཚེ་ གཞན་འབྲས་བུའི་རྫས་གསུམ་པ་གང་ཡིན་པ་ལྕི་བ་དང་འོག་འགྲོ་ཡོད་པ་མ་ཡིན་པ་དེ་ལྟར་ན། ཡན་ལག་ཅན་ཡོན་ཏན་དང་བྱེད་པ་མེད་པ་ཅན་ཉིད་ཡིན་པ་དེའི་ཕྱིར། ཡོན་ཏན་དང་ལས་ཀྱི། འཕྲོད་འདུ་རྒྱུ་མ་ཡིན་ཏེ། ཡན་ལག་ཅན་ནོ། །རྫས་ཀྱི་མཚན་ཉིད་དང་ལྡན་པ་ཡིན་པ་དེའི་ཕྱིར་སྒྲིབ་པར་བྱེད་པ་ལ་ སོགས་པའི་འབྲས་བུའམ། རང་གི་ངོ་བོ་ཅུང་ཟད་ཀྱང་མཐོང་བ་མེད་དེ། འབྲས་བུའི་ངོ་བོ་དག །མཐོང་བ་མེད་ཕྱིར། རྒྱུའི་ཕྱིར་ཡོན་ཏན་ཅན་དེ་མཐོང་མེད་དེས་ཏེ། དེ་ཕྱིར་གནོད་པ་ཡིན་ནོ། །གང་ལ་ཞེ་ན་ཁྱད་པར་གཞན་ལ་ཏེ། ལྕི་བ་ལ་སོགས་པའི་མིང་ཅན་ལའོ། །ཅི་འདྲ་ བ་ཞིག་ལ་ཅེ་ན། མེད་ན་མི་འབྱུང་ཡོད་པ་ཅན་ཏེ་བསྒྲུབ་པར་བྱ་བའི་ཆོས་གཞན་ཉིད་མེད་ན་མི་འབྱུང་བ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །རྡུལ་ཕྲ་མོ་ཆ་གཉིས་པ་ནས་བརྩམས་ཏེ་རྡུལ་ཕྲ་རབ་ཆ་གསུམ་པ་ལ་སོགས་པའི་བར་དང་ཚོགས་ཆེན་པོ་ཞེས་བྱ་བའི་བར་འདི་ལ་ཆ་གཉིས་པ་ལ་སོགས་པའི་འབྲས་བུའི་ རྫས་བརྒྱུད་པ་གང་ཡིན་པ་དེ་དག་ཐམས་ཅད་བཅལ་བ་དེ་ད་ལྟར་ནི། ཕྲ་བརྩམས་རྫས་ཀྱི་ཕྲེང་བ་དག །བཅལ་ཉིད་ཕྱིར་ན་རྒྱུ་ཡི་ཕྱིར། །སྲང་མདའ་དམའ་བའི་ཁྱད་པར་དེ་འབྲས་བུའི་རྫས་ཐམས་ཅད་ལྕི་བར་བྱེད་པ་མ་ཡིན་ནོ། །དེ་བས་ན་འབྲས་བུ་གཞན་གཅིག་ལྷག་མ་ཡིན་ན་ཡང་དེ་ཙམ་གྱིས་དམའ་ བའི་ཁྱད་པར་མ་ཡིན་ཏེ། རས་བལ་གྱི་འདབ་མ་བཞིན་ནོ། །དཔེར་ན་རས་བལ་གྱི་སྐུད་པ་ལ་སོགས་པ་བཅལ་བར་བྱ་བ་དེ་ལ་ལྕི་བ་ཡོད་པ་དེ་ལྟ་ན་ཡང་། ཚོགས་ཆེན་པོ་བཅལ་བ་ན་གང་གི་ཚེ་རས་བལ་གྱི་སྐུད་པ་ཤིན་ཏུ་ཕྲ་བ་དམའ་བར་འགྱུར་བ་དེའི་ལྕི་བ་ཉིད་ཀྱང་རྟོགས་པ་མ་ཡིན་ཏེ། སྲང་མདའ་ དམའ་བའི་ཕྱིར་རོ། །རས་བལ་གྱི་འདབ་མ་དེ་དང་འདྲ་བར་རིལ་བུ་འདྲེས་ན་དེའི་ལྕི་བ་ཡོད་པ་དེ་ལྟར་ན་ཡང་། དེ་ལ་རྫས་གཞན་གྱི་ལྕི་ཉིད་རྟོགས་མིན་ནོ། །དེས་ན་གང་ལ་རྫས་ལྷག་པ་ཡོད་པ་གཞལ་བྱ་དེ་ལ་དེའི་ལྕི་བ་རྟོགས་པར་འགྱུར་ཏེ། ལྕི་བའི་གོང་བུ་གསུམ་པ་བཅུག་པ་བཞིན་ནོ་ཞེས་ བརྗོད་པ་འདི་ལ་རས་བལ་གྱི་འདབ་མས་མ་ངེས་པ་ཡིན་ནོ་ཞེས་ནི་གཞན་དག་སྨྲ་བར་འགྱུར་རོ། །དེ་སྐད་དུ་རྒོལ་བ་དེ་ཡིས་ས་རྡུལ་ཚོགས་དག་ལ། རིམ་བཞིན་ལྡན་དང་སྟེ། རྡུལ་ཆ་གཉིས་པ་ལ་སོགས་པ་རྡུལ་གྱི་ཚོགས་ཆེན་པོ་དང་། རིམ་བཞིན་ལྡན་པ་ལ་རྡུལ་ཆ་གཉིས་པ་ལ་སོགས་ པའི་འབྲས་བུའི་རྫས་དུ་མ་ཡོད་པའི་ཕྱིར། རྡུལ་གྱི་ཚོགས་འདི་ནི་ལྕི་བ་ཅི་འདྲ་བ་ཡང་ངོ་། །ཅིག་ཅར་ལྡན་པ་དེ་ཉིད། རྡུལ་གྱི་ཚོགས་ལ་འབྲས་བུའི་རྫས་གཅིག་ཡོད་པའི་ཕྱིར། དེ་འདྲ་བ་ཉིད་དུ་འགྱུར་བ་རིགས་པ་མ་ཡིན་ནོ། །དེ་བས་ན་གཞལ་བར་བྱ་བ་འདི་དག་ནི་ལྕི་བ་ཐ་དད་ འགྱུར་ན་འགྱུར་བ་ཡང་མ་ཡིན་པ་དེའི་ཕྱིར། ཕྲ་བ་ནས་བརྩམས་པའི་རྫས་ཀྱི་ཕྲེང་བ་གཞལ་བར་རིགས་པ་མ་ཡིན་ནོ། །གཞན་ཡང་ལྕི་བའི་ཁྱད་པར་དེའི་ཕྱིར། གསེར་གྱི་མ་ཤ་ལ་སོགས་པའི། །གྲངས་མཚུངས་པ་ནི་མི་རུང་ངོ་། །སོགས་པ་སྨོས་པས་ནི་འོལ་མ་སེ་ལ་སོགས་པ་གཟུང་ ངོ་། །གང་གི་ཞེ་ན། མ་ཤ་ལ་སོགས་པ་སོ་སོར་བསྐར་བ་དང་། ལྷན་ཅིག་བསྐར་བའི་ཚེ། རིམ་བཞིན་ལྡན་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་སྐད་དུ་གསེར་ལ་སོགས་པའི་འོལ་མ་སེ་རེ་རེ་ཐ་དད་པར་བསྐར་བ་ནས། འོལ་མ་སེ་སྟོང་དང་། བརྒྱའི་བར་དུ་དེ་དེ་ལྟར་ཡོངས་སུ་བསྐར་བ་ ན་ཡང་། གསེར་ལ་སོགས་པ་འོལ་མ་སེ་གཅིག་ལ་སོ་སོར་རེ་རེར་ལྡན་པ་ནས་ཐམས་ཅད་ལ་ལྡན་པའི་བར་དང་། དེ་བཞིན་དུ་མ་ཤ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་མ་ཤ་ཀ་གཉིས་ལ་སོགས་པ་འབྲས་བུའི་རྫས་དུ་མ་འབྱུང་བའི་ཕྱིར་མ་ཤ་ཀ་ལ་སོགས་པ་དེ་ལྷན་ཅིག་ཏུ་བསྐར་བ་ ན། འོལ་མ་སེ་སྟོང་གི་ལྗིད་ཙམ་དུ་མི་འགྱུར་གྱི། འོན་ཀྱང་དངོས་པོ་ལྷག་པར་འགྱུར་བ་དེ་ལྟར་ན་མ་ཤ་ཀ་ལ་སོགས་པ་གྲངས་མཚུངས་པ་མི་རུང་ངོ་། །རྫས་ཀྱི་ཚོགས་པ་དེ་ཙམ་ཉེ་བ་དང་། དེ་དང་འབྲལ་བ་ལ་ཇི་ལྟར་ལྕི་བ་མཚུངས་པར་མི་འགྱུར་ན། མཚུངས་པར་འགྱུར་བ་ ཡང་ཡིན་དེ་བས་ན་རྡུལ་ཆ་གཉིས་པ་ལ་སོགས་པ་འབྲས་བུའི་རྫས་དེ་ལས་གཞན་པ་གཞལ་བར་བྱ་བ་ཡོད་པ་མ་ཡིན་ནོ། །ཅི་སྟེ་མ་ཤ་ཀ་ལ་སོགས་པའི་གྲངས་མི་མཉམ་པའི་སྐྱོན་དུ་མ་གྱུར་ཅིག་སྙམ་པ་ནས། ཡུངས་ཀར་ནས་བརྩམས་ཏེ་རེ་རེ་བསྣན་པ་ནས་ཚོགས་ཆེན་པོའི་བར་དུའོ། ། དེ་ལྟར་ཚོགས་ཆེན་པོ་དེ་ཐམས་ཅད་ལྕི་བ་ཉིད་དུ་རྟོགས་པ་མ་ཡིན་ནོ། །ཡུངས་ཀར་གཉིས་ལ་སོགས་པའི་འབྲས་བུའི་རྫས་ཀྱི་ཕྲེང་བ་གཉིས་པོ་དེ་ལ་ལྡན་པའི་འབྲས་བུ་གང་ཡིན་པ་དེ་ནི་ལྕི་བ་ཉིད་དུ་འབྱུང་བའི་ངང་ཚུལ་ཅན་ཉིད་ཡིན་ཞིང་། དེ་བཞིན་དུ་གསུམ་པ་ལྡན་པ་ན་འབྲས་བུའི་རྫས་ ཡོད་པ་ལྕི་བ་ཉིད་ཀྱི་ངང་ཚུལ་དུ་འབྱུང་བ་ཡིན་ནོ། །དེ་ལྟར་ན་གོང་ནས་གོང་དུ་འཕེལ་ལྡན་ཐམས་ཅད་ལྕི་བ་ཉིད་རྟོགས་པ་ཉིད་ནི་མ་ཡིན་ནོ་ཞེ་ན། འདི་ལྟར་གལ་ཏེ་ཡུངས་ཀར་ནས་བརྩམས་ནས་ཚོགས་ཆེན་པོ་གོང་ནས་གོང་དུ་ནི། འཕེལ་ལྡན་འབྲས་འཕེལ་ལྕི་བ་ཉིད་རྟོགས་པ་ཉིད་ནི་མ་ ཡིན་ན། །དེའི་ཚེ། ཡུངས་ཀར་ལས་སྔར་ལྕི་བ་ཉིད་ཤིན་ཏུ་རྟོགས་དཀའ་བ་ཡུངས་ཀར་ལས་སྔར་ཇི་སྲིད་འབྲས་བུའི་ཕྲེང་བ་ཤིན་ཏུ་ཕྲ་བའི་ལྕི་བ་ཉིད་གང་ཡིན་པ་ཆུང་བ་སྟེ། དེ་རྟོགས་པར་དཀའ་བ་ཉིད་ཡིན་ནོ། །ཡུངས་ཀར་ལས་གཞན་པའི་ལྕི་བ་ཉིད་ཀྱང་ཉེ་ བར་མཚོན་པ་རང་ཉིད་ཀྱིས་ཀྱང་བསྙོན་པར་ནུས་པ་མ་ཡིན་པ་དེ་ལྟར་ན་འབྲས་བུའི་རྫས་དེའི་རྡུལ་ཕྲ་རབ་ཀྱི་ངོ་བོ་རྒྱུ་ནི་གཞལ་བྱ་ཐོབ་པའོ། །ཅིའི་ཕྱིར་ཞེ་ན། དེའི་འབྲས་བུ་ལྕི་བ་མཚོན་པ་མེད་ཕྱིར་ཏེ་དེ་མ་ཐག་པར་བཤད་ཟིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་དག་ལ་ལྕི་བ་ཉིད་ལ་སོགས་ པའི་ཡོན་ཏན་དམིགས་པ་ཡོད་པ་མ་ཡིན་ཏེ། དེ་མི་དམིགས་པ་ཉིད་ལས་ཡན་ལག་ཅན་དུ་བརྟགས་པའི་ཕྱིར་རོ། །དེ་བས་ན་དོན་ཐམས་ཅད་མངོན་སུམ་ཉིད་མ་ཡིན་པར་ཐལ་བར་འགྱུར། གལ་ཏེ་རས་བལ་ལྕི་བར་རྟོགས་པ་མེད་པ་དེ་ལྟ་ན་ཡང་། དེ་སྣང་བ་ཉིད་ཡིན་པའི་ཕྱིར་དེ་ཡོད་པ་ཉིད་ ཡིན་པར་རིགས་པ་ཡིན་ཏེ། ཡན་ལག་ཅན་གྱི་མཚན་ཉིད་ཅན་གྱི། དོན་དེ་མི་མཐོང་རས་བལ་བཞིན། །དེའི་འབྲས་བུ་སྟེ། ལྕི་བ་དང་གཟུགས་དང་བསྒྲིབས་པ་ལ་སོགས་པ་མཐོང་བ་མེད་དོ། །དེ་བས་ན་མ་ཤ་ཀ་ལ་སོགས་པ་དེའི་ལྕི་བའི་ཡོན་ཏན་རྟོགས་མེད་བཞིན་དེའི་ཡོན་ཏན། ཐམས་ཅད་དེ། གཟུགས་ལ་སོགས་པ་དག་ཉེ་བར་མཚོན་མེད་ཕྱིར་རྒྱུའི་ཕྱིར། མ་ཤ་ལ་སོགས་ལྷག་མ་མེད། དམའ་དེ་མཚོན་པ་སྟེ། དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར། མ་ཤ་ཀ་ལ་སོགས་པ་ལྷག་པ་མེད་པ་ནི། ཉེ་བར་མཚོན་པ་ཙམ་ནི་ཡིན་མོད་ཀྱི། འོན་ཀྱང་ལྕི་བ་ ལ་སོགས་པ་བཞིན་དུ་དེའི་གཟུགས་ལ་སོགས་པ་མེད་པར་ཡང་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་ཡུལ་དུ་གྱུར་པ། ལྷག་དང་ལྷག་ཉིད་བདག་ཅི་བཞིན། དབང་པོས་མིག་ལ་སོགས་པས་མཐོང་བ་མེད་ཕྱིར་ཏེ། རྒྱུའི་ཕྱིར་རོ། །འཇི་བ་ལ་སོགས་པ་རིལ་བུ་མ་ འདྲེས་པའི་གནས་སྐབས་ཀྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་ལས་འདྲེས་པའི་གནས་སྐབས་ཀྱི་གཟུགས་ལ་སོགས་པ་ལྷག་པ་ཡང་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་པོས་མཐོང་བ་མེད་ཕྱིར་རོ། །འདིས་ནི་མེད་པའི་ཐ་སྙད་བསྒྲུབ་པའི་ཕྱིར། མི་དམིགས་པའི་བདག་ཉིད་ཅན་གྱི་ སྒྲུབ་པར་བྱེད་པ་བསྟན་པ་ཡིན་ནོ། །ཁས་བླངས་རང་གི་ཚིག་སོགས་ཀྱིས། །གནོད་པ་དག་ནི་ཡོད་པས་ཀྱང་། །སོགས་པ་སྨོས་པས་ནི། མངོན་སུམ་དང་། རྗེས་སུ་དཔག་པ་དང་། གྲགས་པས་གནོད་པ་ཡོད་པ་གཟུང་ངོ་། །ཇི་ལྟར་ཁས་བླངས་པའི་གནོད་པ་ཡོད་པ་ནི་ཁས་བླངས་པ་ལ་སོགས་པ་གང་ གིས་གང་ལ་གནོད་པ་ཡོད་པ་དེས་གནོད་པར་བརྗོད་པར་བྱའོ་ཞེས་བསྟན་པའི་དོན་ཏོ། །ཇི་སྐད་བཤད་པའི་ཕྱོགས་ལ་ནི། །ཇི་ལྟར་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་མེད་ན་མི་འབྱུང་བར་ཡོད་པ་ཅན་ལ་གནོད་པ་ཡོད་པ་དེ་ལྟར། ཇི་སྐད་བཤད་པའི་ཕྱོགས་ཀྱི་ཆོས་ཅན་གྱི་ཁྱད་པར་དང་། རང་གི་ངོ་ བོ་གསལ་བ་ལ། དཔེ་གཞན་གང་ཡིན་པ་དེ་ཡང་། རྟོགས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །རང་ཉིད་ཀྱི་གཞུང་བཤད་པར་བྱ་བ་ལ། གཞན་གྱི་འདོད་པ་དཔྱོད་པ་ཡན་ལག་མ་ཡིན་དུ་ཟིན་ཀྱང་བཤད་པར་བྱ་བའི་གཞུང་གི་ནང་དུ་འདུས་པ་ཉིད་ཀྱིས་ཞར་ལ་འོངས་པ་དཔྱོད་པ་མེད་པར་ཅིའི་ཕྱིར་ འདུག་ཅེ་ན། དེ་བཤད་འདོད་པའི་ཕྱིར་བྱེད་པ་དང་ལྡན་དུས་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པ་ཅན་ལ་སོགས་པ་དག་གི་བསྒྲུབ་པར་བྱ་བ་བཤད་པ་ནི་དམ་བཅའ་བ་ཡིན་པ་དེ་ལྟར་ན་འདི་བསྒྲུབ་པར་བྱ་བ་སྨོས་པ་ནི་གྲུབ་པ་ལ་བཟློག་པར་ནུས་པ་ཡིན་གྱི། གཏན་ཚིགས་མ་གྲུབ་པ་ལ་སོགས་ པ་ཟློག་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་ན་གཏན་ཚིགས་དང་དཔེ་མ་གྲུབ་པའི་ཚིག་དམ་བཅའ་བར་ཐལ་བར་འགྱུར་ཏེ། དཔེར་ན་སྒྲ་རྟག་པ་ཡིན་ཏེ། མིག་གིས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་དང་། སྒྲ་རྟག་སྟེ། ལུས་ཅན་ཡིན་པ་ཉིད་ཀྱི་ཕྱིར་ཏེ། བློ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །ཅིའི་ཕྱིར་ ཞེ་ན། བྱེད་པ་དང་ལྡན་པའི་རྐྱེན་རྣམས་དུས་གསུམ་གྱི་ཡུལ་ཅན་ཉིད་ཕྱིར་བསྒྲུབ་པར་བྱ་བར་འགྱུར་བ་ཡང་དམ་བཅའ་བ་ཉིད་ཡིན་པ་བཟློག་པར་དཀའོ། །དེ་བས་ན་རྟག་པ་ཉིད་སྒྲུབ་པར་བྱེད་པ་གང་དེ་བཞིན་མིན། བདག་ཉིད་བློ་ལ་སོགས་པ་མི་རྟག་པ་ཉིད་ལ་སོགས་པའི་རང་བཞིན་ཅན་ནོ། །དེ་ལྟར་མ་གྲུབ་ པ་གཞན་ལ་དེ་ལྟ་བུའི་ངོ་བོར་འགོད་པ་དེའི་ཚེ། རྟག་པ་ཉིད་སྒྲུབ་པར་བྱེད་པའི་དུས་ན། བསྒྲུབ་པར་མི་འདོད་པའང་། བསྒྲུབ་པར་བྱ་བའི་སྐྱོན་དུ་ཐལ་བར་འགྱུར་རོ། །དེ་ཕྱིར་ཤེས་བྱེད་སྐབས་ལ་ནི། །ཤེས་པའི་ཕྱིར་སྒྲུབ་པར་བྱེད་པའི་སྐབས་ལས་ཅུང་ཟད་ཅིག་མ་གྲུབ་པ་གང་ཡིན་པ་དེ་མ་ གྲུབ་ཐམས་ཅད་འགལ་བ་མེད་པ་འཛིན་པར་བྱེད་པའི་བསྒྲུབ་པར་བྱ་བའི་སྒྲས་ཁྱད་པར་དེའི་ཚེ། རྒོལ་བར་འདོད་པ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཁྱད་པར་ཕྱོགས་ཉིད་ཡིན་པར་དམིགས་པར་མི་འགྱུར་ཏེ། རྟོགས་པར་མི་འགྱུར་རོ། །གལ་ཏེ་བསྒྲུབ་པར་བྱ་ བའི་སྒྲ་སྤྱིའི་སྒྲ་ཉིད་ཡིན་པའི་ཕྱིར། ཁྱད་པར་སྟོན་པ་མ་ཡིན། ཅིའི་ཕྱིར་གཏན་ཚིགས་ལ་སོགས་པའི་མ་གྲུབ་པའི་ཚིག་ཉིད་དམ་བཅའ་བར་འགྱུར་རོ་ཞེས་བརྗོད་ཀྱི། ཐམས་ཅད་མ་གྲུབ་པ་ཡང་མ་ཡིན་ཞེ་ན། ཤེས་པར་བྱེད་པའི་སྐབས་ལས་གཞན་ལ་ཐལ་བ་མེད་དོ། གཞན་ དུ་རི་བོང་རྭ་ལ་སོགས། །ཀུན་ལ་མ་གྲུབ་ཀྱང་སྒྲུབ་འགྱུར། །དེ་བས་ན་དེ་ནི་ཤེས་པར་བྱེད་པའི་སྐབས་ཡིན་པའི་ཕྱིར་མི་འགྱུར་རོ་ཞེས་འདོད་པར་བྱའོ། །དེ་ལྟར་ནི་འགྱུར་མོད་ཀྱི། རང་གི་ངོ་བོ་ལས་དང་བྱེད་པ་པོ་དང་། བསྒྲུབ་པར་རྣམ་པར་གཞག་པ་དག་ཡིན་ཞིང་། བྱེད་པ་ པོ་དང་ལྡན་པའི་རྐྱེན་འདི་ནི་ལས་ལ་ཡིན་པ་དེས་ན་ལས་བརྗོད་པའི་ངང་ཚུལ་ཅན་གྱིས་བསྒྲུབ་པར་བྱ་བར་སྨོས་པས་སྒྲུབ་པར་བྱེད་པ་འཕངས་པ་མ་ཡིན་ན། གང་གིས་ན་དེ་བསྒྲུབ་པར་བྱ་བ་ཉིད་ཡིན་པར་འགྱུར། བྱེད་པ་པོ་ཆེས་ཤིན་ཏུ་འདོད་པ་ལས་ཡིན་པ་དེའི་ཚེ། གཏན་ཚིགས་ལ་ སོགས་པ་མ་གྲུབ་པ་བསྒྲུབ་པར་བྱ་བ་ཉིད་མ་ཡིན་ནོ། །གྲུབ་པའི་མཐའ་ཡང་རྣམ་པ་བཞི་སྟེ། རྒྱུད་ཐམས་ཅད་ཀྱི་གྲུབ་པའི་མཐའ་དང་། རྒོལ་བ་རྒྱུད་ཀྱི་གྲུབ་པའི་མཐའ་དང་། སྐབས་ཀྱི་གྲུབ་པའི་མཐའ་དང་། ཁས་བླངས་པའི་གྲུབ་པའི་མཐའོ། །དེ་སྐབས་སུ་བྱས་ནས་བསྒྲུབ་ པར་བྱ་བའི་བཤད་པ་དམ་བཅའ་བ་ཡིན་ནོ་ཞེས་བརྗོད་པའི་ཕྱིར། གྲུབ་པའི་མཐའི་མཚན་ཉིད་བཤད་པ་ཡང་དམ་བཅའ་བ་ཡང་ཡིན་ནོ། །དམ་བཅའ་བ་དང་། གཏན་ཚིགས་དང་། དཔེ་དང་། ཉེ་བར་སྦྱར་བ་དང་། མཇུག་བསྡུ་བའི་སྐབས་དག་ལ་སྒྲུབ་པར་བྱེད་པའི་ཡུལ་ཉིད་བསྒྲུབ་ པར་བྱ་བའི་ཡན་ལག་གང་ཡིན་པ་དེ། དམ་བཅའ་ཙམ་ཡིན་ནོ་ཞེས་དོན་གྱིས་རྟོགས་པའི་ཕྱིར། གཏན་ཚིགས་མ་གྲུབ་པ་ལ་སོགས་པ་ཉིད་དམ་བཅའ་བ་མ་ཡིན་ནོ་ཞེ་ན། །དེ་ལ་འདིར་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་ལས་ཡིན་ཏེ། རྣམ་པ་འགས་རྣམ་པ་འགའ་ཞིག་གིས། ཐམས་ཅད་གྲུབ་ པ་མེད་ཕྱིར། བསྒྲུབ་པར་བྱ་བ་གང་ཡིན་པ་དང་། བསྒྲུབ་པར་འགྱུར་བ་གང་ཡིན་པ་དེ་ཐམས་ཅད་ལས་ཉིད་ཡིན་ནོ། །དེས་ན་དེ་ལ་སོགས། ཁྱད་པར་འགོད་པ་དག་གིས་ལན། །གང་ཡིན་པ་དེ་དཔྱོད་པ་ལ་ནི་བསྒྲུབ་པར་བྱ་བའི་ཁྱད་པར་རྟོགས་པར་བྱ་བའི་ཕྱིར་ནུས་པ་མེད་པ་ཡིན་ནོ། ། སོགས་པ་སྨོས་པས་ནི་གྲུབ་པའི་མཐའ་སྐབས་ལ་སོགས་པ་གཟུང་ངོ་། །ཡན་ལག་བསྒྲུབ་བྱ་ཡིན་ཞེས། དེ་བཤད་པའི་དམ་བཅའ་བརྗོད་པ་གང་ཡིན་པ་དེ་ཡང་བརྫུན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔར་མ་གྲུབ་པའི་རང་བཞིན་ཕྱིར། །རྒོལ་བ་གང་དང་པོར་བསྒྲུབ་པར་བྱ་བའམ། སྒྲུབ་ པར་བྱེད་པ་གྲུབ་པ་མི་འདོད་པ་དེས་མཚན་ཉིད་ཀྱི་ཚིག་ལས་དེ་དག་གི་རབ་ཏུ་དབྱེ་བ་རྟོགས་པར་བྱའོ། །མཚན་ཉིད་ཀྱི་སྐབས་སུ་སྒྲུབ་པར་བྱེད་པ་དང་། བསྒྲུབ་པར་བྱ་བའི་དབྱེ་བ་མ་བཟུང་བ་ཅན་གྱིས་གཏན་ཚིགས་ལ་སོགས་པ་མ་གྲུབ་ཡང་དམ་བཅའ་བ་ཉིད་དུ་འཛིན་པར་འགྱུར་བ་དེ་ལྟར་ ན་གང་ལས་ཁྱད་པར་འདོད་པ་ཡིན། གྲུབ་པའི་མཐའི་སྐབས་ཀྱང་སྒྲུབ་པར་བྱེད་པ་མ་ཡིན་ཏེ། འདི་ལྟར་གཏན་ཚིགས་ལ་སོགས་པ་མ་གྲུབ་པ་ལ་ཡང་། གྲུབ་མཐའ་མཚུངས་སོ། །ཅིའི་ཕྱིར་ཞེ་ན། གང་གིས་དེ་དག་ཀྱང་རྒོལ་བའི་རྒྱུད་ལ་སོགས་པའི་གྲུབ་པའི་མཐའི་ཁས་བླངས་མཚན་ཉིད་ཕྱིར། ཁས་བླངས་པའི་རང་བཞིན་ཅན་གྱི་ཁྱད་པར་མེད་པས་གང་ལས་དེ་དག་རྣམ་པར་གཅོད་པ་ཡིན་གལ་ཏེ་ཡང་མ་གྲུབ་པ་ལ་སོགས་པ་དེའི་ཚེ་ཁས་མི་ལེན་པ་དེ་ལྟར་ན་ཁས་བླང་བར་བྱ་བ་དག་ལ་བྱེད་པ་དང་ལྡན་པའི་རྐྱེན་བཤད་པ་ཉིད་ཀྱིས་གྲུབ་པའི་མཐའ་ཉིད་ཐོབ་པར་འགྱུར་རོ། །འདི་ཡང་བསྒྲུབ་པར་ བྱ་བའི་ཆོས་སམ་ཆོས་ཅན་ནམ། གཉི་གར་འགྱུར་གྲང་ན། གལ་ཏེ་ཆོས་ཅན་ཙམ་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར། དེའི་ཆོས་ཡོད་པ་ཅན་དཔེ་ཡིན་ནོ་ཞེས་བྱ་བ་འགལ་བར་འགྱུར་རོ། །དེ་ལྟར་ན་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཉིད་སྐྱེ་བ་དང་ལྡན་པ་ ཉིད་ལ་སོགས་པར་ཆོས་སུ་མི་འགྱུར་ཏེ། དེ་ནི་སྒྲའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་དཔེའི་ཆོས་དེའི་ཆོས་ཉིད་ཡོད་པ་ཅན་ཉིད་དུ་མི་འགྱུར་རོ། །ཅི་སྟེ་ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་ན་དེའི་ཚེ། ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་ན། དཔེ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་ སྒྲུབ་པར་བྱེད་པའི་གཏན་ཚིགས་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྒྲ་གྲུབ་པ་མ་ཡིན་པ་གང་གིས་ན་བསྒྲུབ་པར་བྱ་བ་དེ་སྒྲུབ་པར་བྱེད་པ་དེའི་གཏན་ཚིགས་ཡིན་ཏེ། སྒྲ་ནི་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་ཆོས་དང་ཆོས་ཅན་གཉི་ག་བསྒྲུབ་ པར་བྱ་བ་ཡིན་པ་དེའི་ཚེ། གཉི་ག་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་བའི་སྐྱོན་གང་ཡིན་པ་དེ་ལྡོག་པ་མེད་པ་ཉིད་ཡིན་ནོ། །དེ་ལྟར་གནས་པ་ལ་འོན་ཏེ་ཚོགས་པ་བསྒྲུབ་པར་བྱ་བ་ཉིད་ཡིན་པར་འགྱུར་རོ་ཞེ་ན། བཤད་པ་དེའི་ཚེ། ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ནའང་། ཁས་ལེན་པར་བྱེད་ན་གཞན་ནི་གཞན་གྱི་ ཁྱད་པར་ཡིན། བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནམ་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་བསྒྲུབ་པར་བྱ་བ་ཡིན་པར་འདོད་པར་འགྱུར་ཏེ། ཚོགས་པ་ཅན་དག་ལས་ཚོགས་པ་དོན་གཞན་ཉིད་མ་ཡིན་པའི་ཕྱིར་རོ། །ཆོས་དང་ཆོས་ཅན་གཉིས་བསྒྲུབ་ པར་བྱ་བ་ཡིན་པ་དེའི་ཚེ། གཏན་ཚིགས་དང་། དཔེའི་མཚན་ཉིད་མ་གྲུབ་པ་ཡིན་ནོ། །དེ་ལྟར་ན་ཆོས་ཀྱིས་ཁྱད་པར་ཅན་དུ་བྱས་པའི་ཆོས་ཅན་གྱི་སྐྱེ་བ་དང་ལྡན་པ་ཉིད་ལ་སོགས་པའི་སྒོ་ནས་དཔེ་ལ་ཆོས་མཐུན་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་ཆོས་ཅན་ལ་གཞན་གྱི་གཏན་ ཚིགས་མ་གྲུབ་པ་ཡིན་པས་ན་གཏན་ཚིགས་ཀྱི་མཚན་ཉིད་མ་ཡིན་ནོ། །མི་རྟག་པས་ཁྱད་པར་དུ་བྱས་པའི་ཆོས་ཅན་དཔེ་ལ་ཆོས་མཐུན་པ་ཡོད་པ་མ་ཡིན་པས་ན་དཔེའི་མཚན་ཉིད་མ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་སུམ་ཅུ་རྩ་དགུ་པ། ཅི་སྟེ་འདི་ལྟར་སྐྱེ་བ་ དང་ལྡན་པ་ཉིད་ལ་སོགས་པའི་ཆོས་ཉིད་ལ། བསྒྲུབ་བྱའི་སྒྲ་ནི་མེད་པའི་ཕྱིར། །གལ་ཏེ་ཆོས་ཅན་འཇུག་ཅན་འདོད། །ཇི་ལྟར་ཁོ་བོ་ཅག་གིས་བསྒྲུབ་པར་བྱ་བའི་ཕྱོགས་གཅིག་ཉིད་ཡིན་པའི་ཕྱིར་ཉེ་བར་བཏགས་ནས་ཕྱོགས་གཅིག་ལ་འཇུག་པ་ཅན་བསྒྲུབ་པར་བྱ་བའི་སྒྲས་བཤད་པ་ཡིན་ནོ། །དེའི་ ཚེ་བསྟན་བཅོས་ཀྱིས་ཆོག་པ་ཡིན་ན། དེའི་ཚེ་མཚན་ཉིད་ཀྱི་ཚིག་གིས་ཅི་ཞིག་བྱ། བདག་ཉིད་ཅི་རིགས་པར་རྟོགས་ཤིང་ཤེས་ནས། འཇིག་རྟེན་ཉིད་ནི་འཇུག་པར་འགྱུར། ཁོ་བོས་ནི་ཕྱོགས་ཀྱི་ཕྱོགས་གཅིག་ཏུ་རུང་བའི་ཆོས་ཅན་གྱི་ཆོས་ཉིད་ཡོངས་སུ་བཟུང་བའི་ཕྱིར་མཚན་ཉིད་ཀྱི་ཚིག་སྨོས་པ་ཡིན་པ་དེ་ལྟར་རིགས་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ། །དེ་བས་ན་ཅི་ཙམ་པའི་ཚིག་གིས་དེ་བརྗོད་པར་བྱའོ། །གཞན་ཡང་བསྒྲུབ་པར་བྱ་བ་སྟོན་པ་དམ་བཅའ་བ་ཡིན་ནོ་ཞེས་བྱ་བ་འདི་ལ་བསྒྲུབ་པར་བྱ་བ་སྟོན་པ་ཉིད་དམ་བཅའ་བ་ཉིད་ཡིན་ནོ་ཞེས་སྔར་ངེས་པར་གཟུང་བའམ། བསྒྲུབ་པར་བྱ་བ་སྟོན་པ་དམ་བཅའ་བ་ ཉིད་ཡིན་ནོ་ཞེས་བྱ་བ་ཕྱིས་ངེས་པར་གཟུང་བ་ཡིན་པར་འགྱུར་གྲང་ན་དེ་ལ་རེ་ཞིག་སྔར་ངེས་པར་བཟུང་བ་ནི་གྲུབ་པ་ལྡོག་པར་མ་གྲུབ་པ་ཡོངས་སུ་བཟུང་བའི་དོན་མ་ཡིན་ནོ། །འདི་ལྟར་དེའི་དོན་ལ་དམ་བཅས་པའི་དོན་ལ་བསྒྲུབ་བྱར་རྟོགས། དེ་ཁོང་དུ་ཆུད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། སྒྲུབ་བྱེད་བསྟན་པའི་ཤུགས་ཉིད་ཀྱིས་གལ་ཏེ་གྲུབ་པར་འགྱུར་བ་དེའི་ཚེ། རྩོད་པའི་གནས་མ་ཡིན་པའི་ཕྱིར། དེ་སྒྲུབ་པའི་ཕྱིར། སྒྲུབ་པར་བྱེད་པ་བརྗོད་པར་མི་འགྱུར་ན། སྒྲུབ་པར་བྱེད་པ་བརྗོད་པར་ཡང་འགྱུར་བ་དེ་ནི་མ་གྲུབ་པ་ཉིད་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །གཞན་ ཡང་བསྒྲུབ་པར་བྱ་བ་སྟོན་པ་ཉིད་དམ་བཅའ་བ་ཡིན་ནོ་ཞེས་ཡོངས་སུ་བཟུང་བ་ན། སྒྲུབ་པར་བྱེད་པའི་ཚིག་དམ་བཅའ་བ་ཡིན་ནོ་ཞེས་བྱ་བར་སྟོན་པར་འགྱུར་རོ། །སྒྲུབ་པར་བྱེད་པའི་ཚིག་ལ་ཡང་དམ་བཅའ་བ་ཡོད་པ་ཉིད་མ་ཡིན་པ་དེ་ལྟར་ན། སྒྲུབ་པར་བྱེད་པ་སྟེ། སྒྲུབ་པར་ བྱེད་པའི་ཚིག་ལ་དམ་བཅའ་བ་ཉིད་དུ་ཐེ་ཚོམ་མེད་དོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་སོགས་ཚིག་གིས་ཡུལ་འདི་ལ་ཁྱབ་ཕྱིར་རོ། །དེ་བས་ན་རྒྱུ་འདིས་སྔར་ངེས་གཟུང་ཡིན། དེ་ཡིས་ནི། གཏན་ཚིགས་ལ་སོགས་པས་དོན་འདི་འཕངས་པ་ཡིན་པའི་ཕྱིར་དམ་བཅའི་མཚན་ཉིད་ བརྗོད་དོན་མེད། གང་གིས་སྔར་ངེས་པ་གཟུང་བ་དོན་མེད་པ་དེའི་ཕྱིར། རྒྱུའི་ཕྱིར་ཤུགས་ལས་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཉིད་ཡིན་ནོ་ཞེས་བྱ་བ་ཕྱིས་ངེས་པར་གཟུང་བ་འདི་ལ་བསྒྲུབ་པར་བྱ་བ་སྟོན་པ་ཉིད་ཡིན་ནོ་ཞེས་བྱ་བར་བཤད་པ། ཁྱབ་པའི་འབྲས་ཅན་ཡིན་པ་སྟེ། ། མི་ལྡན་པ་རྣམ་པར་གཅོད་པའི་འབྲས་ཅན་ཡིན་པ་དེ་ལྟར་ན། གཏན་ཚིགས་དང་དཔེ་མ་གྲུབ་པ་སྟོན་པ་དམ་བཅའ་བ་ཉིད་ཡིན་པར་ཐལ་བར་འགྱུར་རོ། །དམ་བཅའ་བ་ཉིད་ཡིན་ན་ངག་གིས་འགལ་བ་ནི་དམ་བཅའ་བའི་སྐྱོན་ཡིན་ཏེ། དཔེར་ན་སྒྲ་རྟག་པ་ཡིན་ཏེ། ཐམས་ཅད་མི་རྟག་པ་ཉིད་ཡིན་ པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་འདིར་སྒྲ་རྟག་པ་ཡིན་ནོ། །ཐམས་ཅད་མི་རྟག་པ་ཉིད་དང་འགལ་བ་ཡིན་ཏེ། ཐམས་ཅད་མི་རྟག་པ་ཉིད་ཡིན་ན་སྒྲ་ཐམས་ཅད་ཀྱི་ཁོངས་སུ་འདུས་པ་པ་ཉིད་ཀྱི་ཕྱིར། སྒྲ་རྟག་པ་ཉིད་འགལ་བ་ཡིན་ནོ་ཞེ་ན། དེ་ལ་འདིར་ འདོད་དང་འབྲེལ་མེད་འགལ་བ་ཡིན་པར་འགྱུར་ཏེ། འདོད་པའི་དོན་དང་འབྲེལ་པ་མེད་ཉིད་ཡིན་ན་འགལ་བ་ཡིན་པར་འགྱུར་རོ། །དེ་ཡང་ཕན་མི་འདོགས་ལྷན་ཅིག་མི་གནས། རྣམ་པ་གཉི་ག་དང་འདོད་པ་འབྲེལ་པ་མེད་པར་འགྱུར་རོ། །གཏན་ཚིགས་བསྒྲུབ་པར་བྱ་བ་ལ་ཕན་འདོགས་ པ་མི་བྱེད་པ་དེ་ལྟར་ན། ཕན་མི་འདོགས་པའི་ཕྱིར་རམ། ལྷན་ཅིག་མི་གནས་པའི་ཕྱིར། དེ་ལ་རེ་ཞིག་འདིར་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། གལ་ཏེ་གཏན་ཚིགས་སྐྱོན་དང་ལྡན་པ་ཡིན་ན་བསྒྲུབ་པར་བྱ་བའི་དོན་ལ་གནོད་པའི་ཕྱིར་དམ་བཅའ་བའི་སྐྱོན་དུ་འགྱུར་བ་དེ་ལྟར་རྟགས་ཀྱི་སྐྱོན་ ཐམས་ཅད་རྟགས་ཀྱི་མ་གྲུབ་པ་ལ་སོགས་པའི་སྐྱོན་ཐམས་ཅད་དམ་བཅའི་སྐྱོན་ཉིད་འགྱུར། དེའི་སྐྱོན་དག་གིས་དམ་བཅའ་བ་ལ་གནོད་པའི་ཕྱིར་རོ། །ཕྱོགས་སྐྱོན་གཞན་ལ་ལྟོས་པ་ནི། །ཡན་ལག་ཕྱི་མ་ལ་ལྟོས་པ། །མ་ཡིན་ཞེས་ཀྱང་སྔར་བསྟན་ཟིན་ཏོ། །དེ་བས་ན་དམ་བཅའ་བ་ཙམ་དང་རྗེས་ སུ་འབྲེལ་པ་ཙམ་ཉིད་དམ་བཅའ་བའི་སྐྱོན་ཡིན་ནོ། །ཅི་སྟེ་འདོད་དང་འབྲེལ་མེད་ཅན་ཏེ། བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པ་དང་། ལྷན་ཅིག་བྱེད་པ་ནི་དེ་དང་ལྷན་ཅིག་གནས་པ་མ་ཡིན་པའི་གཏན་ཚིགས་ཡིན་པ་དེ་བས་ན། དེ་ལ་མེད་པའི་ཕྱིར་འགལ་བ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ ཏེ། འདི་ལྟར། འདོད་དང་མེད་ཅན་མ་གྲུབ་ཡིན། །གཏན་ཚིགས་ཀྱི་སྐྱོན་ཡིན་གྱི། འདི་ཕྱོགས་ཀྱི་སྐྱོན་ཉིད་ཡིན་པར་མི་འགྱུར་རོ། །ཐམས་ཅད་མི་རྟག་པ་ཉིད་ཀྱི་གཏན་ཚིགས་ཀྱིས་སྒྲ་ལ་རྟག་པ་ཉིད་བསལ་བ་མ་ཡིན་ན། གང་གིས་ན་དམ་བཅའ་བའི་དོན་ལ་འགལ་བར་འགྱུར། ཅིའི་ཕྱིར་ཞེ་ན། འདི་ལྟར་གལ་ཏེ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་ཀྱིས་སྒྲ་གཏན་ཚིགས་དང་བཅས་པར་འགྱུར་བ་དེ་བས་ན། མི་རྟག་གཏན་ཚིགས་བཅས་ཡིན་ན། བསྒྲུབ་པར་བྱ་བའི་ཆོས་དེ་ཡང་དེ་ལྟར་བསལ་བར་འགྱུར་ཞིང་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་སྒྲ་ལ་དེ་སྐད་བསྟན་པར་འགྱུར་རོ། །འདི་ལྟར་ཐམས་ ཅད་མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་འདི་ལ་དཔེ་བཤད་པ་ཉིད་ལས། དོན་མཐོང་གཞན་ཅི་ཞིག་ཡོད་དེ། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་དེ་ནི་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་སྟོན་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་ཁྱད་པར་ཏེ་སྒྲ་ཉིད་ལའོ། །ཐ་དད་དེ། འགལ་བའི་ཆོས་རྟག་པ་ ཉིད་བཤད་པ་ཡིས་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་སྤྱི་ནི་རྗེས་སུ་འཇུག་ཡིན་ན། དེ་ལ་ཁྱད་པར་སྒྲ་ཞེས་བྱ་བའི་ཁྱད་པར་དེས་མི་རྟག་པ་ཉིད་ཐོབ་པ་མ་ཡིན་ནོ། །འདི་ལྟར་ཁྱད་པར་སྐབས་སུ་བྱས་ནས་ཕྱིས་སྤྱི་བསྒྲུབ་ཁྱད་པར་དེ་ལ་བརྟེན་པ་མ་ཡིན་གྱི། འོན་ཀྱང་སྐབས་སུ་བབ་པའི་ཁྱད་པར་གྱི་ཡུལ་ སྤངས་ནས་གཞན་ཐམས་ཅད་ལ་འཇུག་པར་འགྱུར་ཏེ། དཔེར་ན་བྲམ་ཟེ་ཀུན་དིའི་བུ་ལ་དར་བ་བྱིན་ཅིག་ཅེས་བྱས་ནས། བྲམ་ཟེ་དག་ལ་ཞོ་བྱིན་ཅིག་ཅེས་སྨྲས་པས། ཀུན་དིའི་བུ་ལ་ཞོ་བྱིན་པ་མ་ཡིན་གྱི། འོན་ཀྱང་དེ་ལས་བཟློག་པའི་བྲམ་ཟེ་གཞན་དག་ལ་ཡིན་པ་ལྟ་བུའོ། །དེ་ལྟར་སྒྲ་རྟག་པ་ཉིད་ཡིན་པ་ བརྗོད་ནས་ཐམས་ཅད་ལ་རྟག་པ་ཉིད་ཡིན་པར་སྨྲ་བ་ན་སྒྲ་ལས་བཟློག་པ་གཞན་ཐམས་ཅད་ལ་བརྟེན་པ་ཡིན་ནོ། །དེ་བས་ན་སྒྲ་ལ་མི་རྟག་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ན། ཇི་ལྟར་ན་རང་དང་འགལ་བ་སེལ་བར་འགྱུར། གལ་ཏེ་སྒྲ་ལས་བཟློག་པ་ཐམས་ཅད་མི་རྟག་པ་ཉིད་ཡིན་པར་འགྱུར་བ་དེའི་ཚེ། སྤྱི་ཡིས་ ནི། རྗེས་སུ་འཇུག་པའི་འབྲས་བུ་ཅི། །དཔེར་ན་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་སྒྲ་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཉིད་བརྗོད་པར་བྱ་བར་འགྱུར་རོ། །དེ་བས་ན་སྒྲ་ལ་མི་རྟག་པ་ཉིད་མེད་པ་ཡིན་པ་དེ་བས་ན། དེ་ལ་རྟག་པ་ཉིད་སེལ་བར་བྱེད་པ་མ་ཡིན་ ནོ། །ཡོད་པ་ཡིན་ན་སེལ་བར་འགྱུར་རོ། །དེའི་ཕྱིར་སློབ་དཔོན་གྱིས། སྒྲའི་མི་རྟག་པས་བསལ་པར་འགྱུར་བ་ཡིན་ཞེས་གསུངས། ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདིས་ནི་དེ་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་བཤད་པ་ཡིན་པར་གནས་པ་ཡིན་ཏེ། དེའི་མཚན་ཉིད་ཀྱི་རྗེས་སུ་བྱེད་ པའི་ཕྱིར་རོ། །གཏན་ཚིགས་ཀྱང་ཉེ་བར་སྦྱར་བ་ལས་ཡིན་པ་དེ་ལྟར་ན། དཔེར་ན་ཐམས་ཅད་ནི་མི་རྟག་པ་ཡིན་ལ། སྒྲ་ཡང་ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། རྟག་པ་ཡིན་ཏེ། ཐམས་ཅད་མི་རྟག་པ་ཡིན་པ་ཉིད་ནི་གཏན་ཚིགས་ཡིན་ནོ། །དེ་ཡང་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཐམས་ ཅད་ཀྱི་སྒྲ་འཇིག་རྟེན་ལ་གྲགས་པ་ཡིན་ནམ། འགའ་ཞིག་ལ་གྲགས་པ་ཡིན་པར་འགྱུར་གྲང་ན། གལ་ཏེ་འཇིག་རྟེན་ལ་གྲགས་པ་ཡིན་པ་དེའི་ཚེ། མ་ལུས་པ་འཕངས་པས་འཇུག་པ་ཡིན་པ་དེ་བས་ན་སྒྲ་ཡང་འཕངས་པ་ཡིན་པ་དེ་ལྟར་ན། སྒྲ་དེ་དག་གི་ནང་དུ་ འདུས་པ་ཡིན་ཏེ། ཐམས་ཅད་ཀྱི་ཁོངས་སུ་འདུས་པ་ཉིད་ཀྱི་ཕྱིར། ཐམས་ཅད་མ་ཡིན་པ་ཉིད་དུ་མ་གྲུབ་པ་ཡིན་ནོ། །ཅི་སྟེ་འགའ་ཞིག་ལ་གྲགས་པ་ཡིན་ན་སྒྲ་མ་ཡིན་པ་གང་ཡིན་པ་དེ་དག་ནི་ཐམས་ཅད་ཀྱི་སྒྲས་བརྗོད་པར་བྱ་བ་ཡིན་ཞིང་། སྒྲ་གཅིག་པུ་ཐམས་ཅད་མ་ཡིན་པ་དེ་ ལྟར་ན། སྒྲ་དང་ཐམས་ཅད་མ་ཡིན་པ་ཞེས་བྱ་བ་དེ་དག་རྣམ་གྲངས་ཀྱི་སྒྲ་ཉིད་ཡིན་ནོ། །དེ་ལྟར་ན་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ། སྒྲ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་མ་གྲུབ་པ་ཡིན་པ་དེ་ལྟར་ན་འདི་ཡང་མ་གྲུབ་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། ། ཐམས་ཅད་ཀྱི་ཁོངས་སུ་འདུས་པ་ཉིད་ཀྱི་ཕྱིར། ཐམས་ཅད་མ་ཡིན་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ན། གཞན་དག་ན་རེ་ཕྱོགས་གཅིག་ཉིད་ཡིན་པའི་ཕྱིར། སྒྲ་ཇི་ལྟར་ཐམས་ཅད་མ་ཡིན་པ་ཉིད་ཡིན་ནོ་ཞེས་སྨྲའོ། །དེ་དང་དེ་ནི་བདེན་པ་མ་ཡིན་ཏེ། གལ་ཏེ་ཐམས་ཅད་ཀྱི་ ཕྱོགས་གཅིག་ཉིད་ཡིན་པའི་ཕྱིར། སྒྲ་ཐམས་ཅད་མ་ཡིན་པ་དེའི་ཚེ་དངོས་པོ་སྒྲའི་བདག་ཉིད་ཅན་མ་ཡིན་པ་དག་ཀྱང་སོ་སོར་རེ་རེ་ལ་ཕྱོགས་གཅིག་ཉིད་ཡོད་པ་མ་ཡིན་པ་དེ་ལྟར་ན། དེ་དག་ལ་ཡང་ཐམས་ཅད་མ་ཡིན་པ་ཉིད་ཡོད་པའི་ཕྱིར་འགའ་ཞིག་ཐམས་ཅད་ཡིན་པར་ མི་འགྱུར་ན། དེ་ལྟར་ཡང་ནི་འདོད་དོ། །ལན་འདི་ཡུལ་གཞན་ལ་ནི་ཞེས་བྱ་བ་ལ་སོགས་པས་གཞུང་འཛུགས་པར་བྱེད་དོ། །ཡུལ་གཞན་ལ་ནི་འགལ་སྨྲ་བས་སྒྲ་ནི་གཞན་ཉིད་ཡིན་པར་སྨྲ། སྒྲ་ལ་ཐམས་ཅད་ཉིད་ལ་འགལ་བ་ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཆོས་སྨྲ་བ་ན་སྒྲ་དེ་མཉན་ པ་ཐམས་ཅད་ལས། གཞན་ཉིད་ཡིན་པར་སྨྲའོ། །དེ་ལྟར་ན་གང་ཞིག་གང་དང་འགལ་བའི་ཆོས་ཅན་ལ་སྨྲ་བ་དེས་དེ་ལས་ཐ་དད་པ་ཉིད་ཡིན་པ་བརྗོད་པར་འགྱུར་རོ། །དེ་ཡང་སྟེ་སྒྲ་ཐམས་ཅད་ལས་ཐ་དད་པར་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྤྱི་ནི་ཁྱད་པར་མི་སྤོང་ ཕྱིར། །སྤྱིའི་སྒྲ་ནི་རང་གི་ཁྱད་པར་འདོར་བ་མ་ཡིན་གྱི། འོན་ཀྱང་འཕེལ་བས་འཇུག་པར་འགྱུར་ཏེ། དཔེར་ན་ཤིང་གི་སྒྲ་པ་ལ་ཤ་ལ་སོགས་པའི་ཁྱད་པར་མི་སྤོང་བ་ལྟ་བུའོ། །དེ་བས་ན་ཐམས་ཅད་ཀྱི་སྒྲས་ཀྱང་སྒྲ་ཡང་འཕེན་པར་བྱེད་པ་ཡིན་པ་དེ་ལྟར་ནི་སྒྲ་ཐམས་ཅད་ཉིད་ཡིན་ནོ། །དེ་ལྟར་ ནི་འགྱུར་མོད་ཀྱི། སྤྱི་ཁྱད་པར་འདོར་བ་ཉིད་ཡིན་ཏེ། དཔེར་ན་ཅི་ཤིང་ཤ་པ་ཤིང་ཡིན་ནམ་འོན་ཏེ་མ་ཡིན་ཞེས་དྲིས་པ་ན། ཤིང་ཤ་པ་ཉིད་ཤིང་མ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །ཤིང་ཤ་པ་ལ་ཤིང་བཀག་པ་ཉིད་ཀྱི་ཕྱིར། འདིར་སྤྱིས་ཁྱད་པར་སྤངས་པ་ཡིན་ནོ་ཞེ་ན། སྤངས་པ་མ་ཡིན་ཏེ། འདི་ ལྟར་ཤིང་གི་སྤྱི་དེ་རྣམ་པ་འདིས་ཤིང་ཤ་པ་ལ་གསལ་བ་གཅིག་ལ་ངེས་པ་དེ་བཟློག་པ་ཡིན་གྱི། དེ་ཤིང་ཉིད་ཀྱིས་སྤངས་པ་ནི་མ་ཡིན་ནོ། །འདི་ལྟར། དཔེར་ན་གནས་སྐབས་ལ་ལར་ནི། །ཤིང་ཤ་པ་ཉིད་ཤིང་མིན་ཞེས་སྤྱི་གཅིག་ལ་ངེས་པ་འགོག་པ་ཡིན་པ་དེ་ལྟར་ན་སྒྲ་ཀུན། སྒྲ་གཅིག་ ཉིད་ལ་འཇུག་པ་འགོག་པར་འགྱུར་བའི་ཕྱིར་འདི་འདྲ་བ་འདི་ནི་སྒྲ་ཐམས་ཅད་གཅིག་ལ་འཇུག་པ་ནི་འགོག་པར་འགྱུར་བ་ཡིན་གྱི། སྒྲ་ལ་འཇུག་པ་བཟློག་པ་ནི་མ་ཡིན་ནོ། །འདི་ཙམ་ཉིད་ཀྱིས་སྒྲ་ཐམས་ཅད་སྒྲ་གཅིག་ལ་འཇུག་པ་འགོག་པ་ཙམ་གྱིས་དེ་སྒྲ་ནི་ཀུན་མིན་མ་ཡིན་པར་ འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲའི་ངོ་བོ་མ་ཡིན་པའི་ཁྱད་པར་ཀུན་སོ་སོ་དེ་ཉིད་མིན་ལ། ཐམས་ཅད་ཉིད་མེད་པ་ཡིན་ནོ། །དེ་མེད་ཕྱིར་ཏེ་ཐམས་ཅད་ཉིད་མེད་པའི་ཕྱིར་འགའ་ཞིག་ཀྱང་ཐམས་ཅད་ཉིད་དུ་མི་འགྱུར་བ་ན་འདོད་པ་ཡང་ཡིན་པ་དེའི་ཕྱིར། སྒྲ་ཐམས་ཅད་ཀྱི་ཁོངས་སུ་འདུ་བ་ཡིན་ པས་ན། དེ་ལ་ཐམས་ཅད་མ་ཡིན་པ་ཉིད་མ་གྲུབ་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་འཇིག་རྟེན་ལ་གྲགས་པའི་ཐམས་ཅད་ཉིད་ཡིན་པར་འགྱུར་ན་ནི། ཐམས་ཅད་ཀྱི་ཁོངས་སུ་འདུས་པ་ཉིད་ཀྱི་ཕྱིར། དེ་ཐམས་ཅད་ཉིད་མ་ཡིན་པ་མ་གྲུབ་པར་འགྱུར་ན། གང་གི་ཚེ་གང་ ཞིག་ལ་གྲགས་པའི་ཐམས་ཅད་ཉིད་ཡིན་པ་དེའི་ཚེ། འདི་རྣམ་གྲངས་ཉིད་ཡིན་ན། སྒྲ་ལ་སྒྲ་ཉིད་ཡོད་པ་མ་ཡིན་པ་དེ་ལྟ་ན་ཇི་ལྟར་མ་གྲུབ་པ་ཡིན་ཞེ་ན། བཤད་པ་མ་གྲུབ་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤེས་བྱ་ཤེས་བྱེད་ཐ་དད་ཕྱིར། །བསྒྲུབ་པར་བྱ་བ་ཡང་གཞན་ཡིན་ཞིང་ སྒྲུབ་པར་བྱེད་པ་གཞན་ཡིན་ནོ། །སྒྲ་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ཡང་རང་གི་སྒྲུབ་པར་བྱེད་པ་ལ་ཤེས་པར་བྱེད་པ་ཉིད་དུ་མ་གྲུབ་པ་ཡིན་ཏེ། ཤེས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ཅན་ཤེས་པར་བྱེད་པར་མ་གྲུབ་པ་ཡིན་ནོ། །ཅི་འདྲ་བར་ གྱུར་པ་མ་གྲུབ་ཅེ་ན། གཏན་ཚིགས་ལྡན་པ་དེ། གཏན་ཚིགས་ཉིད་དུ་བརྗོད་པས་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་ན། གཏན་ཚིགས་ལྡན་པའི་ཆོས་ཅན་ནི། །ཤེས་བྱེད་མ་གྲུབ་ཕྱིར། སྒྲ་བསྒྲུབ་པར་བྱ་བའི་ཆོས་ཅན་རང་ཉིད་སྒྲུབ་བྱེད་ལ་ཏེ། བདག་ཉིད་བསྒྲུབ་པར་ བྱ་བའི་ཕྱིར་བརྗོད་པ་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ལྟར་ན་གྲུབ་མིན་ཏེ། སྒྲའི་ངོ་བོ་ཉིད་དུ་གྲུབ་ཏུ་ཟིན་ཀྱང་། བདག་ཉིད་ལ་གཏན་ཚིགས་ཀྱི་ངོ་བོར་མ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དངོས་པོ་ཐམས་ཅད་ལ། །ཆོས་དང་ཆོས་ཅན་འབྱེད་མི་འགྲུབ་པའི་ རྒྱུའི་ཕྱིར། ཐམས་ཅད་ལ་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ལ་ཡོད་པ་ཅན་གྱི་མ་གྲུབ་པ་ཉིད་ཀྱི་སྐྱོན་མཚུངས་པར་འགྱུར་རོ་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདིར་ལྡོག་པས་ཁྱད་ཡོད་ཕྱིར་རོ། །འདི་ཇི་ལྟར་ལྡོག་པས་བྱས་པའི་ཐ་དད་པ་ལ་བརྟེན་ནས་ བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གི་བྱེ་བྲག་ཡོད་པ་ཡིན་ནོ་ཞེས་བསྟན་ཏོ། །ཇི་ལྟར་ཐམས་ཅད་ལས་ལྡོག་པའི་དངོས་པོ་གཅིག་གང་དང་གང་ལས་ཐ་དད་པ་དེ་དང་དེ་ལ་ལྟོས་ནས་ཆོས་སུ་རྣམ་པར་གཞག་པར་འགྱུར་རོ། །འོན་ཀྱང་། དོན་དམ་པར་ནི་དཔྱད་པར་བྱ་སྟེ། སྐབས་སུ་དངོས་པོར་གྱུར་པའི་ཆོས་གཞན་གྲུབ་པ་མ་ཡིན་ཏེ། དེ་ལྟ་བུར་གྱུར་མ་གྲུབ་ཕྱིར། །ཀུན་རྫོབ་པ་ཡི་དངོས་རྣམས་ལ། །དེ་ཉིད་གཞན་ཉིད་འགོག་པར་འགྱུར། །དེ་དག་ནི་དངོས་པོ་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་ན་ཇི་ལྟར་རྗེས་སུ་དཔག་པར་བྱ་བ་དང་ དཔོག་པར་བྱེད་པའི་ཐ་སྙད་རྣམ་པར་གཞག་པ་ཡིན་ཞེ་ན། བཤད་པ། དཔག་བྱ་དཔོག་བྱེད་དག་གི་དོན། །ཐ་སྙད་གནས་པ་འདི་ཡི་ནི། །ཐ་དད་ལ་བརྟེན་ནས་རྣམ་པར་བརྟགས་པ་ཡིན། ལྡོག་པ་ལ་བརྟེན་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་པ་ཅི་འདྲ་བ་ཞིག་ཅེ་ན། ཤེས་པ་ ལ་གྲུབ་སྟེ། ལྡོག་པ་ལ་བརྟེན་པའི་ཕྱིར། ཤེས་པ་ལ་གྲུབ་པའི་ཐ་དད་པ་གང་ཡིན་པ་དེ་ལ་བརྟེན་ནས་སོ། །སྒྲ་ཞེས་བརྗོད་པ་དང་བྱས་པ་ཉིད་ཅེས་བརྗོད་པ་ན་ཤེས་པ་ཐ་དད་པར་འགྱུར་གྱི། དངོས་སུ་ཐ་དད་པ་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་ལྡོག་པ་ལ་བརྟེན་པ་ལས་དེ་མཐར་ ཕྱིན་པའི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ཆོས་དང་ཆོས་ཅན་ལ་ཐ་དད་པ་བསྟན་པ་ཅན་དུ་འགྱུར་རོ། །བདག་ཉིད་ཐ་དད་མཐར་ཐུག་པའི། །ཤེས་དེ་དག་ལ་ཐ་དད་པར། །ཆོས་དང་ཆོས་ཅན་སྣང་འགྱུར་བ། །ཐ་སྙད་དེ་ཡི་རྟེན་ཅན་ཡིན། ཇི་ལྟར་སྣང་བ་བཞིན་གྱི་ཆོས་ཅན་ལ་བརྟེན་ནས་བསྒྲུབ་ པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཐ་སྙད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དོན་ལ་མི་སླུ་བ་ནི་འབྲེལ་པ་ལས་ཡིན་ནོ་ཞེས་བཤད་ཟིན་ཏོ། །འདིར་ནི་ལྡོག་པས་བྱས་པའི་ཐ་དད་པ་ཡང་ཡོད་པ་མ་ཡིན་ན། གང་གིས་ནི་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཡིན་པར་མི་འགྱུར། དེ་ལྟར་ན་འདིར་ནི་ཐ་སྙད་ཐོབ་པ། ཐ་སྙད་ཀྱི་ཐོབ་པའི་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཉིད་སྒྲ་ནི་རྟག་པ་ཡིན་ཏེ། ཐམས་ཅད་མི་རྟག་པ་ཉིད་ཡིན་ནོ་ཞེས་བྱ་བ་འདིར་བསྒྲུབ་བྱ་སྒྲུབ་བྱེད་ཉིད་ཐོབ་པ་ཡིན་ནོ། །བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཉིད་ཐོབ་པ་ཅི་འདྲ་བ་ཞིག་ཅེ་ན། ཐ་དད་བློ་ནི་འདྲེས་ མེད་ཅན། གང་སྒྲ་ཐ་དད་པའི་བློ་འདྲེས་པ་མེད་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །བསྒྲུབ་པར་བྱ་བ་ཉིད་ཐོབ་པའི་རྣམ་པ་ལས་ཐ་དད་པའི་ངོ་བོར་ཤེས་པ་གཞན་ལ་འཇུག་པ་མེད་པ་ནི་ཐ་དད་པའི་བློ་དང་འདྲེས་པ་མེད་པ་ཅན་ཞེས་བྱ་བའི་དོན་ཏེ། སོ་སོར་རྣམ་པར་གཅོད་པ་མེད་པའི་ཕྱིར་ རོ། །གང་གི་ཕྱིར་ཤེས་པས་གྲུབ་པའི་ཡང་ཐ་དད་པ་མེད་པ་དེས་ནི་མ་གྲུབ་པ་སྟེ། སྒྲ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་བསྟན་པ་ཡིན་ནོ། །དེ་དེ་ལྟར་གནས་པ་ལས་གཞན་གྱིས་དཔེར་ན་འདུས་པ་དག་ནི་གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་པ་ཉིད་ཡིན་པའི་ཕྱིར་རམ། འདུས་བྱས་པ་ནི་མི་རྟག་པ་ཡིན་ཏེ། འདུས་བྱས་ཉིད་ཡིན་པའི་ཕྱིར་རོ་ཞེས་དམ་བཅས་པའི་དོན་གྱི་ཕྱོགས་གཏན་ཚིགས་སུ་མཐོང་བ་མ་ཡིན་ནམ། དེ་ལྟར་མ་ངེས་པའི་དོན་ཡིན་པར་སེམས་སོ། །སྐྱོན་དེ་ཡོད་པ་མ་ཡིན་ནོ། །འདུས་མ་བྱས་ཐམས་ཅད་དམ། འདུས་བྱས་ཐམས་ཅད་ ནི་དམ་བཅའི་དོན་མ་ཡིན་ནོ། །འོན་ཀྱང་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ཞིང་སྤྱི་གཏན་ཚིགས་ཡིན་པ་དེ་ན་ལྡོག་པས་བྱས་པའི་ཐ་དད་པ་ལས་ཇི་སྐད་དུ་བཤད་པའི་སྐྱོན་དང་རྗེས་སུ་འབྲེལ་པ་མ་ཡིན་ནོ། །ལན་འདིའི་ཁྱད་པར་སྤྱི་དག་ཅེས་བྱ་བ་ལ་སོགས་པས་གཞུང་ འཛུགས་པར་བྱེད་དོ། །ཤེས་པ་ཐ་དད་པ་མེད་པའི་ཡུལ་བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲུབ་པར་བྱེད་པ་ཉིད་དུ་ཁས་བླངས་པའི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་ཡིན་ཞིང་། དེ་ཡང་འདི་ལ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ཞིང་སྤྱི་སྒྲུབ་པར་བྱེད་པ་ ཡིན་པ་དེ་ལྟར་ན། ཁྱད་པར་སྤྱི་དག་སྟེ་གཉིས་པོ་ཐ་དད་དེ། ལྡོག་པས་བྱས་པའི་ཐ་དད་པ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཁྱད་པར་སྤྱི་དག་ཐ་དད་པའི་རྟགས་ཅན་ཡིན། ཇི་ལྟར་ཡིན་ཞེ་ན། དཔེར་ན། སྒྲ་ནི་རྩོལ་བྱུང་མི་རྟག་ཡིན། །ཞེས་བྱ་བ་ཁྱད་པར་བསྒྲུབ་པར་བྱ་བ་ལ་ཡིན་ཞིང་། རྩོལ་བས་བསླད་པའི་ཕྱིར། སྤྱིའི་ཆོས་གཏན་ཚིགས་སུ་གྱུར་པའི་ཕྱིར་རོ། །དེ་ལྟར་བརྩལ་མ་ཐག་ཏུ་བྱུང་བའི་སྒྲ་ནི་སྒྲ་ཡིན་པས་བུམ་པ་ལ་སོགས་པ་སེལ་བར་བྱེད་ཀྱི། བརྩལ་མ་ཐག་ཏུ་བྱུང་བའི་སྒྲ་ཞེས་བྱ་བ་མ་ཡིན་ཏེ། ལྡོག་པས་བྱས་པའི་ཐ་དད་པ་ལས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་ བྱེད་པ་ཐ་དད་པ་ཡིན་ནོ། །བརྩལ་མ་ཐག་ཏུ་བྱུང་བ་ཉིད་བསྒྲུབ་པར་བྱ་བའི་ཆོས་ཅན་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མ་ཡིན་ཏེ། འདི་ལྟར་ཕྱོགས་ཡན་ལག་ན། ཕྱོགས་ཀྱི་ཆོས་ཀྱི་ཁྱད་པར་ཉིད་ནའང་བརྩལ་མ་ ཐག་ཏུ་བྱུང་བ་ཉིད་ཀྱིས་གནོད་མེད་ཕྱིར། འགལ་བ་མེད་པའི་ཕྱིར་ན། ཆོས་ཅན་ཐ་དད་མ་གྲུབ་མིན། །བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲ་ལས་ཐ་དད་པ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། དཔེར་ན་ཤེས་པ་མི་གསལ་བ་ཡིན་ན། གོང་བུ་མང་པོ་དག་ཉེ་བ་ན། ཅི་རྟ་ཡིན་ནམ་མ་ཡིན་ཞེས་ཐེ་ ཚོམ་དུ་གྱུར་པ་ན། རྭ་ཅན་ཉིད་ཡིན་ཕྱིར། གོང་བུ་རྭ་ཅན་དེ་རྟ་མིན། །ཞེས་བརྗོད་པ་ལྟ་བུའོ། །དེ་ལ་འདིར་གོང་བུ་ཕྱོགས་སུ་བྱས་པ་ནི་རྭ་ཅན་ཉིད་ནི་བསྒྲུབ་པར་བྱ་བའི་ནང་དུ་འདུས་པ་ལ་ལྟོས་པ་མ་ཡིན་ཏེ། གལ་ཏེ་གོང་བུ་རྭ་ཅན་ཉིད་ཀྱིས་ཁྱད་པར་དང་ཁྱད་པར་གྱི་གཞིར་འགྱུར་ན་ཡང་ བསྒྲུབ་པར་བྱ་བར་འགྱུར་རོ་ཞེས་བྱ་བའི་ངེས་པ་མེད་པར་འགྱུར་རོ། །དེ་བས་ན་འདིར་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ཐ་དད་པའི་ཕྱིར་མ་གྲུབ་པ་མ་ཡིན་ནོ། །ཡང་ན་བསྒྲུབ་པར་བྱ་བའི་དུས་ན་ཡན་ལག་མིན། བསྒྲུབ་པར་བྱ་བའི་དུས་ཉིད་ན་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཁྱད་པར་ མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་རྟོགས་ནས་ནི་ལྡོག་ཕྱིར་རོ། །ཡི་གེ་དང་ཚིག་དང་ངག་གི་ངོ་བོ་ཅན་གྱི་སྒྲ་རྟོགས་ནས་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ལྡོག་པར་འགྱུར་རོ། །ལྡོག་པ་དེ་ལས་རང་གི་ངོ་བོར་རྟོགས་པ་བསྒྲུབ་པར་བྱ་བ་ཉིད་ཐོབ་པ་མ་ཡིན་པ་དེ་ལྟར་ན་སྒྲུབ་པར་བྱེད་པའི་དུས་ན་ཁྱད་ པར་ཡོད་པ་མ་ཡིན་པའི་ཕྱིར་མ་གྲུབ་པ་ཡིན་ནོ། །སྒྲ་གཅིག་ལ་སྒྲ་ཉིད་ཡོད་པ་མ་ཡིན་པ་དེ་ལྟར་ན། འདིར་མཉན་པར་བྱ་བ་དང་འདྲ་བར་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་བས་ན། དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིའོ། །ཁྱད་པར་དམ་བཅའི་ དོན་དུ་ཡང་། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱད་པར་ཏེ་མཉན་པར་བྱ་བ་ཡང་དམ་བཅའ་བའི་དོན་ཡིན་པར་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། ཆོས་ཐ་དད་ཕྱིར་རོ། །དེ་ལྟར་ན་སྒྲས་སྒྲ་མ་ཡིན་པ་ རྣམ་པར་གཅོད་ཅིང་། མཉན་པར་བྱ་བའི་སྒྲས་ཀྱང་རྣ་བའི་དབང་པོའི་ཡུལ་མ་ཡིན་པ་རྣམ་པར་གཅོད་པ་དེ་ཡིན་པ་དེ་ལྟར་ན། སྒྲ་ལ་མཉན་པར་བྱ་བའི་ཆོས་ཡོད་པ་ཡིན་པའི་ཕྱིར། དེ་ཐུན་མོང་མ་ཡིན་པར་འགྱུར་རོ། །འདི་ནི་སྒྲ་སྒྲའི་གཏན་ཚིགས་བརྗོད་པ་ཅན་དང་ཆོས་ ཅན་བརྗོད་པ་ཅན་རྣམ་པར་གཅོད་པ་མཚུངས་པ་ཡིན་པ་དེ་ལྟར་ན། སྒྲ་ལ་གཞན་སྒྲ་ཉིད་ཀྱི་ཆོས་འདི་ལ་ཡོད་པ་མ་ཡིན་གྱི། འོན་ཀྱང་བསྒྲུབ་པར་བྱ་བ་དེ་ཉིད་དུ་སྒྲུབ་པར་བྱེད་པ་དེ་ཐོབ་པ་སྟེ། སྒྲུབ་པར་བྱེད་པ་ཉིད་དུ་ཁས་ལེན་པ་ལྟར་ན་མ་གྲུབ་པ་ཉིད་ཡིན་ནོ། །ཕྱོགས་ཆོས་མཐུན་ ཕྱོགས་ཡོད་མེད་གཉིས། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པས་ཕྱོགས་ཀྱི་ཆོས་རྣམ་པ་དགུར་དབྱེ་བའི་དགོས་པ། ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡིས། །ཞེས་བྱ་ བ་ལ་སོགས་པས་སྟོན་པར་བྱེད་དོ། །ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡིས། །གཏན་ཚིགས་ཀྱི་རབ་ཏུ་དབྱེ་བས་དོན་ཐམས་ཅད། བདེ་བར་བཟུང་བར་གྲུབ་པའི་ཕྱིར། །གཏན་ཚིགས་དག་གི་སྐབས་ཀྱི་དོན། །མདོར་བསྡུས་པ་ནི་བརྗོད་པ་ཡིན། །ཕྱོགས་ཆོས་ཞེས་བྱ་བ་ལ་སོགས་པ་ ནི་དག་ནི་དོན་ཡིན་ནོ། །གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན། ཕྱོགས་ཀྱི་ཁྱད་པར་ལ་ལྟོས་པ་དཔེ་ལ་གཏན་ཚིགས་མི་འཇུག་པའི་ཕྱིར། མཐུན་ཕྱོགས་ཡོད་ཅེས་བྱ་བ་ལ་སོགས་པ་མི་རུང་ངོ་། །ཅི་སྟེ་ཁྱད་པར་དུ་གྱུར་པ་ཉིད་མ་ཡིན་པ་དེའི་ཚེ། ཕྱོགས་ཀྱི་ཆོས་ཉིད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མི་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །རེ་ཞིག །ཆོས་ཚིག་ཕྲད་ཐ་དད་བྱེད་པས། །མི་ལྡན་པ་དེ་མ་འབྲེལ་པའོ། །གཞན་དང་ལྡན་པ་དག །ཤིན་ཏུ་མ་འབྲེལ་རྣམ་གཅོད་བྱེད། །རྣམ་པར་གཅོད་པར་བྱེད་པར་འགྱུར་རོ། །རྣམ་པ་གང་གིས་ཤེ་ ན། ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཚིག་གི་ཕྲད་ཁྱད་པར་དང་ལྷན་ཅིག་བརྗོད་པར་འགྱུར་བ་དེའི་ཚེ་མི་ལྡན་པ་དང་། ཁྱད་པར་གཞི་དང་ལྷན་ཅིག་བརྗོད་པ་ན་གཞན་དང་ལྡན་པ་དང་། བྱ་བ་དག་དང་ལྷན་ཅིག་བརྗོད་པ་ན། ཤིན་ཏུ་མི་སྲིད་པ་རྣམ་པར་ གཅོད་པར་བྱེད་དོ། །འོ་ན་གང་ལ་ཚིག་གི་ཕྲད་དེ་མ་ཐོབ་པ་དེ་ལ་ཇི་ལྟར་འགྱུར་ཞེ་ན། དེ་ལའང་ཚིག་གི་ཕྲད་སྒྲའི་ངོ་བོ་ཉིད་དུ་སྦྱར་བ་མེད་ན་འང་བརྗོད་འདོད་ལས་འཆད་པ་པོའི་སྐབས་ལས་འོངས་པའི་བརྗོད་པར་འདོད་པའི་དབང་གིས་དོན་འདི་ཉིད་ནི་རྣམ་པར་གཅོད་པ་ རྣམ་པ་གསུམ་ཤེས་པར་འགྱུར་རོ། །ཅིའི་ཕྱིར་སྒྲ་སྦྱར་བ་མེད་པ་ལ་རྣམ་པར་གཅོད་པའི་ངེས་པ་འདི་ཡིན་ནོ་ཞེ་ན། དེ་ལྟར་གདོན་མི་ཟ་བར་ཡིན་ཏེ། གང་ཕྱིར་ངག་འབྲས་རྣམ་གཅོད་ཡིན། །གཞན་ལ་བསྟན་པར་བྱ་བའི་ཕྱིར་རབ་ཏུ་སྦྱར་བ་འདིས་གདོན་མི་ཟ་བར་མི་ལྡན་པ་ལ་སོགས་པ་ འགའ་ཞིག་རྣམ་པར་གཅོད་པར་བྱ་བ་ཡིན་ནོ་དེ་ལྟར་མ་ཡིན་ན་འཆད་པ་པོ་དེའི་བརྗོད་པ་འབྲས་བུ་མེད་པར་འགྱུར་བ་དང་། རྟོགས་པ་པོས་རྟོགས་པ་མེད་པར་འགྱུར་རོ། །མི་ལྡན་པ་རྣམ་པར་གཅོད་པ་ལ་སོགས་པའི་དཔེ་དག་ནི་གོ་རིམས་བཞིན་དུ་སྟོན་པར་བྱེད་དོ། །དཔེར་ན་ནག་པ་ འཕོང་སྐྱེན་ཉིད། གཞན་ལ་དེ་བཀག་པ་མེད་པ་ཉིད་ཡིན་ནོ། །གཞན་དང་ལྡན་པ་ལ་ནི་སྲིད་སྒྲུབ་འཕོང་སྐྱེན་པ་ཉིད་ཐོབ་པ་དེ་ལྟར་ན་གཞན་དང་འབྲེལ་པ་ལྡོག་པར་འགྱུར་ཏེ། སིད་སྒྲུབ་ཁོ་ན་འཕོང་སྐྱེན་པའམ་ཞེས་བྱ་བ་ལྟ་བུའོ། །ཤིན་ཏུ་མི་སྲིད་པ་ནི། སྔོན་པོ་མཚོ་སྐྱེས་འགྱུར་ཉིད་ བཞིན། །མི་སྲིད་རྣམ་པར་གཅོད་པ་བཞིན། །དེ་ལའང་ཟླ་བོ་རྣམ་གཅོད་པ། །དོན་རྣམས་ལ་ནི། རྣམ་པར་གཅོད་པར་བྱེད་པ་ན། །རྟོགས་པར་འགྱུར། རྟོགས་པར་བྱ་བ་གཞན་ནི་མ་ཡིན་ནོ། །དཔེར་ན་ལྷ་སྦྱིན་དཔའ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཟླ་བོ་མི་དཔའ་བ་ཉིད་རྣམ་པར་ གཅོད་པ་ན་མི་ལ་སོགས་པ་རྣམ་པར་གཅོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་གྲགས་ཕྱིར་རོ། །འཇིག་རྟེན་ན་འདི་སྐད་དུ། འདོད་པས་དམིགས་པའི་ཟླ་བོ་གང་ཡིན་པ་དེ་ཉིད་རྣམ་པར་གཅོད་པ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་གྲགས་པ་ཡིན་ནོ། །ཆོས་གཞན་རྣམ་པར་གཅོད་པ་ ལ་བློ་འགྱུར་བ་ནི་བླ་སྟེ། དེ་ལྟར་ཡང་ཚིག་ཕྲད་དེ་ཟླ་བོ་རྣམ་པར་གཅོད་པ་ལ་ནུས་པ་ཡོད་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་སྒྲ་ནི་བརྗོད་པར་འདོད་པའི་རྗེས་སུ་བྱེད་པ་ཅན་ཡིན་གྱི། རང་དབང་ཅན་མ་ཡིན་པ་དེ་ལྟར་ན། བརྗོད་པར་འདོད་པའི་དབང་གིས་རྣམ་པར་གཅོད་པ་ཅན་ཡིན་ནོ། །དེ་ཡང་ ཉན་པ་པོ་འདོད་པའི་རྗེས་སུ་བྱེད་པར་འགྱུར་རོ། །འདོད་པས་ཀྱང་ཟླ་བོ་ཕྱོགས་རྣམ་པ་གཉིས་སུ་འཇོག་པར་བྱེད་པ་དེ་ལྟར་ན། སྒྲ་བརྗོད་འདོད་རྗེས་འཇུག་ཕྱིར་རོ། །རྒྱུའི་ཕྱིར་ཡང་ཟླ་བོ་རྣམ་པར་གཅོད་པ་ཉིད་ཡིན་ནོ། །གང་གི་ཕྱིར་མི་ལྡན་པ་རྣམ་པར་གཅོད་པ་ཡོད་ན་ཡང་གདོན་མི་ཟ་ བར་ཐམས་ཅད་ལ་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཉིད་མ་ཡིན་པ་དེ་ལྟར་ན་བྱས་པ་ཉིད་ལ་སོགས་པའི་ཆོས་དེས་མི་ལྡན་པ་ནི་དེ་དང་མི་ལྡན་པའོ། །དེ་རྣམ་པར་གཅོད་ཕྱིར། ཕྱོགས་ཆོས་ཅན་ཆོས་དེ་བྱས་པ་ཉིད་ལ་སོགས་པ་ཁྱད་པར་ཡིན་གྱི། གཞན་དང་ལྡན་པ་རྣམ་པར་ གཅོད་པས་ནི་མ་ཡིན་ནོ། །དེ་ཡིས་ཁྱད་པར་བྱས་པའི་ཆོས། །ཆོས་ཅན་གྱིས་ཁྱད་པར་དུ་བྱས་པ་ཉིད་ལ་སོགས་པ། རྗེས་འགྲོ་མེད་པའི་སྐྱོན་མི་རྟེན་ཏོ། །རང་བཞིན་འབྲས་བུ་ཞེས་བྱ་བ་ལ་སོགས་པས་ཕྱོགས་ཀྱི་ཆོས་རྣམ་པ་དགུའི་དགོས་པ་བསྟན་ཏོ། །རང་བཞིན་འབྲས་བུ་གྲུབ་ དོན་དུ། གཉིས་དང་གཏན་ཚིགས་བཟློག་པ་གཉིས། རང་བཞིན་དང་འབྲས་བུ་དག་ནི་རང་གི་ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཉིད་ཡིན་ནོ། །དེ་དག་ཉིད་ནི་བསྒྲུབ་པར་བྱ་བ་བཟློག་པ་འགལ་བ་དག་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱོགས་ ཆོས་རྣམ་པ་བཞི་བསྟན་ཏོ། །སྒྲ་ནི་མི་རྟག་སྟེ། བྱས་པ་ཉིད་ཀྱི་ཕྱིར་དང་། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གཉིས་སོ། །དེ་དག་ཉིད་ནི་སྒྲ་ནི་རྟག་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ་འགལ་བ་དག་ཡིན་ནོ་ཞེས་བསྟན་པར་བྱ་བའི་དོན་དུ་གཞན་གཉིས་ཡིན་ནོ། །རྩོད་ཕྱིར་ ཐ་དད་སྤྱི་དག་དང་། ལྡོག་པ་ཅན་དང་རྗེས་སུ་འགྲོ་བ་ཅན་གྱི་གཏན་ཚིགས་ནི་གོ་བར་བྱེད་པ་མ་ཡིན་ནོ་ཞེས་དགག་པར་འདོད་པས། ཕྱོགས་ཀྱི་ཆོས་གཞན་གཉིས་བསྟན་ཏེ། དཔེར་ན་མཉན་པར་བྱ་བ་ཉིད་ཡིན་པའི་ཕྱིར་དང་། གཞལ་བྱ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། ། ལྷག་མ་ལྡོག་པའི་སྒྲུབ་བྱེད་ཡིན། གཏན་ཚིགས་ཀྱི་ལྡོག་པ་གཙོ་བོར་གྱུར་པ་བསྒྲུབ་པའི་ཕྱིར། །ཕྱོགས་ཀྱི་ཆོས་གསུམ་བསྟན་ཏེ། སྒྲ་ནི་བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་འདིའི་མཐུན་པའི་ཕྱོགས་ནི། གློག་ལ་སོགས་པ་ཡིན་ནོ། །དེ་ ལ་མི་རྟག་པ་ཉིད་ཡོད་པ་དེ་བས་ན། རྟོགས་པར་འགྱུར་ན། འགྱུར་བ་མ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་ཡོད་པ་དག་གིས་གོ་བར་བྱེད་པ་ཉིད་མ་ཡིན་ནོ། །ཅི་སྟེ་ལྡོག་པ་མེད་པ་ཅན་གྱི་རྗེས་སུ་འགྲོ་བ་འབའ་ཞིག་ལས་རྟོག་པར་མི་འདོད་ན། འོ་ན་འདིར་འགྱུར་ཏེ། དཔེར་ན་སྒྲ་ རྟག་སྟེ། རིག་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་དང་དེ་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་ལ་ཡང་ཡོད་ཅིང་མི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་ལ་ཡང་མེད་པ་ཉིད་དོ། །ཅི་སྟེ་འདི་ལ་ཡང་རྟོགས་པ་ཡོད་པ་མ་ཡིན་ཏེ། མཐུན་པའི་ཕྱོགས་ཐམས་ཅད་ལ་མེད་པས་ རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་པའི་ཕྱིར་རོ། །འདི་ལ་རྗེས་སུ་འགྲོ་བ་སྟོབས་དང་ལྡན་པ་ཡིན་ཏེ། དཔེར་ན་སྒྲ་ནི་བརྩལ་མ་ཐག་ཏུ་བྱུང་བ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདི་ནི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་ཐམས་ཅད་ལ་ཡོད་ཅིང་མི་མཐུན་པའི་ ཕྱོགས་ནམ་མཁའ་ལ་སོགས་པ་འགའ་ཞིག་ལ་མེད་པ་དེ་ལྟར་ན། རྟོགས་པར་འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །དེ་བས་ན་རྗེས་སུ་འགྲོ་བ་ཡོད་པ་ཙམ་གྱིས་ཀྱང་མ་ཡིན་ཞིང་། ལྡོག་པ་དང་བཅས་པས་ཀྱང་མ་ཡིན་ལ། རྗེས་སུ་འགྲོ་བ་གཙོ་བོས་ཀྱང་རྟོགས་པ་མ་ཡིན་ནོ། ། འོན་ཀྱང་ཐམས་ཅད་ལས་ལྡོག་པར་ངེས་པར་བྱེད་པའི་གཏན་ཚིགས་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱོགས་ཀྱི་