Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 163

Văn bản gốc(Tây Tạng)

Trang 13 / 26 (50.000 ký tự/trang)
ི། ཡོ་བྱད་དུ་སྦྱར་རོ་ཞེས་བྱ་བར་སྦྱར་ཏེ། ཆོས་ཀྱི་སྐུ་སྐལ་གྱི་རིན་པོ་ཆེ་དག་ནི་དར་མ་བྲི་བ་དང་སེང་གེའི་ཁྲིའི་ཡོ་བྱད་དུ་སྦྱར་བར་བྱའོ། །ཐེག་པ་ནི་སྐུ་གཟུགས་ལའོ་ཞེས་བྱ་བ་ནི། ཁྱོགས་དང་ཤིང་རྟའི་ཐེག་པ་བཞོན་པ་དག་ནི་
སྐུ་གཟུགས་ལ་དབུལ་བའོ། །རྒྱལ་མཚན་དང་དེའི་སྲོག་ཤིང་དག་ནི་རྒྱལ་མཚན་གྱི་དོན་དུའོ་ཞེས་བྱ་བ་ནི། རྒྱལ་མཚན་དང་རྒྱལ་མཚན་གྱི་སྲོག་ཤིང་དག་ནི་རྒྱལ་མཚན་ཉིད་ཀྱི་དོན་དུ་དབུལ་ལོ། །དེར་རུང་བའི་སྲོག་ཤིང་རྣམས་ཀྱང་ངོ་ཞེས་བྱ་བ་ནི། རྒྱལ་མཚན་གྱི་སྲོག་ཤིང་དུ་རུང་བའི་སྲོག་ཤིང་
གཞན་དག་ཀྱང་སྐུ་གཟུགས་ལ་དབུལ་ལོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར། ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །གཞན་དག་དང་མཚོན་ཆ་རྣམས་ནི་དགེ་འདུན་ལའོ་ཞེས་བྱ་བ་ནི། དབུལ་ལོ་ཞེས་བྱ་བར་སྦྱར་ཏེ། རྒྱལ་མཚན་གྱི་སྲོག་ཤིང་དུ་རུང་བ་ལས་གཞན་པ་རྒྱལ་མཚན་གྱི་སྲོག་ཤིང་དུ་མི་རུང་བའི་
སྲོག་ཤིང་ཐུང་ངུ་དག་དང་མཚོན་ཆ་རྣམས་ནི་དགེ་འདུན་ལ་དབུལ་ལོ། །དེ་དག་ནི་འཁར་སིལ་གྱི་ཡུ་བ་དང་ཁབ་དང་གྲིའུར་བྱས་ཏེ་བྲིམ་མོ་ཞེས་བྱ་བ་ནི། གཞན་དག་དང་མཚོན་ཆ་དེ་དག་ལས་སྲོག་ཤིང་གཞན་དེ་དག་ནི་འཁར་སིལ་གྱི་ཡུ་བར་བྱ། མཚོན་ཆ་རྣམས་ནི་ཁབ་དང་གྲིའུར་བྱས་ཏེ་དགེ་འདུན་ལ་
བྲིམ་མོ། །དགེ་འདུན་གྱི་གཞན་ནི་གཞག་པ་དང་བགོ་བ་དང་བཟའ་བ་དག་ཏུ་ཅི་རིགས་པར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་སྲོག་ཤིང་དང་མཚོན་ཆ་ལ་སོགས་པ་ཇི་སྐད་སྨོས་པའི་རྣམ་པ་དེ་དག་ལས་གཞན་པ་ཞིང་དང་རས་དང་འབྲས་ལ་སོགས་པ་དག་ནི་གཞག་པར་འོས་པ་དག་ཀྱང་གཞག་པར་བྱའོ། །བགོ་བར་
འོས་པ་དག་ཀྱང་བགོ་པར་བྱའོ། །བཟའ་བར་འོས་པ་དག་ཀྱང་བཟའ་བར་བྱ་སྟེ། དེ་ལྟར་ཅི་རིགས་པར་བྱའོ། །ཞིང་དང་ཁང་ཁྱིམ་དང་ཚོང་ཁང་དང་གནས་མལ་དང་མགར་སྤྱད་དང་གསེར་མགར་གྱི་ལག་ཆ་དང་འདྲེག་མཁན་གྱི་ལག་ཆ་དང་། རྫ་མཁན་གྱི་ལག་ཆ་དང་། ཤིང་མཁན་གྱི་ལག་ཆ་དང་། བསིལ་
ཡབ་མཁན་གྱི་ལག་ཆ་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་བ་ལང་དང་མ་ཧེ་དང་ར་དང་ལུག་དང་སྨན་དང་སངས་རྒྱས་ཀྱི་བསྟན་བཅོས་ཀྱི་གླེགས་བམ་དང་མྱུར་དུ་མི་འགྲུབ་པའི་དམ་རྒྱ་དག་ནི་དང་པོར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཞིང་ལ་སོགས་པ་འདི་དག་ནི་དང་

པོར་འོས་པ་ཉིད་ཡིན་ཏེ། གཞག་པར་འོས་པ་ཉིད་ཡིན་ནོ། །རས་དང་རས་ཡུག་ཆེན་དང་བེའུ་རས་དང་མཆིལ་ལྷམ་དང་ལྷམ་སྒྲོ་གུ་ཅན་དང་འབྲུ་མར་དང་འབྲུ་མར་སྣོད་དང་བྱ་མ་བུམ་དང་རིལ་བ་སྤྱི་བླུགས་དང་གླེགས་བམ་གཞན་དང་དམ་རྒྱ་གཞན་དང་ཚོན་རྩི་གཞན་དག་ནི་གཉིས་པར་
འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་རས་ལ་སོགས་པ་འདི་དག་ནི་གཉིས་པར་འོས་པ་ཉིད་ཡིན་ཏེ། བགོ་བར་འོས་པ་ཉིད་ཡིན་ནོ། །འབྲས་དང་ཏིལ་དང་ནས་དང་མོན་སྲན་སྡེའུ་དང་མོན་སྲན་གྲེའུ་དང་འབྲུ་གཞན་དང་བཟའ་བ་དང་བཏུང་བ་དག་ནི་གསུམ་པར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི།
དགེ་འདུན་གྱི་འབྲས་ལ་སོགས་པ་འདི་དག་ནི་གསུམ་པར་འོས་པ་ཉིད་ཡིན་ཏེ། བཟའ་བར་འོས་པ་ཉིད་ཡིན་ནོ། །གཞིར་གཏོགས་པའི་གོས་ཀྱི་གཞིའོ་ཞེས་བྱ་བ་ལ་འདུལ་བའི་གཞིར་གཏོགས་པའི་གོས་ཀྱི་གཞི་བཤད་ཟིན་ཏོ།། །།ད་ནི་ཕྲན་ཚེགས་ལ་སོགས་པར་གཏོགས་པའི་གོས་ཀྱི་གཞི་
བསྡུ་བའི་ཕྱིར་གླེགས་བུ་དང་གླེགས་བུ་ཕྱེད་དག་མཉམ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གླེགས་བུ་རྣམས་ཀྱང་ལོགས་ཤིག་ཏུ་མཉམ་པར་བྱ། གླེགས་བུ་ཕྱེད་རྣམས་ཀྱང་ལོགས་ཤིག་ཏུ་མཉམ་པར་བྱའོ། །གླེགས་བུ་ཡང་གླེགས་བུ་རྣམས་དང་ལྷན་ཅིག་ཚད་མཉམ་པར་བྱ། གླེགས་བུ་ཕྱེད་རྣམས་ཀྱང་གླེགས་བུ་ཕྱེད་རྣམས་
དང་ལྷན་ཅིག་ཚད་མཉམ་པར་བྱ་སྟེ། མཉམ་པ་འདི་ནི་མཛེས་པ་ཉིད་དུ་བྱ་བའི་ཕྱིར་རོ། །གཞལ་བའི་ཕྱིར་དེའི་ཚད་ཀྱི་ཆག་ཤིང་བཅང་བར་བྱའོ་ཞེས་བྱ་བ་ནི། གླེགས་བུ་དང་གླེགས་བུ་ཕྱེད་གཞལ་བའི་ཕྱིར་དེ་གཉིས་ཀྱི་ཚད་ཀྱི་ཆག་ཤིང་བཅང་བར་བྱའོ། །གལ་ཏེ་ཆག་ཤིང་གཅིག་གིས་གཉི་གའི་དགོས་པ་
འགྲུབ་ན་ནི་གཉིས་མི་དགོས་སོ། །དེ་ལྟར་ཡང་གཞན་ལས་ཆག་ཤིང་གཅིག་ཁོ་ན་བཅང་བར་བྱའོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆག་ཤིང་བྱ་ཞིང་དེའི་ཚད་ཀྱི་གླེགས་བུ་བྱའོ། །གླེགས་བུའི་ཚད་ཀྱི་གླེགས་བུ་ཕྱེད་གཅད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཚལ་བུ་དག་ཀྱང་ངོ་ཞེས་
བྱ་བ་ནི་ཡང་མཉམ་པ་ཉིད་དུ་བྱ་བའོ། །དེའི་ཚད་ཀྱི་ཆག་ཤིང་བཅང་བར་བྱའོ་ཞེས་བྱ་བ་ནི་གཞལ་བའི་ཕྱིར་ཚལ་བུའི་ཚད་ཀྱི་ཆག་ཤིང་བཅང་བར་བྱ་བའོ། །དེའི་ཆེ་ཚད་ནི་སོར་བཞིའོ་ཞེས་བྱ་བ་ནི། ཚལ་བུ་དེའི་ཆེ་ཚད་ཀྱི་ཞེང་ནི་སོར་བཞིར་བྱའོ། །བྱ་རོག་གི་མཐོ་གང་ཡང་ངོ་ཞེས་བྱ་བ་ཡང་ཚལ་བུ་དེའི་

ཆེ་ཚད་ཀྱི་ཞེང་སྟེ། བྱ་རོག་གི་མཐོ་ཞེས་བྱ་བ་ནི་མཛུབ་མོའི་ཚིགས་དབུས་མའི་སྟེང་དུ་མཐེ་བོའི་ཚིགས་དབུས་མའི་ལྟོ་གཏད་དེ་རྒྱ་གྲམ་དུ་བྱ་རྐང་འདྲ་བར་གཞག་སྟེ། དེ་ལྟར་གཞག་པའི་མཐེབ་མཛུབ་གཉིས་ཀྱི་རྩེ་མོའི་བར་གྱི་ཚད་ནི་བྱ་རོག་གི་མཐོ་གང་ཞེས་བྱའོ། །དེ་ལ་དངོས་སུ་ན་སོར་བཞི་ཁོ་ན་ཡོད་དེ།
རྣམ་པ་གཞན་གྱིས་བསྟན་པའི་ཕྱིར་དེ་སྐད་གསུངས་སོ། །ཆུང་ཚད་ནི་སོར་གཉིས་སམ་ཕྱེད་དང་གསུམ་མམ་མཐེབ་སོར་གཅིག་གོ་ཞེས་བྱ་བ་ནི། ཚལ་བུ་ཆུང་ཚད་ཀྱི་ཞིང་ནི་སོར་གཉིས་སམ་སོར་ཕྱེད་དང་གསུམ་མམ་མཐེ་བོའི་སོར་གཅིག་གོ། །གཞུང་ཁ་ཅིག་ལས་ནི་ཆེ་ཚད་ནི་སོར་བཞིའོ། །ཆུང་ཚད་ནི་སོར་ཕྱེད་
དང་གསུམ་མོ། །དེའི་བར་ནི་འབྲིང་ཚད་དོ་ཞེས་འབྱུང་སྟེ། གཞུང་ཁ་ཅིག་ལས་ནི་ཆེ་ཚད་ནི་སོར་བཞིའམ་བྱ་རོག་གི་མཐོ་གང་ངོ་། །ཆུང་ཚད་ནི་སོར་གཉིས་སམ་མཐེ་བོའི་ལྟོ་གང་ངོ་། །དེའི་བར་ནི་འབྲིང་ཚད་དོ་ཞེས་གསུངས་སོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། སོར་བཞི་ནི་ཆོས་གོས་ཆེ་
ཚད་ཀྱིའོ། །སོར་གསུམ་དང་སོར་ཕྱེད་དང་སོར་གཉིས་དང་མཐེབ་སོར་གཅིག་ནི་ཆོས་གོས་ཆུང་ཚད་ཀྱིའོ། །འབྲིང་གི་ནི་བར་མའོ། །ས་ལ་ཆོས་གོས་གདིང་བར་མི་བྱའོ་ཞེས་བྱ་བ་ནི། ས་ལ་ཆོས་གོས་གདིང་བར་མི་བྱ་བའོ། །དེའི་དོན་དུ་གཏན་པ་བྱའོ་ཞེས་བྱ་བ་ནི། ཆོས་གོས་གདིང་བ་དེའི་དོན་དུ་སྲ་བརྐྱང་བྱ་
བའོ། །ཤིང་ལས་བྱས་པའམ་སྨྱིག་མ་ལས་བྱས་པའམ་གྲུ་བཞི་བཏོད་པའི་ཕྱིར་ཐག་གུ་གཞུག་པའི་བུ་ག་བཏོད་པ་ནི་དེ་ཞེས་བྱའོ་ཞེས་བྱ་བ་ནི། ཐང་བཅད་ཅིང་གདིང་བའི་ཕྱིར་ཐག་གུ་གང་ཡིན་པ་དེ་གཞུག་པའི་བུ་ག་གང་ལ་བཏོད་པ་དེ་ནི་གཏན་པ་ཞེས་བྱའོ། །དེའི་ཚད་ཇི་ཙམ་དུ་བྱ་ཞེ་ན་དེའི་ཕྱིར་ཆོས་གོས་ཇི་
ཙམ་པར་རོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་དང་འཚམ་པའི་ཚད་དུ་བྱའོ། །ཆོས་གོས་ཚད་ཐ་དད་པ་དུ་མ་ཡོད་པས་གཏན་པ་ཡང་དུ་མ་བྱ་དགོས་སོ། །གྲིའུས་དྲའོ་ཞེས་བྱ་བ་ནི་ཆོས་གོས་སོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ནི་གྲིའུ་དེའོ། །དེ་དབྱིབས་ཇི་ལྟ་བུར་བྱ་ཞེ་ན་དེའི་ཕྱིར་བྱ་རོག་གི་མཆུ་ལྟ་བུའམ་བྱ་གག་
གི་གཤོག་པ་ལྟ་བུར་རོ་ཞེས་བྱ་བ་སྨྲས་ཏེ། དབྱིབས་དེ་ལྟ་བུར་བྱའོ། །ཅི་ལས་བྱས་པ་ཞེ་ན་དེའི་ཕྱིར། ལྕགས་ལས་བྱས་པ་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ལྕགས་ལས་བརྡུངས་པ་ནི་ལྕགས་ལས་བྱས་པ་སྟེ། དེ་ལས་གཞན་པ་ལས་མི་བྱའོ། །ཡུ་བ་རྩི་ཅན་དང་ཁྲ་བོ་མི་བཅང་ངོ་ཞེས་བྱ་བ་ནི།

གྲིའུའི་ཡུབ་བསེ་རྩི་ཅན་དང་སྲ་རྩི་ལ་སོགས་པ་འཚེར་བག་ཅན་གྱིས་བསྐུས་པ་དང་ཚོན་རིས་དང་འབུར་ཤད་ལ་སོགས་པའི་རི་མོ་ཅན་བཅང་བར་མི་བྱའོ། །སོར་དྲུག་གི་ཚད་ལས་ལྷག་པ་མི་བཅང་ངོ་ཞེས་བྱ་བ་ནི། གྲིའུ་ཡི་སྲིད་ཀྱི་ཚད་སོར་དྲུག་ལས་ལྷག་པར་མི་བཅང་བའོ། །འདིར་
གཞུང་ནི་གྲིའུ་ནི་གསུམ་སྟེ། ཆེན་པོ་དང་འབྲིང་དང་ཆུང་ངུའོ། །ཆེན་པོ་ནི་སོར་དྲུག་གོ། །ཆུང་ངུ་ནི་སོར་བཞིའོ། །དེའི་བར་ནི་འབྲིང་ངོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་ལས་ནི་བརྒྱད་ལས་མི་བཅང་ངོ་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་ནི་གྲིའུ་སོར་བརྒྱད་ཀྱི་ཚད་ལས་ལྷག་པ་མི་བཅང་ངོ་ཞེས་
འབྱུང་ངོ་། །འདིར་གཞུང་ནི་ཆེན་པོ་ནི་སོར་བརྒྱད་དོ་ཞེས་གསུངས་པ་ཡིན་ནོ། །སོར་བཞི་པས་ཐུང་བ་ནི་དགོས་པ་མེད་དོ་ཞེས་བྱ་བ་ནི། དེ་བས་ཐུང་བ་ནི་ཅིར་ཡང་མི་མཁོ་བས་དེ་ཡང་བཅང་བར་མི་བྱ་བའོ། །ལྕི་བའི་བྱུག་པས་བསྐུས་པར་བཙེམ་མོ་ཞེས་བྱ་བ་ནི། ཆོས་གོས་སྲ་བརྐྱང་ལ་གྲིའུས་དྲས་པ་བཙེམ་
པའི་གནས་ནི་དངོས་སུ་འམ་བརྒྱུད་པས་རྡུལ་ལྡང་བ་མེད་པར་བྱ་བའི་ཕྱིར་ལྕི་བའི་བྱུག་པས་བསྐུས་པར་བཙེམ་མོ། །འདི་ནི་རྡུལ་གྱིས་མ་རུང་བར་འགྱུར་བ་སྤང་བའི་ཕྱིར་རོ། །ལྕི་བ་མེད་ན་ཆག་ཆག་བཏབ་ཅིང་ཕྱགས་པར་རོ་ཞེས་བྱ་བ་ནི། བ་ལང་གི་ལྕི་བ་མེད་ན་ཆུས་ཆག་ཆག་བཏབ་ཅིང་ཕྱགས་མས་ཕྱགས་པའི་
གནས་སུ་ཆོས་གོས་བཙེམ་མོ། །དེ་བཙེམ་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་ཆོས་གོས་དེ་བཙེམ་དུ་རུང་བའོ། །འདིར་གཞུང་ནི་དགེ་སློང་དག་བྱ་གག་གི་གཤོག་ཤིང་ངམ་སྨྱིག་མའི་ཚལ་བུ་གང་ཡིན་པས་ཆོས་གོས་དག་བཙེམ་པར་བྱེད་དོ་ཞེས་གསུངས་པ་དང་། གཞན་ལས་བཙེམ་པར་འོས་པ་བཙེམ་པར་བྱའོ་ཞེས་
གསུངས་པས་དེའི་ཕྱིར་མདོ་འདི་བྱས་སོ། །ཁབ་ཀྱིས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་བྱ་གག་གི་གཤོག་ཤིང་དང་སྨྱིག་མའི་ཚལ་བུ་འབའ་ཞིག་ཏུ་མ་ཟད་ཀྱི་ཁབ་ཀྱིས་ཀྱང་བཙེམ་དུ་རུང་བའོ། །དྲ་བའི་གཞུང་ནི་དགེ་སློང་དག་ལག་པ་དག་གིས་དྲ་བར་བྱེད་པ་ནི་མ་རུང་བར་གྱུར་ནས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། གྲིའུས་དྲ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁབ་ཀྱི་གཞུང་ནི་དགེ་སློང་དག་བྱ་གག་གི་གཤོག་ཤིང་དང་སྨྱིག་མའི་ཚལ་བུས་ཆོས་གོས་འཚེམ་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁབ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ནི་ཁབ་དེའོ། །

ར་གན་དང་ཟངས་དང་འཁར་བ་དང་ལྕགས་ལས་བྱས་པ་ལས་གཞན་པ་མི་བཅང་ངོ་ཞེས་བྱ་བ་ནི། ར་གན་ལ་སོགས་པ་ལས་བྱས་པ་ལས་གཞན་པའི་ཁབ་བཅང་བར་མི་བྱ་བའོ། །ཁ་ཅིག་ལས་ཟངས་དང་ལྕགས་རྣོ་བ་དག་ལས་བྱས་པ་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་ཁབ་ནི་རྣོ་ཟངས་དང་རྣོ་
ལྕགས་ལས་བྱས་པ་བཅང་ངོ་ཞེས་འབྱུང་ངོ་། །རྣོ་བ་ཞེས་བྱ་བ་ནི། དེ་གཉིས་ཀྱི་རིགས་ཀྱི་བདག་ཉིད་གཞན་ཞིག་ཡོད་དོ། །དེའི་ཁབ་རལ་སྦུ་གུ་ལྟ་བུའམ་ཆད་པ་ལྟ་བུར་བཅང་བར་བྱའོ་ཞེས་བྱ་བ་ནི། ཁབ་དེའི་ཁབ་རལ་སྦུ་གུའི་རྣམ་པ་ལྟ་བུ་དང་། ཆད་པའི་རྣམ་པ་ལྟ་བུ་གློ་ནས་དབྱེར་རུང་བ་བཅང་བར་
བྱ་བའོ། །དེ་ངོ་ཚ་མེད་པ་དང་དགེ་ཚུལ་དག་ལ་རག་ལས་པར་མི་བྱའོ་ཞེས་བྱ་བ་ནི། ཁབ་རལ་དེ་དགེ་སློང་ངོ་ཚ་མེད་པ་དང་དགེ་ཚུལ་དག་ལ་རག་ལས་པར་མི་བྱ་བའོ། །མི་བཤེས་པ་དང་མི་དྲན་པ་དང་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི། མི་བཤེས་པ་དང་དྲན་པ་དང་མི་
ལྡན་པ་དང་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ཡང་ཁབ་རལ་དེ་རག་ལས་པར་མི་བྱ་བའོ། །ཁབ་དང་གྲིའུ་དག་བཙས་མི་ཟོས་པར་བྱ་བའི་ཕྱིར་སྤྲ་ཚིལ་གྱིས་བསྐུས་པའི་རས་མར་གཞུག་པར་བྱའོ་ཞེས་བྱ་བ་ནི། ཁབ་དང་གྲིའུ་དག་བཙའ་ཞེས་བྱ་བ་མཚོན་གྱི་དྲི་མས་མི་ཟོས་པར་བྱ་བའི་ཕྱིར་སྤྲ་
ཚིལ་གྱིས་བསྐུས་པའི་རས་མར་གཞུག་པར་བྱ་བའོ། །འདིར་གཞུང་ནི་དགེ་སློང་རྣམས་ཀྱི་ཁབ་བཙས་ཟོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་མི་སྤྲ་ཚིལ་གྱིས་བསྐུ་བར་བྱ་ཞིང་དེར་ཁབ་དཀྲིས་ཏེ་གཞག་པར་བྱའོ་ཞེས་གསུངས་པ་དང་། ཁ་ཅིག་ལས་ཁབ་དང་མཚོན་གཞག་པར་
བྱའོ་ཞེས་གསུངས་པ་ཡིན་ནོ། །མི་འབྱིལ་བར་བྱ་བའི་ཕྱིར་ཆོས་གོས་ལ་སྒྲོག་རྟེན་བྱས་ཏེ་སྒྲོག་གཟུངས་གདགས་སོ་ཞེས་བྱ་བ་ནི། ཆོས་གོས་གྱོན་པ་ལུས་ལས་མི་འབྱིལ་བར་བྱ་བའི་ཕྱིར་ཆོས་གོས་ལ་སྒྲོག་རྟེན་བྱས་ཏེ་དེར་སྒྲོག་གཟུངས་གདགས་པའོ། །སྒྲོག་རྟེན་ཅེས་བྱ་བ་ནི། སྒྲོག་གཟུངས་ཀྱི་རྟེན་མ་
ཆོས་གོས་ལ་ལྷན་པ་གྲུ་བཞིས་གླན་པའོ། །སྒྲོག་གཟུངས་ཞེས་བྱ་བ་ནི་འཛིན་པའི་ཐག་གུའོ། །སྒྲོག་གུ་ཡང་ངོ་ཞེས་བྱ་བ་ནི། མི་འབྱིལ་བར་བྱ་བའི་ཕྱིར་ཆོས་གོས་ལ་སྒྲོག་རྟེན་བྱས་ཏེ་གདགས་པའོ། །སྒྲོག་གུ་ཞེས་བྱ་བ་ནི་གཟུང་པའི་ཐག་གུའོ། །བཙོ་བླག་མཁན་ལ་གོས་ཁ་བསྒྱུར་བ་དང་ཁ་མ་

བསྒྱུར་བ་འཁྲུར་གཞུག་པར་མི་བྱའོ་ཞེས་བྱ་བའི་གཞུང་ནི། དྲུག་སྡེ་དག་བཙོ་བླག་མཁན་དག་ལ་གོས་དག་འཁྲུར་འཇུག་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་གོས་ངུར་སྨྲིག་དག་བཙོ་བླག་མཁན་དག་ལ་འཁྲུར་མི་གཞུག་པར། གཞོང་པ་འཇམ་པོར་
རང་གིས་བཀྲུ་བར་བྱའོ་ཞེས་གསུངས་པ་དང་། དྲུག་སྡེ་དག་གོས་དཀར་པོ་དག་བཙོ་བླག་མཁན་ལ་འཁྲུར་འཇུག་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ཐམས་ཅད་ཀྱི་ཐམས་ཅད་དུ་བཙོ་བླག་མཁན་ལ་གོས་འཁྲུར་མི་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །དེ་དང་
འདྲ་བར་རང་གིས་མི་བྱའོ་ཞེས་བྱ་བ་ནི། གཙོ་བླག་མཁན་དེ་དང་འདྲ་བར་དགེ་སློང་རང་གིས་བཀྲུ་བར་མི་བྱ་བ་སྟེ། དེ་ནི་བརྡབ་པ་ལ་སོགས་པས་མ་རུང་བར་འགྱུར་བ་སྤང་བའི་ཕྱིར་རོ། །དེའི་ངོགས་སུ་མི་བྱའོ་ཞེས་བྱ་བ་ནི། གཙོ་བླག་མཁན་དེའི་ངོགས་སུ་བཀྲུ་བར་མི་བྱའོ། །ཤིང་གི་ངོས་ལ་མི་བྱའོ་ཞེས་
བྱ་བ་ནི། གོས་བཀྲུ་བར་མི་བྱ་བའོ། །གཞོང་པ་འཇམ་པོར་བཀྲུ་བར་བྱའོ་ཞེས་བྱ་བའི་གཞུང་ནི། གཞོང་པ་འཇམ་པོར་རང་གིས་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུ་བདེ་བས་སོ་ཞེས་བྱ་བ་ནི། ཧ་ཅང་ཡང་མི་དྲོ་ཧ་ཅང་ཡང་མི་གྲང་བ་སྟེ་དེ་ནི་དྲི་མ་འདག་པའི་ཐབས་བསྟན་པ་ཡིན་ནོ། །ལག་པ་གཉིས་ཀྱིས་
མཐར་གྱིས་བསྒྱུར་ཞིང་ངོ་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་མཐར་གྱིས་བསྒྱུར་ཞིང་བཀྲུ་བར་བྱ་བའོ། །མི་ནུས་ན་རྐང་པ་གཉིས་ཀྱིས་སོ་ཞེས་བྱ་བ་ནི། གལ་ཏེ་ལག་པ་གཉིས་ཀྱིས་མི་ནུས་ན་རྐང་པ་གཉིས་ཀྱིས་བཀྲུ་བར་བྱ་བའོ། །དེ་ལྟར་ཁྱིམ་པས་བཀྲུར་རུང་ངོ་ཞེས་བྱ་བ་ནི། ཇི་ལྟར་རང་གིས་བཀྲུ་བའི་ཆོ་ག་
བསྟན་པ་དེ་ལྟར་ཁྱིམ་པས་ཀྱང་བཀྲུར་རུང་བའོ། །དེའི་གཞན་དུ་གྱུར་པར་སྤྱོད་པ་བསྲུང་བར་བྱའོ་ཞེས་བྱ་བ་ནི། ཆོ་ག་ཇི་སྐད་བསྟན་པ་ལས་གཞན་དུ་ཁྱིམ་པ་དེའི་ལོག་པར་སྤྱོད་པར་དགེ་སློང་གིས་བསྲུང་བར་བྱ་བའོ། །འདིར་གཞུང་ནི་གཞན་གྱིས་ལག་པ་གཉིས་ཀྱིས་ཀྱང་མི་ནུས་ལ། རྐང་པ་གཉིས་
ཀྱིས་ཀྱང་མི་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཞལ་ཏ་བྱས་ཏེ་གཞན་གྱིས་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཕྱག་དར་ཁྲོད་ལེགས་པར་བཀྲུ་བ་དང་བཙེམས་པ་དག་ཁ་བསྒྱུར་བ་བཅང་བར་བྱའོ་ཞེས་བྱ་བ་ནི། ཕྱག་དར་ཁྲོད་ནི་ལེགས་པར་བཀྲུས་པ་དང་། ལེགས་པར་

བཙེམས་པ་དང་། ལེགས་པར་ཁ་བསྒྱུར་བར་བྱས་ཏེ་བཅང་བར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་ཕྱག་དར་ཁྲོད་མི་གཙང་བས་གོས་པ་དག་བཅང་བར་མི་བྱ་བའོ། །གང་འཆང་ན་ཉེས་བྱས་སུ་འགྱུར་རོ། །ཕྱག་དར་ཁྲོད་པ་དག་ལེགས་པར་བཀྲུས་པ་དང་། ལེགས་པར་བཙེམས་པ་དང་། ལེགས་པར་ཁ་
བསྒྱུར་བ་བྱས་ཏེ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མི་གཙང་བས་གོས་པའི་ཆོས་གོས་མི་བཅང་ངོ་ཞེས་བྱ་བ་ཡང་། མོད་ལ་ལེགས་པར་བཀྲུས་ཏེ་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཚོན་བཟང་བ་ཉིད་དུ་བྱ་བའི་ཕྱིར་གྲིབ་མ་དང་ཉི་མ་འདྲོས་པར་བརྡུང་ཞིང་བསྐམ་པར་བྱའོ་ཞེས་བྱ་བའི་གཞུང་ནི།
རྣམ་པར་འབྱེད་པའི་སྟན་གྱི་བསླབ་པའི་གཞི་ལས། པིབ་པ་ལའི་ཚོན་བླངས་ཏེ་ཆམ་ཆོམ་བརྡུང་བར་བྱ་ཞིང་སྐམས་ཏེ་བསྐོལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཚོན་བརྡུང་བ་དང་བསྐམ་པ་དང་གྲིབ་མ་དང་ཉི་མ་འདྲེས་མ་ལ་གཞན་དུ་བྱས་ན་ཉམས་པར་འགྱུར་རོ། །པིབ་པ་ལ་ཞེས་སྨོས་པ་ནི་ཚོན་གཞན་གྱི་
དཔེ་ཡིན་ནོ། །གོས་དག་མེད་པར་བསྐོལ་ལོ་ཞེས་བྱ་བ་ནི། ཚོན་གྱི་ནང་དུ་གོས་དག་མ་བཅུག་པར་བསྐོལ་བར་བྱ་བའོ། །བྱེ་བྲག་གསུམ་མན་ཆད་དུའོ་ཞེས་བྱ་བ་ནི། བསྐོལ་ལོ་ཞེས་བྱ་བར་སྦྱར་རོ། །གང་གི་ཕྱིར་བྱེ་བྲག་གསུམ་མན་ཆད་དུ་བསྐོལ་དགོས་པ་དེའི་ཕྱིར། མང་བ་ཉིད་དུ་འདོད་པ་ཉིད་ཡིན་
ན་ལན་གསུམ་བྱའོ་ཞེས་བྱ་བ་ལ། མང་བའི་དངོས་པོ་ནི་མང་བ་ཉིད་དོ། །དེ་འདོད་པ་ཉིད་ཡིན་ན་ལན་གསུམ་བསྐོལ་བར་བྱའོ། །ཕྱི་མ་ཆེས་ངན་པ་ཉིད་དོ་ཞེས་བྱ་བ་ནི། དང་པོ་བསྐོལ་བ་བས་ཕྱིས་བསྐོལ་བ་ཤོས་ཆེས་ངན་པ་ཉིད་ཡིན་ནོ། །དེའི་ཕྱིར་ཐ་དད་པར་གཞག་གོ་ཞེས་བྱ་བ་ནི། གང་གི་ཕྱིར་ཕྱི་མ་
ཆེས་ངན་པ་ཉིད་ཡིན་པ་དེའི་ཕྱིར་བསྐོལ་བ་རྣམས་སྣོད་ཐ་དད་པར་བླུགས་སོ། །འདི་ནི་དང་པོའོ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བྲིའོ་ཞེས་བྱ་བ་ནི། འདི་ནི་ཚོན་དང་པོའོ། །འདི་ནི་གཉིས་པའོ། །འདི་ནི་གསུམ་པའོ་ཞེས་དང་པོ་ལ་སོགས་པར་བསྐོལ་བའི་ཚོན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྣོད་ཀྱི་སྟེང་
དུ་ཡི་གེ་བྲིའོ། །སྔར་དང་པོ་དང་སྦྱར་རོ་ཞེས་བྱ་བ་ནི། སྔར་ཚོན་དང་པོ་བསྐོལ་བ་དང་གོས་རྣམས་སུ་སྦྱར་བར་བྱ་བའོ། །གོས་ཀུན་ནས་བསུབས་པ་ལའོ་ཞེས་བྱ་བ་ནི། ཚོན་ལེགས་པར་འཇེན་པ་ཉིད་དུ་བྱ་བའི་ཕྱིར། ཚོན་གྱིས་ཀུན་ནས་བསུབས་པའི་གོས་དེ་ལ་ཚོན་དང་སྦྱར་བར་བྱའོ། །དེ་ལས་ཐུན་

ཇི་ཙམ་རན་པ་བཅུ་ཞིང་གཞོང་བར་བླུགས་སོ་ཞེས་བྱ་བ་ནི། ཚོན་བསྐོལ་བ་དེ་ལས་ཇི་ཙམ་གྱིས་གོས་ཕངས་པར་འགྱུར་བའི་ཐུན་དེ་ཙམ་བཅུ་ཞིང་གཞོང་བར་བླུགས་པར་བྱའོ། །གཤེར་ཆེས་ན་འཛག་ལ། སྐམས་ཆེས་ན་འདྲིས་པར་འགྱུར་བས་དེའི་ཕྱིར་རན་པར་རོ་ཞེས་བྱ་བ་ནི།
ཕངས་པར་གྱུར་པའི་ཐུན་གཤེར་ཆེས་ན་གོས་ལས་འཛག་པར་འགྱུར་ལ། སྐམས་ཆེས་ན་གོས་འདྲིས་པར་འགྱུར་བས་དེའི་ཕྱིར་ཐུན་རན་པར་བླུགས་སོ། །གཟར་ཐག་ཐང་བཅད་པ་ཉིད་ལ་སྐམས་ན་བཟང་ངོ་ཞེས་བྱ་བ་ནི། གཟར་ཐག་ཐང་བཅད་ཅིང་བརྒྱངས་པ་ལ་སྐམས་ན་བཟང་བའོ། །ཇི་ལྟར་ཞེ་ན་
དེའི་ཕྱིར་མཐའ་འབྱར་བས་སོ་ཞེས་བྱ་བ་སྨྲས་ཏེ། མཐའ་མ་རྣམས་འབྱར་བས་སོ། །ཇི་ལྟར་མཐའ་འབྱར་བར་བྱ་ཞེ་ན་དེའི་ཕྱིར། དབང་བུ་དག་གིས་སོ་ཞེས་བྱ་བ་སྨྲས་སོ། །གཟུང་དཀའ་བ་རྣམས་ནི་རྩྭ་བཏིང་བར་རོ་ཞེས་བྱ་བ་ནི། དབང་བུ་དག་གིས་གཟུང་དཀའ་བའི་གོས་རྣམས་ནི་རྩྭ་བཏིང་
བའི་སྟེང་དུ་བསྐམ་པའོ། །ཚོན་ཕྱོགས་གཅིག་ཏུ་མི་འཚིགས་པར་བྱ་བའི་ཕྱིར་ཡང་དང་ཡང་བསྒྱུར་བར་བྱའོ་ཞེས་བྱ་བ་ནི། ཚོན་གྱིས་གོས་མཐའ་དག་ལ་ཁྱབ་པར་བྱ་བའི་ཕྱིར་ཡང་དང་ཡང་དུ་གོས་ཀྱི་བླ་འོག་བསྒྱུར་བར་བྱ་བ་སྟེ། དེས་ནི་ཕྱོགས་གཅིག་ཏུ་འཚིགས་པར་མི་འགྱུར་རོ། །ཚོན་སར་
པ་ནི་སར་པ་དག་ལ་བླུགས་ན་བཟང་ངོ་ཞེས་བྱ་བ་ནི། ཚོན་སར་པ་ནི་གོས་སར་པ་དག་ལ་བླུགས་ན་བཟང་བའོ། །རྙིང་པ་ནི་རྙིང་པ་དག་ལའོ་ཞེས་བྱ་བ་ནི། ཚོན་རྙིང་པ་ནི་གོས་རྙིང་པ་དག་ལ་བླུགས་ན་བཟང་བའོ། །སར་པ་རྣམས་ནི་ཉི་མ་ལ་སྐམས་ནའོ་ཞེས་བྱ་བ་ནི། གོས་སར་པ་རྣམས་ནི་ཉི་མ་ལ་སྐམས་
ན་བཟང་བའོ། །རྙིང་པ་རྣམས་ནི་གྲིབ་མ་ལའོ་ཞེས་བྱ་བ་ནི། སྐམས་ན་བཟང་ངོ་ཞེས་བྱ་བར་སྦྱར་རོ། །མི་འདྲིས་པར་བྱ་བའི་ཕྱིར་ཉི་མ་གཞན་ལ་ཆུའི་ཐུན་བླུགས་སོ་ཞེས་བྱ་བ་ནི། མི་འདྲིས་པར་བྱ་བའི་ཕྱིར་ཉི་མ་གཞན་ལ་ཆུའི་ཐུན་ཇི་ཙམ་གྱིས་བངས་པར་འགྱུར་བ་བླུགས་ཤིང་བསུངས་པ་དང་བསྐམ་པར་
བྱའོ། །ཚོན་ཞག་ལོན་ན་སྲ་བར་འགྱུར་ལ་སྲ་བར་གྱུར་ན་ཆུའི་ཐུན་གྱིས་ཀྱང་རྟོལ་བར་ནུས་སོ། །བང་རིམ་དང་འཆག་སར་ཚོན་གྱི་ལས་མི་བྱ་བའོ་ཞེས་བྱ་བ་ལ། བང་རིམ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་ཁྱམས་ཀྱིའོ། །གཙུག་ལག་ཁང་དུ་མི་བྱའོ་ཞེས་བྱ་བ་ཡང་ཚོན་གྱི་ལས་སོ། །དེའི་སྟེང་དུ་བྱའོ་

ཞེས་བྱ་བ་ནི། ཚོན་གྱི་ལས་ཏེ་གཙུག་ལག་ཁང་གི་སྟེང་དུ་བྱ་བ་སྟེ། དེ་ནི་དེའི་གནས་ཡིན་གྱི་བང་རིམ་ནི་མ་ཡིན་ནོ། །འཐོར་འཐུང་བྱ་བའི་ཉེན་ཀོར་དུ་མི་བྱའོ་ཞེས་བྱ་བ་ནི། ཆབ་ཀུང་ས་ལ་སོགས་པའི་ཉེན་ཀོར་དུ་ཚོན་གྱི་ལས་མི་བྱ་བའོ། །ཕྱོགས་དེར་ཞལ་ཞལ་བྱའོ་ཞེས་བྱ་བ་ནི། ཚོན་གྱི་ལས་བྱ་
བའི་ཕྱོགས་དེར་ཞལ་ཞལ་བྱ་བའོ། །གལ་ཏེ་རྡོ་ཐལ་གྱིས་བྱུགས་པ་ཡིན་ན་བཀྲུ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཕྱོགས་དེར་རྡོ་ཐལ་གྱིས་བྱུགས་པ་ཡིན་ནོ། དེའི་ཚེ་ཆུས་བཀྲུ་བར་བྱའོ། །གལ་ཏེ་བརྩམས་པ་ན་རླུང་དང་ཆར་འོང་ན་ཁྱམས་སུ་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཚོན་གྱི་ལས་རྩོམ་པ་ན་རླུང་དང་
ཆར་འོང་ན་དེའི་ཚེ་ཁྱམས་སུ་ཚོན་གྱི་ལས་བྱ་བའོ། །བྱས་ཟིན་ནས་ཕྱོགས་དེར་ལྕི་བའམ་སས་བྱུག་པར་བྱའོ་ཞེས་བྱ་བ་ནི། ཚོན་གྱི་ལས་བྱས་ཟིན་ནས་ཕྱོགས་དེར་ལྕི་བའམ་སས་བྱུག་པར་བྱ་བའོ། །བཅགས་པ་དང་བརྡབ་པ་རུང་བར་མ་གྱུར་པ་སྤྱད་པ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། གོས་བཅགས་པ་
དང་བརྡབ་པ་རུང་བར་མ་གྱུར་པ་སྤྱད་པ་བརྟེན་པར་མི་བྱ་བའོ། །འདིར་རུང་བ་གང་ཡིན་ཞེ་ན་དེའི་ཕྱིར་འདི་ལ་འཚེར་བ་ཉམས་པ་ནི་རུང་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གོས་འདི་ལ་འཚེར་བ་ཞེས་བྱ་བ་ནི། མདོག་གསལ་ཞིང་འཚེར་བ་ཉམས་པ་ནི་རུང་བ་ཡིན་ནོ། ཇི་ལྟར་འཚེར་བ་ཉམས་པར་བྱ་ཞེ་ན་
དེའི་ཕྱིར། ཆུས་བརླན་པ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། གོས་ཀྱི་འཚེར་བ་ཆུས་བརླན་པ་ཉིད་ན་ཉམས་ཤིང་རུང་བ་ཡིན་ནོ། །ཟིལ་པས་བརླན་ན་ལག་པས་མཉེ་བས་ཉམས་པར་བྱ་སླའོ་ཞེས་བྱ་བ་ནི། གོས་ཟིལ་པས་བརླན་ན་ལག་པས་མཉེ་བས་འཚེར་བ་ཉམས་པར་བྱ་སླ་བ་ཉིད་ཡིན་ནོ། ཤམ་ཐབས་
བགོས་པའི་སྟེང་དུ་སྐ་རགས་བཅིང་ངོ་ཞེས་བྱ་བ་ནི། ཤམ་ཐབས་བགོས་པའི་སྟེང་དུ་སྐ་རགས་བཅིང་བར་བྱ་བའོ། །ཅི་ཞིག་བཅིང་བར་བྱ་ཞེ་ན་དེའི་ཕྱིར་ཤུར་བུའམ་ལྕག་ཕོད་དམ་རྒྱ་ཅང་ངམ་ཤུར་བུ་ཕྲེ་འུས་སོ་ཞེས་བྱ་བ་སྨྲས་ཏེ། ཤུར་བུ་ཞེས་བྱ་བ་ནི། སྐུད་པ་མང་པོ་ལས་བཏགས་པ་སྲབ་མོ་ཞེང་
ཆེ་བའོ། །ལྕག་པོད་ཅེས་བྱ་བ་ནི། ལྷས་མ་གྲུ་བཞིར་འདུག་པའོ། །རྒྱ་ཅང་ཞེས་བྱ་བ་ནི། སྐུད་པ་མང་པོ་ལས་བཏགས་པ་ཉིད་ཡིན་པ་དབུས་ཁོང་སྟོང་དུ་འདུག་པའོ། །ཤུར་བུ་ཕྲེའུ་ཞེས་བྱ་བ་ནི། སྐུད་པ་ཕྲ་མོ་ལས་བཏགས་ལ་མདོ་མདོར་བུ་གུ་ལྔའམ་དྲུག་རིམ་དུ་བྱས་པ་བཏོད་པའོ། །སྐ་རགས་མ་

བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། ཤམ་ཐབས་བགོས་པའི་སྟེང་དུ་སྐ་རགས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱ་བ་སྟེ། འདི་ནི་ཤམ་ཐབས་བརླག་པར་འགྱུར་བ་སྤང་བའི་ཕྱིར་རོ། །ཁྲིས་གཅིག་གིས་ཀྱང་ངོ་ཞེས་བྱ་བ་ནི། གལ་ཏེ་སྐ་རགས་ཁྲིས་གཅིག་གིས་བཅིངས་
ན་དེ་ལྟ་ན་ཡང་རུང་བའོ། །ཚོམ་བུ་ཅན་དང་ཚར་ཚར་ཅན་དང་ཟླ་གམ་ཅན་དང་། གསེར་སྐུད་ནི་རྒྱན་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ་ཚོམ་བུ་ཅན་ཞེས་བྱ་བ་ནི། གསེར་སྐུད་ཀྱི་ཤར་བུ་གསུམ་མམ་བཞིའི་ཚོམས་ལ་མདོ་མདོར་ནོར་བུའི་ཕྲས་སྒྲས་པའོ། །ཚར་ཚར་ཅན་ཞེས་བྱ་བ་ནི། གསེར་ལས་བྱས་
པའི་ཚར་ཚར་གྲོག་སྒལ་གྱི་བར་རི་ལུ་ཅན་གསེར་སྐུད་ཀྱིས་བརྒྱུས་པ་ཐོག་མར་དྲིལ་བུ་གཡེར་ཀ་འཕྱང་བ་དག་བཏགས་པའི་འོག་པག་གང་ཡིན་པའོ། །ཟླ་གམ་ཅན་ཞེས་བྱ་བ་ནི། གསེར་ལས་བྱས་པའི་རྒྱན་ཟླ་གམ་གྲུ་གསུམ་དག་གིས་བརྒྱན་པའི་འོག་པག་གང་ཡིན་པའོ། །གསེར་སྐུད་ཅེས་བྱ་བ་ནི་
གསེར་ལས་བྱས་པའི་ལུ་གུ་རྒྱུད་དོ། །དེ་དག་ནི་རྒྱན་མ་ཡིན་པ་མ་ཡིན་ཏེ་རྒྱན་ཁོ་ན་ཡིན་ནོ། །རྒྱན་ཐོགས་པ་བསྟེན་པར་མི་བྱའོ་ཞེས་སྨོས་པས་དེ་དག་བཀག་པར་རིག་པར་བྱའོ། །ཁྲ་བོར་བྱས་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི། ཟ་འོག་དང་ཚོན་རིས་དང་སྐུད་རིས་དང་ཕྲ་བཀོད་པ་ལ་སོགས་པས་ཁྲ་བོར་
བྱས་པའི་གོས་ཀྱང་རྒྱན་དང་འདྲ་སྟེ། མདོ་འདི་ནི་གོས་ཀྱི་དོན་དུ་བྱས་པ་ཡིན་ནོ། །རྩྭ་ལས་བྱས་པ་དང་ཤིང་ལས་བྱས་པ་དང་གཞན་ཡང་རྒྱན་གྱི་ཁོངས་སུ་གཏོགས་པའི་ཕྱིར་རོ། །གཞི་མ་བཏིང་བའི་སར་ཆོས་གོས་གཞག་པར་མི་བྱའོ་ཞེས་བྱ་བ་ནི། རས་སམ་ལོ་མ་ལ་སོགས་པ་གཞི་མ་བཏིང་བའི་
ས་ལ་ཆོས་གོས་གཞག་པར་མི་བྱ་བ་སྟེ། དེ་ནི་མ་རུང་བར་འགྱུར་བ་སྤང་བའི་ཕྱིར་རོ། །འདིར་གཞུང་ནི་རྣམ་པར་འབྱེད་པའི་སྟན་གྱི་བསླབ་པའི་གཞི་ལས། དགེ་སློང་རྣམས་ཆོས་གོས་དག་གྱོན་ཏེ་ས་ལ་འཁོད་པ་ན་ཆོས་གོས་དག་མ་རུང་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དད་
པ་སྦྱིན་པར་བྱ་བ་ཆུད་གཟན་པར་མི་བྱ་བར་འདི་ལྟར་སྟན་ནང་ཚངས་ཅན་ལ་འདུག་པར་བྱའོ། །སྟན་ནང་ཚངས་ཅན་ཇི་ལྟ་བུ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩྭའི་ཆུན་པོ་བཅིངས་ཏེ་རས་མས་དཀྲི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་སྟན་ནང་ཚངས་ཅན་ནི་དཔེ་ཙམ་

དུ་ཟད་དེ་སྟན་གཞན་ལ་ཡང་འདུག་པར་བྱའོ། །འདི་ནི་ཆོས་གོས་མ་རུང་བར་འགྱུར་བ་སྤང་བའི་ཕྱིར་རོ། །མི་གཙང་བའི་ཕྱོགས་སུ་མི་གཞག་གོ་ཞེས་བྱ་བ་ནི། ཆོས་གོས་དེ་བར་དུ་ཆོད་པར་གྱུར་ཀྱང་མི་གཞག་གོ། །རྟུལ་བ་ཡོད་ན་ཁུར་ལྕི་བས་མི་མནན་ནོ་ཞེས་བྱ་བ་ནི། རྟུལ་བ་གཞན་ཡོད་ན་ཁུར་
ལྕི་བས་ཆོས་གོས་མནན་པར་མི་བྱ་བའོ། །གཞན་དུ་སྤྱད་པས་ཡོངས་སུ་སྤྱད་པར་མི་བྱའོ་ཞེས་བྱ་བ་སྟོད་དུ་བགོ་བ་སྨད་དུ་བགོ་བ་དང་སྨད་དུ་བགོ་བ་སྟེང་དུ་བགོ་བ་ཡོངས་སུ་སྤྱད་པར་མི་བྱ་བའོ། །བཤང་བ་དང་གཅི་བ་བྱ་བ་དང་མི་གཙང་བའི་བྱི་དོར་བྱ་བ་དག་ཏུ་བླ་གོས་བགོ་བ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི།
བཤང་བ་དང་གཅི་བ་བྱ་བ་དང་མི་གཙང་བའི་བྱི་དོར་བྱ་བ་དག་ཏུ་བླ་གོས་བགོ་བར་མི་བྱ་བའོ། །མི་གཙང་བའི་བྱི་དོར་བྱ་བ་དག་ཏུ་ཞེས་བྱ་བ་ནི། མི་གཙང་བའི་ངོ་བོ་ཉིད་གང་དག་ཡིན་པ་གཙུག་ལག་ཁང་དུ་ཆག་ཆག་གདབ་པ་དང་ཕྱག་དར་བྱ་བ་དང་རྐང་པ་བཀྲུ་བ་དང་། ཆབ་ཀུང་ས་ཕྱགས་པ་དང་བཀྲུ་
བཤལ་བྱ་བ་ལ་སོགས་པའི་བྱི་དོར་གྱི་ལས་དག་སྟེ། དེ་དག་ཏུ་བླ་གོས་བགོ་བར་མི་བྱ་བའོ། །དེར་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། བླ་གོས་དེའི་སྟེང་དུ་ཉལ་བར་མི་བྱ་བའོ། །བསོད་སྙོམས་ལ་རྒྱུ་བ་དང་། མཆོད་སྟོན་དང་མཆོད་རྟེན་ལ་ཕྱག་བྱ་བ་དང་རྗེས་བྱ་བ་དང་དགེ་འདུན་ཚོགས་པ་དང་གདམས་ངག་དང་
ཆོས་མཉན་པ་ཉམས་སུ་མྱོང་བ་ལས་གཞན་པའི་བྱ་བ་ལ་སྣམ་སྦྱར་བགོ་བར་མི་བྱའོ་ཞེས་བྱ་བ་ནི། བསོད་སྙོམས་ལ་རྒྱུ་བ་ལ་སོགས་པ་ཉམས་སུ་མྱོང་བར་བྱ་བ་ལས་གཞན་པའི་བྱ་བ་ལ་སྣམ་སྦྱར་བགོ་བར་མི་བྱ་བའོ། །དེ་ལ་འདུག་པའམ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། སྣམ་སྦྱར་དེའི་སྟེང་དུ་འདུག་པ་དང་
ཉལ་བར་མི་བྱ་བ་སྟེ། དེས་ན་གྲྭ་བརྫི་བ་ཡང་བཀག་པ་ཡིན་ནོ། །གཞུང་ནི་སྣམ་སྦྱར་ལུས་ལ་རེག་པར་མི་བྱ། གདིང་བར་མི་བྱ། རྒྱུན་དུ་བགོ་བས་ལོངས་སྤྱད་པར་མི་བྱ། སྣམ་སྦྱར་གྱི་སྟེང་དུ་འདུག་པར་མི་བྱ། ཉལ་བར་མི་བྱ། སྣམ་སྦྱར་གྱིས་རྩྭའམ་ལྕི་བའམ་ས་བསྐུར་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །
འགའ་ཡང་བསྐུར་བ་ལ་སྦྱར་བར་མི་བྱའོ་ཞེས་བྱ་བ་ནི། སྣམ་སྦྱར་གྱིས་དངོས་པོ་འགའ་ཡང་བསྐུར་བ་ལ་སྦྱར་བར་མི་བྱ་བ་སྟེ། སྣམ་སྦྱར་གྱི་ནང་དུ་ཅི་ཡང་བཅུག་སྟེ་བསྐུར་བར་མི་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ལ་རེག་པར་བགོ་བར་མི་བྱའོ་ཞེས་བྱ་བ་ནི། སྣམ་སྦྱར་ལུས་ལ་རེག་པར་བགོ་བར་མི་

བྱའོ། །མཆན་ཁུང་གཡས་པའི་དྲོད་ཀྱིས་དེ་མ་རུང་བར་འགྱུར་རོ་ཞེས་བྱ་བ་ནི། མཆན་ཁུང་གཡས་པའི་དྲོད་ཅེས་བྱ་བ་མཆན་ཁུང་གཡས་པའི་རྔུལ་གྱིས་སྣམ་སྦྱར་དེ་མ་རུང་བར་འགྱུར་སྲིད་པའོ། །དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར་ཕྱོགས་དེར་དེ་ལ་གོས་གླན་པར་བྱའོ་ཞེས་བྱ་བ་ནི།
མ་རུང་བ་དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར་མཆན་ཁུང་གཡས་པའི་ཕྱོགས་དེར་སྣམ་སྦྱར་དེ་ལ་གོས་གླན་པར་བྱའོ། །ཚད་ཇི་ཙམ་ཞེ་ན་དེའི་ཕྱིར་ཁྲུ་ཕྱེད་དང་དོ་དང་མཐོ་གང་ངོ་ཞེས་བྱ་བ་སྨྲས་ཏེ། དེའི་ཚད་ནི་སྲིད་དུ་ཁྲུ་ཕྱེད་དོ། །ཞེང་དུ་མཐོ་གང་ངོ་། །ངོས་གཉིས་ཀར་སྐུད་པའི་གཟུངས་ཀྱིས་སྦྱར་རོ་ཞེས་བྱ་
བ་ནི། གོས་དེ་ངོས་གཉིས་ཀར་ཁབ་སྲུབས་ཀྱི་སྐུད་པའི་གཟུངས་ཀྱིས་མདོ་མདོར་གཟུངས་གདབ་ཅིང་སྦྱར་བར་བྱའི། དངོས་སུ་བཅོམ་པར་ནི་མི་བྱའོ། །དུས་དུས་སུ་དེ་བཀྲུ་བ་དང་ཁ་བསྒྱུར་བར་བྱའོ་ཞེས་བྱ་བ་ནི་གོས་དེའོ། །དེའི་དེ་ནི་བཙག་གིས་སོ་ཞེས་བྱ་བ་ནི། གོས་དེའི་ཁ་བསྒྱུར་བ་དེ་ནི་བཙག་གིས་རིག་
པར་བྱའོ། །གདོང་ཕྱིས་བཅང་བར་བྱའོ་ཞེས་བྱ་བ་ལ། གདོང་ཕྱིས་ནི་རས་ཕྱིས་ལ་སོགས་པ་དག་གི་དཔེ་ཡིན་ནོ། །ལུས་འཛག་པས་རྣག་གཟན་ནོ་ཞེས་བྱ་བ་ནི། བཅད་པར་བྱ་བ་སྟེ། དགེ་སློང་གི་ལུས་ཁྲག་གམ་རྣག་འཛག་པ་དེ་ནི་ལུས་འཛག་པ་ཞེས་བྱ་སྟེ། དེས་རྣག་གཟན་བཅང་བར་བྱའོ། །དེ་ཆོས་གོས་
ཀྱི་ནང་དུ་བགོའོ་ཞེས་བྱ་བ་ནི། རྣག་གཟན་དེ་ཆོས་གོས་ཀྱི་ནང་རོལ་དུ་བགོ་བར་བྱ་བའོ། །འབྱར་ན་བསྐ་བའི་ཆུ་དང་། སོ་ཕག་གི་ཕྱེ་མ་དང་སྦྱར་བའི་ཆུས་སྤངས་ཏེ་དལ་བུས་ཁད་ཀྱིས་ཁད་ཀྱིས་དགོག་པར་བྱའོ་ཞེས་བྱ་བ་ནི། རྣག་གཟན་དེ་ལུས་ལ་འབྱར་ན་ཤིང་པིབ་པ་ལ་ལ་སོགས་པའི་ཤུན་པ་དང་སྦྱར་བ་བསྐ་
བའི་ཆུའམ། སོ་ཕག་གི་ཕྱེ་མ་དང་སྦྱར་བ་ཆུས་སྤངས་ཏེ་དལ་བུས་ཁད་ཀྱིས་ཁད་ཀྱིས་དགོག་པར་བྱའོ། །དེ་གཉིས་ཀྱིས་ནི་དྲི་མ་འདག་པ་དང་རྨ་འཚོ་བར་འགྱུར་རོ། །རྣག་དང་ཁྲག་ཀྱང་ངོ་ཞེས་བྱ་བ་ནི། བསྐ་བའི་ཆུ་དང་སོ་ཕག་གི་ཕྱེ་མ་དང་སྦྱར་བའི་ཆུས་སྦངས་ཏེ་དལ་བུས་ཁད་ཀྱིས་ཁད་ཀྱིས་དགོག་པར་
བྱའོ། །དུས་དུས་སུ་དེ་བཀྲུ་བ་དང་བསྐམ་པ་དང་ཁ་བསྒྱུར་བར་བྱའོ་ཞེས་བྱ་བ་ནི་རྣག་གཟན་དེའོ། །དེའི་དེ་ནི་བཙག་གིས་བཟང་ངོ་ཞེས་བྱ་བ་ནི། རྣག་གཟན་དེའི་ཁ་བསྒྱུར་བ་དེའོ། །དེའི་དེ་ལ་ནི་སའི་སྙིང་པོ་བཟང་ངོ་ཞེས་བྱ་བ་ནི། འཛག་པ་དེའི་སྐམ་པ་དང་ཤ་བཀྲར་མི་འགྱུར་བ་དེའི་སྨན་དུ་ནི་སའི་སྙིང་

པོའི་ཕྱེ་མ་བཟང་ངོ་། །ཆོས་གོས་དག་གར་བབ་བབ་ཏུ་མི་གཞག་གོ་ཞེས་བྱ་བ་ནི། སྐད་འགའ་ཙམ་གཞག་པའི་གནས་དགག་པ་ནི་སྔར་བྱས་ཟིན་པས་འདི་ནི་མཛོད་དུ་གྱུར་པའི་གནས་གང་ཡིན་པ་དེའི་དགག་པ་ཡིན་ནོ། །དེའི་དོན་དུ་གདང་བུ་བཅའོ་ཞེས་བྱ་བ་ནི། ཆོས་གོས་གཞག་པ་དེའི་དོན་དུའོ། །
དེའི་དོན་དུ་སྦུབས་ཁུང་བྱའོ་ཞེས་བྱ་བ་ནི། གོས་ཀྱི་གདང་བཅའ་བ་དེའི་དོན་དུ་ནི་རྩིག་ངོས་ལ་སྦུབས་ཁུང་གདོད་པར་བྱ་བའོ། །གང་གི་ཚེ་ཞེ་ན་དེའི་ཕྱིར་གཙུག་ལག་ཁང་རྩིག་པའི་ཚེ་ནའོ་ཞེས་བྱ་བ་སྨྲས་ཏེ། དང་པོ་གཙུག་ལག་ཁང་གི་རྩིག་པ་བརྩིག་པའི་ཚེ་ཉིད་ན་སྦུབས་ཁུང་གདོད་པར་བྱའོ། །བརྩིགས་ཟིན་
པའི་འོག་ཏུ་ནི་མི་བྱ་སྟེ། རྩིག་པ་བརྐོས་ན་གཙུག་ལག་ཁང་མ་རུང་བར་འགྱུར་བའི་ཕྱིར་རོ། །བྱས་ཟིན་ན་བུ་ག་མི་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་བརྩིགས་ཟིན་ན་སྦུབས་ཁུང་བྱ་བའི་ཕྱིར་གཙུག་ལག་ཁང་ལ་བུ་ག་གདོད་པར་མི་བྱ་བའོ། །ཁང་ཁྱིམ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། གདང་བུ་བཅའ་
བའི་ཕྱིར་དང་། རྩིག་པའི་ཚེ་ན་སྦུབས་ཁུང་གདོད་པ་དང་། བྱས་ཟིན་ན་བུ་གུ་མི་བྱ་བ་གཙུག་ལག་ཁང་བཞིན་ནོ། །དེ་ནི་ཤིང་བུའམ་ཐག་པས་འགྲུབ་པོ་ཞེས་བྱ་བ་ནི། དགོན་པར་ཡང་རུང་གཙུག་ལག་ཁང་དུ་ཡང་རུང་སྟེ། ཆོས་གོས་གཞག་པའི་གདང་བུ་དེ་ནི་ཤིང་བུའམ་ཐག་པས་འགྲུབ་པའོ། །གཏུར་
བུས་གོས་དག་བསྐུར་ན་བཟང་ངོ་ཞེས་བྱ་བ་ནི། ཆོས་གོས་དག་ཆུད་ཟ་བར་འགྱུར་བ་སྤོང་བ་དང་འབྲེལ་བའི་ཕྱིར་རོ། །དེ་བྱའོ་ཞེས་བྱ་བ་ནི་གཏུར་བུ་དེ་བྱའོ། །ཁྲུ་གསུམ་དང་ཕྱེད་དང་གསུམ་གཉིས་ལྟེབ་ཏུ་བྱས་ཏེ་བཙེམ་མོ་ཞེས་བྱ་བ་ནི། གཏུར་བུ་དེ་སྲིད་དུ་ནི་ཁྲུ་གསུམ་མོ། །ཞེང་དུ་ནི་ཁྲུ་ཕྱེད་དང་གསུམ་
ལས་ཉིས་ལྟབ་ཏུ་བྱས་ཏེ་བཙེམ་མོ། །དབུས་སུ་ཁ་གདོད་དོ་ཞེས་བྱ་བ་ནི། གཏུར་བུ་དེའི་དབུས་སུ་སྲིད་དུ་ཁ་གདོད་པར་བྱའོ། །ཁ་རན་བུ་ག་ཅན་བྱའོ་ཞེས་བྱ་བ་ནི། གཏུར་བུ་དེའི་ཁ་དེར་ཁ་རན་བུ་གུ་ཅན་བྱ་བའོ། །ཁ་རན་བུ་གུ་ཅན་ཅི་ལས་བྱ་ཞེ་ན་དེའི་ཕྱིར་ཐག་གུ་ལས་སོ་ཞེས་བྱ་བ་སྨྲས་སོ། །ཁ་བརྒྱུད་
གཞན་ཡང་ངོ་ཞེས་བྱ་བ་ནི། ཁ་བརྒྱུ་བའི་སྲད་བུ་གཞན་ཡང་གདགས་པའོ། །སྤྱོད་པར་བྱ་བ་དག་སྟེང་དུ་གཞུག་གོ་ཞེས་བྱ་བ་ནི། གོས་སྤྱད་པར་བྱ་བ་དག་གཏུར་བུའི་ཁ་ལོགས་སུ་གཞུག་པའོ། །སང་འགྲོ་བར་འགྱུར་བ་ཉིད་ན་བླ་མ་ལ་ཞུས་པ་སྟེ་གནང་ན་འགྲོ་བར་བྱའོ་ཞེས་བྱ་བ་ནི། ཞག་གཅིག་གི་

འོག་ཏུ་འགྲོ་བར་འགྱུར་བའི་མདུན་རོལ་ནས་བླ་མ་ལ་ཞུས་ཏེ་གལ་ཏེ་གནང་ན་དེའི་འོག་ཏུ་འགྲོ་བར་བྱའོ། །རང་གི་གནས་སུ་ཆག་ཆག་ལ་སོགས་པ་བྱས་ཏེའོ་ཞེས་བྱ་བ་ནི། འགྲོ་གར་བདག་ཉིད་གང་ན་གནས་པའི་གནས་དེར་ཆག་ཆག་ལ་སོགས་པ་བྱས་ཏེ་གཞན་དུ་འགྲོ་བར་བྱ་
བའོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི་ཕྱག་དར་དང་ལྕི་བ་འཇམ་པོས་བྱུག་པར་བྱ་བ་དག་བསྡུའོ། །ལམ་དུ་ཆོས་དང་ལྡན་པའི་གཏམ་གྱིས་སམ་འཕགས་པའི་མི་སྨྲ་བ་ཉིད་ཀྱིས་འགྲོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་ལམ་དུ་ཞུགས་པས་སོ། །ངལ་བསོ་བའི་གནས་སུ་གཙུག་ལག་ཁང་གི་ཚིགས་
སུ་བཅད་པ་གདོན་ཏོ་ཞེས་བྱ་བ་ནི། གང་དུ་ངལ་བསོས་པའི་གནས་དེ་ནས་འགྲོ་བའི་ཚེ་དྲང་སྲོང་གིས་གསུངས་པའི་ཚིགས་སུ་གཅད་པ་གདོན་པའོ། །ཆུ་བཅུས་པར་ཡང་ངོ་ཞེས་བྱ་བ་ཡང་། གནས་སུ་དྲང་སྲོང་གིས་གསུངས་པའི་ཚིགས་སུ་གཅད་པ་གདོན་པའོ་ཞེས་སུའི་ཕྱིར་ཞེ་ན། དེའི་ཕྱིར་ཆུ་དེ་
གང་གི་ཡིན་པ་དེའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཡུལ་གྱི་བདག་པོའམ་ཁྲོན་པའི་བདག་པོའོ། །ལྷ་རྣམས་ཀྱི་ཕྱིར་ཡང་གཞན་ནོ་ཞེས་བྱ་བ་ནི། ཆུ་བཅུས་པའི་གནས་སུ་ཆུའི་ལྷ་རྣམས་ཀྱི་ཕྱིར་ཡང་དྲང་སྲོང་གིས་གསུངས་པའི་ཚིགས་སུ་བཅད་པ་གཞན་གདོན་པའོ། །གནས་པར་ནི་རྒྱུད་ཆགས་གསུམ་པའོ་
ཞེས་བྱ་བ་ནི། ཞག་ཏུ་གནས་པའི་གནས་སུ་ནི་དགོངས་ཀ་དང་ནང་པར་གྱི་དུས་གཉིས་སུ་རྒྱུད་ཆགས་གསུམ་པ་གདོན་པར་བྱ་བའོ། །དཔྱང་ཐག་བཅང་བར་བྱའོ་ཞེས་བྱ་བ་ནི། འབབ་ཆུ་དཀོན་པའི་ཡུལ་དུ་ཁྲོན་པ་ལ་ལྟོས་ཤིང་འགྲོ་བའི་ཚེ་ནའོ། །དེའི་ཚད་ནི་ཁྲུ་བརྒྱ་ཡན་ཆད་ནས་བརྒྱ་ལྔ་བཅུ་མན་ཆད་དོ་ཞེས་བྱ་བ་ནི་
དཔྱད་ཐག་དེའི་སྲིད་ཀྱི་ཚད་དོ། །ཁ་ཅིག་ལས་ནི་ཡུལ་གྱི་རྗེས་སུ་མཐུན་པ་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་དེ་སྐད་འབྱུང་སྟེ། ཡུལ་སེར་ཆེ་བར་ནི་དཔྱང་ཐག་ཐུང་ངུ་ཡང་རུང་བའོ། །དེ་མེད་པར་ཁྲོན་པའི་ཆུ་མ་ཡིན་པ་དཀོན་པའི་ཡུལ་དུ་ཀུན་དུ་རྒྱུ་བར་མི་བྱའོ་ཞེས་བྱ་བ་ནི། དཔྱང་ཐག་དེ་མེད་པར་
ཁྲོན་པའི་ཆུ་མ་ཡིན་པ་འབབ་ཆུ་ལ་སོགས་པའི་ཆུ་དཀོན་པའི་ཡུལ་དུ་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །ལམ་དུ་འགྲོ་བས་ཆོས་གོས་སྤྲུགས་ཤིང་ཁྲུས་བྱ་བའམ་རྐ་ལག་བཀྲུས་ཏེ་ཆུ་ཐོགས་ནས་མཆིལ་ལྷམ་ཕྱིས་ཤིང་ཆོས་གོས་གསུམ་གྱོན་ཏེ་སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ་འཇུག་པར་བྱ་བའོ་ཞེས་བྱ་

བ་ནི། དགེ་སློང་ལམ་དུ་འགྲོ་བས་གཙུག་ལག་ཁང་གཞན་དུ་ཕྱིན་དུ་ཉེ་བ་ན། ཆོས་གོས་སྤྲུགས་ཤིང་ནུས་ན་ཁྲུས་བྱ་བའམ། མ་ནུས་ན་རྐང་པ་དང་ལག་པ་བཀྲུས་ཏེ་བཏུང་བའི་ཆུ་རུང་བ་ཐོགས་ནས་མཆིལ་ལྷམ་ཕྱིས་ཤིང་ཆོས་གོས་གསུམ་གྱོན་ཏེ་སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ་འཇུག་པར་བྱའོ། །
འདིར་གཞུང་ནི་དགེ་སློང་དག་ངས་དགེ་སློང་ལམ་དུ་འགྲོ་བའི་ཀུན་དུ་སྤྱོད་པའི་ཆོས་གོས་དག་བཅང་བར་བྱ་སྟེ། དགེ་སློང་ལམ་དུ་འགྲོ་བས་ཆུ་མཐོང་ན་ལྷུང་བཟེད་དང་ཆོས་གོས་ཕོག་སྟེ་ཕྱོགས་གཅིག་ཏུ་གཞག་པར་བྱའོ། །དེའི་འོག་ཏུ་ཆོས་གོས་དག་སྤྲུགས་པར་བྱ་ཞིང་ཁྲུས་བྱའོ། །ཡང་ན་རྐང་པ་དང་ལག་
པ་དག་བཀྲུ་བར་བྱའོ། །ཆུ་བཙག་པར་བྱའོ། །རས་མ་སྦངས་ཏེ་མཆིལ་ལྷམ་གཉིས་བྱི་དོར་བྱའོ། །ལག་པ་བསྙལ་ནས་ལེགས་པར་གྱོན་པ་དང་ཤམ་ཐབས་ལེགས་པར་བགོས་པས་ཞི་བའི་སྤྱོད་ལམ་གྱིས་གཙུག་ལག་ཁང་དུ་འཇུག་པར་བྱའོ། །གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་
གསུངས་པ་ཡིན་ནོ། །རྒན་རིམས་བཞི་ལ་ཕྱག་བྱས་ནས་ཐ་མལ་པའི་ཕྱོགས་སུ་བསྡད་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གཞན་དུ་སོན་ནས་གཉུག་མར་གནས་པའི་དགེ་སློང་རྒན་རིམས་བཞི་ཙམ་ལ་ཕྱག་བྱས་ནས་ཐ་མལ་བའི་ཕྱོགས་ལྐོག་ཏུ་གྱུར་པ་མ་ཡིན་པ་དགེ་སློང་ཐམས་ཅད་འདུ་བའི་གནས་
གང་ཡིན་པ་དེར་བསྡད་པར་བྱའོ། །སྒྲ་བསྐྱུངས་པ་དང་མཛེས་པ་དང་ཤིན་ཏུ་བསྡམས་པ་དང་སྤྱོད་ལམ་རན་པར་རོ་ཞེས་བྱ་བ་ནི། དེ་ན་སྡོད་ཅིང་གཞན་དང་ཕྲད་པའི་ཚེ་དེ་ལྟར་བྱ་བ་སྟེ། སྒྲ་བསྐྱུངས་པ་ཞེས་བྱ་བ་ནི་མི་ཅོར་བའི་ཕྱིར་རོ། །མཛེས་པ་ཞེས་བྱ་བ་ནི་ཆ་ལུགས་འོ་གཟེ་བའི་ཕྱིར་རོ། །ཤིན་ཏུ་བསྡམས་པ་ཞེས་བྱ་བ་
ནི་མཉམ་པར་གཞག་པའི་ཕྱིར་རོ། །སྤྱོད་ལམ་རན་པ་ཞེས་བྱ་བ་ནི་བྱ་བ་ཚུལ་དང་མཐུན་པའི་ཕྱིར་རོ། །རྒྱུས་ཤེས་པ་དང་ལྡན་པས་བསུ་བར་བྱའོ་ཞེས་བྱ་བ་ནི། གཉུག་པར་གནས་པ་གང་གིས་གློ་བུར་དུ་འོངས་པ་དེ་ལ་འདི་ནི་ཆེ་གེ་མོ་ཞིག་གོ། །གནས་ཆེ་གེ་མོ་ཞིག་ནས་འོངས་སོ། །ཆེ་གེ་མོ་ཞིག་དང་ལྷན་ཅིག་གནས་
པའམ་ཉེ་གནས་ཡིན་ནོ་ཞེས་རྒྱུས་ཤེས་པ་དང་ལྡན་པ་དེས་དེ་བསུ་ཞིང་རང་གི་གནས་སུ་ངལ་སོར་གཞུག་པ་དང་ཆམ་དུ་དབབ་པར་བྱའོ། །མི་ཤེས་ན་མུ་གཅིག་པ་ཡིན་ཡང་བསུ་བར་མི་བྱའོ་ཞེས་བྱ་བ་ནི། རྒྱུས་མི་ཤེས་ན་མུ་གཅིག་པ་ཞེས་བྱ་བ་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཡང་རང་གི་གནས་སུ་བསུ་བར་མི་བྱ་བ་སྟེ། གཞན་དུ་

མུ་མི་གཅིག་པ་དག་བསུ་བར་མི་བྱ་བ་འབའ་ཞིག་ཏུ་མ་ཟད་དོ། །སྒོ་ཆོད་ཅིག་ཚོལ་ན་མ་སྦྱིན་ཅིག་ལེན་ན་བཟློག་ཤིག་ཅེས་བཅོལ་བ་ཁས་བླངས་ནས་ཡལ་བར་བོར་རམ། འདི་ཁོ་བོའི་གྲོགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཡིད་གཅུགས་པའི་དངོས་པོ་ཉིད་དུ་བསྒྲུབས་
པ་ལས་རླག་པར་གྱུར་ན་གཞལ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་བྲང་བདག་གིས་དགེ་སློང་གཞན་ལ་འདི་སྐད་ཅེས་གནས་འདིའི་སྒོ་ཆོད་ལ། འདིར་ཁོ་བོ་དང་ཡིད་གཅུགས་སོ་ཞེས་ཟེར་བ་སུ་ཡང་མ་བཏང་ཤིག་ཁོ་བོའི་འམ་གཞན་གྱི་རྫས་ཚོལ་ན་དེ་ལ་མ་སྦྱིན་ཅིག །རང་ཐུག་
ཐུབ་ཏུ་ལེན་ན་དེ་བཟློག་ཤིག་ཅེས་དེ་སྐད་དུ་བཅོལ་ནས་དགེ་སློང་གཞན་དེས་ཀྱང་དེའི་ཚིག་ཁས་བླངས་ནས་དེའི་འོག་ཏུ་ཡལ་བར་དོར་ཏེ། སྒོ་ཡང་མ་བཅད་ཚོལ་ན་ཡང་བྱིན། ལེན་ན་ཡང་མ་བཟློག་པ་ལས་དགེ་སློང་བྲང་བདག་དེའི་རྫས་བརླག་པར་གྱུར་ན་དེའི་རྫས་ཅི་བརླག་པའི་སྐྱིན་པ་དགེ་སློང་གཞན་
དེས་གཞལ་བྱར་བྱ་བ་ཉིད་ཡིན་ནོ། །གཞན་ཡང་དགེ་སློང་གཞན་ཞིག་གིས་དགེ་སློང་བྲང་བདག་གི་གནས་སུ་གང་ཟག་གཞན་ཞིག་ཁྲིད་དེ་འོངས་ཤིང་འདི་སྐད་ཅེས། འདི་ཁོ་བོའི་གྲོགས་ཡིན་གྱི་འདིའི་ནང་དུ་འཇུག་ན་སྒོ་མ་བཅད་ཅིག་ཚོལ་ན་བྱིན་ཅིག །ལེན་ན་མ་བཟློག་ཤིག་ཅེས་བྱ་བའི་ཚིག་གིས་ཡིད་
གཅུགས་པའི་དངོས་པོ་ཉིད་དུ་བསྒྲུབས་པ་ལས། དེར་བྲང་བདག་དེ་ཡི་རྫས་བརླག་པར་གྱུར་ན་དེའི་རྫས་ཅི་བརླག་པའི་སྐྱིན་པ་དགེ་སློང་གཞན་དེས་གཞལ་བར་བྱ་བ་ཉིད་ཡིན་ནོ། །རྣམ་པ་འདི་གཉིས་ནི་གཉུག་མར་གནས་པ་དང་གློ་བུར་དུ་འོངས་པ་གཉི་ག་ལ་བྱེ་བྲག་མེད་པ་ཉིད་དུ་ཤེས་པར་བྱའོ། །ཡིད་ཆེས་
པ་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཐམས་ཅད་ནི་ཡིད་ཆེས་པ་ལ་བརྟེན་པར་བྱ་བའོ། །ཇི་ལྟ་བུ་ལ་ཞེ་ན་དེའི་ཕྱིར་གཞན་གྱིས་མི་ཤེས་པའི་བྱེ་བྲག་ཏུ་བརྟག་པ་ནི་ཐབས་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་གཞན་གྱིས་མི་ཤེས་པའི་བྱེ་བྲག་བརྟག་པ་དེ་ནི་སྨྲས་པའི་
ཚིག་བདེན་ནམ་མི་བདེན་པ་བགམ་པར་བྱ་བའི་ཐབས་ཡིན་ནོ། །འདི་སྐད་བསྟན་ཏེ། གང་ཟག་ཡིད་མི་ཆེས་པ་ཞིག་ན་རེ་ནོར་བདག་ཆེ་གེ་མོ་ཞིག་གིས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཡོ་བྱད་ཆེ་གེ་མོ་ཞིག་ཁོ་བོ་ལ་བྱིན་གྱིས་སྐུར་ཅིག་ཅེས་ཟེར་ན། ཡིད་མི་ཆེས་པ་དེ་ལ་གྱ་ཚོམ་དུ་བསྐུར་བར་མི་བྱ་

བར་དེས་རྒྱུས་མི་ཤེས་པའི་རྟགས་ཅི་ཡོད་པ་བརྟག་པའི་སྒོ་ནས་བདེན་ནམ་བརྫུན་པ་བགམ་པར་བྱ་ཞིང་རྟགས་ལ་མ་བབ་ཅིང་ཡིད་མ་ཆེས་ན་ནི་མི་བསྐུར་རོ། །རྟགས་ལ་བབ་ཅིང་ཡིད་ཆེས་ན་ནི་བསྐུར་བར་བྱའོ། །དབུལ་བར་བྱ་བ་ལྷུང་ནའོ་ཞེས་བྱ་བ་ནི། དབུལ་བར་བྱ་བའི་དངོས་པོ་འབུལ་བར་བྱེད་པས་
འཛིན་མ་ནུས་ཏེ། ལེན་པར་བྱེད་པའི་ལག་ཏུ་མ་སོང་བར་ཆུ་ལ་སོགས་པའི་ནང་དུ་ལྷུང་ན་འབུལ་བར་བྱེད་པས་གཞལ་བར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་མ་བླངས་པར་བཏང་ནའོ་ཞེས་བྱ་བ་ནི། གལ་ཏེ་གང་ལ་དབུལ་བར་བྱ་བ་དེས་མ་བླངས་པར་འབུལ་བར་བྱེད་པས་བཏང་ན་ནི་དེས་ན་འབུལ་བར་
བྱེད་པས་གཞལ་བར་བྱ་བ་ཉིད་ཡིན་ནོ། །ཇི་སྟེ་གང་ལ་དབུལ་བར་བྱས་པ་དེས་བླངས་ནས་འབུལ་བར་བྱེད་པས་བཏང་ན་ནི། དེའི་ཚེ་འབུལ་བར་བྱེད་པས་གཞལ་བར་བྱ་བ་ཉིད་མ་ཡིན་གྱི། ལེན་པར་བྱེད་པས་གཞལ་བར་བྱ་བ་ཉིད་ཡིན་ནོ། །དེའི་ཕྱིར་སྦྱིན་པ་དང་ལེན་པའི་དུས་ན་དེ་ལ་བག་མེད་པར་
མི་འགྱུར་བ་བྱ་བའི་ཕྱིར་དྲི་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། འབུལ་བ་དང་ལེན་པའི་དུས་དེ་ལ་ཤོར་ཅིང་ལྷུང་བ་ཞེས་བྱ་བའི་བག་མེད་པ་དེ་མི་འགྲུབ་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཟིན་ཏམ་འོན་ཏེ་མ་ཟིན་ཅེས་བྱ་བའི་ཚིག་གིས་དྲི་བར་བྱའོ། །གལ་ཏེ་དྲིས་པ་ན་འདི་སྐད་ཅེས་ཁོ་བོས་ཟིན་ཏོ་ཞེས་ཟེར་ན་དེའི་ཚེ་བླངས་
པའི་དངོས་པོ་དེ་ཤོར་ཅིང་ལྷུང་བ་ནི་ལེན་པར་བྱེད་པས་གཞལ་བར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་ཁོ་བོས་མ་ཟིན་ཏོ་ཞེས་ཟེར་བའི་སྐབས་སུ་དབུལ་བར་བྱ་བའི་དངོས་པོ་ཤོར་ཅིང་ལྷུང་བར་གྱུར་ན་ནི་དེའི་ཚེ་འབུལ་བར་བྱེད་པས་གཞལ་བར་བྱ་བ་ཉིད་ཡིན་ནོ། །བརྙས་པ་མི་གཙང་བས་མ་རུང་བར་གྱུར་པ་བཀྲུ་བ་ལ་
སོགས་པས་སེམས་གཟུང་བར་མ་གྲུབ་ན་རིན་སྦྱིན་ནོ་ཞེས་བྱ་བ་ནི། བརྙན་པོ་བྱས་པའི་རྫས་མི་གཙང་བས་མ་རུང་བར་གྱུར་པ་བཀྲུ་བ་ལ་སོགས་པས་བདག་པོའི་སེམས་གཟུང་བར་མ་གྲུབ་ན་དེའི་ཚེ་གང་ལས་བརྙས་པ་དེ་ལ་དེས་དེའི་རིན་སྦྱིན་པར་བྱའོ། །ཞར་ལ་བྱུང་བའི་སྐབས་རྫོགས་སོ།། །།
བམ་པོ་ལྔ་བཅུ་བཞི་པ། རྒྱུས་ཤེས་པ་དང་ལྡན་པས་བསུ་བར་བྱའོ་ཞེས་གང་སྨྲས་པ་དེ་ལ་བསུ་བ་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །སྟན་གདིང་བར་བྱའོ། །རྐང་པ་བཀྲུ་བས་མགྲོན་དུ་གཉེར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདི་དག་དང་འོག་ནས་འབྱུང་བ་དག་གིས་བསུ་

བར་བྱའོ། །ཆུས་ཀྱང་ངོ་ཞེས་བྱ་བ་ནི། བཏུང་བའི་དོན་གྱི་ཆུས་ཀྱང་མགྲོན་དུ་གཉེར་བར་བྱ་བའོ། །ཕྱག་བྱའོ་སྤྱོད་པ་བདེའམ་དྲིའོ། །ཅི་ནུས་ཀྱིས་ཡང་དག་པར་དགའ་བར་བྱའོ། །གནས་མལ་རྐྱེན་དུ་འབབ་པ་སྦྱིན་ནོ་ཞེས་བྱ་བ་དག་གིས་ཀྱང་བསུ་བར་བྱའོ། །འདིར་གཞུང་ནི་དགེ་སློང་
གྲོང་མཐའ་ལས་དགེ་སློང་འོངས་ཤིང་ལྷགས་པ་དག་རྒན་རིམས་སུ་ཅི་རིགས་པར་བསུ་བར་བྱ་ཞིང་གནས་མལ་ཅི་བདོག་པ་ཡང་བསྟབས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགེ་འདུན་གྱི་གནས་བརྟན་གྱི་གན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི་གློ་བུར་བྱའོ། །ཚིག་དེ་ནི་གློ་བུར་བ་ལམ་དུ་མི་
འགྲོ་བ་དག་གི་ཕྱིར་གསུངས་པ་ཡིན་ནོ། །དེས་དེ་གནས་འཆའ་བ་ལ་སྦྱར་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་བརྟན་དེས་གློ་བུར་དུ་འོངས་པ་དེའོ། །གལ་ཏེ་རྒན་ན་དེ་ལ་གནས་མལ་བསྟབས་པའི་ཕྱིར་དེའི་དགེ་སྐོས་ལའོ་ཞེས་བྱ་བ་ནི། གློ་བུར་དུ་འོངས་པ་དེ་ལ་གནས་མལ་བསྟབས་
པའི་ཕྱིར་དགེ་འདུན་གྱི་གནས་བརྟན་གྱིས་གནས་མལ་སྟོབས་པའི་དགེ་སྐོས་ལ་བསྐོ་བར་བྱའོ། །བབ་ཆོལ་ཏུ་གནས་མལ་གསོལ་བར་མི་བྱའོ་ཞེས་བྱ་བ་ནི། སྐབས་ལ་མ་བསྡད་པའི་གནས་མལ་བརྙ་བར་མི་བྱ་བ་སྟེ། དེ་ནི་ཧབ་ཤུར་ཅན་དུ་འགྱུར་བ་སྤང་བའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་
གློ་བུར་དུ་འོངས་པས་གལ་ཏེ་གནས་མལ་བསྐོ་བར་བྱེད་ན་ལེགས་པར་སོ་སོར་བརྟགས་ཏེ་མནོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གློ་བུར་དུ་འོངས་པའི་སྐབས་རྫོགས་སོ།། །།ཆོས་གོས་ཀྱི་མཐའ་ཟེགས་ན་མཐའ་སྐོར་གྱིས་གླན་ཞིང་ཕྱིར་བཅོས་སོ་ཞེས་བྱ་བ་ནི། ཆོས་གོས་ཀྱི་མཐའ་མ་ཟེགས་པར་གྱུར་
ན་མཐའ་སྐོར་གྱི་ལྷན་རིངས་ཀྱིས་གླན་ཞིང་ཕྱིར་བཅོས་པར་བྱ་བའོ། །སྨྱུང་ཚེམས་ལྟ་བུ་དག་གིས་དེའི་གཟུངས་གདབ་བོ་ཞེས་བྱ་བ་ནི། ཁབ་སྲུབས་སྨྱུང་ཚེམས་འདྲ་བ་རིང་པོ་དག་དྲུབས་པས་མཐའ་སྐོར་དེའི་གཟུངས་གདབ་པའོ། །རོའི་གོས་ནི་བླ་གབ་མེད་པར་ཤིང་ལྗོན་པ་ལ་སོགས་པའི་སྟེང་དུ་ཉི་མ་བདུན་ནམ་
བརྒྱད་དམ་ཁ་ཅིག་ལས་ལྔའམ་དྲུག་བཞག་སྟེ་འཁྲུར་བཅུག་ནས་སྤྱད་པར་བྱའོ་ཞེས་བྱ་བ་ནི། དུར་ཁྲོད་པས་རོའི་གོས་ནི་བླ་གབ་མེད་པར་ཞག་ལོན་པར་བཞག་སྟེ་སྤྱད་པར་བྱའོ། །ཕྱོགས་གང་དུ་ཞེ་ན། ཤིང་ལྗོན་པ་ལ་སོགས་པའི་སྟེང་དུའོ། །དུས་ཇི་སྲིད་དུ་ཞེ་ན། ཞག་བདུན་ནམ་བརྒྱད་དམ་གཞུང་ཁ་

ཅིག་ལས་ཞག་ལྔའམ་དྲུག་ཅེས་ཀྱང་འབྱུང་ངོ་། །དེ་ནས་འཁྲུར་བཅུག་སྟེ་སྤྱད་པར་བྱའོ། །བདག་དུར་ཁྲོད་པའོ་ཞེས་གོ་བར་བྱས་ནས་འབོད་ན་གཙུག་ལག་ཁང་དང་ཁྱིམ་དག་ཏུ་འཇུག་པར་བྱའོ་ཞེས་བྱ་བ་ནི། དུར་ཁྲོད་པ་གཙུག་ལག་ཁང་དང་ཁྱིམ་གྱི་འདབ་ཏུ་ཕྱིན་པ་ན་གྱ་ཚོམ་དུ་འཇུག་པར་མི་བྱ་བར་
བདག་དུར་ཁྲོད་པའོ་ཞེས་སྐད་ཀྱིས་བོད་ཅིང་གོ་བར་བྱས་ནས། གལ་ཏེ་བླས་ཚུར་ཤོག་ཅེས་འབོད་ན་གཟོད་གཙུག་ལག་ཁང་དང་ཁྱིམ་དག་ཏུ་འཇུག་པར་བྱ་བའོ། །དུར་ཁྲོད་པས་བདག་གིར་བྱ་བ་མ་བཏང་བ་ལ་ཡང་སྤྱད་པ་བསྟེན་པར་བྱའོ་ཞེས་བྱ་བ་ནི། སྦྱིན་བདག་གིས་སྟན་ཡན་ཆད་བདག་གིར་བྱ་བ་
མ་བཏང་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་བོར་བའི་ཡོ་བྱད་ལ་སྦྱིན་བདག་བསོད་ནམས་འདོད་པས་འདི་ལ་འདུག་ཅིག་འདི་སྤྱོད་ཅིག་ཅེས་མགྲོན་དུ་གཉེར་ན། དུར་ཁྲོད་པས་དེ་ལ་སྤྱད་པ་བསྟེན་པར་བྱ་བའོ། །བཏང་བ་ལ་ནི་མགྲོན་དུ་མ་གཉེར་ཀྱང་ཅི་དགར་སྤྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་
འདུན་གྱི་གནས་མལ་ལ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། དུར་ཁྲོད་པས་སོ། །མཆོད་རྟེན་ལ་འདོམ་གང་ཙམ་གྱིས་འགྱེད་དོ་ཞེས་བྱ་བ་ཡང་དུར་ཁྲོད་པས་སོ། །སྦྲང་ཡབ་བཅང་བར་བྱའོ་ཞེས་བྱ་བ་ནི། སྦྲང་བུ་ཟ་བའི་ཡུལ་དུ་དགེ་སློང་ཐམས་ཅད་ཀྱིས་སོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་བལ་ལས་བྱས་པ་དང་
ཤ་ན་ལས་བྱས་པ་དང་རས་བལ་ལས་བྱས་པའི་རས་མའམ་འདབ་མའི་དོག་པའོ་ཞེས་བྱ་བ་སྨྲས་སོ། །གླང་པོ་ཆེ་དང་རྟ་དང་བ་ལང་གི་སྤུ་ལ་སོགས་པ་ལས་བྱས་པ་མི་རུང་ངོ་ཞེས་བྱ་བ་ལ། སྤུ་ཞེས་བྱ་བའི་སྒྲ་ནི། གླང་པོ་ཆེ་ལ་སོགས་པ་གསུམ་ཆར་དང་སོ་སོར་སྦྱར་བར་བྱའོ། །སོགས་པ་ཞེས་སྨོས་པས་ནི།
སྦྲང་བུ་དག་འཆི་བའི་བདག་ཉིད་གང་ཡིན་པ་དེ་ཡང་འདིར་བཀག་པ་ཡིན་ནོ། །ཐམས་ཅད་དུ་གང་ཟག་གི་ཁར་བ་རྩི་ཅན་ཉིད་དང་ཁྲ་བོ་ཉིད་མི་རུང་ངོ་ཞེས་བྱ་བ་ནི། སྦྲང་ཡབ་ཀྱི་ཡུ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ལུས་བརྟེན་པའི་ཁར་བ་གཞན་ཐམས་ཅད་ལ་ཡང་གང་ཟག་གི་ཁར་བ་རྩི་ཅན་དང་ཁྲ་བོ་མི་རུང་བ་སྟེ། ཚོན་ལ་སོགས་
པའི་ཕྱོགས་གཅིག་ཏུ་གྱུར་པ་ཡང་ཡན་ལག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །སྦྲང་སྐྱབས་ཀྱང་ངོ་ཞེས་བྱ་བ་ཡང་བཅང་བར་བྱའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན་དེའི་ཕྱིར་ཤིང་བུའི་སྟེང་དུ་རས་ཀྱིས་གཡོགས་པའོ་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་ཤིང་བུ་ལ་གཡོགས་པར་བྱ་ཞེ་ན་དེའི་ཕྱིར་བཅིང་བས་སོ་ཞེས་བྱ་བ་སྨྲས་སོ། །

རས་ཇི་ཙམ་ཞིག་ཅི་ན་དེའི་ཕྱིར་ཁྲུ་བཞི་དང་དོ་པའོ་ཞེས་བྱ་བ་སྨྲས་ཏེ། སྲིད་དུ་ཁྲུ་བཞི་ལ་ཞེང་དུ་ཁྲུ་དོ་པའི་ཚད་དོ། །ངོས་ཅིས་གཡོགས་ཤེ་ན་དེའི་ཕྱིར་རས་ཁྲུ་བཅུ་གཉིས་པས་གཡོགས་སོ་ཞེས་བྱ་བ་སྨྲས་ཏེ། དེའི་སྲིད་དུ་ཁྲུ་བཅུ་གཉིས་ཀྱི་ཚད་ཡོད་པས་སོ། །ཇི་ལྟར་གཡོགས་པར་བྱ་ཞེ་ན་དེའི་
ཕྱིར་འབྱར་བ་དང་བཅས་པར་རོ་ཞེས་བྱ་བ་སྨྲས་ཏེ། རས་ཀྱི་མཐའ་མ་རྣམས་འབྱར་བར་བྱའོ། །དེའི་མ་མཐའ་ནི་མལ་ཆས་སྦྱར་རོ་ཞེས་བྱ་བ་ནི། གཡོགས་མའི་རས་དེའི་མ་མཐའ་ནི་མལ་ཆས་སྦྱར་ཅིང་མཚམས་བསུབ་པར་བྱའོ། །སྒོ་བསེགས་ཁར་གདོད་དོ་ཞེས་བྱ་བ་ནི། སྦྲང་སྐྱབས་ཀྱི་སྒོ་སྣོལ་མར་གདོད་
པར་རོ། །ཚ་བར་ནི་བསིལ་ཡབ་སྦྱར་རོ་ཞེས་བྱ་བ་ནི། ཚད་ཁུངས་སུ་ནི་བསིལ་ཡབ་སྦྱར་བར་བྱ་བའོ། །བསིལ་ཡབ་བཅང་བར་བྱའོ་ཞེས་བྱ་བ་ནི། རླུང་གཡབ་པ་ནི་བསིལ་ཡབ་བོ། །བསིལ་ཡབ་མཁན་གྱིས་བྱས་པའམ་ཏ་ལའི་ཆང་བུའོ་ཞེས་བྱ་བ་ལ། བསིལ་ཡབ་མཁན་གྱིས་བྱས་པ་ནི་བཅོས་མ་སྟེ་
བསིལ་ཡབ་མཁན་གྱིས་བྱས་པའི་ཕྱིར་རོ། །ཏ་ལའི་ཆང་བུ་ནི་རང་འཁྲུངས་ཏེ་ཏ་ལའི་ལོ་མའི་ཚོགས་ཡིན་པའི་ཕྱིར་རོ། ཁྲ་ཁྲ་བོ་མི་རུང་ངོ་ཞེས་བྱ་བ་ནི། ཡུ་བ་ནི་སྔར་གྲིའུ་དང་སྦྲང་ཡབ་ཀྱི་སྐབས་སུ་བཀག་ཟིན་པས་འདི་ནི་བསིལ་ཡབ་ཀྱི་ལུས་སྤྱི་ལ་སྙེགས་སོ། །དགེ་འདུན་གྱིས་ནི་གཞན་ཡང་ངོ་ཞེས་བྱ་བ་ནི།
དགེ་འདུན་གྱིས་ནི་བསིལ་ཡབ་མཁན་གྱིས་བྱས་པ་དང་ཏ་ལའི་ཆང་བུ་ལས་གཞན་པ་ཀོ་ལྤགས་ལས་བྱས་པ་དང་རྨ་བྱའི་གཤོག་པ་ལ་སོགས་པ་ལས་བྱས་པ་དང་། ཁྲ་ཁྲ་བོ་མ་ཡིན་པ་ལས་གཞན་པ་ཁྲ་ཁྲ་བོར་འདུག་པ་དང་ཡུ་བ་རྩི་ཅན་དང་ཁྲ་བོ་ཡང་བཅང་བར་བྱ་སྟེ། དེ་ལྟ་བུ་ནི་གང་ཟག་ལ་བཀག་པའི་
ཕྱིར་རོ། །ནོར་བུ་དང་རྔ་མའི་བསིལ་ཡབ་རྙེད་ན་མཆོད་རྟེན་ལ་དབུལ་ལོ་ཞེས་བྱ་བ་ནི། གལ་ཏེ་གང་ཟག་གིས་བསིལ་ཡབ་ཡུ་བ་ནོར་བུ་ལས་བྱས་པ་དངོས་རྔ་མ་ལས་བྱས་པ་མན་ཆད་རྙེད་ཅིང་མཆོད་རྟེན་གྱི་ཕྱིར་ལེན་པར་བྱེད་ན་དེའི་ཚེ་ཉེས་པ་མེད་པའོ། །མཆོད་རྟེན་གང་ལ་ཞེ་ན་དེའི་ཕྱིར་ཉན་ཐོས་ཀྱི་ལ་ཡང་ངོ་ཞེས་
བྱ་བ་སྨྲས་ཏེ། སངས་རྒྱས་ཀྱི་འབའ་ཞིག་ཏུ་མ་ཟད་དོ། །འདིར་གཞུང་ནི་དགེ་སློང་གིས་རྔ་མའི་བསིལ་ཡབ་ཡུ་བ་ནོར་བུ་ཅན་བཅང་བར་མི་བྱའོ། །ཇི་སྟེ་དེ་སྙེད་ན་དེ་བླངས་ཏེ་སངས་རྒྱས་ཀྱི་མཆོད་རྟེན་ནམ་ཉན་ཐོས་ཀྱི་མཆོད་རྟེན་ལ་དབུལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྟན་ནང་ཚངས་ཅན་དང་ལ་བ་དང་སྔས་ནང་

ཚངས་ཅན་དང་གོར་བུ་དག་བཅང་བར་བྱའོ་ཞེས་བྱ་བ་ནི། མ་མོ་ལས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་གནས་མལ་རྗེས་སུ་གནང་བ་འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལ་བ་དང་སྔས་ནང་ཚངས་ཅན་དང་གོར་བུ་དང་སྟན་དང་བགོ་བ་དགེ་འདུན་གྱི་ཡང་རུང་གང་ཟག་གི་ཡང་རུང་བའོ་ཞེས་
གསུངས་པ་ཡིན་ནོ། །བུ་དང་ཆུང་མའི་རྙེད་པ་ནི་སྦྱིན་པར་བྱེད་པའི་དབང་གིས་བསྒྲུབ་པོ་ཞེས་བྱ་བ་ནི། སྦྱིན་པར་བྱེད་པ་རང་གི་བུ་དང་ཆུང་མ་འབུལ་ན་སྦྱིན་པར་བྱེད་པས་ཇི་ལྟར་རྣམ་པར་ངེས་པར་བྱས་པ་དེ་བཞིན་དུ་རྣམ་པར་ངེས་པར་བྱའོ། །གལ་ཏེ་སླུ་བར་བྱེད་ན་དེ་ཇི་ཙམ་དུ་འདོད་པ་དེ་ཙམ་དུ་བཙོང་བ་ཉིད་ཡིན་ནོ་
ཞེས་བྱ་བ་ནི། གལ་ཏེ་སྦྱིན་པར་བྱེད་པས་བུ་དང་ཆུང་མ་ཕུལ་བ་ཕྱིར་སླུ་བར་འདོད་ན། སྦྱིན་པར་བྱེད་པ་དེར་ནི་ཇི་ཙམ་དུ་འདོད་པ་དེ་ཙམ་དུ་བཙོང་བ་ཉིད་ཡིན་ཏེ། སྦྱིན་པར་བྱེད་པ་དེས་བུ་དང་ཆུང་མ་སླུ་བའི་ཕྱིར་ཇི་ཙམ་འབུལ་བ་དེ་ཙམ་བླངས་ཏེ་སླུར་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་
ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་རྒྱལ་བྱེད་ཀྱི་ཚལ་དེར་དུས་སྟོན་ཆེན་པོ་བྱུང་བ་ན་དགེ་འདུན་ལ་བུ་དང་ཆུང་མ་ཕུལ་བའི་ཚེ། དགེ་སློང་རྣམས་ཀྱིས་ཇི་ལྟར་བསྒྲུབ་པར་བྱ་བ་མི་ཤེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལ་དྲི་བར་བྱའོ། །དེ་དག་གིས་ཁྱིམ་བདག་ལ་དྲིས་པ་དང་།
དེས་སྨྲས་པ་འཕགས་པ་དག་རིན་སྐྱེད་ཅིག་དང་བདག་གིས་རིན་དབུལ་ལོ། །དྲུག་སྡེ་དག་གིས་དེ་དང་ལྷན་ཅིག་གཏོད་པར་བརྩམས་པ་ན། དེ་ན་བུད་མེད་བུ་གཞོན་ནུ་ཅན་ཞིག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། རྗེའི་སྲས་བདག་ནི་བུ་གཞོན་ནུ་ཅན་
ལགས་ན་བདག་མི་གཏོང་བར་ཅི་གནང་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུད་མེད་ནི་སྙིང་སྟོབས་ཆུང་བས་དངངས་པར་འགྱུར་གྱི་དེ་ལྟ་བས་ན་དགེ་སློང་དག་གིས་བུད་མེད་བསྐྱེད་པར་མི་བྱ་སྟེ།
སྐྱེད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ལྟར་སྦྱིན་བདག་ཉིད་དད་ཅིང་དད་པའི་དབང་གིས་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ཉིད་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཡང་དང་ཡང་དབུལ་དུ་རུང་ངོ་ཞེས་བྱ་བ་ནི། ཕུལ་ཟིན་པའི་དངོས་པོ་ལེན་པ་པོ་དེ་ཉིད་ལ་ཡང་དང་ཡང་དུ་དབུལ་དུ་རུང་བ་སྟེ།

སྦྱིན་པར་བྱེད་པའི་དད་པ་སྤེལ་བའི་ཕྱིར་རོ། །ཤིང་ལྗོན་པ་ལ་ཕུལ་བ་གལ་ཏེ་རྒྱན་ཞིག་ཡིན་ན་དུས་སྟོན་གྱི་ཚེ་དེ་ཉིད་བརྒྱན་པར་བྱ་བའི་ཕྱིར་གཞག་གོ་ཞེས་བྱ་བ་ནི། སྦྱིན་བདག་གིས་གཙུག་ལག་ཁང་གི་ཤིང་ལྗོན་པ་ལ་རྫས་ཕུལ་བ་གལ་ཏེ་རྒྱན་ཞིག་ཡིན་ན་ནི་དུས་སྟོན་གྱི་ཚེ་ཤིང་ལྗོན་པ་དེ་ཉིད་
བརྒྱན་པར་བྱ་བའི་ཕྱིར་གཞག་པར་བྱའོ། །ཤིང་ལྗོན་པ་དེ་རྡིབ་ན་དེ་དང་རིགས་མཐུན་པའི་ཤིང་ལྗོན་པ་གཞན་བརྒྱན་པར་བྱ་བའི་ཕྱིར་གཞག་པར་བྱའོ། །དེ་དང་རིགས་མཐུན་པ་གཞན་མེད་ན་རིགས་མི་མཐུན་པ་གཞན་བརྒྱན་པའི་ཕྱིར་གཞག་པར་བྱའོ། །རྩིག་པ་ལ་ནི་གལ་ཏེ་གནས་ཁང་གི་ནི་རི་མོ་བྱ་བའི་
ཕྱིར་རོ་ཞེས་བྱ་བ་ནི། རྩིག་པ་ལ་ཕུལ་ན་གལ་ཏེ་རྩིག་པ་དེའི་གནས་ཁང་གི་ཡིན་ན་རྫས་དེ་གནས་ཁང་གི་རྩིག་པ་ལ་རི་མོ་བྲི་བའི་ཕྱིར་སྤྱད་པར་བྱའོ། །གལ་ཏེ་མ་ཡིན་ནམ། ཀ་བ་ལ་ན་ལས་སར་བའི་ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་རྩིག་པ་དེ་གནས་ཁང་གི་མ་ཡིན་ནམ། ཀ་བ་ལ་ཕུལ་ན། རྩིག་པ་དེ་དང་ཀ་བ་
དེ་ལ་ཕུལ་བའི་རྫས་ཏེ་མཁར་ལན་གྱི་ཕྱིར་གཞག་པར་བྱའོ། །ས་ལ་ནའོ་ཞེས་བྱ་བ་ནི། འདི་ནི་འོག་མ་རྣམས་ཀྱི་སྤྱིར་བསྟན་པ་ཡིན་ནོ། །མེ་ཁང་གི་ནི་སྣང་མར་རོ་ཞེས་བྱ་བ་ནི། མེ་འབུད་པའི་མེ་ཁང་གི་ས་ལ་ཕུལ་བའི་རྫས་ནི་དགེ་འདུན་གྱི་སྣང་མ་གང་དང་གང་དུ་དགོས་པའི་རྒྱུར་སྤྱད་ཀྱིས་མེ་ཁང་དེ་ཉི་ཚེའི་
ནང་དུ་འདུད་པའི་སྣང་མར་བྱ་བ་འབའ་ཞིག་ཏུ་མ་ཟད་དོ། །ཡང་ན་སྣུམ་བག་གི་རྙེད་པར་རོ་ཞེས་བྱ་བ་ནི། མེ་ཁང་གི་ས་ལ་ཕུལ་བའི་རྫས་དེ་ཡང་ན་དགེ་འདུན་གྱི་སྣུམ་བག་གི་རྙེད་པ། ཤའམ། ཉ་ཤའམ། ཤ་སྐམ་མམ། ཞོའམ། འོ་མའམ། མར་རམ། ཞུན་མར་ལ་སོགས་པར་བསྒྱུར་ཞིང་སྤྱད་པར་བྱའོ། །རུང་
བའི་ཁང་པ་ནི་ན་བའི་སྨན་དུ་གཞག་གོ་ཞེས་བྱ་བ་ནི། རུང་བའི་ཁང་པའི་ས་ལ་ཕུལ་བའི་རྫས་ནི་ན་བའི་སྨན་དུ་བསྒྱུར་ཞིང་གཞག་པའོ། །བཀད་སའི་ནི་ཟས་སུ་བྱའོ་ཞེས་བྱ་བ་ནི། བཀད་སའི་ཁང་པའི་ས་ལ་ཕུལ་བའི་རྫས་ནི། ཟས་སུ་བསྒྱུར་བར་བྱའོ། །སྐྱེ་མལ་གྱི་ནི་བཏུང་བར་རོ་ཞེས་བྱ་བ་ནི། སྐྱེ་མལ་གྱི་
ས་ལ་ཕུལ་བའི་རྫས་ནི་བཏུང་བར་བསྒྱུར་བར་བྱའོ། །བསྲོ་གང་གི་གནས་ཀྱི་ནི་བསྲོ་གང་ངམ་སྣུམ་བག་གི་རྙེད་པར་རོ་ཞེས་བྱ་བ་ནི། བསྲོ་གང་གི་གནས་ཀྱི་ས་ལ་ཕུལ་བའི་རྫས་ནི་བསྲོ་གང་གི་ཡོ་བྱད་དམ་དགེ་འདུན་གྱི་སྣུམ་བག་གི་རྙེད་པར་བྱ་བའོ། །འཁོར་གྱི་ཁྱམས་དང་སྤོང་སའི་ར་བའི་ནི་སྣུམ་བག་གི་རྙེད་

པར་རོ་ཞེས་བྱ་བ་ནི། དེ་གཉིས་ཀྱི་ས་ལ་ཕུལ་བའི་རྫས་ནི་དགེ་འདུན་གྱི་སྣུམ་བག་གི་རྙེད་པར་བྱ་བའོ། །ཡང་ན་སྐྱེ་བའི་རབས་ཀྱི་སྡེ་བྲི་བར་བྱའོ་ཞེས་བྱ་བ་ཡང་། སྔ་མ་དེ་གཉིས་ཀྱི་ས་ལ་ཕུལ་བའི་རྫས་དེའི་ཡང་ན་འདིར་སྤྱད་པར་བྱ་བའོ། །བང་རིམ་དང་འཆག་ས་དང་སྒོ་ཁང་དང་ཁྱམས་དག་ལ་ཕུལ་བ་ནི་
བགོ་བའོ་ཞེས་བྱ་བ་ནི། དེ་དག་གི་ས་ལ་ཕུལ་བའི་རྫས་ནི་དགེ་འདུན་གྱིས་བགོ་བར་བྱ་བའོ། །རྫིང་བུའི་ཡང་ངོ་ཞེས་བྱ་བ་ནི། རྫིང་བུའི་ས་ལ་ཕུལ་བའི་རྫས་ཀྱང་བགོ་བར་བྱ་བའོ། །ཁ་ཅིག་ལས་དེ་ནི་ཕྱོགས་བཞིའི་དགེ་འདུན་གྱི་ཉིད་དུ་བཞག་གོ་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་རྫིང་བུའི་ས་
ལ་ཕུལ་བའི་རྫས་དེ་ནི་འདི་ལྟར་བྱའོ་ཞེས་འབྱུང་བའོ། །དཀོན་མཆོག་གི་དོན་དུ་བསླང་དུ་རུང་ངོ་ཞེས་བྱ་བ་ནི། དཀོན་མཆོག་གསུམ་གྱི་དོན་དུ་དགེ་སློང་གིས་གཞན་ལ་ཡོ་བྱད་བླང་དུ་རུང་བའོ། །བསྒྲག་ཏུ་ཡང་ངོ་ཞེས་བྱ་བ་ཡང་རུང་ངོ་ཞེས་བྱ་བར་སྦྱར་ཏེ། སྦྱིན་པར་བྱ་བ་དང་། སྦྱིན་བདག་རྣམས་ཀྱི་མིང་
ཉན་དུ་གཞུག་པ་ནི་བསྒྲག་པ་ཞེས་བྱ་བ་སྟེ། བསྔོ་བྱང་དང་སྨོན་ལམ་ཀླག་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་བསྒྲག་པར་བྱ་ཞེ་ན་དེའི་ཕྱིར་ལེན་པའི་ཚེའོ་ཞེས་བྱ་བ་སྨྲས་ཏེ། རྙེད་པ་འབུལ་བ་ལེན་པའི་ཚེ་ནའོ། །མཐོང་བར་བྱ་བའི་ཕྱིར་འཕང་ལོ་ཞེས་བྱ་བ་ནི། སྒྲོག་པར་བྱེད་པ་གཞན་གྱིས་མཐོང་བར་བྱ་བའི་
ཕྱིར་དེར་འཕང་ལོ་བྱ་བའོ། །འདིར་འཕང་ལོ་ཞེས་བྱ་བ་ནི། འཕང་ལོ་གཉིས་དང་ལྡན་པའི་ཤིང་རྟ་ཡིན་པར་དགོངས་ཏེ། དེའི་སྟེང་ནས་བསྒྲུབ་པར་བྱའོ། །ཚ་བ་དང་རླུང་དང་ཆར་པའི་གནོད་པས་མི་རེག་པར་བྱ་བའི་ཕྱིར་ཁང་པ་བརྩེགས་པ་སྒོ་བཞི་དང་ལྡན་པ་ཡང་ངོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བར་སྦྱར་ཏེ།
ཚ་བ་ལ་སོགས་པའི་གནོད་པས་སྒྲོག་པར་བྱེད་པའི་དགེ་སློང་ལ་མི་རེག་པར་བྱ་བའི་ཕྱིར་འཕང་ལོ་དེའི་སྟེང་དུ་ཁང་པ་བརྩེགས་པ་སྒོ་བཞི་དང་ལྡན་པར་བྱའོ། །དུས་སྟོན་གྱི་རྗེས་ལ་འཕང་ལོ་རྟུལ་ལོ་ཞེས་བྱ་བ་ནི། དུས་སྟོན་ཟིན་པའི་རྗེས་ལ་འཕང་ལོ་བརྟུལ་ཞིང་སྦ་བར་བྱ་བའོ། །སྣོད་སྤྱད་འདྲུབ་པས་རྙེད་
པར་དྲུབ་པར་བྱའོ་ཞེས་བྱ་བ་ནི། དུས་སྟོན་དེ་ལ་རྙེད་པ་བྱུང་བ་གང་ཡིན་པ་དེ་དག་དགེ་སློང་སྣོད་སྤྱད་འདྲུབ་པས་དྲུབ་པར་བྱ་བའོ། །གཉི་ག་ལ་མ་བསྔོས་པ་སྟོན་པ་མཆོད་པའི་ཚེ་ཕུལ་བ་དགེ་འདུན་གྱི་ལ་དགེ་སློང་མ་རྣམས་ཀྱི་འཇུག་པ་མེད་དོ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་དང་དགེ་སློང་མའི་དགེ་

འདུན་གཉི་ག་ལ་ཐུན་མོང་དུ་མ་བསྔོས་པའི་རྙེད་པ་དགེ་སློང་རྣམས་ཀྱིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱང་སྟོན་པ་ཡིན་པས། དེ་མཆོད་པའི་ཚེ་བྱུང་བ་དགེ་འདུན་དབང་བ་ལ་ནི། དགེ་སློང་མ་རྣམས་ཀྱིས་འཇུག་པ་མེད་དེ་སྐལ་བ་མི་དབང་ངོ་། །
དེ་བཞིན་དུ་དགེ་སློང་མ་རྣམས་ཀྱིས་བྱས་པའི་ཚེ་དགེ་སློང་མ་ལ་བསྔོས་པའི་རྙེད་པ་བྱུང་བ་གང་ཡིན་པ་དེ་ལ་ཡང་དགེ་སློང་རྣམས་ཀྱིས་འཇུག་པ་མེད་དོ། །གཉི་གས་བྱས་པ་ན་གཉི་ག་ལ་བསྔོས་པའི་རྙེད་པ་བྱུང་བ་གང་ཡིན་པ་དེ་ལ་ནི་གཉི་གའི་འཇུག་པ་ཡོད་དེ། གཉི་ག་དབང་ངོ་། །འདི་ལ་གཅིག་གི་ནང་དུ་དེ་
དག་གིས་འཕང་ལོ་ཐ་དད་པ་བཙུགས་པ་ནི་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི། སངས་རྒྱས་རྗེ་བཙུན་ལ་སོགས་པ་མཆོད་པ་ལའོ། །གཅིག་གི་ནང་དུ་ཞེས་བྱ་བ་ནི་མཆོད་པ་གང་དུ་དགེ་སློང་རྣམས་ཀྱིས་འཕོང་ལོ་བཙུགས་པ་དེ་ཉིད་ཀྱི་ནང་དུའོ། །དེ་དག་གིས་ཞེས་བྱ་བ་ནི་དགེ་སློང་མ་དག་
གིས་ཏེ། དེར་དགེ་སློང་མ་དག་གིས་འཕང་ལོ་ཐ་དད་པ་གཞན་བཙུགས་ན་དེ་དག་ལ་དགེ་འདུན་གྱི་དབྱེན་གྱི་སྐབས་སུ་གཏོགས་པའི་ཉེས་པ་སྦོམ་པོ་འགྱུར་རོ། །གཞན་དུ་བཙུགས་པ་ལ་ནི་ཉེས་པ་མེད་དོ། །སྣོད་སྤྱད་འགེད་པས་བགོ་བར་བྱའོ་ཞེས་བྱ་བ་ནི། དུས་སྟོན་དེ་ལ་བྱུང་བའི་རྙེད་པ་གང་ཡིན་
པ་དེ་དག་གང་ཟག་སྣོད་སྤྱད་འགེད་པས་བགོ་བར་བྱ་བའོ། །དེ་བསྐོ་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་ཀྱང་གང་ཟག་སྣོད་སྤྱད་བགེད་པ་དེ་སྤྲོ་བར་བྱས་ནས། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱ་བའོ། །འདིའི་སྔགས་ནི་མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་གྱི་སྣོད་སྤྱད་བགེད་པར་སྤྲོའམ།
སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་བགེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོད་སྤྱད་བགེད་པར་བགོ་སྟེ།
སྣོད་སྤྱད་བགེད་པ་མིང་འདི་ཞེས་བགྱི་བས་དགེ་འདུན་གྱིས་སྣོད་སྤྱད་འགེད་པར་འགྱུར་རོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་བགེད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོད་སྤྱད་བགེད་པར་

བསྐོ་སྟེ། སྣོད་སྤྱད་བགེད་པ་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་སྣོད་སྤྱད་བགེད་པར་འགྱུར་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོད་སྤྱད་བགེད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་
འདུན་གྱིས་མིང་འདི་ཞེས་བགྱི་བ་སྣོད་སྤྱད་བགེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེས་ཇི་ལྟར་བགོ་བར་བྱ་ཞེ་ན་དེའི་ཕྱིར་བཙོང་བར་བྱ་བ་རྣམས་བཙོངས་ཏེའོ་ཞེས་བྱ་བ་སྨྲས་ཏེ། བཙོང་བར་འོས་པ་ནི་བཙང་བར་བྱ་བ་སྟེ། གོས་ལ་སོགས་
པའོ། །དེ་དག་ནི་བཙོངས་ཏེ་བགོ་བར་བྱའོ། །སུ་ལ་བཙོངས་ཏེ་ཞེ་ན་དེའི་ཕྱིར། དགེ་འདུན་འདུས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གང་དུ་དགེ་འདུན་དུ་གྱུར་བའི་དགེ་སློང་རྣམས་འདུས་པར་གྱུར་པ་དེ་ལའོ། །ཇི་ལྟར་བཙོངས་ཏེ་ཞེ་ན་དེའི་ཕྱིར་བསྐྱེད་པས་སོ་ཞེས་བྱ་བ་སྨྲས་ཏེ། བཙོང་བར་བྱ་བའི་དངོས་པོའི་རིན་
ཐང་དགེ་འདུན་གྱི་གནས་བརྟན་གྱིས་རན་པར་བཅད་པ་དེ་ལས་སུ་ཉོ་འདོད་པས་བསྐྱེད་པའི་ཐབས་དེས་བཙངས་ཏེའོ། །དེ་ཉིད་ཀྱིས་དེར་འདུ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། སྣོད་སྤྱད་འགེད་པའི་གང་ཟག་དེ་ཉིད་ཀྱིས་དགེ་འདུན་གང་དུ་འདུ་བའི་གནས་དེར་འདུ་བའི་སྐབས་ཞེས་བྱ་བ་དགེ་
འདུན་འདུ་བ་དང་འབྲེལ་པ་གནས་མལ་བཤམ་པ་དང་རྙེད་པ་བགོ་བ་ལ་ལྔ་བྱའོ་ཞེས་སྔར་བསྟན་པ་དེ་དག་རྗེས་སུ་བསྒྲུབ་པར་བྱ་སྟེ་ལས་སུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་འདུན་གྱི་གནས་བརྟན་གྱིས་རིན་ཐང་གདབ་པོ་ཞེས་བྱ་བ་ནི། བཙོང་བར་བྱ་བའི་དངོས་པོ་རྣམས་ཀྱིའོ། །རིན་ཐང་ཇི་ཙམ་དུ་གདབ་
པར་བྱ་ཞེ་ན་དེའི་ཕྱིར་རན་པར་རོ་ཞེས་བྱ་བ་སྨྲས་ཏེ། དང་པོ་སུ་ལ་ཡང་བཙོང་བར་མ་བྲིམས་པའི་མདུན་དུ་དགེ་འདུན་གྱི་གནས་བརྟན་གྱིས་བཙོང་བར་བྱ་བའི་རྫས་རྣམས་ཀྱི་རིན་ཐང་རན་པར་གདབ་པར་བྱ་བའོ། །དེས་ནི་དེ་ལ་མི་འབབ་པ་ཉིད་དོ་ཞེས་བྱ་བ་ནི། རིན་ཐང་བཏབ་པ་དེས་ནི་དགེ་འདུན་གྱི་གནས་བརྟན་
དེ་ལ་རྫས་དེ་ཉོ་བ་དང་དེའི་རིན་གཞལ་བ་མི་འབབ་པ་ཉིད་དོ། །རིན་ཐང་བཏབ་པའི་འོག་ཏུ་བསྐྱེད་ན་ནི་དེ་ལ་ཡང་འབབ་པ་ཉིད་ཡིན་ནོ། །ཡང་མི་འབྱུང་བར་ངེས་པར་བྱས་ནས་བསྐྱེད་པ་ལ་དབབ་པོ་ཞེས་བྱ་བ་ནི། སྔར་དགེ་འདུན་གྱི་གནས་བརྟན་གྱིས་སྤྱིའི་རིན་ཐང་རན་པར་བཏབ་ནས་སྣོད་སྤྱད་བགེད་པའི་

གང་ཟག་གིས་རྫས་དེ་ལག་ན་ཐོགས་ཏེ། དགེ་འདུན་གྱི་གནས་བརྟན་མན་ཆད་གསར་བུ་ཡན་ཆད་དེ་ན་འདུས་པ་ཐམས་ཅད་ཀྱི་མདུན་དུ་རྫས་དེ་གཡར་སྔ་བྲིམ་ཞིང་རྫས་འདི་ནི་འདི་ཙམ་རིའོ་ཞེས་བསྒྲག་པར་བྱའོ། །དེའི་ཚེ་གང་ཟག་གིས་རྫས་དེའི་རིན་ཡང་བསྐྱེད་པ་གཞན་མི་འབྱུང་བར་ངེས་
པར་བྱས་ནས། རྫས་དེའི་རིན་སྔར་བཅད་པ་ལས་བསྐྱེད་ན་དེ་ལ་རྫས་དེ་མི་ཉོར་མི་གནང་བ་དང་རིན་བསྐྱེད་པ་དང་བཅས་པ་མི་དབུལ་དུ་མི་གནང་བ་འབབ་པོ། །དེ་བཞིན་དུ་དེས་བསྐྱེད་པའི་གོང་དུ་གཞན་གཅིག་གིས་ཡང་བསྐྱེད་པ་གཞན་མི་འབྱུང་བར་ངེས་པར་བྱས་ནས་བསྐྱེད་ན་དེ་ལ་འབབ་པོ། །དེ་བཞིན་དུ་
དེས་བསྐྱེད་པའི་གོང་དུ་གཞན་གཅིག་གིས་ཡང་བསྐྱེད་པ་གཞན་མི་འབྱུང་བར་ངེས་པར་བྱས་ནས་བསྐྱེད་ན་དེ་ལ་འབབ་སྟེ། དེ་བཞིན་དུ་གོང་ནས་གོང་དུ་བསྐྱེད་ཅིང་ཐ་མར་དེ་ལས་ཟློ་ཞིང་གོང་དུ་སྐྱེད་པར་བྱེད་པས་སུའང་མ་བྱུང་ན་དེའི་ཚེ་སྣོད་སྤྱད་བགེད་པ་དེས་དགེ་འདུན་ཐམས་ཅད་གྱི་མགོ་འཇུག་ཏུ་
ལན་ཅིག་བཟླས་ཏེ། རྫས་འདི་གང་ཟག་ཆེ་གེ་མོས་རིན་འདི་ཙམ་གྱིས་བསྐྱེད་དེ་ཉོས་སོ་ཞེས་སྤྱིར་བསྒྲགས་ཏེ་ཏོག་བརྡུངས་ནས་རྫས་དེ་གང་ཟག་དེའི་མདུན་དུ་བཞག་གོ། །དེ་ཕྱིན་ཆད་ནི་གཞན་གྱིས་བསྐྱེད་ཅིང་ཉོར་མི་གནོང་ངོ་། །མི་ཉོ་བས་བསྐྱེད་པར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་གང་རྫས་དེ་ཉོ་
བར་མི་འདོད་པ་དེ་ནི་མི་ཉོ་བ་ཞེས་བྱ་སྟེ། དེས་དེའི་ཚེ་བསྐྱེད་པར་མི་བྱའོ། །བུད་མེད་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་བུད་མེད་ཉོ་བས་ནི་རིན་དེ་ལྟར་བསྐྱེད་པར་མི་བྱ་བ་སྟེ། གཞུང་ནི་སྔར་མགོན་མེད་ཟས་སྦྱིན་གྱི་བྱུང་བའི་མཐའ་བསྟན་པ་ཉིད་ཡིན་ནོ། །རིན་མ་ཕུལ་གྱི་བར་དུ་སྤྱད་པ་དང་བྱི་དོར་ཡང་མི་བྱའོ་
ཞེས་བྱ་བ་ནི། གང་ཟག་གང་གིས་དགེ་འདུན་གྱི་རྫས་བསྐྱེད་དེ་ཉོས་པ་དེས་དགེ་འདུན་ལ་རིན་མ་ཕུལ་གྱི་བར་དུ་གོས་ལ་སོགས་པ་བགོ་བ་ལ་སོགས་པས་སྤྱད་པར་ཡང་མི་བྱ་ལ། བཀྲུ་བ་དང་ཁ་བསྒྱུར་བ་ལ་སོགས་པའི་བྱི་དོར་ཡང་མི་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་བྱ་བ་གཞན་ཡང་དགག་པ་བསྟན་པའི་
ཕྱིར་རོ། །བགོ་སྐལ་བ་རྣམས་མང་བ་ཉིད་ཡིན་ན་བཅུ་ལ་སོགས་པའི་ཚོམས་ཀྱིས་བགོ་བར་བྱའོ་ཞེས་བྱ་བ་ནི། བགོ་སྐལ་བ་ཞེས་བྱ་བ་རྙེད་པའི་བགོ་སྐལ་དབང་བའི་གང་ཟག་མང་བ་ཉིད་ཡིན་ན་བཅུ་ལ་སོགས་པའི་ཚོམས་ཀྱིས་བགོ་བར་བྱ་སྟེ། གང་ཟག་བཅུའི་སྐལ་བ་ཚོམས་གཅིག་ཏུ་བཅད་པའམ་ཉི་ཤུའི་སྐལ་

བ་ཚོམས་གཅིག་ཏུ་བཅད་པའམ་སུམ་ཅུའི་སྐལ་བ་ཚོམས་གཅིག་ཏུ་བཅད་པ་ལ་སོགས་པ་དང་དེ་བཞིན་དུ་བརྒྱའི་སྐལ་བ་ཚོམས་གཅིག་ཏུ་བཅད་པའམ། ཉིས་བརྒྱའི་སྐལ་བ་ཚོམས་གཅིག་ཏུ་བཅད་པའམ། སུམ་བརྒྱའི་སྐལ་བ་ཚོམས་གཅིག་ཏུ་བཅད་པ་ལ་སོགས་པ་ལྟ་བུའོ། །ཕོག་པ་མ་བགོས་པར་
ཚོམས་ལས་འགའ་ཞིག་ཤི་ན་དེའི་སྐལ་བ་ཚོམས་དེས་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཚོམས་གཅིག་གི་རྙེད་པའི་སྐལ་བ་ཕོག་པ་སྒོ་གསེས་སུ་མ་བགོས་པར་ཚོམས་དེ་ལས་གང་ཟག་འགའ་ཞིག་ཤི་ན་དེའི་སྐལ་བ་ཚོམས་དེ་པའི་གང་ཟག་དུ་ཡོད་པ་དག་སྤྱིར་དབང་བ་ཉིད་ཡིན་ནོ། །བགོས་པའི་འོག་ཏུ་
ཤི་ན་ནི་དེའི་སྐལ་བ་མཚམས་སུ་གཏོགས་པའི་རབ་ཏུ་བྱུང་བ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པར་བྱ་བའོ། །མྱ་ངན་ལས་འདའ་བའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་དང་ཟས་རོ་བརྒྱ་པ་དང་ཁང་པ་བརྩེགས་པ་ལྔ་བརྒྱ་
པ་ཡང་འོས་སོ་ཞེས་བྱ་བ་ནི། མྱ་ངན་ལས་འདའ་བའི་བསམ་པས་རབ་ཏུ་བྱུང་བའི་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ལ་ནི་སྦྱིན་བདག་ལྷ་དང་བཅས་པའི་འཇིག་རྟེན་གང་ཡང་རུང་བས་གོས་དང་ཟས་དང་གནས་རྣམ་པ་དེ་ལྟ་བུ་དག་ཕུལ་ཡང་བླང་ཞིང་ལོངས་སྤྱད་པར་འོས་པ་ཡིན་ནོ། །གོས་གང་ཀཱར་ཥཱ་
པ་ཎ་འབུམ་རི་བ་དེ་ནི་གོས་སྟོང་ཕྲག་བརྒྱ་པ་ཞེས་བྱའོ། །ཟས་གང་ལ་རོའི་རྣམ་པ་བརྒྱ་ཡོད་པ་དེ་ནི་ཁ་ཟས་རོ་བརྒྱ་པ་ཞེས་བྱའོ། །ཁང་པ་བརྩེགས་པ་གང་ལ་མི་ལྔ་བརྒྱའི་གནས་བཅར་རུང་བའམ། ཡང་ན་ནེ་ཙོའི་སྣ་ལྟ་བུ་ལྔ་བརྒྱ་ཡོད་པ་དེ་ནི་ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཞེས་བྱའོ། །དགེ་འདུན་
གྱི་རྫས་ཀྱང་ངོ་ཞེས་བྱ་བ་ཡང་། འོས་སོ་ཞེས་བྱ་བར་སྦྱར་ཏེ། མྱ་ངན་ལས་འདའ་བའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་དགེ་འདུན་གྱི་རྫས་ཀྱང་བླང་ཞིང་ལོངས་སྤྱད་པར་འོས་པ་ཡིན་ནོ། །དགེ་འདུན་གྱི་རྫས་རྣམ་པ་ཇི་ལྟ་བུ་ཞིག་འོས་ཤེ་ན་དེའི་ཕྱིར་མི་སློབ་པ་མན་ཆད་ཀྱིའོ་ཞེས་བྱ་བ་
སྨྲས་ཏེ། མི་སློབ་པའི་དགེ་འདུན་མན་ཆད་ཀྱི་རྫས་ཏེ། དགྲ་བཅོམ་པའི་དགེ་འདུན་མངའ་བའི་རྫས་ཀྱང་འོས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་ཁྲིམས་དང་ལྡན་པ་རྣམ་པ་གང་ལ་ཞེ་ན་དེའི་ཕྱིར་སོ་སོའི་སྐྱེ་བོ་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། ཡང་ངོ་ཞེས་བྱ་བའི་སྒྲས་འཕགས་པ་འབའ་ཞིག་ལ་འོས་པར་མ་

ཟད་དོ་ཞེས་བྱ་བར་བསྟན་ཏོ། །ཚུལ་ཁྲིམས་འཆལ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། གོས་སྟོང་ཕྲག་བརྒྱ་པ་ལ་སོགས་པ་དང་དགེ་འདུན་གྱི་རྫས་འོས་པ་མ་ཡིན་པའོ། །ལེ་ལོ་ཅན་ལ་ནི་བླངས་པ་དང་ཉེ་བར་སྤྱད་པ་བུ་ལོན་དུ་འགྱུར་རོ་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་ལྡན་པ་ལེ་ལོ་ཅན་ཞེས་བྱ་བ་བསྒྲུབ་མི་
ཕོད་པའི་རང་བཞིན་ཅན་ལ་ནི། བླངས་པ་ཞེས་བྱ་བ་བདག་གིར་བྱས་པ་དང་། ཉེ་བར་སྤྱད་པ་ཞེས་བྱ་བ་ལོངས་སྤྱོད་པ་དག་བུ་ལོན་དུ་འགྱུར་ཞེས་བྱ་བ་ཚེ་རབས་གཞན་ལ་སྦྱིན་བདག་དེ་ལ་དཔྱ་འཇལ་པའམ། དེའི་བྲན་གཡོག་དང་ཕྱུགས་ལ་སོགས་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མཚམས་ཀྱི་
ནང་ཉིད་ན་གང་ཟག་གི་གཙུག་ལག་ཁང་ངམ་དེའི་རྙེད་པས་འཚོ་བ་ལ་ནི་དགེ་འདུན་གྱི་རྙེད་པ་འོས་སོ་ཞེས་བྱ་བ་ནི། གང་ཟག་གང་དགེ་འདུན་གྱི་མཚམས་ཀྱི་ནང་ན་གང་ཟག་གི་གཙུག་ལག་ཁང་ཡོད་པ་དེའི་འཚོ་བས་འཚོ་བའམ། གང་ཟག་གི་གཙུག་ལག་ཁང་མཚམས་ཀྱི་ཕྱི་རོལ་ན་འདུག་པ་དེའི་རྙེད་
པས་འཚོ་ཞིང་མཚམས་ཀྱི་ནང་ན་གནས་པ་དེ་ལ་མཚམས་དེར་གཏོགས་པའི་དགེ་འདུན་གྱི་རྙེད་པ་ཡང་འོས་པ་ཡིན་ཏེ། གང་ཟག་གིས་སྤྱད་པའི་རྙེད་པ་དང་དགེ་འདུན་གྱི་རྙེད་པ་གཉི་ག་དབང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པའི་གནས་ཁང་ན་ཡང་ངོ་ཞེས་བྱ་བ་ནི། སྦྱིན་བདག་གིས་གནས་ཁང་འདི་ན་སུ་
གནས་པ་དེ་ལ་རྙེད་པ་འདི་ཙམ་ཞིག་ཁུད་པར་དབུལ་ལོ་ཞེས་ངེས་པར་བྱས་པའི་གནས་ཁང་དེ་ནི་སུ་གནས་པའི་གང་ཟག་དེ་ལ་ཡང་གནས་ཁང་དེའི་རྙེད་པ་དང་མཚམས་དེའི་དགེ་འདུན་གྱི་རྙེད་པ་གཉི་ག་འོས་པ་ཡིན་ཏེ། དེ་གཉི་ག་དབང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་རེ་མོར་བསྐོའོ་ཞེས་བྱ་བ་ནི། རྙེད་
པ་ངེས་པའི་གནས་ཁང་དེ་དགེ་སློང་རྣམས་ལ་རེ་མོར་བསྐོ་བར་བྱ་བ་སྟེ། དེའི་རྙེད་པ་དགེ་འདུན་གྱིས་ཀྱང་མི་བསྐུར་ལ། དུས་ཐམས་ཅད་དུ་གང་ཟག་གཅིག་པུ་ལ་ཡང་མི་སྦྱིན་ནོ། །ལྕགས་ལས་བྱས་པའི་སྣོད་སྤྱད་དག་ལས་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་དང་ཚྭ་སྣོད་དང་ཟོ་ཕོར་དང་ལྡེ་མིག་
ཁྱོག་པོ་དང་གྲིའུ་དང་ཁབ་དང་སེན་མོ་གཅད་པ་དང་ནལ་ཟེ་དང་ཐལ་ཕྱགས་དང་སྟ་རེ་དང་སླང་དང་ཕོར་བུ་དག་ནི་བགོ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ལྕགས་ལས་བྱས་པའི་སྣོད་སྤྱད་དག་ལས་དེ་དག་ནི་བགོ་བར་བྱ་བ་ཉིད་ཡིན་ནོ། །བོང་ཚོད་ཆེན་པོ་གཞན་དག་ནི་མི་བགོ་བར་ཕྱོགས་བཞིའི་དགེ་འདུན་གྱི་

ཉིད་དུ་གཞག་པར་བྱ་བའོ། །ལྷུང་བཟེད་ཆུང་ངུ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་ཏུ་མི་རུང་བ་ཆུང་ངུའོ། །ཚྭ་སྣོད་ཅེས་བྱ་བ་ནི། ལན་ཚྭའི་སྣོད་དོ། །ཟོ་ཕོར་ཅེས་བྱ་བ་ནི། ཁ་ཟླུམ་འདྲ་བ་མཐོན་པོ་ནང་ཟབས་རིང་བའོ། །ཐལ་ཕྱགས་ཞེས་བྱ་བ་ནི་མེ་འཇོག་པའོ། །སླ་ང་ཞེས་བྱ་བ་ནི་དོག་ལེ་འདྲ་པའོ། །ཕོར་བུ་ཞེས་བྱ་བ་
ནི་ཟླུམ་པོ་ཁ་རུབ་བོ། །སའི་སྣོད་སྤྱད་དག་ལས་ནི་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་དང་བུམ་བུ་དང་བྱ་མ་བུམ་དང་། གཞོང་པ་དང་རིལ་པ་སྤྱི་བླུགས་དང་ཆུ་སྣོད་དག་གོ་ཞེས་བྱ་བ་ནི། བགོ་བར་བྱ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །ཁྲི་ནི་རིན་པོ་ཆེ་ལས་བྱས་པ་ལ་སོགས་པ་མན་ཆད་ནས་ལྕགས་ལས་བྱས་པའི་བར་དག་གོ་
ཞེས་བྱ་བ་ནི། ཁྲི་རིན་པོ་ཆེ་ལས་བྱས་པ་ནས་ལྕགས་ལས་བྱས་པའི་བར་ཡན་ཆད་བགོ་བར་བྱ་བ་ཉིད་ཡིན་ནོ། །ཇི་ལྟར་བྱ་ཞེ་ན་དེའི་ཕྱིར་བརྫེས་ཏེའོ་ཞེས་བྱ་བ་སྨྲས་ཏེ། རིན་དུ་བཙོངས་ཏེ་བགོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིང་ལས་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཁྲི་ནི་བགོ་བར་བྱ་བ་ཉིད་མ་
ཡིན་ནོ། །ཚོན་རྩི་ནི་ལྔ་ལས་གཞན་པའོ་ཞེས་བྱ་བ་ནི། གུར་གུམ་ལ་སོགས་པ་ཚོན་ཆེན་པོ་སྣ་ལྔ་ལས་གཞན་པ་དག་བགོ་བར་བྱ་བ་ཉིད་དེ། ཅི་གནས་སྐབས་ཐམས་ཅད་དམ་ཞེ་ན་དེའི་ཕྱིར་མ་བསྐོལ་བའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་མ་བསྐོལ་ནའོ། །བསྐོལ་བ་ནི་ཁ་བསྒྱུར་བར་བྱ་བ་ལ་སྦྱར་བར་བྱ་བ་ཉིད་
དོ་ཞེས་བྱ་བ་ནི། ཚོན་རྩི་ཆེན་པོ་བསྐོལ་བ་ནི་ཁ་བསྒྱུར་བར་འོས་པའི་གོས་ལ་སོགས་པ་ལ་སྦྱར་བར་བྱ་བ་ཉིད་དོ། །ཁ་བསྒྱུར་བར་བྱ་བ་གང་ལ་ཞེ་ན་དེའི་ཕྱིར་དགེ་འདུན་གྱི་ལའོ་ཞེས་བྱ་བ་སྨྲས་ཏེ། ཁ་བསྒྱུར་བར་བྱ་བ་གང་ཡིན་པ་དེ་གལ་ཏེ་དགེ་འདུན་གྱི་ཡིན་ན་དེ་ལ་སྦྱ