Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 163

Văn bản gốc(Tây Tạng)

Trang 14 / 26 (50.000 ký tự/trang)
ར་བར་བྱ་བ་ཉིད་དོ། །ཀུན་དགའ་ར་
བ་དང་གཙུག་ལག་ཁང་དང་དེ་དག་གི་གཞི་དང་གནས་མལ་དག་ནི་བཙོང་བར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། ཀུན་དགའ་ར་བ་ཞེས་བྱ་བ་མེ་ཏོག་གི་ར་བ་ལ་སོགས་པ་དང་གཙུག་ལག་ཁང་ཞེས་བྱ་བ་གནས་ཁང་ལ་སོགས་དང་དེ་དག་གི་གཞི་ཞེས་བྱ་བ་ཀུན་དགའ་ར་བའི་དོན་དང་གཙུག་ལག་ཁང་གི་
དོན་གྱིས་གཞི་དང་གནས་མལ་དེ་དག་ནི་བཙོང་བར་བྱ་བ་ཡང་མ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲས་ནི་བགོ་བར་བྱ་བ་ཡང་མ་ཡིན་པར་བསྟན་ཏོ། །གཞག་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེ་དག་གཏར་གཞག་པར་བྱ་བ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བྱིན་གྱིས་བརླབ་པར་བྱ་བ་ཉིད་མ་ཡིན་ནོ་

ཞེས་བྱ་བ་ནི། ཚོན་ཆེན་པོས་ཁ་བསྒྱུར་བ་ནི་གང་ཟག་གི་ཉིད་དུ་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་པའོ། །ཕ་མ་ལ་གོས་དང་ཟས་ཀྱིས་བསྟབས་པར་བྱའོ་ཞེས་བྱ་བ་ནི། ཕ་མ་དག་ལ་ཟས་དང་གོས་ཀྱིས་འཚོ་བའི་མཐུད་པ་གཏང་བར་བྱ་བའོ། །ཇི་ལྟར་གཏང་བར་བྱ་ཞེ་ན་དེའི་ཕྱིར་གལ་ཏེ་
ལྷུང་བཟེད་དང་ཆོས་གོས་ལས་ལྷག་པའི་རྙེད་པ་མེད་ན་བསླངས་ཏེའོ་ཞེས་བྱ་བ་ནི། གལ་ཏེ་རང་ལ་ལྷུང་བཟེད་དང་ཆོས་གོས་ལས་ལྷག་པའི་རྙེད་པ་གཞན་མེད་ན་ཡོན་བདག་གཞན་ལ་བསླངས་ཏེ་གཏང་བར་བྱའོ། །མ་གྲུབ་ན་ཟན་གྱི་སྐལ་བ་ལས་ཕྱེད་སྦྱིན་ནོ་ཞེས་བྱ་བ་ནི། བསླངས་ཏེ་མ་གྲུབ་ན་རང་
གི་ཟན་གྱི་སྐལ་བ་ལས་ཕྱེད་སྦྱིན་ནོ། །བྱེ་བྲག་ཤེས་པར་བྱ་བའི་ཕྱིར་ཆོས་གོས་དག་ལ་ཐིག་ལེ་བྱའོ་ཞེས་བྱ་བ་ནི། གང་ཟག་ཕན་ཚུན་འདྲ་བ་དག་དེ་དང་མི་ནོར་བར་བྱ་བའི་ཕྱིར་ཆོས་གོས་ཀྱི་མཐར་ཚོན་གྱི་ཐིག་ལེས་མཚན་མ་གདབ་པར་བྱ་བའོ། །འདིར་གཞུང་ནི་དགེ་སློང་དག་ཁྱེད་ཀྱིས་དགེ་སློང་མཛེས་
དགའི་ཆོས་གོས་དག་ལ་ཐིག་ལེ་བྱོས་ཤིག་དང་འདི་ནི་མཛེས་དགའོ། །འདི་ནི་བཅོམ་ལྡན་འདས་སོ་ཞེས་ཤེས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་དག་ལ་མཚན་མ་གདབ་པོ་ཞེས་བྱ་བ་ནི་ཆོས་གོས་དེ་དག་ལའོ། །སྣག་ཚའི་ཐིག་ལེ་ནི་དེ་ཞེས་བྱའོ་ཞེས་བྱ་བ་ནི། མཚན་མ་ཞེས་བྱ་སྟེ་ཆོས་
གོས་ཀྱི་གྲར་སྣག་ཚའི་ཐིག་ལེ་གསུམ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལུང་དག་ཀྱང་ངོ་ཞེས་བྱ་བ་ནི། ཆོས་གོས་དག་ལ་གདགས་པ་སྟེ། འདི་ནི་མི་ནོར་བར་བྱ་བའི་མཚན་མའི་སྐབས་མ་ཡིན་གྱི་ཚོན་གྱི་ལས་བྱ་བ་ན་གཟར་ཐག་ལ་དབང་བུས་མཐའ་འབྱར་བར་བྱའོ་ཞེས་སྔར་བསྟན་པའི་སྐབས་
ཏེ། གོས་གཟར་ཐག་ལ་གདགས་པའི་ཕྱིར་གོས་ཀྱི་གྲྭ་གྲྭར་ཐག་གུ་གདགས་པ་ལ་ལུང་ཞེས་བྱའོ། །ཁ་ཚར་དང་ཕུན་ཚར་གྱི་མཐར་རང་ཆག་བྱའོ་ཞེས་བྱ་བ་ནི། གོས་ཁ་ཚར་དང་ཕུན་ཚར་གཅད་པའི་འཕྲོ་རང་ཆག་བྱ་བ་སྟེ། དཔེར་ན་གདོང་ཕྱིས་ཀྱི་མཐར་བྱེད་པ་བཞིན་དུ་མཐའ་དྲིལ་སྟེ་དྲུབས་པ་ནི་རང་
ཆག་ཞེས་བྱའོ། །སྣམ་སྦྱར་མ་ཡིན་པ་དག་ལ་དྲས་ཏེ་བྱིན་གྱིས་བརླབ་པར་ངེས་པ་མེད་དོ་ཞེས་བྱ་བ་ནི། སྣམ་སྦྱར་མ་ཡིན་པ་དེ་ལས་གཞན་པ་བླ་གོས་དང་མཐང་གོས་དག་ལའོ། །དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བས། དྲས་པ་ལ་བྱིན་གྱིས་བརླབ་པའི་ཆོ་ག་ངེས་

པར་མཛད་པ་དེ་ནི་སྣམ་སྦྱར་འབའ་ཞིག་གི་ཡིན་པར་རིག་པར་བྱའོ། །དེ་ལས་གཞན་པའི་ཆོས་གོས་དག་ལ་ནི་ཆོ་ག་འདི་ངེས་པ་མེད་དོ། །དེ་བས་ན་ཆོས་གོས་རླག་པ་ཉིད་དམ་ཆོས་གོས་ཚིག་པ་ཉིད་ལ་སོགས་པའི་རྐྱེན་དེ་ལྟ་བུ་དག་ཡོད་ན་སྣམ་སྦྱར་ལ་ཡང་དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་
བོ་ཞེས་བྱ་བའི་ཆོ་ག་འདི་ངེས་པ་མེད་དོ། །རྐྱེན་དེ་ལྟ་བུ་དག་མེད་ན་ནི་སྣམ་སྦྱར་ལ་དྲས་ཤིང་དྲུབས་པོ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་བོ་ཞེས་བྱ་བའི་ཆོ་ག་འདི་ངེས་པ་ཁོ་ནའོ། །ཆོས་གོས་གཞན་ལ་ནི་རྐྱེན་དེ་ལྟ་བུ་དག་མེད་ན་ཡང་ཆོ་ག་འདི་ངེས་པ་མེད་དོ། །འདི་སྐད་བསྟན་ཏེ། སྣམ་སྦྱར་ལས་གཞན་
པའི་ཆོས་གོས་བླ་གོས་དང་མཐང་གོས་དག་ལ་དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་ཡོད་པ་དེ་ནི་ངེས་པ་མ་ཡིན་ཏེ། དེ་ལ་ཅི་དགར་འཇུག་པའི་ཆོ་ག་ཡིན་ནོ། །སྣམ་སྦྱར་ལ་ནི་རྐྱེན་དེ་ལྟ་བུ་དག་ཡོད་ན་ནི་མ་དྲས་པར་བྱིན་གྱིས་བརླབ་པོ། །རྐྱེན་དེ་ལྟ་བུ་དག་
མེད་ན་ནི་དྲས་པ་ལ་བྱིན་གྱིས་བརླབ་པ་ཁོ་ནར་ངེས་པ་ཡིན་ནོ། །ལུགས་འདི་བསྒྲུབ་པའི་ཕྱིར་འདིར་གཞུང་ནི་བཙུན་པ་ཆོས་གོས་མ་དྲས་པ་ལ་བྱིན་གྱིས་བརླབ་ཏུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །རྐྱེན་དེ་ལྟ་བུ་དག་ཡོད་ན་ནི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །དེ་ཇི་ལྟར་ཁུངས་སུ་རུང་ཞེ་ན། འདི་ལྟར་
འདིར་ཆོས་གོས་ཞེས་གསུངས་པ་ནི་སྣམ་སྦྱར་ཁོ་ན་ཡིན་པར་རྣམ་པར་གནས་པའི་ཕྱིར་རོ། །དེར་ཅི་མངོན་ཞེ་ན། འདི་ལྟར་བླ་གོས་དང་མཐང་གོས་གཉིས་མ་དྲས་པ་གང་ཡིན་པ་དེས་ནི་ཆ་ལུགས་རྫོགས་པ་དང་། རབ་ཏུ་ཕྱུང་བ་འདི་པའི་ཆ་ལུགས་ལ་གནོད་པ་མེད་པས་དེའི་ཕྱིར་འདིར་དེ་གཉིས་ཀྱིས་
ལྷག་མ་སྣམ་སྦྱར་ལ་ཆོས་གོས་ཞེས་གསུངས་པ་ཡིན་ནོ། །ལུང་ལས་ཀྱང་འདིར་ཆོས་གོས་ཞེས་བྱ་བ་སྣམ་སྦྱར་ཡིན་པར་གསུངས་ཏེ། མ་མོ་ལས་སྣམ་སྦྱར་ནི་དྲ་བར་བྱའོ། །བླ་གོས་ནི་ངེས་པ་མེད་དོ། །མཐང་གོས་ཀྱང་ངེས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རྐྱེན་དེ་ལྟ་བུ་དག་མེད་པར་མ་དྲས་པ་དེས་
གྲོང་དང་ཁྱིམ་གཞན་དུ་འཇུག་པ་དང་འདུག་པར་མི་བྱའོ་ཞེས་བྱ་བ་ནི། རྐྱེན་དེ་ལྟ་བུ་དག་མེད་པར་ཞེས་བྱ་བ་རྐྱེན་གང་དག་གིས་སྣམ་སྦྱར་མེད་པར་གྲོང་དང་ཁྱིམ་གཞན་དུ་འཇུག་པ་དང་འདུག་ཏུ་རུང་བ་འདི་ལྟ་སྟེ། དགེ་སློང་དང་བཅས་པ་ཉིད་དང་སྒོ་གླེགས་དང་བཅས་པའི་གནས་དང་། ཆར་པ་འབབ་པ་

དང་། ཆར་པ་འབབ་པར་དོགས་པ་དང་། བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ལྟ་བུ་ཉིད་མེད་པ་ན། གནང་བ་མ་ཡིན་པ་དང་སྲ་བརྐྱང་མ་་བཏིང་བས་སྣམ་སྦྱར་མེད་པར་གར་ཡང་འགྲོ་བར་མི་བྱའོ་ཞེས་སྔར་འབྲལ་བའི་སྤང་བའི་རྣམ་པར་འབྱེད་པའི་སྐབས་སུ་བསྟན་པ་དེ་ལྟ་བུའི་རྐྱེན་དེ་དག་
མེད་པར་སྣམ་སྦྱར་མ་དྲས་པ་དེས་གྲོང་དང་ཁྱིམ་གཞན་དུ་འཇུག་པ་དང་འདུག་པར་མི་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ་སྣམ་སྦྱར་གཞག་པར་བགྱི་བ་ལ་རྒྱུ་དུ་དག་དང་རྐྱེན་དུ་དག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་ལྔ་སྟེ་ལྔ་གང་ཞེ་ན། དགེ་སློང་དང་བཅས་པ་
ཉིད་དང་། སྒོ་གླེགས་དང་བཅས་པའི་གནས་དང་། ཆར་པ་འབབ་པ་དང་། ཆར་པ་འབབ་པར་དོགས་པ་དང་། གྲོང་གཞན་དུ་འགྲོ་བར་འདོད་པ་ཆུ་ཀླུང་གིས་ཆོད་པ་དང་། སྲ་བརྐྱང་བཏིང་བའི་གནས་དང་། གསོལ་བའི་ལས་ནི་ལྔ་པའོ་ཞེས་གསུངས་པ་ཡིན་ནོ། །འདིར་ལུང་ལས་ཀྱང་བཙུན་པ་
ཆོས་གོས་མ་དྲས་པས་གྲོང་དུ་འཇུག་ཏུ་རུང་ངམ་ཉེ་བ་འཁོར་མི་རུང་ངོ་། །རྐྱེན་དེ་ལྟ་བུ་དག་ཡོད་ན་ནི་རུང་ངོ་ཞེས་གསུངས་པ་ཡིན་ནོ། ལུང་དང་རིགས་པ་འདི་དང་སྔ་མ་གཉིས་ཀྱིས་ན་འདིར་ཆོས་གོས་སྨོས་པ་ནི་སྣམ་སྦྱར་ཡིན་པར་དགོངས་པར་རིགས་སོ། །མུ་སྟེགས་ཅན་གྱི་འདུག་གནས་སུ་ཡང་
དེ་བཞིན་ནོ་ཞེས་བྱ་བ་ནི། རྐྱེན་དེ་ལྟ་བུ་དག་མེད་པར་སྣམ་སྦྱར་མ་དྲས་པ་དེས་མུ་སྟེགས་ཅན་གྱི་འདུག་གནས་སུ་འཇུག་པ་དང་འདུག་པར་མི་བྱ་བ་སྟེ། སྣམ་སྦྱར་མ་དྲས་པས་མུ་སྟེགས་ཅན་གྱི་འདུག་གནས་དེ་ན་མུ་སྟེགས་ཅན་དག་ཉེ་བར་མི་འཁོད་ཀྱང་འཇུག་པ་དང་འདུག་པར་མི་བྱ་བར་
དགོངས་སོ། །འདི་སྐད་བསྟན་ཏེ། གལ་ཏེ་འདུག་གནས་དེ་ན་མུ་སྟེགས་ཅན་དག་ཉེ་བར་མི་གནས་སུ་ཟིན་ཀྱང་རྐྱེན་དེ་ལྟ་བུ་དག་མེད་ན་སྣམ་སྦྱར་མ་དྲས་པ་དེས་དེར་འཇུག་པ་དང་འདུག་པར་མི་བྱའོ། །རྐྱེན་དེ་ལྟ་བུ་དག་ཡོད་ན་ནི་བྱའོ། །འཁོད་ན་འཇུག་པ་དང་འདུག་པར་མི་བྱའོ་ཞེས་བྱ་བ་ནི། མུ་སྟེགས་
ཅན་གྱི་འདུག་གནས་དེ་དག་ན་མུ་སྟེགས་ཅན་དག་འཁོད་ན་རྐྱེན་དེ་ལྟ་བུ་དག་ཡོད་ཀྱང་མུ་སྟེགས་ཅན་གྱི་འདུག་གནས་དེར་སྣམ་སྦྱར་མེད་པར་འཇུག་པ་དང་འདུག་པར་མི་བྱ་བ་སྟེ། འདི་ལྟར་ཆོས་གོས་མ་དྲས་པ་ནི་ཀུན་དུ་རྒྱུ་ལ་སོགས་པ་མུ་སྟེགས་ཅན་རྣམས་ཀྱི་གོས་དང་འདྲ་བ་བསྟེན་པས་དེར་ཞུགས་པ་དང་

འདུག་པར་འགྱུར་བ་གང་ཡིན་པ་དེས་དེའི་ཕྱོགས་ཀྱི་ནང་དུ་བསྟེན་པ་ཡིན་པར་དོགས་པར་འགྱུར་བས་དེ་བས་ན་འདིར་དེ་དགག་པ་མཛད་དོ། །འདིར་གཞུང་ནི་བཙུན་པ་ཀུན་དུ་རྒྱུ་བའི་འདུག་གནས་སུ་སྣམ་སྦྱར་མ་མཆིས་པས་མཆིར་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །གལ་ཏེ་ཀུན་དུ་རྒྱུ་དག་ཕྱི་རོལ་དུ་བྱུང་
བར་གྱུར་ན་ནི་རུང་ངོ་ཞེས་གསུངས་པ་ཡིན་ཏེ། དེ་ན་མུ་སྟེགས་ཅན་དག་མི་འཁོད་ན་རྐྱེན་དེ་ལྟ་བུའི་དབང་གིས་འགྲོར་རུང་བའི་གཞུང་ཡིན་ནོ། །སྤུ་ཅན་ཆོས་གོས་གསུམ་ཉིད་དུ་བྱིན་གྱིས་མི་བརླབ་བོ་ཞེས་བྱ་བ་ནི། རྐྱེན་དེ་ལྟ་བུ་དག་མེད་ནའོ། །དེ་བགོ་བའི་གོས་སུ་མི་བསྟེན་ནོ་ཞེས་བྱ་བ་ནི། སྤུ་ཅན་དེ་མལ་ཆ་
མ་ཡིན་པའི་གོས་སུ་ལུས་ལ་བགོ་བར་མི་བྱ་སྟེ། དེ་ཡང་རྐྱེན་དེ་ལྟ་བུ་དག་མེད་ནའོ། །སེང་བ་དག་བདག་གིར་བྱའོ་ཞེས་བྱ་བ་ནི། རུང་བར་བྱས་ཏེ་བཅང་བ་ལ་འདིར་བདག་གིར་བྱའོ་ཞེས་བྱ་བའི་སྒྲར་གསུངས་སོ། །དེ་ནི་རྣམ་པ་བཞིའོ་ཞེས་བྱ་བ་ནི། སེང་བ་དེ་ནི་རྣམ་པ་བཞི་ཡོད་པ་ཉིད་དོ། །བཞི་གང་ཞེ་ན་
དེའི་ཕྱིར་བལ་ལས་བྱས་པ་དང་ཟར་མ་ལས་བྱས་པ་དང་དུ་གུ་ལ་ལས་བྱས་པ་དང་རས་བལ་ལས་བྱས་པའོ་ཞེས་བྱ་བ་སྨྲས་ཏེ། ཤ་ན་ལ་སོགས་པ་ལས་བྱས་པའི་སེང་བ་ཡང་མི་རུང་བ་ནི་མ་ཡིན་མོད་ཀྱི། མི་སྡུག་པས་འདིར་གཞི་ལས་མ་སྨོས་སོ། །སྤུ་དམའ་བ་ལ་སོགས་པ་རས་ཀྱི་རྣམ་པ་ཡང་གཞན་
དག་ཀྱང་ངོ་ཞེས་བྱ་བ་ཡང་བདག་གིར་བྱར་རུང་བའོ། །སྤུ་དམའ་བ་ཞེས་བྱ་བ་ནི་སྤུ་ཐུང་ངུ་སྟུག་པོ་ཕྱིང་ངེ་འདུག་པ་སྟེ་བེའུ་རས་ལ་བྱའོ། །སྤུ་ཅན་གཞན་ཡང་རྣམ་པ་དེ་འདྲ་ན་བདག་གིར་བྱར་རུང་ངོ་། །ལ་བ་ཡང་ངོ་ཞེས་བྱ་བ་ཡང་བདག་གིར་བྱར་རུང་བ་སྟེ། དེ་ནི་སྤུ་དམའ་བ་མ་ཡིན་པའི་ཕྱིར་
བརྩམས་སོ། །གནོད་པ་མེད་ན་སྤུ་ཕྱིར་བསྟན་སྟེ་བགོ་བར་མི་བྱ་སྟེ་གཞན་དུ་ནའོ་ཞེས་བྱ་བ་ནི། ལ་བ་དེ་དྲི་མ་དང་ཤིག་ལ་སོགས་པའི་གནོད་པ་མེད་ན་སྤུ་ཕྱིར་བསྟན་ཏེ་ཕྱི་སློག་ཏུ་བགོ་བར་མི་བྱ་བའོ། །གནོད་པ་ཡོད་ན་ནི་ཉེས་པ་མེད་དོ། །འདིར་གཞུང་ནི་དྲི་མ་ཅན་དང་ཤིག་ཅན་ལ་ལྟུང་བ་མེད་དོ་
ཞེས་གསུངས་པ་ཡིན་ནོ། །གཞན་དུ་ནའོ་ཞེས་བྱ་བ་ནི་ནང་སློག་ཏུ་གྱོན་པ་ལ་ཉེས་པ་མེད་དོ། །དེ་དེ་བཞིན་དུ་གྱོན་པས་བཅག་པར་མི་བྱའོ་ཞེས་བྱ་བ་ནི། ལ་བ་དེ་ཕྱི་སློག་ཏུ་དེ་བཞིན་དུ་གྱོན་པས་བཅག་པར་མི་བྱ་བ་སྟེ། འདིས་ནི་གནོད་པ་ཡོད་ན་ཞེས་བྱ་བ་དམིགས་ཀྱིས་བསལ་ཏེ། གནོད་པ་ཡོད་ཀྱང་

དེ་དེ་བཞིན་དུ་གྱོན་པས་བཅག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལ་བ་སྤུ་ཕྱིར་བསྟན་ཏེ་བགོ་བར་མི་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་བ་ལང་རྫིའི་ཁྱིམ་ནས་ལ་བའི་གོས་དག་རྙེད་ནས་དགེ་སློང་དེ་དག་ཤིག་མང་
བས་ཤིག་དག་གིས་ཟོས་ནས་མོས་པར་མ་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཀའ་སྩལ་པ། ལ་བ་སྤུ་ཕྱིར་བསྟན་སྟེ་གྱོན་ལ་འདུག་པར་བྱ་ཞིང་ཉལ་བར་ཡང་བྱའོ། །བཅག་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །པར་སིག་གི་ལ་བ་དང་བེའུ་ཕྲུག་དང་པར་ཐང་
ཁྲ་བོ་གང་ཟག་གིས་བདག་གིར་མི་བྱའོ་ཞེས་བྱ་བ་ནི། པར་སིག་གི་ཡུལ་ནས་བྱུང་བའི་ལ་བ་ནི་པར་སིག་གི་ལ་བ་ཞེས་བྱ་བ་སྟེ། ཧ་ཅང་རིན་ཆེ་བའི་ཕྱིར་དགག་པ་མཛད་དོ། །བེའུ་རས་ཀྱི་རིགས་སྤུ་དེ་པོར་རིང་བ་ནི་བེའུ་ཕྲུག་ཅེས་བྱ་སྟེ། དེ་ལ་མེ་ཏོག་གི་རྣམ་པ་ལྟ་བུའི་རི་མོ་སྣང་བས་དགག་པར་མཛད་དོ། །
པར་ཐང་ཁྲ་བོ་ནི་བཀྲ་བའི་ཕྱིར་བཀག་སྟེ། དེ་དག་གང་ཟག་གིས་བདག་གིར་མི་བྱའོ། །རྙེད་པ་དང་ཐོབ་པ་ཉིད་ལ་བྱེ་བྲག་མེད་པར་རིག་པར་བྱའོ། །འཆག་སར་པར་ཐང་གདིང་བ་ནོད་པར་བྱའོ་ཞེས་བྱ་བ་ཡང་གལ་ཏེ་ཁྲ་བོ་ཡིན་ན་བདག་གིར་མི་བྱའོ། །ཁྲ་བོ་མ་ཡིན་ན་ཅི་དགར་བྱའོ། །རྟག་ཏུ་མལ་
གཅིག་ཏུ་བཅག་པར་མི་བྱའོ་ཞེས་བྱ་བ་ནི། པར་ཐང་གི་ཕྱོགས་གཅིག་ཁོ་ནའི་སྟེང་དུ་རྟག་ཏུ་བཅག་པར་མི་བྱ་བའོ། །ནུས་པ་ཉིད་ཡིན་ན་བརྩེམ་པ་དང་ལྷན་པ་རིང་པོ་དག་གླན་པས་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ནི། པར་ཐང་དེ་རྙིངས་པར་གྱུར་པ་ན་གལ་ཏེ་ཕྱིར་བཅོས་ནུས་པ་ཉིད་ཡིན་ན་དེའི་ཚེ་
བཙེམ་པ་དང་ལྷན་པ་རིང་པོས་གླན་པ་དག་གིས་ཕྱིར་བཅོས་པར་བྱ་བའོ། །མི་ནུས་པ་ཉིད་ན་འཆག་ས་དེ་ཉིད་དུ་ལྕི་བ་དང་སས་བྱུག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་པར་ཐང་དེ་ཕྱིར་བཅོས་མི་ནུས་པ་ཉིད་ཡིན་ན་དེའི་ཚེ་<འཆགས་,འཆག་ས་དེ་ཉིད་དུ་ལྕི་བ་དང་སའི་བྱུག་པ་བསྲེས་པས་བྱུག་པར་བྱའོ། །གཞན་བཅང་
བར་བྱའོ་ཞེས་བྱ་བ་ནི། སྤུ་ཅན་དང་སྤུ་དམའ་བ་ལ་སོགས་པ་སྔར་བསྟན་པ་དེ་དག་ལས་གཞན་པ་པར་སིག་གི་ལ་བ་ལ་སོགས་པ་བཅང་བའོ། །ཅི་བདག་ཉིད་ཀྱི་ཉིད་དུའམ་ཇི་ལྟར་བཅང་བར་བྱ་ཞེ་ན་དེའི་ཕྱིར་སྦྱིན་བདག་ལ་ཡིད་བརྟན་པས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དབང་བའི་བསམ་པས་དེ་ལ་ཡིད་

བརྟན་ཏེ་བཅང་བར་བྱའོ། །སྣམ་སྦྱར་དང་བླ་གོས་དང་། མཐང་གོས་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་རྔུལ་གཟན་དང་རྔུལ་གཟན་གྱི་གཟན་དང་གདོང་ཕྱིས་དང་རྣག་གཟན་དང་གཡན་པ་དགབ་པ་དང་སྐྲ་བཟེད་དང་གདིང་བ་དང་དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ་ཞེས་བྱ་བ་ནི།
ཡོ་བྱད་བཅུ་གསུམ་པོ་དེ་དག་བཅང་བར་བྱ་བའོ། །ཆོས་གོས་གནང་པ་དེ་ཉིད་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ་ཞེས་བྱ་བ་ནི། སྣམ་སྦྱར་ལ་སོགས་པའི་ཆོས་གོས་གནང་བ་དག་སྣམ་སྦྱར་ལ་སོགས་པ་དེ་ཉིད་ཀྱི་མིང་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ། །དེ་དག་གི་སྔགས་ནི་ཚེ་དང་ལྡན་པ་
དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །དེ་བཞིན་དུ་བླ་གོས་དང་། མཐང་གོས་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་
གཟན་དང་རྔུལ་གཟན་དང་རྔུལ་གཟན་གྱི་གཟན་དང་གདོང་ཕྱིས་དང་། རྣག་གཟན་དང་། གཡན་པ་དགབ་པ་དང་། སྐྲ་བཟེད་དང་། གདིང་བ་དང་དབྱར་གྱི་གོས་རས་ཆེན་ལ་ཡང་བརྗོད་པར་བྱའོ། །ཡོ་བྱད་ཀྱི་གོས་ཀྱང་ངོ་ཞེས་བྱ་བ་ཡང་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིའི་སྔགས་ནི་ཚེ་
དང་ལྡན་པ་དག་དགོངས་སུ་གསོལ། གོས་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་ལ་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། ཐབས་ཡིན་ནོ། །ལེགས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་དཀར་པོ་ཉིད་དང་ཁ་ཚར་དང་ཕུན་ཚར་དང་བཅས་པ་ལ་ཡང་ཉེས་པ་མེད་དོ་
ཞེས་བྱ་བ་ནི། ཡོ་བྱད་ཀྱི་གོས་འཆང་བ་དེའོ། །དགེ་འདུན་གྱི་ཡང་ངོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཡོ་བྱད་ཀྱི་གོས་ཀྱང་དཀར་པོ་ཉིད་དང་ཁ་ཚར་དང་ཕུན་ཚར་དང་བཅས་པ་འཆང་བ་ལ་ཉེས་པ་མེད་པའོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་འདུན་གྱི་གོས་དག་ནི་སར་པ་དང་ཁ་ཚར་དང་ཕུན་ཚར་རིང་པོ་
དག་ཀྱང་བཅང་བར་གནང་ངོ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་མ་ཡང་རུང་བར་བྱས་ཏེ་བཅང་བར་བྱའོ་ཞེས་བྱ་བ་ནི། སྣམ་སྦྱར་ལ་སོགས་པ་ཡོ་བྱད་བཅུ་གསུམ་དང་ཡོ་བྱད་ཀྱི་གོས་ལས་གཞན་པའི་གོས་དུ་མ་ཡང་རུང་བར་བྱས་ཏེ་བཅང་བར་བྱ་བའོ། །འདིའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། །

བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རུང་བར་མ་བགྱི་བར་འོས་པ་འདི་མཁན་པོ་ལ་རུང་བར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་མཁན་པོ་
ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ། མཁན་པོའམ་སློབ་དཔོན་རྣམས་སམ་བསྙེན་པར་རྫོགས་པ་གཞན་ཡང་རུང་ངོ་། །སེམས་མི་བརྟན་པ་ལ་རུང་བར་མི་བྱའོ་ཞེས་བྱ་བ་ནི། སྨྱོན་པ་ལ་སོགས་པའི་མིང་གིས་ཆོས་གོས་དག་རུང་བར་མི་བྱ་བ་སྟེ། སྨྱོན་པ་ལ་སོགས་པ་དག་ནི་ཐ་སྙད་དུ་བྱ་བ་ཉིད་མ་ཡིན་པའི་
ཕྱིར་རོ། །བསྙེན་པར་མ་རྫོགས་པ་ལ་མི་བྱའོ་ཞེས་བྱ་བ་ནི། དགེ་ཚུལ་ལ་སོགས་པ་བསྙེན་པར་མ་རྫོགས་པའི་མིང་གིས་རུང་བར་མི་བྱའོ། །འདིར་གཞུང་ནི་དགེ་སློང་དག་དགེ་ཚུལ་ལ་གོས་དག་རུང་བར་བྱེད་པ་ན་དེས་གོས་ཀྱི་ཕྲེང་བ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྙེན་པར་
རྫོགས་པ་ལ་གོས་དག་རུང་བར་མི་བྱ་བའོ་ཞེས་གསུངས་པ་ཡིན་ནོ། །མངོན་སུམ་དུ་མི་བྱའོ་ཞེས་བྱ་བ་ནི། གང་ལ་རུང་བར་བྱ་བ་དེའི་མངོན་སུམ་དུ་རུང་བར་མི་བྱ་བའོ། །ཡུལ་གཞན་དུ་གནས་པར་གྱུར་པ་ཉིད་ན་ཡང་རུང་བ་མི་ཉམས་སོ་ཞེས་བྱ་བ་ནི། གང་གི་མིང་གིས་མི་རུང་བར་བྱས་པ་དེ་ཡུལ་གཞན་
དུ་གནས་པར་གྱུར་ཀྱང་རུང་བ་དེ་མི་ཉམས་པའོ། །ཤི་ན་ཉམས་སོ་ཞེས་བྱ་བ་ནི། གང་ལ་རུང་བར་བྱས་པ་དེ་ཤི་ན་རུང་བ་དེ་ཉམས་པའོ། །ཅི་གང་གི་ཚེ་ཤི་བ་དེའི་ཚེ་ཁོ་ན་དེ་ཉམས་སམ་ཞེ་ན་དེའི་ཕྱིར་ཤེས་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེ་ཤི་བར་ཤེས་ནའོ། །འདི་ལ་རུང་བར་བྱེད་པ་བདག་པོ་ཉིད་དོ་ཞེས་
བྱ་བ་ནི། རུང་བར་བྱས་པའི་དངོས་པོ་འདི་ལ་རུང་བར་བྱེད་པ་བདག་པོ་ཡིན་ཏེ་དེ་ཉིད་དབང་གི་གང་ལ་རུང་བར་བྱས་པ་དེ་མི་དབང་ངོ་། །སྤངས་པ་བདག་གིར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་སམ་གང་ཟག་གིས་གཞན་གྱི་རྫས་སྤངས་པ་བདག་གིར་མི་བྱ་བ་སྟེ། འདི་ལྟར་དེ་ནི་སྤང་བའི་ལྟུང་བྱེད་ཕྱིར་
བཅོས་པའི་ཕྱིར་གཞག་པ་ཡིན་གྱི་སྦྱིན་པའི་ཕྱིར་གཞག་པ་ནི་མ་ཡིན་པའི་ཕྱིར་རོ། །དགེ་སློང་ལ་སྤང་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་ལ་ཡང་མི་སྤང་ལ་བསྙེན་པར་མ་རྫོགས་པ་ལ་ཡང་མི་སྤང་ངོ་། །མི་གསལ་བ་ལ་ཡང་མི་བྱའོ་ཞེས་བྱ་བ་ནི། གླེན་པ་ལ་སོགས་པ་ལ་ཡང་སྤང་བར་མི་བྱ་བ་སྟེ། ཐ་སྙད་

མི་ཤེས་པའི་ཕྱིར་རོ། །མ་བྱིན་ན་སླང་ངོ་ཞེས་བྱ་བ་ནི། སྤངས་པའི་རྫས་གང་ལ་སྤངས་པ་དེས་ཕྱིར་མ་བྱིན་ན་སྤོང་བར་བྱེད་པས་ཕྱིར་བསླང་བར་བྱ་བའོ། །མཐུས་ཀྱང་དགུག་གོ་ཞེས་བྱ་བ་ནི། མ་བྱིན་ན་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་ཀྱང་ཞེས་བྱ་བའི་སྒྲ་སྨོས་སོ། །གོས་དྲི་དག་གིས་གོས་པ་བཀྲུས་ཏེ་
བགོ་བར་བྱའོ་ཞེས་བྱ་བ་ནི། གོས་ག་པུར་ལ་སོགས་པའི་དྲི་དག་གིས་གོས་པ་བཀྲུས་ཏེ་བགོ་བར་བྱའོ། །ཕྱེ་མ་དག་གིས་ན་སྤྲུགས་ཏེའོ་ཞེས་བྱ་བ་ནི། གོས་ལ་སོགས་པའི་ཕྱེ་མ་དག་གིས་གོས་ན་སྤྲུགས་ཏེ་བགོ་བར་བྱ་བའོ། །སྣུམ་གྱིས་ན་རྩུབ་པར་བྱས་ཏེའོ་ཞེས་བྱ་བ་ནི། གོས་སྣུམ་གྱིས་གོས་ན་ཐལ་
ཆུ་ལ་སོགས་པས་སྣུམ་ཕྱུང་སྟེ་བགོ་བར་བྱ་བའོ། །དེ་དག་ནི་མི་སྡུག་པའི་ཕྱིར་བསལ་བ་ཡིན་གྱི། གསོག་འཇོག་ཏུ་འགྱུར་བ་ནི་མ་ཡིན་ཏེ། གསོག་འཇོག་ནི་ཟས་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །ཆར་འབབ་པའི་ཚེ་བླ་གབ་མེད་པར་དགེ་འདུན་གྱིས་མི་བགོའོ་ཞེས་བྱ་བ་ནི་གོས་སོ། །བཀྲུ་བ་ཤལ་
དང་ཚོན་དང་ལྷུང་བཟེད་ཀྱི་ལས་དང་ཤིང་འཆེག་བ་ལ་སོགས་པ་བྱེད་པའི་ཚེ་མི་བགོའོ་ཞེས་བྱ་བ་ཡང་། བཀྲུ་བཤལ་ལ་སོགས་པའི་ལས་བྱེད་པའི་ཚེ་ཡང་དགེ་འདུན་གྱི་གོས་མི་བསྒོ་བའོ། །ལྷན་ཅིག་པ་ཉིད་ལ་ཞེས་མ་བགོ་ན་གཅིག་དང་དབྲལ་བའི་ཕྱིར་འདོམས་པ་ལ་བྱིན་པ་ནི་ཡང་དག་པ་
ཉིད་ཀྱི་གྲངས་ཡིན་ནོ་ཞེས་བྱ་བ་ནི། རྫས་འདོམས་པར་བྱེད་པ་གཉིས་སམ་མང་པོ་དག་གིས་དགེ་སློང་ལ་རྫས་ཤིག་གཏམས་ནས་དེ་དག་གིས་དེང་ལྷན་ཅིག་ཚོགས་ཏེ་ལེན་དུ་འོངས་ན་བྱིན་ཅིག་ཅེས་མ་བསྒོ་ན། རྫས་བདག་གང་ཡང་རུང་བ་ཅིག་ལེན་དུ་འོངས་པའི་ཚེ་གཅིག་དང་འབྲལ་བའི་ཕྱིར་
ཞེས་བྱ་བ་གྲོགས་གཞན་ཚེགས་མི་འབྱུང་ཞིང་གཞག་པའི་ཕྱིར་འདོམས་པར་བྱེད་པ་གང་ཡང་རུང་བ་ལེན་དུ་འོངས་པ་དེ་ལ་གཏམས་པའི་དགེ་སློང་གིས་རྫས་དེ་བྱིན་ན་ཡང་དག་པར་བྱིན་པའི་གྲངས་སུ་གཏོགས་པ་ཡིན་ཏེ། རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་སྐྱེ་བོ་བཞིས་
གོས་གཏམས་པར་གྱུར་པ་གཅིག་གིས་ལེན་ན་བསྩལ་བར་བགྱིའམ། ཉེ་བ་འཁོར་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདོམས་པར་བྱེད་པ་དང་བཅས་པ་ལ་མི་སྦྱིན་ནོ་ཞེས་བྱ་བ་ནི། འདོམས་པར་བྱེད་པ་མ་ཡིན་པ་དང་བཅས་ཏེ་ལྷན་ཅིག་ཏུ་ལེན་དུ་འོངས་ན་བསྐུར་བར་མི་བྱ་བ་སྟེ། དངོས་པོ་དེ་

བདག་པོ་མ་ཡིན་པ་གཞན་ལ་ཡང་སྦྱིན་པར་འགྱུར་བའི་ཕྱིར་རོ། །སྨྱོན་པས་ཉེ་དུ་མ་ཡིན་པ་དང་དེའི་ཁྱིམ་ནས་བླངས་པ་ལ་བླང་བར་མི་བྱའོ་ཞེས་བྱ་བ་ནི། སྨྱོན་པ་ལས་རྫས་བླང་བར་མི་བྱ་བ་སྟེ། སྨྱོན་པས་རང་གི་ཉེ་དུ་མ་ཡིན་པའི་ཁྱིམ་ནས་བླངས་པ་དང་། སྨྱོན་པ་རང་གི་ཁྱིམ་ནས་བླངས་
པ་ལས་རྫས་དགེ་སློང་གིས་བླང་བར་མི་བྱ་བའོ། །དེ་ནི་སྨྱོན་པ་ནི་ཐ་སྙད་བྱར་མི་རུང་བ་ཡིན་པས་བརྐུས་སོ་ཞེས་ཁ་ཟེར་བའི་ཉེས་པ་སྤང་བའི་ཕྱིར་རོ། །འདིར་གཞུང་ནི་གང་ལ་ཕའམ་མའམ་ཕུ་ནུའམ་བུ་སྲིང་མངོན་པའི་རང་གི་ཁྱིམ་ནས་སྦྱིན་པར་བྱེད་པ་དེ་ལས་ནི་བླང་བར་བྱའོ། །གང་ལས་བླང་བར་མི་
བགྱི། གང་ན་ཕ་མ་ལ་སོགས་པ་མི་མངོན་པ་ནས་སོ་ཞེས་གསུངས་པ་ཡིན་ནོ། །བུ་བསྐྲད་པ་ལས་བླང་བར་བྱའོ་ཞེས་བྱ་བ་ནི། ཕས་བུ་རེ་ཞིག་བསྐྲད་པའི་ལག་ནས་རྫས་བླང་བར་བྱ་བ་སྟེ། བུ་དེ་ཕའི་ཁྱིམ་གྱི་བདག་པོ་ལས་དེ་མི་ལྡོག་པའི་ཕྱིར་རོ། །དུར་ཁྲོད་ནས་ཕྱིར་བཟློག་པ་ཡང་ངོ་ཞེས་བྱ་བ་ནི།
དུར་ཁྲོད་དུ་རོ་བསྐྱལ་ནས་དེ་ནས་རོའི་གོས་ཕྱིར་བཟློག་པ་དགེ་སློང་ལ་དབུལ་ན་བླང་བར་བྱ་བའོ། །ཕྱིར་འགུགས་ན་སྦྱིན་པར་བྱ་བའོ་ཞེས་བྱ་བ་ནི། དུར་ཁྲོད་ནས་ཕྱིར་བཟློག་པའི་གོས་དགེ་སློང་ལ་ཕུལ་བ་དེ་དགེ་སློང་ལས་ཕྱིར་འགུགས་ན་ཕྱིར་སྦྱིན་པར་བྱ་བ་སྟེ། ངན་པ་ནོར་དུ་མི་ཆེ་བའི་ཕྱིར་
རོ། །ཡང་རྙེད་ན་བླང་ངོ་ཞེས་བྱ་བ་ནི། དུར་ཁྲོད་ནས་ཕྱིར་བཟློག་པ་དགེ་སློང་ལ་ཕུལ་བ་དགེ་སློང་ལས་ཕྱིར་འགུགས་པ་དེ་ཡང་དགེ་སློང་ལ་འབུལ་ན་དགེ་སློང་གིས་བླང་བར་བྱ་སྟེ། དེས་ནི་དེས་ཁྲོ་བ་མི་བསྟན་པའི་ཕྱིར་རོ། །མཆོད་རྟེན་གྱི་དཀོར་དང་འབྱུང་ཁུངས་དང་རྩ་བ་དང་འབྲས་བུ་དང་བུ་རམ་
ཤིང་ལས་གཞན་པའི་ཟས་ཀྱི་དོན་དང་། བསྐོ་བས་ཉེ་བར་འཚོ་བར་བྱ་བ་དང་། ན་བའི་རུང་བ་ནི་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རྣམ་པ་དེ་ལྔ་ནི་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །མཆོད་རྟེན་གྱི་དཀོར་ཞེས་བྱ་བ་ནི། འདིར་དེ་བཞིན་
གཤེགས་པའི་མཆོད་རྟེན་གྱི་དཀོར་ལ་བྱ་སྟེ། དེ་ནི་གང་ཟག་གིས་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་མཆོད་རྟེན་གྱི་དཀོར་ནི་འདིར་མ་གཏོགས་ཏེ། དེ་ནི་དགེ་འདུན་གྱི་ཁོངས་སུ་གཏོགས་པས་དགེ་སློང་གིས་ནོར་ཉིད་དུ་བགོ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །

དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ནི་སངས་རྒྱས་དཀོན་མཆོག་ཉིད་དགེ་འདུན་ལས་ཐ་དད་པ་ཡིན་པས་དེ་ནི་བགོ་བར་མི་བྱ་བ་ཉིད་ཡིན་ནོ། །འབྱུང་ཁུངས་ཞེས་བྱ་བ་ནི། དགེ་འདུན་གྱི་འདུ་བའི་སྒོ་སྟེ། འདི་ལྟ་སྟེ་ཞིང་དང་ལོ་ཐོག་དང་ཀུན་དགའ་ར་བ་ལ་སོགས་པ་དང་། འདུ་བའི་སྒོ་མི་ཟད་པ་ཉིད་དུ་
ངེས་པར་བྱས་པ་གཞན་དག་དང་། བ་ལང་དང་། མ་ཧེ་ལ་སོགས་པ་དང་། ལྷ་འབངས་དང་རྩེ་རྒོད་ལ་སོགས་པ་དག་སྟེ། དེ་དག་ཀྱང་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ། །རྩ་བ་དང་འབྲས་བུ་དང་བུ་རམ་ཤིང་ལས་གཞན་པའི་ཟས་ཀྱི་དོན་དུ་ཞེས་བྱ་བ་ལ། རྩ་བ་ལ་ཕུག་ལ་སོགས་པ་
དང་། འབྲས་བུ་ཤིང་ཐོག་ལ་སོགས་པ་དང་། བུ་རམ་ཤིང་དག་གི་བགོས་ཀྱང་ཉེས་པ་མེད་དོ། །དེ་དག་ལས་གཞན་པ་ཟས་ཀྱི་དོན་དུ་སྦྱར་བ་གྲོ་ནས་ལ་སོགས་པ་གཙང་བག་དང་། ཀཱར་ཥཱ་པ་ཎ་ལ་སོགས་པ་དཀོར་མཛོད་དང་། མར་ལ་སོགས་པ་ཤེ་དང་། སྒ་ཚ་ལ་སོགས་པ་སྤོད་དག་དང་། དེ་དག་
ལ་སོགས་པའི་དངོས་པོ་ཁའི་འདུ་བའི་སྒོ་དག་ནི་ཟས་ཀྱི་དོན་ཞེས་བྱའོ། །དེ་ལྟར་ཡང་གཙུག་ལག་ལས་ཁའི་འདུ་བའི་སྒོ་འཕྲོག་ན་ཞེས་བྱ་བའི་ཚིག་ཡོད་དེ་ཁར་བཟའ་བའི་དོན་གྱི་རྫས་རྣམས་ནི་ཁའི་འདུ་བའི་སྒོ་ཞེས་བྱ་སྟེ། དེ་དག་ཀྱང་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ། །
གལ་ཏེ་གཙུག་ལག་ཁང་ན་ཁའི་འདུ་བའི་སྒོ་དེ་དག་དགེ་འདུན་གྱིས་སྤྱད་པ་ལས་ལྷག་པའི་མཐེབ་ཡོད་ན་ནི་འབྲུ་ལ་སོགས་པ་བཙོངས་ཏེ་གོས་ཀྱི་རིན་དག་བགོས་པ་ལ་ཉེས་པ་མེད་དོ། །རྟག་རེས་འཁོར་དང་ནད་གསོས་ཉིད་དུ་འབྲས་ལ་སོགས་པ་བྲིམ་པ་ལ་ཡང་ཉེས་པ་མེད་པ་ཁོ་ནའོ། །བསྐོ་བས་
ཉེ་བར་འཚོ་བར་བྱ་བ་ཞེས་བྱ་བ་ནི། བསྐོ་བས་ཉེ་བར་འཚོ་བར་འགྱུར་བ་གང་ཡིན་པ་སྟེ། གནས་མལ་གཙུག་ལག་ཁང་དང་གནས་ཁང་དང་ཁང་ཁྱིམ་དང་ས་གཞི་ལ་སོགས་པ་དང་མལ་ཆ་དང་སྟན་དང་བགོ་བ་དང་གདིང་གཡོགས་ལ་སོགས་པ་དང་། སྣོད་སྤྱད་ལ་སོགས་པ་དགེ་འདུན་གྱི་སྤྱི་བུངས་
གང་ཟག་ལ་བསྐོ་ཞིང་སྤྱད་པར་བྱ་བ་དག་སྟེ། དེ་དག་ཀྱང་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ། །ན་བའི་རུང་བ་ཞེས་བྱ་བ་ནི། སྨན་དུ་གྱུར་པའི་སྨན་གང་དུ་གཏོགས་པའི་ཨ་རུ་ར་ལ་སོགས་པ་དག་སྟེ། དེ་དག་ཀྱང་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་དོ། །དེ་དག་ལས་ལྷག་

པའི་མཐེབ་ཡོད་ན་ནི་བསྒྱུར་ཞིང་དགེ་འདུན་མཆོད་སྟོན་གསོལ་བ་ལ་ནི་ཉེས་པ་མེད་དོ། །བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། མཆོད་རྟེན་གྱི་དཀོར་ལ་སོགས་པ་ལྔ་པོ་དེ་དག་གང་ཟག་སྒོ་སྒོར་བཀུར་བའི་ཕྱིར་བགོ་བ་བཀག་པ་ཡིན་གྱི། ཞལ་ཏ་དང་བྱི་དོར་དང་
བསྲུང་བསྐྱབ་བྱ་བའི་ཕྱིར་ལས་བགོས་ཏེ། ཆང་ཁྱུར་ལེན་པ་བཀག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་ལྔ་བཅུ་ལྔ་པ། རྙེད་པ་ལ་ནི་དབྱར་གྱི་མཚམས་འཇུག་གོ་ཞེས་བྱ་བ་ནི། རྙེད་པ་འདི་དགེ་འདུན་གྱིའོ་ཞེས་དགེ་འདུན་ཙམ་གྱི་ཕྱིར་དབུལ་བའི་རྙེད་པ་གང་ཡིན་པ་དེ་ལ་ནི། དབྱར་
གྱི་དུས་སུ་གྱུར་པའི་མཚམས་འཇུག་པ་སྟེ་དེ་དབང་བ་ཉིད་ཡིན་གྱི། རྙེད་པའི་དུས་སུ་བྱུང་བའི་མཚམས་ནི་མི་དབང་ངོ་། །འདི་སྐད་བསྟན་ཏེ། དབྱར་གྱི་དུས་སུ་མཚམས་རྣམ་པར་གཞག་པར་གྱུར་པ་གང་ཡིན་པ་དེ་བཀྲོལ་ནས་མཚམས་དེར་དགེ་སློང་གང་དག་རྣམ་པར་གཞག་པ་དེ་དག་ལ་སྦྱིན་
བདག་དེས་དགེ་འདུན་ཙམ་ལ་བསྔོ་བས་འབུལ་བའི་རྙེད་པ་བྱུང་བ་གང་ཡིན་པ་དེ་ནི་དབྱར་གྱི་མཚམས་སུ་གཏོགས་པའི་དགེ་སློང་རྣམས་ཉི་ཚེ་དབང་གི། དེའི་ཚེའི་མཚམས་རྣམ་པར་གཞག་པའི་དགེ་སློང་རྣམས་ནི་མི་དབང་ངོ་། །འདིར་གཞུང་ནི་གཏན་པའི་གཞིའི་ཞུ་བ་ལས། དགེ་སློང་དག་
དབྱར་གནས་པར་ཁས་བླངས་ནས་སྤྱོད་ཡུལ་གྱི་གྲོང་གི་ཉེན་ཀོར་དུ་མཚམས་བགྱིད་ཅིང་དེ་དག་གིས་དགག་དབྱེ་བགྱིས་ནས་ཕྱི་རོལ་གྱི་མཚམས་བགྱིས་ཏེ། དེར་ཡང་མིས་དགེ་འདུན་གཞན་བཙུད་ནས་དགེ་འདུན་ལ་ཆོས་གོས་དག་འབུལ་ན་གང་གིས་ཐོབ་པར་འགྱུར། གང་དག་དེར་དབྱར་
གནས་པ་དག་གིས་སོ། །ཅིའི་ཕྱིར་ཞེ་ན་རྙེད་པ་དེ་གནས་ཀྱིས་བསྟབས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །འོ་ན་དགེ་སློང་གཞན་དེ་དག་གནས་དེར་སྦྱིན་བདག་གིས་བཙང་ལ། རྙེད་པ་ཡང་སྦྱིན་བདག་གི་དབང་གིས་རྣམ་པར་གཞག་པ་ཡིན་ན་ཅིའི་ཕྱིར་དེ་དག་མི་དབང་ཞེ་ན། སྨྲས་པ། སྦྱིན་
བདག་གིས་འདི་སྙམ་དུ་ཁོ་བོས་དགེ་འདུན་ཙམ་གྱི་ཕྱིར་དབུལ་བར་བྱ་སྟེ། འདི་དག་རང་གིས་དབང་བ་ཉིད་དུ་རྣམ་པར་འཇོག་ཅིང་ལན་གྲང་སྙམ་པའི་ཕྱིར་ཏེ། དེས་ནི་སྦྱིན་བདག་གིས་དགེ་སློང་གཞན་དག་དེར་བཙུད་དུ་ཟིན་ཀྱང་དེ་དག་མི་དབང་བ་ཉིད་ཡིན་ནོ། །གལ་ཏེ་སྦྱིན་བདག་གིས་དགེ་སློང་

འདི་དག་དང་གཞན་དག་ལ་ཡང་དབུལ་ལོ་ཞེས་ཡོངས་སུ་ཆད་པར་བྱེད་ན་ནི་དེའི་ཚེ་གཞན་དག་ཀྱང་དབང་བར་ཐེ་ཚོམ་མེད་དོ། །རྙེད་པ་དེ་གནས་ཀྱིས་བསྟབས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ལ། འདིར་གནས་ཞེས་བྱ་བ་ནི་དབྱར་གྱི་གནས་ལ་བྱ་སྟེ། དབྱར་གྱི་གནས་དེས་བསྒྲུབས་པའི་རྙེད་པ་
ནི་གནས་ཀྱིས་བསྟབས་པའི་རྙེད་པ་ཞེས་བྱའོ། །དབྱར་རལ་བ་ནི་མི་དབང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཡུན་རིང་དུ་གནས་གནས་པ་ཉིད་ཡིན་ན་དབྱར་རལ་ཡང་དགེ་སློང་དེ་གནས་ཀྱིས་བསྟབས་པའི་རྙེད་པ་མི་དབང་བ་ཉིད་མ་ཡིན་ཏེ་དབང་བ་ཁོ་ནའོ། །འདིར་གཞུང་ནི་གང་ལས་སྦྱིན་པར་བྱ་ཞེ་ན། དབྱར་
སྔ་མའམ་ཕྱི་མ་གང་ཡོད་པ་ལས་ཏེ། ཡུན་རིང་དུ་གནས་གནས་པ་ལས་སོ་ཞེས་གསུངས་པ་ཡིན་ནོ། །གནས་ནས་ཕྱུང་བ་ཉིད་ན་ནི་མི་དབང་ངོ་ཞེས་བྱ་བ་ནི། གནས་ནས་ཕྱུང་བ་ཉིད་དུ་གྱུར་པ་ན་དབྱར་གནས་པའི་རྙེད་པ་དེ་མི་དབང་བ་སྟེ། དེ་ནི་དགེ་འདུན་ལས་གནས་དང་ལོངས་སྤྱོད་ཕྱི་རོལ་
དུ་གྱུར་པར་བྱས་པའི་ཕྱིར་རོ། །རྫས་ཀྱིས་མནན་པར་གནས་པར་ཁས་བླངས་པ་ནི་སྐལ་བ་གཅིག་ཁོ་ནའོ་ཞེས་བྱ་བ་ནི། མཚམས་དུ་མ་ཁྲི་ལ་སོགས་པའི་རྫས་གཅིག་གིས་མནན་པར་དབྱར་གནས་པར་ཁས་བླངས་པ་ནི་མཚམས་དུ་མ་མནན་པ་དེ་དག་ནས་རྙེད་པའི་ཆ་བསྡུས་ཏེ། སྤྱིར་མི་གཅིག་
གིས་སྐལ་བ་གཅིག་དབང་བ་ཁོ་ན་སྦྱིན་པའོ། །འདི་སྐད་བསྟན་ཏེ། མཚམས་ཇི་སྙེད་མནན་པ་དེ་སྙེད་ཀྱི་རྙེད་པ་མི་དབང་གི། མཚམས་དུ་མ་མནན་པ་དེ་དག་ནས་ཆ་བསྡུས་ཏེ། སྐལ་བ་གཅིག་ཁོ་ན་དབང་ངོ་། །སྐལ་བ་གཅིག་ཁོ་ནའོ་ཞེས་སྨོས་པ་དེས་གང་ནས་སྐལ་བ་གཅིག་ཁོ་ན་དེ་ལ་སྦྱིན་
པར་བྱ་ཞེ་ན་དེའི་ཕྱིར་དེ་ལ་མནན་པ་རྣམས་སུ་བདག་ཉིད་བགྲང་བའི་ཆ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། མཚམས་དུ་མ་ཁྲི་ལ་སོགས་པས་མནན་ཏེ་གནས་པར་ཁས་བླངས་པའི་གང་ཟག་དེ་ལ་མཚམས་ཇི་སྙེད་མནན་པ་རྣམས་སུ་བདག་ཉིད་གཏོགས་པར་བགྲང་བའི་མཚམས་དེ་དག་ཐམས་ཅད་ནས་ཆ་རེ་རེ་
ཉིད་དབང་སྟེ། དེ་དག་གི་ཆ་སྤྱིར་བསྡོམས་པ་ལས་མི་གཅིག་གི་སྐལ་བ་གཅིག་ཁོ་ན་སྦྱིན་པའོ། །འདི་སྐད་བསྟན་ཏེ། མཚམས་གཉིས་སམ་གསུམ་མམ་བཞི་ལ་སོགས་པ་ཇི་སྙེད་མནན་པའི་མཚམས་དེ་དག་ནས་ཕྱེད་དམ་སུམ་ཆའམ་བཞི་ཆ་ལ་སོགས་པའི་ཆ་རེ་རེ་དབང་སྟེ། དེ་དག་སྤྱིར་བསྡུས་པ་ལས་

སྐལ་བ་རངས་པ་གཅིག་ཁོ་ན་སྦྱིན་པར་བྱའོ། །འདིར་གཞུང་ནི་གཙུག་ལག་ཁང་གཅིག་གི་རྙེད་པའི་ཐང་གང་ཡིན་པ་དེ་དེས་གནས་ཇི་སྙེད་མནན་པ་དེ་སྙེད་ནས་ཆ་བསྡུས་ཏེ། དེ་ལས་སྐལ་བ་གཅིག་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་པ་གཅིག་ཏུ་གནས་པར་ཁས་བླངས་པ་ལ་ནི་
ཡུན་རིང་བ་ཉིད་ཀྱིས་རྣམ་པར་གཞག་གོ་ཞེས་བྱ་བ་ནི། མཚམས་དུ་མ་ཁྲི་ལ་སོགས་པས་མནན་ཏེ་གནས་པར་ཁས་བླངས་པ་སྔར་བསྟན་པ་དེ་ལས་གཞན་པ་གཅིག་ཏུ་གནས་པར་ཁས་བླངས་པ་ཞེས་བྱ་བ་དབྱར་གནས་པར་ཁས་ལེན་པའི་དུས་དེ་ཉིད་ཀྱི་ཚེ་དང་པོར་གནས་གཅིག་ཏུ་གནས་པར་ཁས་
བླངས་ནས་དེ་མ་ཐག་ཏུ་ཡང་གནས་གཞན་གཅིག་ཏུ་གནས་པར་ཁས་བླངས་ཤིང་། དེའི་འོག་ཏུ་ཡང་གནས་གཞན་གཅིག་ཏུ་གནས་པར་ཁས་བླངས་ཏེ། དེ་ནས་ཡང་གནས་གཞན་གཅིག་ཏུ་གནས་པར་ཁས་བླངས་པ་སྟེ། དེ་ལྟར་གནས་ཐ་དད་པ་དུ་མར་གནས་པར་ཁས་བླངས་པ་ལ་ནི། གནས་དེ་
དག་གང་དུ་དབྱར་ཡུན་རིང་དུ་གནས་གནས་པ་ཉིད་ཀྱིས་དེའི་རྙེད་པ་རྣམ་པར་གཞག་སྟེ། གང་དུ་ཡུན་རིང་དུ་གནས་གནས་པའི་གནས་དེ་གཅིག་པུ་ནས་དེའི་རྙེད་པའི་སྐལ་བ་རངས་པ་གཅིག་སྦྱིན་པར་བྱའི། གནས་དེ་དག་ཐམས་ཅད་ནས་སྐལ་བ་རེ་རེ་ཡང་མི་སྦྱིན་ལ། དེ་དག་ནས་ཆ་བསྡུ་པར་
ཡང་མི་བྱའོ། །འདིར་གཞུང་ནི་ཚེ་དང་ལྡན་པ་ཉེ་དགས་རྙེད་པ་འདོད་པས་གཙུག་ལག་ཁང་གཉིས་སུ་ཚུལ་ཤིང་དང་གནས་མལ་བླངས་ཏེ་གནས་པར་ཁས་བླངས་པ་ན། དེས་གཙུག་ལག་ཁང་གཅིག་ནས་ཆོས་གོས་ཀྱི་རིན་ཐོབ་ལ་ཅིག་ཤོས་ནས་མ་ཐོབ་ནས་དེ་ནས་ཀྱང་རྙེད་པ་བསྒྲུབ་པ་ན། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་གསོ་སྦྱོང་ལན་མང་དུ་བྱས་པ་དེ་ནས་རྙེད་པ་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་ཚུལ་དང་དགེ་ཚུལ་མ་དག་ནི་རྙེད་པ་ལ་སུམ་ཆ་དབྲི་བ་ཉིད་དོ་ཞེས་བྱ་བ་ནི་དེ་གཉིས་ནི་གོས་ཀྱི་རིན་རྙེད་པ་ལ་སུམ་ཆ་དབྲི་ཞིང་སུམ་གཉིས་དབང་བ་ཉིད་ཡིན་པའོ། །དབྱར་
གནས་པ་ལ་སོགས་པ་དགེ་འདུན་གྱི་གོས་ཀྱི་རྙེད་པ་ལ་སུམ་ཆ་དབྲིའོ། །ཡོན་བདག་གིས་མངོན་སུམ་དུ་སྤྱིར་ཕུལ་བའི་རྙེད་པ་ལ་ནི་མི་དབྲིའོ། །ཟས་ལ་ནི་མཉམ་པ་ཉིད་དོ་ཞེས་བྱ་བ་ནི། དགེ་ཚུལ་དང་དགེ་ཚུལ་མ་དག་ཟས་ཀྱི་རྙེད་པ་ལ་ནི་བསྙེན་པར་རྫོགས་པ་དང་མཉམ་པར་དབང་བ་ཡིན་ནོ། །གོས་ལ་

སོགས་པ་ལ་ནི་མི་མཉམ་མོ། །བསྙེན་པར་རྫོགས་པ་ལ་འདོད་པ་དང་དགེ་སློབ་མ་དག་ཀྱང་ངོ་ཞེས་བྱ་བ་ནི། དེ་གཉིས་ཀྱང་བསྙེན་པར་རྫོགས་པ་དག་དང་རྙེད་པ་མཉམ་པ་ཉིད་ཡིན་པ་སྟེ། འདིར་ནི་ཟས་ཀྱི་རྙེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྙེད་པ་ཐམས་ཅད་མཉམ་པའོ། །བསྙེན་པར་རྫོགས་པར་འདོད་པ་
ཞེས་བྱ་བ་ནི། དགེ་ཚུལ་དང་དགེ་སློབ་མ་ལ་བྱ་སྟེ། དགེ་ཚུལ་མ་ལ་ནི་དགེ་སློབ་མར་མ་བྱས་ཀྱི་བར་དུ་བསྙེན་པར་རྫོགས་པར་བྱར་མི་རུང་བའི་ཕྱིར་རོ། །འདིར་དགེ་སློབ་མ་ཡང་དངོས་སུ་སྨོས་པས་དགེ་ཚུལ་ཉི་ཚེ་བཟུང་སྟེ། དགེ་ཚུལ་ལོ་ཡང་ཚང་ལ་བསྙེན་པར་རྫོགས་པ་ཡང་འདོད་པ་རྣམས་ལ་
བྱའི། ལོ་མ་ཚང་པ་དང་ལོ་ཚང་ཡང་བསྙེན་པར་རྫོགས་པར་མི་འདོད་པ་རྣམས་ནི་སུམ་ཆ་དབྲི་བ་སྔར་བསྟན་པ་ཉིད་ཀྱི་ཁོངས་སུ་གཏོགས་སོ། །འདིར་གཞུང་ནི་སིལ་བུ་དག་ལས། དགེ་སློང་དང་དགེ་སློང་མ་དག་ནི་སྐལ་བ་མཉམ་པར་སྦྱིན་ནོ། །དགེ་ཚུལ་དང་དགེ་ཚུལ་མ་དག་ལ་ནི་སུམ་གཉིས་སྦྱིན་ནོ། །བསྙེན་
པར་རྫོགས་པར་འདོད་པ་དང་དགེ་སློབ་མ་དག་ཀྱང་མཉམ་པར་སྦྱིན་ནོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་དང་དགེ་སློང་མ་རྣམས་ཀྱི་སྐལ་བ་བགོ་བ་ནི་གང་ཟག་ལས་ཡིན་གྱི་དགེ་འདུན་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། འདི་ལས་འདི་སྙེད་ནི་དགེ་སློང་གི་དགེ་འདུན་ལ་དབུལ་ལོ། །འདི་སྙེད་ནི་དགེ་
སློང་མའི་དགེ་འདུན་ལ་དབུལ་ལོ་ཞེས་དེ་ལྟར་བྱེ་བྲག་ཏུ་མ་བྱས་པའི་རྙེད་པ་ནི་དགེ་སློང་གི་དགེ་འདུན་ལ་དང་དགེ་སློང་མའི་དགེ་འདུན་གཉིས་གང་ཟག་གི་གྲངས་ལས་བགོ་བར་བྱའི། དགེ་འདུན་གྱི་གྲངས་ལས་ཕྱེད་ཕྱེད་དུ་མི་བགོ་བའོ། །འདི་སྐད་བསྟན་ཏེ། དགེ་སློང་དང་དགེ་སློང་མའི་རང་
བཞིན་གྱི་གང་ཟག་ཇི་སྙེད་དེ་ལ་སྐལ་བ་དབང་བ་དེ་སྙེད་ལ་མཉམ་པར་བྱའི། ཕྱེད་དགེ་སློང་གི་དགེ་འདུན་ལ་སྦྱིན་ཞིང་ཕྱེད་དགེ་སློང་མའི་དགེ་འདུན་ལ་སྦྱིན་པ་མ་ཡིན་ནོ། །འདིར་གཞུང་ནི་མགོའི་ཤས་ཀྱིས་བགོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཟས་ཀྱི་མཇུག་ཐོག་ཀྱི་རྙེད་པ་བྱེ་བྲག་ཏུ་མ་བཅད་པ་
དེ་ལས་དགེ་སློང་མ་ཟོས་པ་ཉིད་དག་ཀྱང་མི་འཇུག་པ་མ་ཡིན་ནོ་ཞེས་བྱ་བ་ལ། ཟས་ཀྱི་མཇུག་ཐོགས་ཀྱི་རྙེད་པ་ཞེས་བྱ་བ་ནི། ཟས་སྔར་ཟར་བཅུག་ནས་དེའི་འོག་ཏུ་ཟས་ཀྱི་རྗེས་ལ་དབུལ་བའི་རྙེད་པ་གང་ཡིན་པའོ། །བྱེ་བྲག་ཏུ་མ་བཅད་པ་ཞེས་བྱ་བ་ནི། འདི་དགེ་སློང་རྣམས་ཁོ་ན་ལ་དབུལ་ལོ་ཞེས་

སྦྱིན་བདག་གིས་བྱེ་བྲག་ཏུ་མ་བཅད་པའོ། །དེ་ལྟ་བུའི་རྙེད་པ་དེ་ལ་ནི་དེར་ཟན་ཟོས་པའི་དགེ་སློང་མ་རྣམས་ཀྱང་མི་དབང་བ་མ་ཡིན་ཏེ་དབང་ངོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་དགེ་སློང་དྲུག་ཅུ་ལྗོངས་རྒྱུ་ཞིང་འགྲོ་བ་ན་རི་བྲགས་གཞན་ཞིག་ཏུ་ཕྱིན་ནས་དེ་ན་ཁྱིམ་བདག་དད་པ་ཅན་
ཞིག་འདུག་པ་དེས་དེ་དག་ཁྱིམ་གཞན་དུ་ཟན་ལ་མགྲོན་དུ་བོས་ནས་དགེ་སློང་རེ་རེ་ལ་རས་ཡུག་ཆེན་བསྐོན་ནོ་སྙམ་དུ་བསམས་ཤིང་དེ་དག་ཀྱང་ཟན་བཟའ་བའི་ཕྱིར་ཞུགས་པ་དང་། དགེ་སློང་མ་དྲུག་ཅུ་ཡང་རི་བྲགས་དེ་ཉིད་དུ་ལྷགས་ནས་དེ་དག་གིས་ཀྱང་དེར་ཟན་ཟོས་སོ། །དེ་ནས་ཁྱིམ་བདག་དེས་རས་
ཡུག་ཆེན་དྲུག་ཅུ་རྒན་པའི་མཐར་གཞག་པ་དང་དགེ་སློང་དག་གིས་ཇི་ལྟར་བགོ་བར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙེད་པ་འདི་གཉི་གའི་དགེ་འདུན་གྱི་ཡིན་པས་གཉི་གའི་དགེ་འདུན་གྱིས་མཉམ་པར་བགོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྟན་དང་ཆུ་དང་བསོད་
སྙོམས་དག་ལ་དགེ་སློང་དགེ་སློང་མ་དག་པས་གཙོ་བོ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། སྟན་ལ་སོགས་པ་དག་ལ་དགེ་སློང་ནི་དགེ་སློང་མ་དག་པས་གཙོ་བོ་ཉིད་ཡིན་པའོ། །དགེ་སློང་མ་རྣམས་ཀྱི་ཚོགས་པ་ན་རྒན་པའི་མཐར་སྟན་དག་གཞག་གོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱི་ཚོགས་པའི་དུས་ན་རྒན་
པའི་མཐའ་ལོགས་སུ་གྲལ་གྱི་སྟན་དག་ལ་གཞག་པར་བྱ་སྟེ། འདི་ནི་བརྒྱ་ལ་དགེ་སློང་ནི་འགའ་འོང་བར་འགྱུར་སྲིད་པས་དེའི་ཕྱིར་རོ། །དགེ་སློང་དང་བཅས་པ་ཉིད་ན་དེ་དག་གིས་མི་ནུས་ན་དགེ་སློང་མས་ཡོན་བཤད་པར་བྱའོ་ཞེས་བྱ་བ་ནི། མཆོད་སྟོན་ལ་སོགས་པ་དག་ལ་དགེ་སློང་དང་བཅས་
པ་ཉིད་ཡིན་ལ། དགེ་སློང་དེ་དག་གིས་ཡོན་བཤད་པར་བྱེད་མི་ནུས་ན་དགེ་སློང་མས་ཡོན་བཤད་པར་བྱར་རུང་བའོ། འདྲིམ་པར་བྱེད་པས་སྦྱིན་པའི་ཕྱིར་ཟས་ཉེ་བར་གཞག་པ་ན་དགེ་འདུན་གྱི་གནས་བརྟན་གྱིས་དང་པོར་སྙོམས་པར་བྲིམས་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི། །དགེ་འདུན་གྱི་
གནས་བརྟན་གྱིས་ཟས་འདྲིམ་པར་བྱེད་པའི་གང་ཟག་གིས་དགེ་འདུན་ལ་ཟས་སྦྱིན་པའི་ཕྱིར་དགེ་འདུན་གྱི་མདུན་དུ་ཟས་ཉེ་བར་གཞག་པ་ན་དེ་ལ་དང་པོར་ཐམས་ཅད་ལ་སྙོམས་པར་བྲིམས་ཤིག་ཅེས་བསྒོ་བར་བྱ་བའོ། །དང་པོར་ཟས་ལེན་པའི་དང་པོར་དེ་ལ་དེ་སྐད་མ་བསྒོ་ན་ཉེས་བྱས་སོ། །དང་པོས་མ་

སྨྲས་ན་ཡང་དེའི་འོག་ཏུ་སྨྲ་པར་བྱ་བ་ཡིན་ཏེ། དེའི་ཚེ་ཡང་མ་སྨྲས་ན་ཉེས་བྱས་གཞན་དུ་འགྱུར་རོ། །འཁོར་ལ་བལྟས་ཏེ་མང་ལ་ཟས་ཉུང་བ་ཉིད་ཡིན་ན་དེའི་ཚེ་སྔ་མ་བརྗོད་ཅིང་ཁྱད་པར་ཤེས་སོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་བརྟན་གྱིས་འཁོར་ལ་བལྟས་ཏེ་འཁོར་མང་ལ་ཟས་ཉུང་བ་ཉིད་ཡིན་ན་
དེའི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཟས་འདྲིམ་པས་སྦྱིན་པའི་ཕྱིར་ཟས་ཉེ་བར་གཞག་པ་ན། དེ་ལ་དང་པོར་སྔ་མ་བརྗོད་ཅིང་ཁྱེད་པར་བྲིམས་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །སྔ་མ་བརྗོད་ཅིང་ཞེས་བྱ་བ་ནི། འཁོར་མང་ལ་ཟས་ཉུང་བ་ཉིད་ཡིན་ན་ཞེས་སྔར་བསྟན་མ་ཐག་པ་དེ་ཉིད་བརྗོད་ཅིང་སྟེ།
དགེ་སློང་དག་མང་ལ་ཟས་ཉུང་གིས་ཁྱེད་པར་བྲིམས་ཤིག་ཅེས་བསྒོ་བར་བྱ་བའོ། །འདི་སྐད་བསྟན་ཏེ། འཁོར་ལ་བལྟས་ཏེ་འཁོར་གྱི་རྫས་དག་མང་ལ་ཟས་ཉུང་བ་ཉིད་ཡིན་ན་དེའི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཟས་འདྲིམ་པའི་གང་ཟག་གིས་སྦྱིན་པའི་ཕྱིར་ཟས་ཉེ་བར་གཞག་པ་ན་དེ་ལ་སྔ་མ་
བརྗོད་ཅིང་ཞེས་བྱ་བ་འཁོར་གྱི་རྫས་དག་མང་ལ་ཟས་ཉུང་བ་ཉིད་ཅེས་སྔར་བསྟན་པ་དེ་བརྗོད་ཅིང་ཁྱེད་པར་བྲིམས་ཤིག་ཅེས་བསྒོ་བར་བྱ་བའོ། །གཞན་ཉིད་ཡིན་ན་ཅི་འབྱོར་པ་ཞེས་སོ་ཞེས་བྱ་བ་ལ། གཞན་ཉིད་ཡིན་ན་ཞེས་བྱ་བ་ནི་འཁོར་གྱི་རྫས་དག་ནི་ཉུང་ལ་ཟས་ནི་མང་བ་ཉིད་ཡིན་པའོ། །ཅི་
འབྱོར་པ་ཞེས་སོ་ཞེས་བྱ་བ་ནི། འཁོར་ལ་བལྟས་ཏེ་འཁོར་ཉུང་ལ་ཟས་མང་པ་ཉིད་ཡིན་ན་དེའི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཟས་འདྲིམ་པས་སྦྱིན་པའི་ཕྱིར་ཟས་ཉེ་བར་གཞག་པ་ན། དེ་ལ་དང་པོའི་འཁོར་ཉུང་ལ་ཟས་མང་བ་ཉིད་ཡིན་ནོ་ཞེས་བརྗོད་ཅིང་ཅི་འབྱོར་པ་བྲིམས་ཤིག་ཅེས་བསྒོ་
བར་བྱ་བའོ། །རྒན་པའི་མཐར་སཾ་པྲཔྟ་ཞེས་མ་བརྗོད་པར་དང་པོར་བླང་བར་མི་བྱའོ་ཞེས་བྱ་བ་ནི། འདྲིམ་པར་བྱེད་པས་དགེ་འདུན་གྱི་རྒན་པའི་མཐའ་ལོགས་སུ་སཾ་པྲཔྟ་ཞེས་བྱ་བའི་སྔགས་མ་བརྗོད་ཀྱི་བར་དུ་དགེ་འདུན་གྱི་གནས་བརྟན་གྱིས་དང་པོར་ཟས་བླང་བར་མི་བྱ་བའོ། །སཾ་
པྲཔྟ་ཞེས་བྱ་བའི་ཚིག་གི་དོན་ནི་མཉམ་པར་གྱུར་ཅིག་ཅེས་བྱ་སྟེ། བི་ཤཾ་པྲཔྟ་ཞེས་བྱ་བ་ནི་མི་མཉམ་པར་གྱུར་ཅེས་བྱ་སྟེ། དུག་ཏུ་གྱུར་ཅེས་བྱ་བའི་དོན་ཡིན་ནོ། །དུག་མེད་པར་གྱུར་པ་ནི་མཉམ་པར་གྱུར་པ་སྟེ་སཾ་པྲཔྟ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་ཟས་འདྲིམ་པར་བྱེད་པའི་གང་ཟག་

གིས་དགེ་སློང་གི་མངོན་སུམ་དུ་སཾ་པྲཔྟ་ཞེས་བྱ་བའི་སྔགས་འདི་བརྗོད་ན། ཟས་དུག་ཅན་ཡང་དུག་མེད་པར་འགྱུར་རོ། །ཟས་བསྔོགས་པ་ན་བསྐོས་པ་དག་ལས་གཞན་པ་དག་ལྷགས་ན་དེ་ལ་སྦྲན་པར་བྱའོ་ཞེས་བྱ་བ་ནི། སྦྱིན་བདག་གིས་ཟན་དྲང་ལ་རག་པར་བསྔོགས་པ་ན། མགྲོན་
དུ་བསྐོས་པའི་དགེ་སློང་དག་ལས་གཞན་པའི་དགེ་སློང་མགྲོན་དུ་མ་བསྐོས་པ་དག་ལྷགས་ན་དེའི་ཚེ་མགྲོན་དུ་བསྐོས་པའི་དགེ་སློང་དག་གིས་སྦྱིན་བདག་དེ་ལ་སྦྲན་པར་བྱ་བའོ། །དེ་ནི་ཕོངས་པ་སྤངས་པའི་ཕྱིར་དང་སྐྱེངས་པ་སྤང་པའི་ཕྱིར་རོ། །དགེ་སློང་ཆོས་གོས་གསུམ་སྦྱིན་དུ་གཞུག་པར་མི་བྱའོ་ཞེས་
བྱ་བ་ནི། དགེ་སློང་གིས་དགེ་སློང་ཆོས་གོས་གསུམ་སྦྱིན་དུ་མི་གཞུག་པའོ། །དགེ་འདུན་གྱིས་སོས་པར་གྱུར་པ་ཉིད་ན་འདི་ཕྱིར་སྦྱིན་ནོ་སྙམ་པ་དེ་ལས་གཞན་པའི་ཡིད་ཀྱིས་བླང་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་ནད་པས་དགེ་འདུན་ལ་ཆོས་གོས་གསུམ་ཡོན་དུ་ཕུལ་བ་ནི་དགེ་འདུན་གྱིས་གལ་ཏེ་ནད་པ་
སོས་པར་གྱུར་ན་ཆོས་གོས་འདི་ཕྱིར་སྦྱིན་ནོ་སྙམ་པའི་སེམས་ཀྱིས་བླང་བར་བྱའི། དེ་ལས་གཞན་པའི་ཡིད་ཀྱིས་བླང་བར་མི་བྱའོ། །གང་ཟག་ལ་ཕུལ་བ་ཡང་དེ་བཞིན་དུ་བསྒྲུབ་པར་བྱའོ། །སྟོད་གཡོགས་དང་སྨད་གཡོགས་ཀྱིས་རོ་དོར་རོ་ཞེས་བྱ་བ་ནི། ཤི་བའི་རོ་ནི་སྟོད་གཡོགས་དང་སྨད་
གཡོགས་ཀྱིས་གཡོགས་ཏེ་དོར་བར་བྱའི་སྒྲེན་མོར་མི་དོར་བ་སྟེ། དེ་ནི་མགོན་མེད་པར་ཐལ་བར་གྱུར་པའི་ཉེས་པ་སྤང་བའི་ཕྱིར་རོ། །འབྲིང་གིས་སོ་ཞེས་བྱ་བ་ནི། སྟོད་གཡོགས་དང་སྨད་གཡོགས་ངན་པ་ཡང་མ་ཡིན་པ་བཟང་པོ་ཡང་མ་ཡིན་པ་འབྲིང་གིས་དོར་བར་བྱའོ། །ལྷག་མས་མི་
བྱའོ་ཞེས་བྱ་བ་ནི། སྟོད་གཡོགས་དང་སྨད་གཡོགས་ལས་གཞན་པའི་རྫས་ལྷག་མས་རོ་དོར་བར་མི་བྱ་བའོ། །ཤམ་ཐབས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། སྐེ་རགས་ཀྱིས་སོ། །ཁྲིས་གཅིག་གིས་ཀྱང་མི་བྱའོ་ཞེས་བྱ་བ་ནི། སྐེ་རགས་ཁྲིས་གཅིག་གིས་བཅིངས་པས་ཀྱང་
གྲོང་དུ་འཇུག་པར་མི་བྱ་བའོ། །གོས་ཀྱི་གཞི་ཕྲན་ཚེགས་ལ་སོགས་པ་ཞུ་བ་དང་བཅས་པའི་སྐབས་སོ་ཞེས་བྱ་བ་གོས་ཀྱི་གཞི་དེ་དག་གི་སྐབས་ནས་འབྱུང་བ་དེ་བཤད་དོ། །གོས་ཀྱི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་ཀོ་ལྤགས་ཀྱི་གཞི་བཤད་པར་བྱ་སྟེ། དེ་ལ་དང་པོར་མཐའ་འཁོབ་ངེས་

པར་ཤེས་པར་བྱ་བའི་ཕྱིར་ཡུལ་དབུས་བསྟན་པར་བྱ་སྟེ། དེའི་ཕྱིར་ཡུལ་དབུས་ཀྱི་མཚམས་སོ་ཞེས་བྱ་བ་སྨྲས་ཏེ། བསྟན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་གང་ཞེ་ན། དེའི་ཕྱིར་ཤར་དུ་ནི་ལི་ཁར་ཤིང་འཕེལ་གྱི་མདུན་གྱི་ནགས་ལི་ཁ་རའི་ཤིང་ཚང་ཚིང་ཅན་ཞེས་བྱའོ་ཞེས་བྱ་བ་སྨྲས་ཏེ། ཤར་ཕྱོགས་
ན་ཡུལ་ལི་ཁ་ར་ཤིང་འཕེལ་ཞེས་བྱ་བ་ཡོད་དེ། དེའི་མདུན་ན་ནགས་ལི་ཁ་རའི་ཤིང་ཚང་ཚིང་ཅན་ཞེས་བྱ་བ་ཡོད་པའི་ནུབ་ཀྱི་ཆ་ཚུན་ཆད་ནི་ཡུལ་དབུས་ཀྱི་ཤར་ཕྱོགས་ཀྱི་མཚམས་ཡིན་ནོ། །དེ་ཕན་ཆད་ནི་ཡུལ་མཐའ་འཁོབ་ཡིན་ནོ། །ནགས་ཞེས་བྱ་བ་ནི་འདིར་རྩྭ་དང་གེལ་པ་དང་བཅས་པའི་སའི་
ཕྱོགས་ཀྱི་གཏོས་ཆེན་པོའོ། །ལྷོར་ནི་འདམ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་དེ་ཞེས་བྱ་བའོ་ཞེས་བྱ་བ་ནི། ལྷོ་ཕྱོགས་ན་གྲོང་ཁྱེར་འདམ་བུ་ཅན་ཞེས་བྱ་བ་ཡོད་དེ། དེའི་ལྷོ་ན་ཆུ་ཀླུང་འདམ་བུ་ཅན་ཞེས་བྱ་བ་ཡོད་པའི་བྱང་ཕྱོགས་ཀྱི་ཆ་ཚུན་ཆད་ནི་ཡུལ་གྱི་དབུས་ཀྱི་ལྷོ་ཕྱོགས་ཀྱི་མཚམས་ཡིན་ནོ། །དེ་ཕན་
ཆད་ནི་ཡུལ་མཐའ་འཁོབ་ཡིན་ནོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱ་བ་གཉིས་སོ་ཞེས་བྱ་བ་ནི། ནུབ་ཕྱོགས་ན་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱ་བ་གཉིས་ཡོད་དེ། དེའི་ཤར་གྱི་ཆ་ཚུན་ཆད་ནི་ཡུལ་དབུས་ཀྱི་ནུབ་ཕྱོགས་ཀྱི་མཚམས་ཡིན་ནོ། །དེ་ཕན་ཆད་ནི་ཡུལ་
མཐའ་འཁོབ་ཡིན་ནོ། །བྱང་དུ་ནི་ཨུ་ཤི་རའི་རི་ཞེས་བྱ་བའོ་ཞེས་བྱ་བ་ནི། བྱང་ཕྱོགས་ན་རི་ཨུ་ཤི་རའི་རི་ཞེས་བྱ་བ་ཡོད་དེ། དེའི་ལྷོའི་ཆ་ཚུན་ཆད་ནི་ཡུལ་དབུས་ཀྱི་བྱང་ཕྱོགས་ཀྱི་མཚམས་ཡིན་ནོ། །དེ་ཕན་ཆད་ནི་ཡུལ་མཐའ་འཁོབ་ཡིན་ནོ། །མཐའ་ཁོབ་ཏུ་མཆིལ་ལྷམ་དག་བཅང་བར་བྱའོ་
ཞེས་བྱ་བ་ནི། ཡུལ་མཐའ་ཁོབ་ཏུ་རྐང་པ་དག་བསྐྱབ་པའི་ཕྱིར་མཆིལ་ལྷམ་དག་བཅང་བར་བྱ་བའོ། །གནས་མལ་བསྐྱང་བའི་ཕྱིར་ཡང་ངོ་ཞེས་བྱ་བ་ནི། ཡུལ་དབུས་སུ་ཡང་གནས་མལ་བསྐྱང་བའི་ཕྱིར་མཆིལ་ལྷམ་དག་བཅང་བར་བྱ་བའོ། གནས་མལ་ཞེས་སྨོས་པས་ནི་ཁྲི་ལ་སོགས་པ་ཡང་
བཟུང་བ་ཉིད་དུ་ཤེས་པར་བྱ་སྟེ། ཁྲི་ལ་སོགས་པ་དེ་ལ་ཡང་རྐང་པ་དག་གིས་བརྫི་བའི་གནས་སྐབས་སྲིད་པའི་ཕྱིར་རོ། །གནས་གཞན་དུ་སོང་བས་གནས་མལ་བསྐྱང་བའི་ཕྱིར་རྐང་པ་གཉིས་ལ་དེ་དག་བགོ་བར་རིགས་པར་སྣང་ངོ་། །འདིར་གཞུང་ནི་བསོད་སྙོམས་པ་ཞིག་མཉན་ཡོད་དུ་བསོད་སྙོམས་ལ་

ཞུགས་པ་ན་དེ་མཆིལ་ལྷམ་མེད་པས་རྐང་པ་དག་སེར་ཀ་བྱུང་བ་ཁྱིམ་བདག་དེས་མཐོང་ནས། དེས་དེ་ལ་སྨྲས་པ། འཕགས་པ་ཁྱོད་ལ་མཆིལ་ལྷམ་དག་ཡོད་དམ། མེད་དོ། །ཚུར་ཤོག་དང་སྦྱིན་དུ་གཞུག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཆིལ་ལྷམ་ཇི་ལྟ་བུ་དག་བཅང་བར་
བྱ་ཞེ་ན་དེའི་ཕྱིར་ཆིག་རིམ་མོ་ཞེས་བྱ་བ་སྨྲས་ཏེ། མཆིལ་ལྷམ་ཆིག་རིམ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །རྡོག་པ་གཞུག་པས་བཅོས་པར་བྱའོ་ཞེས་བྱ་བ་ནི། རྡོལ་པ་ཉིད་ན་རྡོག་པ་གཞུག་ཅིང་བཅོས་སུ་རུང་བའོ། །རིམ་པ་གཞན་ནི་མི་རུང་ངོ་ཞེས་བྱ་བ་ནི། མཐིལ་རིམ་པ་གཞན་གདགས་ཤིང་བཅོས་སུ་
ནི་མི་རུང་བའོ། །འདིར་གཞུང་ནི་གལ་ཏེ་རྡོལ་ན་རྡོག་པ་བཅུག་སྟེ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྡོལ་ན་ཞེས་བྱ་བ་ནི་བུ་གུ་བྱུང་ནའོ། །ཁྱིམ་པས་ཐ་ན་གོམ་པ་བདུན་དུ་བགོས་ན་རིམ་པ་མང་ཡང་རུང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་རིམ་པ་མང་པོ་གལ་ཏེ་ཁྱིམ་པས་ཐ་ན་གོམ་པ་བདུན་དུ་བགོས་ན་
རིམ་པ་མང་ཡང་བཅང་དུ་རུང་བའོ། །འདིར་གཞུང་ནི་ཉེ་བ་འཁོར་ཁྱིམ་པས་ཐ་ན་གོམ་པ་བདུན་དུ་བགོས་པར་གྱུར་ནའོ་ཞེས་གསུངས་པ་ཡིན་ནོ། །རུང་བ་ཙམ་གྱིས་དོན་ཉིད་དུ་དེ་དང་སྦྱར་བའི་དབང་དུ་ལེན་པ་ན་མི་རུང་བ་བླངས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། རུང་བ་ཙམ་གྱི་དོན་ཉིད་དུ་ཞེས་བྱ་བ་ནི། རུང་བ་
ཙམ་གྱིས་མཐིལ་དང་བོལ་ལ་སོགས་པའི་དོན་དུ་ལེན་པ་གང་ཡིན་པ་དེ་ནི་རུང་བ་ཙམ་གྱི་དོན་ལེན་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དེ་དེར་རོ། །དེ་དང་སྦྱར་བའི་དབང་དུ་ལེན་པ་ཞེས་བྱ་བ་ནི་རུང་བ་ཙམ་དེ་དང་བདག་ཉིད་དུ་སྦྱར་ཞིང་ཕྲད་པར་བྱ་བའི་ཕྱིར་ལེན་པའོ། །མི་རུང་བ་བླངས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི།
དེ་ལྟར་ལེན་པ་དེ་ནི་མི་རུང་བ་བླངས་པ་ཉིད་མ་ཡིན་ཏེ། རུང་བ་ཁོ་ན་བླངས་པ་ཡིན་ནོ། །འདིས་ནི་ཆིག་རིམ་དུ་བྱས་ཏེ་བཅང་བར་བྱའོ་སྙམ་པས་རིམ་པ་མང་པོ་དག་དགེ་སློང་གིས་བདག་གིར་བྱས་ན་མི་རུང་བ་བླངས་པ་ཉིད་མ་ཡིན་ནོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། འདི་ལ་མཐིལ་དང་
བོལ་ལ་སོགས་པ་རུང་བ་ཡོད་པ་གང་ཡིན་པ་དེ་བདག་གིས་འདི་ལས་བླང་ངོ་སྙམ་པའི་བསམ་པས་རུང་བ་དང་འདྲེས་པའི་མི་རུང་བ་ལེན་པ་གང་ཡིན་པ་ལ་ནི་བདག་གིར་བྱ་བ་མི་འབྱུང་བས་དེས་ནི་མི་རུང་བ་བླངས་པ་ཉིད་མ་ཡིན་ཏེ། རུང་བ་མ་ཡིན་པའི་དངོས་པོ་ལ་བདག་གིར་བྱ་བ་མི་འབྱུང་བའི་ཕྱིར་རོ། །འདིར་

གཞུང་ནི་བསོད་སྙོམས་པ་མཆིལ་ལྷམ་མེད་པ་ཞིག་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་ན། དེ་ཁྱིམ་བདག་ཅིག་གིས་ཁྱིམ་དུ་ཁྲིད་དེ་ཟས་བསོད་པས་ཚིམ་པར་བྱས་ནས། མཆིལ་ལྷམ་རིམ་པ་མང་པོ་དག་བྱིན་པ་དང་། དགེ་སློང་དེས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་། །དེས་སྨྲས་པ།
འཕགས་པ་སོང་ལ་རིམ་གཅིག་པར་བྱས་ཏེ་བཅང་བར་གྱིས་ཤིག །དེས་བླངས་ཏེ་གཙུག་ལག་ཁང་དུ་སོང་ངོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་རིམ་པ་གཅིག་པར་བྱས་ཏེ་བཅང་བར་བྱའོ་སྙམ་པའི་བསམ་པས་དགེ་སློང་གིས་མཆིལ་ལྷམ་རིམ་པ་མང་པོ་དག་བདག་གིར་བྱས་པ་གང་ཡིན་པ་དེ་ལ་ཉེས་པ་མེད་དོ། །
ཁྲ་བོ་བཀྲ་བ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་དག་ཅེས་བྱ་བར་སྦྱར་ཏེ། འདི་མན་ཆད་ནས། འོག་གི་མདོ་ལས་སྒེག་རྫས་སུ་འགྱུར་བ་གཞན་དག་ཀྱང་ངོ་ཞེས་འབྱུང་བ་ཡན་ཆད་མཆིལ་ལྷམ་དག་ཅེས་བྱ་བར་སྦྱར་རོ། །ལུག་རུ་ལྟ་བུ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་རྨ་བྱའི་གཤོག་པ་
ལ་སོགས་པས་ལུག་རུའི་རྣམ་པ་ལྟར་གཉེར་མ་མཐོན་དམན་ཅན་དུ་བྱས་པ་དག་བཅང་བར་མི་བྱའོ། །ཨ་ཤྭ་ཏ་ཐ་དང་ཀ་ར་བཱི་རའི་འདབ་མ་ལྟ་བུ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་ཤིང་ཨ་ཤྭ་ཏ་ཐ་དང་ཀ་ར་བཱི་རའི་འདབ་མ་ལྟ་བུའི་དབྱར་འདབ་ཅན་དག་བཅང་བར་མི་བྱ་བའོ། །གསེར་དང་དངུལ་
གྱིས་སྤྲས་པ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་གསེར་དང་དངུལ་གྱིས་བརྒྱན་པ་དག་མི་བཅང་བའོ། །ཁྲིག་ཁྲིག་ཟེར་བ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་སྒྲ་ཁྲིག་ཁྲིག་ཟེར་བ་དག་མི་བཅང་བའོ། །ཀྲོག་ཀྲོག་ཟེར་བ་དག་ཀྱང་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་སྒྲ་ཀྲོག་ཀྲོག་
ཟེར་བ་དག་མི་བཅང་བའོ། །ཏུག་ཏུག་ཟེར་བ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་སྒྲ་ཏུག་ཏུག་ཟེར་བ་དག་མི་བཅང་བའོ། །ཐྲིག་ཐྲིག་ཟེར་བ་དག་མི་བཅང་ངོ་ཞེས་བྱ་བ་ནི། མཆིལ་ལྷམ་སྒྲ་ཐྲིག་ཐྲིག་ཟེར་བ་དག་མི་བཅང་བའོ། །སྒེག་རྫས་སུ་འགྱུར་བ་གཞན་དག་ཀྱང་ངོ་ཞེས་བྱ་བ་ནི། སྒེག་རྫས་
ཐམས་ཅད་དགག་པའི་ཕྱིར་ཚིག་འདི་སྨོས་སོ། །བོལ་ཀོ་བ་ཅན་ནི་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེ་ནི་སྒེག་རྫས་སུ་གཏོགས་པ་མ་ཡིན་པར་ཤེས་པར་བྱའོ། །སྣ་དང་རྟིང་པའི་སྦུབས་ཅན་བཅང་བར་བྱའོ་ཞེས་བྱ་བ་ནི། མཆིལ་ལྷམ་སྣའི་སྦུབས་ཅན་དང་རྟིང་པའི་སྦུབས་ཅན་བཅང་བར་བྱའོ། །འདིར་གཞུང་ནི་

དགེ་སློང་རྣམས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཛེག་པ་ན་རྐང་པའི་སྣ་དག་འདྲུད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣ་སྦུབས་ཅན་བཅང་བར་བྱའོ་ཞེས་གསུངས་པ་དང་། འབབས་པ་ན་རྟིང་པ་དག་འདྲུད་ནས་རྟིང་སྦུབས་ཅན་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁ་ཆུ་ཆུས་བྱུང་ངོ་
ཞེས་བྱ་བ་ནི། ལྷམ་གྱི་མིང་ཁ་ཆུ་ཆུས་བྱུང་ཞེས་བྱ་བ་དེ་བཅང་བར་བྱ་བའོ། །དེའི་མིང་ནི་དོན་ལས་བཏགས་པ་ཡིན་ཏེ། ཀླུའི་ཁ་ཆུའི་ཆུ་ལས་རྩྭ་དག་དུག་ཅན་དུ་གྱུར་ནས་རྩྭ་དེའི་གནོད་པ་བསལ་བའི་ཕྱིར་འཇིག་རྟེན་དུ་ལྷམ་དེ་བྱུང་བས་ལྷམ་དེའི་མིང་ཁ་ཆུ་ཆུས་བྱུང་ཞེས་བྱའོ། །ལྷམ་དེ་ནི་རྐང་པ་ཐམས་ཅད་
ཕལ་ཆེར་གཡོགས་ལ་བོལ་གྱི་སྣར་མཐངས་ཕྱུང་བ་སྟེ། སྦུབས་མཐངས་ཅན་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །ལྷམ་ཡུ་ཆད་ཀྱང་ངོ་ཞེས་བྱ་བ་ཡང་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་གང་གི་ཚེ་ཀླུའི་རྒྱལ་པོ་སོག་མ་མེད་ཀྱིས་སེར་བའི་ཆར་ཕབ་པ་དེའི་ཚེ། རྩྭ་དག་ཀྱང་དུག་ཅན་དུ་
གྱུར་ནས་དེར་དགེ་སློང་དག་འཆག་པའི་རྐང་པ་དག་ལ་རྨ་དག་བྱུང་ཞིང་རྨ་དག་བྱེར་བར་འགྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཆུ་ཆུས་བྱུང་བ་བཅང་བར་བྱའོ། །ལྷམ་ཡུ་ཆད་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུ་ལ་ཆབ་བྲོམ་འཆགས་པའི་ཡུལ་དུ་ནི་ཞྭ་དང་ལྷམ་སྒྲོག་གུ་ཅན་
ཡང་ངོ་ཞེས་བྱ་བ་ནི་ཡུལ་གང་དུ་ཆུ་ལ་ཆབ་བྲོམ་འཆགས་པའི་ཡུལ་དེར་ནི་ཞྭ་དང་ལྷམ་སྒྲོག་གུ་ཅན་དག་བཅང་བར་བྱའོ། །དེ་གཉིས་ནི་ལྷགས་པ་བསྐྱབ་པའི་ཕྱིར་བཅང་བར་གསུངས་པ་ཡིན་པས། ལྷགས་པ་དང་བྲལ་ན་དབྱར་གྱི་གོས་རས་ཆེན་བཞིན་དུ་གཞག་པར་རིག་པར་བྱའོ། །ནད་གསོ་བའི་
དོན་དུ་ནི་དུས་ཐམས་ཅད་དུ་ཡང་བཅང་དུ་རུང་སྟེ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རོ། །བླ་མའི་དྲུང་དུ་མཆིལ་ལྷམ་བགོ་བར་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། སྟོན་པ་དང་མཁན་པོ་དང་སློབ་དཔོན་ལ་སོགས་པའི་དྲུང་དུ་མཆིལ་ལྷམ་བགོ་བར་བསྟེན་པར་མི་བྱའོ། །བཅོམ་ལྡན་འདས་
ཉིད་ཀྱི་སྤྱན་སྔར་མཆིལ་ལྷམ་གྱོན་ཞིང་འཆག་པའི་དགེ་སློང་སྨད་པས་ན། དགེ་སློང་དག་ལ་ཡང་ཚུལ་དེ་ཉིད་སྨད་པ་ཡིན་པས་དེའི་ཕྱིར་མདོ་འདི་བྱས་སོ། །སེང་གེ་དང་སྟག་དང་གུང་དང་གླང་པོ་ཆེ་ཅང་ཤེས་དང་རྟ་ཅང་ཤེས་ཀྱི་ཡན་ལག་ཅུང་ཟད་ཀྱང་ལུས་ལ་གདགས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དེ་

དག་གི་ལྤགས་པ་དང་རྒྱུས་པ་ལ་སོགས་པ་ཅུང་ཟད་ཀྱང་དགེ་སློང་གི་ལུས་ལ་གདགས་པ་བསྟེན་པར་མི་བྱ་བའོ། དེ་དག་གིས་གླང་པོ་ཆེ་ཕལ་པ་དང་རྟ་དམུ་རྒོད་དང་དེ་ལས་གཞན་པའི་གཅན་གཟན་དག་ཀྱང་འཕངས་པ་ཡིན་ནོ་ཞེས་བྱ་བ་ནི། སེང་གེ་ལ་སོགས་པ་དེ་དག་གིས་གླང་པོ་ཆེ་ཕལ་པ་ལ་སོགས་པ་དག་
ཀྱང་བསྡུས་པར་རིག་པར་བྱ་བའོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་གིས་རུང་བ་མ་ཡིན་པ་ལྔ་པོ་དག་གི་མཆིལ་ལྷམ་དག་བཅང་བར་མི་བྱ་བ་སྟེ། གླང་པོ་ཆེ་ཅང་ཤེས་ཀྱི་དང་རྟ་ཅང་ཤེས་ཀྱི་དང་སེང་གེའི་དང་སྟག་གི་དང་གུང་གིའོ་ཞེས་གསུངས་པ་ཡིན་ནོ། །མཆིལ་ལྷམ་དག་བརྡབ་པར་མི་བྱའོ་
ཞེས་བྱ་བ་ནི། རྡུལ་ལ་སོགས་པ་སྤྲུག་པའི་ཕྱིར་ས་ལ་སོགས་པ་ལ་བརྡབ་པར་མི་བྱའོ། །རས་མ་གཤེར་བ་དག་གིས་དེ་དག་གི་རྡུལ་མེད་པར་བྱ་བའི་ཕྱིར་ཕྱི་བར་བྱའོ་ཞེས་བྱ་བ་ནི། མཆིལ་ལྷམ་དེ་དག་གི་རྡུལ་མེད་པར་བྱ་བའི་ཕྱིར་རས་མ་ཆུས་གཤེར་བར་བྱས་པ་དག་གིས་ཕྱི་བར་བྱ་བའོ། །དེ་བཅང་བར་
བྱའོ་ཞེས་བྱ་བ་ནི། ཕྱི་བའི་རས་མ་དེའོ། །དེ་དག་བརྒྱུ་བར་བྱའོ་ཞེས་བྱ་བ་ནི། མཆིལ་ལྷམ་དེ་དག་གོ། །མི་མཛེས་པའི་དངོས་པོ་དབེན་པའི་ཕྱོགས་སུ་བྱའོ་ཞེས་བྱ་བ་ནི། མཆིལ་ལྷམ་བརྒྱུས་པ་དང་ལྷུང་བཟེད་གླན་པ་ལ་སོགས་པ་མི་མཛེས་པའི་དངོས་པོ་ཐམས་ཅད་དབེན་པའི་ཕྱོགས་སུ་ལས་བྱ་བའོ། །
དེའི་ཆེད་དུ་བསྙུང་བུ་དག་ཀོ་བ་བཅང་བར་བྱ་སྟེ་དྲ་གྲི་ནི་མ་ཡིན་ནོ་ཞེས་བྱ་བ་ནི། མཆིལ་ལྷམ་དེ་བརྒྱུ་བའི་དོན་དུ་བསྙུང་བུ་དང་ཀོ་བ་བཅང་བར་བྱ་བའོ། །དྲ་གྲི་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཀོ་བ་དྲ་བའི་གྲི་ཆེན་པོ་ནི་རྐྱེན་མ་ཡིན་པས་གཞན་གྱིས་མཐོང་བར་འགྱུར་བའི་ཉེས་པ་སྤང་བའི་ཕྱིར་བཀག་གོ། །འདིར་
གཞུང་ནི་བསྙུང་བུ་དང་ཀོ་བ་བཅང་བར་བྱ་ཞིང་དྲ་གྲི་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་གཞན་དང་ཆབ་ཀུང་ས་ལས་གཞན་པར་ཤིང་གི་མཆིལ་ལྷམ་བགོ་བར་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་མ་གཏོགས་པའི་གནས་གཞན་དུ་བགོ་བར་མི་བྱ་བའོ། །སྨྱུག་མའི་གླེགས་བུ་དང་མུན་ཛ་དང་སི་རི་
དང་དར་བྷ་དག་གི་ཡང་མི་བྱའོ་ཞེས་བྱ་བ་ཡང་། མཆིལ་ལྷམ་བགོ་བར་མི་བྱ་བའོ། །ཐག་གུའི་ཡང་ངོ་ཞེས་བྱ་བ་ཡང་མཆིལ་ལྷམ་བགོ་བར་མི་བྱ་བའོ། །རླུང་ཁྲག་ཅན་མ་ཡིན་པས་སོ་ཞེས་བྱ་བ་ནི། གང་ཟག་རླུང་ཁྲག་ཅན་མ་ཡིན་པས་ཐག་གུའི་མཆིལ་ལྷམ་བགོ་བར་མི་བྱའོ། །རླུང་ཁྲག་ཅན་

གྱི་ནད་པས་ནི་མི་འདྲུལ་བར་བྱ་བའི་ཕྱིར་ཐག་གུའི་མཆིལ་ལྷམ་བཅང་བར་བྱ་བའོ། །ཁྱིམ་གཞན་མེད་ན་ཀོ་ལྤགས་ལ་འདུག་པར་བྱའོ་ཞེས་བྱ་བ་ནི། ཁྱིམ་པའི་ཁྱིམ་གཞན་དུ་སྟན་གཞན་མེད་ན་ཀོ་ལྤགས་ཀྱི་སྟེང་དུ་འདུག་པར་བྱའོ། །དེར་ཡང་རྐྱེན་དེ་ལྟ་བུ་དག་མེད་ན་ཉལ་བར་མི་བྱ་བ་ཉིད་དོ་
ཞེས་བྱ་བ་ནི། ཁྱིམ་གཞན་དེར་ཡང་ཁྲི་ལ་སོགས་པའི་མལ་ཆ་གཞན་མི་འབྱོར་བའི་རྐྱེན་དེ་ལྟ་བུ་དག་མེད་ན་ཀོ་ལྤགས་དེའི་སྟེང་དུ་ཉལ་བར་མི་བྱ་བའོ་ཞེས་བྱ་བའོ། །ཀོ་ལྤགས་ཀྱི་ཐགས་མ་ཡང་ཀོ་ལྤགས་མ་ཡིན་པ་མ་ཡིན་ཏེ། ཀོ་ལྤགས་ཁོ་ན་ཡིན་པས་དེའི་ཕྱིར་ཀོ་ལྤགས་ཀྱིས་བརྒྱུས་པའི་ཁྲི་དང་ཁྲིའུ་ལ་
སོགས་པ་ལ་ཡང་འདུག་པར་མི་བྱའོ། །མིག་ལ་ཕན་པར་བྱ་བའི་ཕྱིར་དོམ་ལྤགས་བཅང་བར་བྱའོ་ཞེས་བྱ་བ་ནི། མིག་ལ་ཕན་པར་བྱ་བའི་ཕྱིར་དོམ་ལྤགས་བཅང་བར་བྱའོ། །འདིར་གཞུང་ནི་དོམ་ལྤགས་བླང་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །རྐང་པའི་གནས་སུ་གདིང་བར་བྱའོ་ཞེས་བྱ་བ་ནི།
དོམ་ལྤགས་བླངས་པ་དེ་སྟན་དང་རྐང་པའི་འོག་དང་ལྷམ་གྱི་ནང་ལ་སོགས་པར་གཞུག་པར་བྱའོ། །སངས་རྒྱས་ཀྱི་ནི་དྲི་གཙང་ཁང་གི་སྒོར་རོ་ཞེས་བྱ་བ་ནི། སངས་རྒྱས་མངའ་བའི་དོམ་ལྤགས་ནི་དྲི་གཙང་ཁང་གི་སྒོར་གདིང་བར་བྱ་བའོ། །མཆིལ་ལྷམ་དག་ཏུ་བགོ་བར་བྱའོ་ཞེས་བྱ་བ་ནི། མིག་ལ་ཕན་
པར་བྱ་བའི་ཕྱིར་དོམ་ལྤགས་དེའོ། །རླུང་ནད་ཅན་གྱིས་ནི་འདུག་པ་དང་ཉལ་བར་ཡང་བྱའོ་ཞེས་བྱ་བ་ནི། གང་ཟག་རླུང་ནད་ཅན་གྱིས་ནི་དོམ་ལྤགས་དེའི་སྟེང་དུ་འདུག་པ་དང་ཉལ་བར་ཡང་བྱ་བའོ། །གཞང་འབྲུམ་ཅན་ཐམས་ཅད་ཀྱིས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། གཞང་འབྲུམ་གྱི་ནད་ཅན་ཐམས་
ཅད་ཀྱིས་ཀྱང་དོམ་ལྤགས་དེ་སྔར་བསྟན་པ་བཞིན་དུ་རྐང་པའི་གནས་སུ་གདིང་བ་དང་མཆིལ་ལྷམ་དག་ཏུ་བགོ་བ་དང་འདུག་པ་དང་ཉལ་བར་ཡང་བྱའོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་གཞང་འབྲུམ་ན་བས་དོམ་ལྤགས་ཀྱི་མཆིལ་ལྷམ་དག་བཅང་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་
ཡིན་ནོ། །དེའི་རྗེས་སུ་འབྲང་བས་རྐང་པའི་གནས་སུ་གདིང་བ་དང་འདུག་པ་དང་ཉལ་བར་རིགས་ཏེ་ཕན་པའི་ཕྱིར་རོ། །དེ་ལ་དེ་ལྟར་སྦྱར་བར་བྱའོ་ཞེས་བྱ་བ་ནི། དོམ་ལྤགས་དེ་ལ་རྣམ་པ་དེ་ལྟར་ནན་ཏན་དུ་སྦྱར་བར་བྱའོ། །སྤུ་ལ་རེག་པས་ཕན་པར་བྱེད་པ་ཉིད་དུ་རིག་གོ་ཞེས་བྱ་བ་ནི། དོམ་ལྤགས་

ཀྱི་སྤུ་ལ་རེག་པས་ཕན་པར་བྱེད་པ་ཉིད་དུ་ཤེས་པའོ། །འདིར་གཞུང་ནི་དགེ་སློང་དག་དོམ་ལྤགས་ཀྱི་སྤུ་དག་འོག་ཏུ་སྟོན་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤུ་དག་གྱེན་དུ་བསྟན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མཆིལ་ལྷམ་དག་རིམ་པ་མང་པོ་ཉིད་ཀྱིས་ཀྱང་ངོ་ཞེས་བྱ་བ་ཡང་
ཕན་པ་བྱེད་པ་ཉིད་དུ་རིག་གོ་ཞེས་བྱ་བར་སྦྱར་ཏེ། དོམ་ལྤགས་ཆིག་རིམ་པ་ཡང་ཕན་པ་བྱེད་པ་ཉིད་ཡིན་པས་རིམ་པ་མང་པོ་ཉིད་ཅེས་སྨོས་པ་ནི་མཆོག་ཏུ་བསྟན་པའི་ཕྱིར་རོ། །དུ་མའི་སྟེང་དུ་གཞག་པས་ཀྱང་ངོ་ཞེས་བྱ་བ་ནི། ཀོ་ལྤགས་གཞན་རིམ་པ་དུ་མའི་སྟེང་དུ་དོམ་ལྤགས་རིམ་པ་གཅིག་གཞག་
པས་ཀྱང་ཕན་པ་བྱེད་པ་ཉིད་དུ་རིག་གོ་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་རིམ་པ་མང་པོ་ཉིད་མི་འབྱོར་ན། དེའི་ཚེ་རིམ་པ་གཞན་དག་གི་སྟེང་དུ་རིམ་པ་གཅིག་ཁོ་ན་ལ་བསྟེན་པར་བྱའོ། །འདིར་གཞུང་ནི་རིམ་པ་མང་པོ་དག་རྙེད་པ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་དུ་གཅིག་
རིམ་གཞུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཨ་ཤྨ་པ་རན་ཏ་དག་ཏུ་ནི་ཀོ་ལྤགས་མི་བཅང་བར་མི་བྱའོ་ཞེས་བྱ་བ་ནི། ཡུལ་ཨཤྨ་པ་རན་ཏ་དག་ཏུ་ནི་ཀོ་ལྤགས་ཅི་དགའ་མགུར་བཅང་དུ་གནང་བས། དེ་ལས་གཞན་པ་བཀག་པ་འདི་དག་གསུངས་པར་སྦྱར་རོ། །འདིར་གཞུང་ནི་བེའུ་གསོད་
པའི་གླེང་གཞི་ལས། དེ་ལྟ་བས་ན་དགེ་སློང་གིས་ཀོ་ལྤགས་བཅང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །སེང་གེ་ལ་སོགས་པའི་མི་བཅང་ངོ་ཞེས་བྱ་བ་ཡང་། ཀོ་ལྤགས་ཞེས་བྱ་བར་སྦྱར་ཏེ། སེང་གེ་དང་སྟག་ལ་སོགས་པ་ནས་གླང་པོ་ཆེ་ཕལ་པ་ལ་སོགས་པའི་མཐར་ཐུག་པའི་བར་དག་གི་ཀོ་ལྤགས་
ཉེ་བར་གཞག་པར་མི་བྱའོ། །གང་གི་ཀོ་ལྤགས་མི་རུང་བ་ཉིད་ཡིན་པ་དེའི་རྒྱུས་པ་དང་རུས་པ་དང་སོ་དང་ཤ་ལ་སོགས་པ་ཡང་ངོ་ཞེས་བྱ་བ་ཡང་། སྲོག་ཆགས་གང་གི་ཀོ་ལྤགས་མི་རུང་བ་དེའི་རྒྱུས་པ་ལ་སོགས་པ་ཡང་མི་རུང་བ་ཉིད་ཡིན་ནོ། །རྐྱལ་པ་བསྐ་བ་བཅང་བར་བྱའོ་ཞེས་བྱ་བ་ནི། ཆུ་ལ་
རྐྱལ་པས་རྐྱལ་པ་བསྐ་བས་ཞེན་པར་བྱས་པ་བཅང་བར་བྱའོ། །ཡང་ན་རྐྱལ་སྐྱའོ་ཞེས་བྱ་བ་ཡང་། ཆུ་ལ་རྐྱལ་པ་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །རྐྱལ་པ་བསྐ་བས་ཞེན་པར་བྱས་པ་དཀར་པོ་ནི་རྐྱལ་སྐྱ་ཞེས་བྱའོ། །ཁྲ་བོ་བཀྲ་བ་མི་བཅང་ངོ་ཞེས་བྱ་བ་ནི། རྐྱལ་པ་དང་རྐྱལ་སྐྱའོ། །རྐྱལ་མི་

ཤེས་པས་སྟ་གོན་མ་བྱས་པར་ཆུའི་གཏིང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་རྐྱལ་མི་ཤེས་པས་སྟ་གོན་མ་བྱས་པར་ཞེས་བྱ་བ་རྐྱལ་པ་ལ་སོགས་པས་རྐྱལ་མ་བསླབས་པར་ཆུའི་གཏིང་དུ་འཇུག་པར་མི་བྱའོ། །འདིར་གཞུང་ནི་གང་རྐྱལ་མི་ཤེས་པ་དེས་རང་གི་ལུས་ཡོངས་སུ་
གཏང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དབེན་པའི་ཕྱོགས་སུ་རྐྱལ་བསླབ་པར་བྱའོ་ཞེས་བྱ་བ་ནི། དབེན་པའི་ཕྱོགས་སུ་རྐྱལ་བསླབ་པར་བྱ་བ་སྟེ། འདི་ནི་མི་མཛེས་པའི་དངོས་པོ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །དེ་མ་ཡིན་པའི་གཏིང་དུ་ཁྱུ་མཆོག་མ་གཏོགས་པའི་བ་ལང་ལ་བརྟེན་པར་མི་
བྱའོ་ཞེས་བྱ་བ་ནི། བ་ལང་གིས་རྒལ་མི་ནུས་པས་གཏིང་དུ་གླང་ཁྱུ་མཆོག་མ་གཏོགས་པའི་བ་ལང་གཞན་ལ་བརྟེན་པར་མི་བྱའོ། །འདིར་བ་ལང་ཞེས་སྨོས་པ་འདི་ནི་རིགས་ཙམ་ལ་བྱ་སྟེ། བ་ཡང་རུང་གླང་ཡང་རུང་ངོ་། །དེ་ལ་གལ་ཏེ་བ་ལ་བརྟེན་ན་ནི་བསླབ་པའི་གཞི་ལས་འགལ་བའི་ཉེས་བྱས་གཅིག་
དང་མོ་ལ་རེག་པའི་ཉེས་བྱས་གཞན་གཅིག་དང་གཉིས་སུ་འགྱུར་རོ། །ཁྱུ་མཆོག་མ་གཏོགས་པ་ཞེས་བྱ་བ་ནི་དེ་མཐུ་དང་ལྡན་པས་ངལ་བར་མི་འགྱུར་བའི་ཕྱིར་རོ། །གླང་པོ་ཆེ་དང་རྟ་དང་མ་ཧེ་དང་གཡག་དག་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི་ཆུ་ཀླུང་རྒལ་བའི་ཕྱིར་རོ། །ཀོ་ལྤགས་ཀྱི་གཞི་རྫོགས་
སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་སྨན་གྱི་གཞི་བསྡུ་བར་བྱ་སྟེ། དེའི་ཕྱིར་སྨན་བསྟེན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། བཟའ་བ་དང་བཏུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་རྣམ་པ་བཞིའོ་ཞེས་བྱ་བ་ནི། སྨན་དེ་ནི་རྣམ་པ་བཞི་ཡོད་དོ། །དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་།
ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་ཉིད་དོ། །དེ་ལ་དུས་སུ་རུང་བ་ཞེས་བྱ་བ་ནི། འབྲས་ཆན་ལ་སོགས་པའི་རང་གི་གུང་ཚིགས་ཀྱི་དུས་ཚུན་ཆད་དུ་བྱེ་བྲག་མེད་པར་བསྟེན་པར་བྱ་བ་ཉིད་གང་ཡིན་པའོ། །ཐུན་ཚོད་དུ་རུང་བའོ་ཞེས་བྱ་བ་ནི། ཐུན་ཚོད་ཀྱི་མཐའི་དུས་ཚུན་ཆད་དུ་རང་
གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་གང་ཡིན་པའོ། །ཞག་བདུན་པ་ཞེས་བྱ་བ་ནི། ཞག་བདུན་གྱི་མཐའ་ཚུན་ཆད་དུ་མཚན་མོ་དང་ཉིན་མོའི་ངོ་བོ་ཉིད་ཀྱིས་དུས་སུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་གང་ཡིན་པའོ། །འཚོ་བའི་བར་དུ་བཅང་བ་ཞེས་བྱ་བ་ནི། ཇི་སྲིད་འཚོའི་

དུས་ཀྱི་མཐའ་ཚུན་ཆད་དུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་གང་ཡིན་པའོ། །དང་པོ་མ་ཡིན་པ་ཉིད་དག་ནི་ནད་པའི་ཕྱིར་རོ་ཞེས་བྱ་བ་ལ་འདིར་དང་པོ་ཞེས་བྱ་བ་ནི། དུས་སུ་རུང་བ་སྟེ། དེ་མ་ཡིན་པ་ལྷག་མ་གསུམ་པོ་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་
བ་དག་ཉིད་ནི་ནད་པའི་ཡུལ་ལ་བསྟེན་པར་བྱ་བ་ཉིད་ཡིན་གྱི། མི་ན་བའི་ཡུལ་ལ་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། ཐུན་ཚོད་དུ་རུང་བ་གང་ཡིན་པ་ནི་ཐུན་ཚོད་ཀྱི་མཐའི་དུས་སུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་ཉིད་ཡིན་ནོ། །ཞག་བདུན་པ་གང་ཡིན་པ་ནི། ཞག་བདུན་གྱི་མཐའི་དུས་སུ་
རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་ཉིད་ཡིན་ནོ། །འཚོ་བའི་བར་དུ་བཅང་བ་གང་ཡིན་པ་ནི་ཇི་སྲིད་འཚོ་བའི་བར་དུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་ཉིད་ཡིན་ཏེ། དེ་དག་ནི་ནད་པའི་ཕྱིར་གནང་བ་ཡིན་གྱི། མི་ན་བའི་ཕྱིར་ནི་མ་ཡིན་ནོ། །དེས་ན་ཐུན་ཚོད་དུ་རུང་བ་དང་། ཞག་
བདུན་པ་དང་། འཚོ་བའི་བར་དུ་བཅང་བའི་སྨན་དག་ནི་མི་ན་བས་ཐུན་ཚོད་དུ་རུང་བ་ཉིད་ལ་སོགས་པར་བྱིན་གྱིས་བརླབ་ཏུ་ཡང་མི་རུང་ལ་གཞན་གྱིས་བྱིན་གྱིས་བརླབས་པ་དག་ཀྱང་བཟར་མི་རུང་ངོ་། །བྱིན་གྱིས་མ་བརླབས་པ་དག་ནི་དུས་མ་ཡིན་པར་བཟར་ཡང་རུང་ངོ་། །འདིར་གཞུང་ནི་བཙུན་
པ་ཐུན་ཚོད་དུ་རུང་བ་དང་ཞག་བདུན་པ་དང་། འཚོའི་བར་དུ་བཅང་བའི་སྨན་བྱིན་ལེན་བགྱིས་པ་དང་བྱིན་གྱིས་བརླབས་པ་གང་དག་ལགས་པ་དེ་དག་བྲོ་མ་འཚལ་བས་ཡོངས་སུ་བཅད་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། བྱིན་ལེན་བགྱིས་པ་དང་བྱིན་གྱིས་བརླབས་པ་དེ་དག་བྲོ་འཚལ་བས་ཡོངས་
སུ་སྤྱད་དུ་རུང་ངམ། ཉེ་བ་འཁོར་རུང་ངོ་ཞེས་གསུངས་པ་ཡིན་ནོ། །ཙོ་ཙ་དང་ཆུ་ཤིང་གི་འབྲས་བུ་དང་རྒྱ་ཤུག་དང་ཨ་ཤྭཏྠ་དང་ཨུ་དུམ་བཱ་ར་དང་རྩུབ་འགྱུར་དང་རྒུན་ཆུ་དང་འབྲ་གོའི་བཏུང་བ་རྣམས་ནི་ཐམས་ཅད་དུའོ་ཞེས་བྱ་བ་ནི། ཙོ་ཙ་ཞེས་བྱ་བའི་ཤིང་ཏོག་ལ་སོགས་པ་བརྒྱད་པོ་དེ་དག་གི་
ཁུ་བ་ལས་སྐོམ་དུ་བྱས་པ་དག་ནི་ན་བ་དང་མི་ན་བ་དང་དུས་དང་དུས་མ་ཡིན་པ་ཐམས་ཅད་དུ་བཏུང་དུ་རུང་བ་ཡིན་པས། དེ་དག་ཀྱང་དང་པོ་ཉིད་མ་ཡིན་ནོ། །ཐུན་ཚོད་དུ་རུང་བ་ནི་བཏུང་བ་དག་གོ་ཞེས་འབྱུང་བའི་རྣམ་པས་ནི་འདིར་ཐུན་ཚོད་དུ་རུང་བ་ནི། དང་པོ་ཉིད་མ་ཡིན་པར་རྣམ་པར་གནས་པ་

ཉིད་ཡིན་ཏེ། ཐུན་ཚོད་དུ་རུང་བ་ཉིད་དེ་དག་ནི་ཐམས་ཅད་དུ་རུང་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོས་པའི་ཚྭ་དང་འབྲུའི་ཚྭ་དང་ཞོ་ག་ཆུ་དང་དར་བའི་དངས་མ་དང་རྩབ་མོ་ཆུས་བཏབ་པ་ཚགས་ཀྱིས་བཙགས་པ་ཤིན་ཏུ་སླ་བ་བཞིན་སྣང་བ་འདམ་བུའི་ཉག་མའི་མདོག་ལྟ་བུ་
དག་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི། བཅོས་པའི་ཚྭ་ལ་སོགས་པ་ལྔ་པོ་ཆུས་བཏབ་པ་ལ་སོགས་པ་དེ་དག་ནི་ཤིང་ཏོག་ཙོ་ཙ་ལ་སོགས་པའི་བཏུང་བ་དང་འདྲའོ་ཞེས་བྱ་བར་སྦྱར་རོ། །བཅོས་པའི་ཚྭ་ཞེས་བྱ་བ་ནི། རྒུན་ཆང་དང་སྦྲང་ཆང་ལ་སོགས་པ་བཅོས་པའི་ཚྭའོ། །འབྲུའི་ཚྭ་ཞེས་བྱ་བ་ནི་ནས་
ཆང་དང་འབྲས་ཆང་ལ་སོགས་པ་འབྲུའི་ཆང་ལས་བྱས་པའི་ཚྭའོ། །ཞོ་ག་ཆུ་ཞེས་བྱ་བ་ནི་ཞོ་ཁུའོ། །དར་བའི་དངས་མ་ཞེས་བྱ་བ་ནི་ཆུར་ཁུའོ། །རྩབ་མོ་ཞེས་བྱ་བ་ནི། འབྲས་དང་ཁྲེ་དང་གྲོ་ལ་སོགས་པ་བཙོས་པའི་ཁུ་བ་རྩི་མེད་པར་མནན་པའི་ཆང་ཁུའོ། །ཆུས་བཏབ་པ་ཞེས་བྱ་བ་ནི། ལྔ་པོ་དེ་
དག་ནི་ཆུའི་རུང་བས་རུང་བར་བྱས་པའོ། །ཚགས་ཀྱིས་བཙགས་པ་ཞེས་བྱ་བ་ནི་རས་ཀྱི་ཚགས་ཀྱིས་བཙགས་པའོ། །ཤིན་ཏུ་སླ་བ་ཞེས་བྱ་བ་ནི་སྐ་བ་མ་ཡིན་པའོ། །བཞིན་སྣང་བ་ཞེས་བྱ་བ་ནི། བཞིན་གྱི་གཟུགས་བརྙན་སྣང་བའོ། །འདམ་བུའི་ཉག་མའི་མདོག་ལྟ་བུ་ཞེས་བྱ་བ་ནི། འདམ་བུའི་
ཉག་མའི་མདོག་འདྲ་བ་སྟེ། ཅུང་ཟད་ཙམ་སེར་བའི་རྣམ་པ་ཡིན་ནོ། །དེ་དང་འདྲའོ་ཞེས་བྱ་བ་ནི། ཙོ་ཙ་ལ་སོགས་པའི་བཏུང་བ་དང་འདྲ་བ་སྟེ། བཅོས་པའི་ཚྭ་ལ་སོགས་པ་ལྔ་པོ་དེ་དག་བཅོས་པའི་ཚྭ་ལ་སོགས་པ་ཉིད་དུ་ཤིན་ཏུ་སྨིན་ཅིང་ཡོངས་སུ་གྲུབ་ཅེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་
ནི་དགེ་སློང་དག་ལྔ་པོ་འདི་དག་ནི་བཏུང་བ་སྐྱུར་བ་དག་ཡིན་ཏེ། འདི་ལྟ་སྟེ་བཅོས་པའི་ཚྭ་དང་འབྲུའི་ཚྭ་དང་ཞོ་ག་ཆུ་དང་དར་བའི་དངས་མ་དང་རྩབ་མོ་ནི་ལྔ་པ་ཡིན་ཏེ། དེ་དག་ནི་ཆུས་བཏབ་པ་ཆགས་ཀྱིས་བཅགས་པ་ཤིན་ཏུ་སླ་བ་བཞིན་སྣང་བ་འདམ་བུའི་ཉག་མའི་མདོག་ལྟ་བུ་དག་ནི་དུས་སམ་
དུས་མ་ཡིན་པར་ཡང་ནད་པའམ་ནད་པ་མ་ཡིན་པས་བཏུང་བར་བྱ་བ་དག་སྟེ་འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུ་ཉིད་ཀྱི་མདུན་རོལ་དུ་བསྙེན་པར་རྫོགས་པ་མཚན་མཐུན་པས་རེག་ཏུ་མི་རུང་ངོ་ཞེས་བྱ་བ་ལ། དེ་ལྟ་བུའི་དངོས་པོ་ནི་དེ་ལྟ་བུ་ཉིད་དོ། །དེ་ལྟ་བུ་ཉིད་ཀྱི་མདུན་

རོལ་དུ་ཞེས་བྱ་བ་ནི། ཆུས་བཏབ་པ་ལ་སོགས་པ་ཉིད་ཀྱི་མདུན་རོལ་ཏེ། ཆུས་མ་བཏབ་པ་ཉིད་ལ་སོགས་པའི་ཚེའོ། །དེའི་ཚེ་བཅོས་པའི་ཚྭ་ལ་སོགས་པ་དེ་དག་ལ་བསྙེན་པར་རྫོགས་པ་མཚན་མཐུན་པས་རེག་ཏུ་མི་རུང་བ་ཉིད་ཡིན་ནོ། །འདི་ལྟར་རེག་པ་ནི་རྣམ་པ་གཉིས་ཏེ། བྱིན་ལེན་བྱས་པ་
སྔོན་དུ་བཏང་བ་དང་། བྱིན་ལེན་བྱས་པ་སྔོན་དུ་མ་བཏང་བའོ། །དེ་ལ་བྱིན་ལེན་བྱས་པ་སྔོན་དུ་མ་བཏང་བ་ལ་རེག་པ་ལ་ནི་ལག་ཉར་བླངས་པའི་ཉེས་པས་གོས་པར་འགྱུར་བས། དེའི་ཕྱིར་འདིར་ནི་བྱིན་ལེན་བྱས་པ་སྔོན་དུ་བཏང་བའི་རེག་པ་འགོག་པར་བྱེད་དོ། །འདི་སྐད་བསྟན་ཏེ། བཏུང་བ་ཇི་
སྲིད་དུ་ཆུས་མ་བཏབ་ཅིང་ཚགས་ཀྱིས་མ་བཙགས་པ་བཏུང་དུ་རུང་བར་མ་གྱུར་ཅིང་། ཤམ་ཐང་བྱེ་བར་མ་གྱུར་པ་དེ་སྲིད་དུ་བསྙེན་པར་རྫོགས་པ་མཚན་མཐུན་པས་སྔར་བྱིན་ལེན་མི་བྱའོ། །ཨ་རུ་ར་ལ་སོགས་པ་ལྔ་ཡང་ངོ་ཞེས་བྱ་བ་ནི། ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། ན་ལེ་ཤམ་དང་། པི་
པི་ལིང་ཞེས་བྱ་བ་ལྔ་པོ་དག་ཀྱང་ཐམས་ཅད་དུ་རུང་བ་སྟེ། དང་པོ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས། འབྲས་བུ་ལྔ་ནི་དུས་སམ་དུས་མ་ཡིན་པར་ཡང་ན་བའམ། མི་ན་བས་ཀྱང་བཟའ་བར་བྱ་བ་དག་ཡིན་ཏེ། ལྔ་གང་ཞེ་ན། ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། ན་ལེ་ཤམ་དང་།
པི་པི་ལིང་ངོ་ཞེས་གསུངས་པ་ཡིན་ནོ། །བུ་རམ་ཡང་ངོ་ཞེས་བྱ་བ་ནི། བུ་རམ་བྱིན་གྱིས་མ་བརླབས་པ་ཡང་ཐམས་ཅད་དུ་རུང་བ་སྟེ། དང་པོ་ཉིད་མ་ཡིན་ནོ། །དེ་བྱིན་གྱིས་བརླབས་པ་བཟའ་བ་ལ་ལམ་དུ་ཞུགས་པ་དང་དགེ་སྐོས་དང་ལག་གི་བླ་རྣམས་ནི་ནད་པ་དང་འདྲ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི།
བུ་རམ་དེ་ཞག་བདུན་པ་ལ་སོགས་པར་བྱིན་གྱིས་བརླབས་པ་བཟའ་བ་ལ་ཇི་ལྟར་ནད་པས་དུས་དང་དུས་མ་ཡིན་པ་ཐམས་ཅད་དུ་བཟར་རུང་བ་དེ་བཞིན་དུ་ལམ་དུ་ཞུགས་པ་དང་དགེ་སྐོས་དང་ལག་གི་བླ་དག་གིས་ཀྱང་བཟར་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཟན་ཆད་པས་ཀྱང་དེ་དང་དུས་སུ་རུང་བ་
མ་ཡིན་པར་བཟར་རུང་ངོ་ཞེས་བྱ་བ་ནི། དགེ་སློང་ཟན་ཆད་པས་ཀྱང་བུ་རམ་བྱིན་གྱིས་བརླབས་པ་དེ་ཡང་ནད་པ་དང་འདྲ་བ་ཉིད་དུ་བཟར་རུང་ལ། གཞན་ཡང་དུས་སུ་རུང་བ་མར་དང་འབྲུ་མར་ལ་སོགས་པ་ཡང་དུས་མ་ཡིན་པར་བཟར་རུང་ཞིང་ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་ཐམས་ཅད་

ཀྱང་བཟར་རུང་བའོ། །བུ་རམ་དང་འདྲ་བར་སྦྲང་རྩི་ཡང་དུས་མ་ཡིན་པར་ཡང་བཟར་རུང་སྟེ། བཅོམ་ལྡན་འདས་ཀྱིས་སྤྲེའུ་ལས་སྦྲང་རྩི་བཞེས་ཞིང་རུང་བར་བྱས་སོ་སྙམ་དུ་དགོངས་པའི་ཕྱིར་ཏེ། དེས་ན་བཏུང་བ་དང་འདྲ་བར་ཕྱེད་ཡོལ་ཕན་ཆད་ཀྱང་སྦྲང་རྩི་རུང་བར་བྱ་བར་རིགས་སོ། །
ད་ནི་རྣམ་པ་བཞི་པོ་དག་བརྗོད་པར་བྱ་སྟེ། དེ་ལ་དུས་སུ་རུང་བ་ཞེས་བྱ་བ་ནི་བཟའ་བར་བྱ་བ་ཐམས་ཅད་དུས་སུ་བཟར་རུང་བ་ཉིད་ཡིན་པས་ལོགས་ཤིག་ཏུ་མི་བརྗོད་དེ་བྱེ་བྲག་མེད་པའི་ཕྱིར་རོ། །ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་དག་བརྗོད་པར་བྱ་སྟེ། དེའི་ཕྱིར་
ཐུན་ཚོད་དུ་རུང་བ་ནི་བཏུང་བ་དག་གོ་ཞེས་བྱ་བ་སྨྲས་ཏེ། འདིར་ཐུན་ཚོད་དུ་རུང་བ་ནད་པས་བྱིན་གྱིས་བརླབ་པར་བྱ་བའི་གཞུང་ནི་ཁྱིམ་པའམ། དགེ་ཚུལ་གྱིས་སྦྱར་བ་ཚགས་ཀྱིས་བཙགས་པ་དག་ནི་ཐུན་ཚོད་དུ་རུང་བའོ་ཞེས་གསུངས་པ་ཡིན་ནོ། །ཐུན་ཚོད་དུ་རུང་བའི་བཏུང་བ་བྱིན་གྱིས་མ་བརླབས་
པ་ཐམས་ཅད་ལ་རུང་བའི་གཞུང་ནི་འབྲས་བུ་བརྒྱད་པོ་ཁྱིམ་པའམ། དགེ་ཚུལ་གྱིས་སྦྱར་བ་ཚགས་ཀྱིས་བཙགས་པ་འདི་དག་ནི་དུས་སམ་དུས་མ་ཡིན་པར་ཡང་ན་བའམ་ན་བ་མ་ཡིན་པས་ཀྱང་བཏུང་བར་བྱ་བ་དག་ཡིན་ཏེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཤིན་ཏུ་སླ་བའོ་ཞེས་
བྱ་བ་ནི། ཐུན་ཚོད་དུ་རུང་བ་ནི་བཏུང་བ་དག་གོ་ཞེས་སྨོས་པ་དེའི་སྐ་བ་ཉིད་སྩལ་ཏོ། །དེའི་རྫས་དེ་ཉིད་མ་ཡིན་པའི་ཕྱིར་གལ་ཏེ་དུས་སུ་རུང་བ་ཡིན་ན་བསྙེན་པར་མ་རྫོགས་པས་སྦྱར་ཞིང་ཚགས་ཀྱིས་ཀྱང་བཙག་པར་བྱའོ་ཞེས་བྱ་བ་ལ། དེའི་རྫས་ཞེས་བྱ་བ་ནི་བཏུང་བ་དེའི་རྫས་སོ། །དེ་ཉིད་མ་ཡིན་
པའི་ཕྱིར་ཞེས་བྱ་བ་ནི་བཏུང་བ་ཉིད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དུས་སུ་རུང་བ་ཡིན་ན་ཞེས་བྱ་བ་ནི། རྫས་གང་ལས་བཏུང་བར་བྱ་བའི་རྫས་དེ་གལ་ཏེ་དུས་སུ་རུང་བ་ཡིན་ན་སྟེ། དེའི་ཚེ་རྫས་དེ་བསྙེན་པར་མ་རྫོགས་པས་བསྐོལ་བ་ལ་སོགས་པ་སྦྱར་ཞིང་ཚགས་ཀྱིས་ཀྱང་བཙག་པར་བྱའོ། །དུས་
མ་ཡིན་པར་རུང་བ་ཉིད་ཡིན་ན་ནི་བསྙེན་པར་རྫོགས་པས་སྦྱར་ཞིང་བཙགས་པ་ལ་ཡང་ཉེས་པ་མེད་དོ། །དེ་དག་ཏུ་གཞན་བལ་པོ་སེའུ་དང་མ་དུ་ལུང་ག་ལ་སོགས་པའི་རྫས་སོ་ཞེས་བྱ་བ་ནི། ཐུན་ཚོད་དུ་རུང་བའི་བཏུང་བ་དེ་དག་ཏུ་ཙོ་ཙ་ལ་སོགས་པའི་བཏུང་བ་དག་ལས་གཞན་པ། བལ་པོ་སེའུ་

དང་མ་དུ་ལུང་ག་ལ་སོགས་པའི་རྫས་དག