Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 163

Văn bản gốc(Tây Tạng)

Trang 10 / 26 (50.000 ký tự/trang)
་ནི། སྔར་དེ་དག་ལ་དགེ་འདུན་གྱིས་ལྷུང་བཟེད་
ཁས་ཕུབ་པ་དག་ཕྱིར་ཁ་བསྲང་བར་གསོལ་བ་ཡིན་པར་བལྟ་བར་བྱ་སྟེ། ཁྱིམ་པ་དང་ཁྱིམ་པ་མོ་མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་ལ་ལྷུང་བཟེད་ཁས་ཕུབ་པ་ཕྱིར་ཁ་བསྲང་བ་རོ་གསོལ་བ་ཆོས་དང་ལྡན་པའི་དོན་དེ་ལྟ་བུ་དག་བྱུང་ན་དེ་དག་བསྒྲུབ་པའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་
པ་མཚམས་ཀྱི་ནང་ན་འདུག་པས་ཞག་བདུན་མན་ཆད་མཚམས་ཀྱི་ཕྱི་རོལ་དུ་འགྲོ་ཞིང་དེ་ཚུན་ཆད་ཀྱིས་ཕྱིར་འཁོར་བར་བྱིན་གྱིས་བརླབ་བོ་ཞེས་བྱ་བར་སྦྱར་རོ། །ཟས་དང་སྨན་དང་གཡོག་དག་མེད་ལ་དེ་དག་མེད་པར་འཚོ་མི་ནུས་ན་དེ་ལས་འདའ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་དབྱར་གནས་
པར་ཁས་བླངས་པ་ལ་ཕྱིས་ཟས་དང་སྨན་དང་ནད་གཡོག་མེད་ལ་དེ་དག་མེད་པར་འཚོ་མི་ནུས་ན་དེའི་ཚེ་དབྱར་གནས་པར་ཁས་བླངས་པ་དེ་ལས་འདའ་བར་བྱའོ། །གལ་ཏེ་རྩ་བ་དང་འབྲས་བུ་ལ་སོགས་པས་འཚོ་བར་ནུས་ན་ནི་དེའི་ཚེ་གནས་པར་བྱའོ། །དགེ་སློང་གི་ཚུལ་དང་སྲོག་དང་ཚངས་པར་སྤྱོད་པའི་
བར་ཆད་ཡོད་ན་ཡང་ངོ་ཞེས་བྱ་བ་ཡང་འདའ་བར་བྱའོ་ཞེས་བྱ་བར་སྦྱར་ཏེ། གནས་དེ་ན་དབྱར་གྱི་ནང་དེར་དགེ་སློང་གི་ཚུལ་ལ་སོགས་པའི་བར་ཆད་ཡོད་ན་ཡང་གནས་པར་ཁས་བླངས་པ་དེ་ལས་འདའ་བར་བྱའོ། །དགེ་འདུན་དབྱེ་བའི་ཕྱིར་རྟུལ་བ་རྗེས་སུ་མི་མཐུན་པའི་སེམས་བསྐྱེད་པ་དང་སྡིག་པ་ཅན་གྱི་
ཚིག་བརྗོད་པ་དག་བྱུང་ནའོ་ཞེས་བྱ་བ་ཡང་འདའ་བར་བྱའོ་ཞེས་བྱ་བར་སྦྱར་ཏེ། གང་ཟག་བདག་ཉིད་གནས་དེར་དབྱར་གནས་པ་ན་དགེ་འདུན་དབྱེ་བའི་ཕྱིར་རྗེས་སུ་མི་མཐུན་པའི་སེམས་ཚུལ་དང་མཐུན་པ་མ་ཡིན་པ། ཨེ་མ་དགེ་འདུན་དབྱེ་བར་བྱའོ་སྙམ་པ་གང་ཡིན་པ་དང་། སྡིག་པ་ཅན་གྱི་ཚིག་དེའི་

རྗེས་སུ་མཐུན་པ་དག་ཀྱང་རྗོད་པར་བྱེད་པ་ལྟ་ན་དེའི་ཚེ་མྱུར་བ་ཁོ་ནར་དབྱར་གནས་པ་དེ་དྲལ་ཏེ་གུད་དུ་འགྲོ་བར་བྱའོ། །དེ་ཞི་བར་བྱ་བའི་ཕྱིར་མཐུ་ཡོད་པ་ལྟ་ན་མི་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། མཚམས་གཞན་ན་དགེ་འདུན་དབྱེ་བའི་ཕྱིར་རྟུལ་བ་དག་ཡོད་ལ་དེ་ཞི་བར་བྱ་བའི་
ཕྱིར་རང་ལ་ནུས་པའི་མཐུ་ཡོད་པ་ལྟ་ན་དེར་མི་འགྲོ་བར་མི་བྱ་བར་འགྲོ་བ་ཁོ་ནར་བྱ་བའོ། །སོང་ན་མི་འདའ་བར་མི་བྱའོ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་པའི་དུས་ལས་ཏེ། གལ་ཏེ་དེར་སོང་བ་ན་ཞག་བདུན་ལས་འདས་སུ་ཟིན་ཀྱང་བྱ་བ་དེ་ཉིད་ཀྱིས་དགེ་སློང་གི་དབྱར་རལ་བའི་ལྟུང་བར་མི་འགྱུར་རོ་
ཞེས་གསུངས་པས་འདའ་བ་ལ་གཞོལ་བར་བསྟན་པའི་ཕྱིར་དགག་པ་གཉིས་བྱས་སོ། །དམ་བཅས་ན་དབྱར་གནས་པ་དང་གནས་སུ་མི་འབྲེལ་བར་མི་བྱའོ་ཞེས་བྱ་བ་ནི། གནས་འདིར་དབྱར་གནས་པར་བྱའོ་ཞེས་དམ་བཅས་ན་དབྱར་གནས་པར་རང་གི་གནས་སྐབས་དང་གནས་ཁང་ལ་སོགས་པ་གནས་
སུ་འབྲེལ་བར་བྱ་བ་གང་ཡིན་པ་དེ་བར་ཆད་མེད་ན་གདོན་མི་ཟ་བར་བྱ་སྟེ། མི་བྱེད་ན་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གསོ་སྦྱོང་གཅིག་པ་ཉིད་ཀྱི་གནས་གཉིས་སུ་ནི་དེ་འབྱུང་བ་མེད་དོ་ཞེས་བྱ་བ་ནི། གསོ་སྦྱོང་གཅིག་པ་ཉིད་ཀྱི་གནས་གཉིས་ཡོད་ན་གནས་ཅིག་ཤོས་སུ་གནས་པར་བྱའོ་ཞེས་དམ་བཅས་
ཤིང་གནས་ཅིག་ཤོས་སུ་གནས་པར་ཁས་ལེན་དུ་ཟིན་ཀྱང་། དམ་བཅས་ན་དབྱར་གནས་པ་དང་གནས་སུ་འབྲེལ་བར་མི་བྱེད་པའི་ཉེས་པ་སྔར་བསྟན་པ་དེ་འབྱུང་བ་མེད་པའོ། །འདི་སྐད་བསྟན་ཏེ། གསོ་སྦྱོང་གཅིག་པའི་གནས་གཉིས་ལས་གཅིག་ཏུ་དབྱར་གནས་པར་དམ་བཅས་ནས། གཅིག་ཏུ་
གནས་པར་ཁས་ལེན་པར་བྱེད་དུ་ཟིན་ཀྱང་དེ་ལ་དམ་བཅས་པ་ལས་འགལ་བའི་ཉེས་པ་མེད་དེ། འདི་ལྟར་གནས་དེ་གཉིས་གསོ་སྦྱོང་གཅིག་པ་ཡིན་པས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །རྙེད་པ་གཅིག་པ་ཉིད་ལ་ནི་ཡོད་དོ་ཞེས་བྱ་བ་ནི། གནས་དེ་གཉིས་གསོ་སྦྱོང་ནི་ཐ་དད་ལ། རྙེད་པ་གཅིག་པ་ཉིད་
ཡིན་ན་དེའི་ཚེ་ཅིག་ཤོས་སུ་གནས་པར་དམ་བཅས་པ་ལས། ཅིག་ཤོས་སུ་གནས་པར་ཁས་ལེན་ན་དེའི་ཚེ་ཉེས་པ་སྔ་མ་དེ་འབྱུང་བ་ཁོ་ནར་འགྱུར་ཏེ། གནས་པའི་ལོངས་སྤྱོད་ཐ་དད་པས་གནས་ཐ་དད་པ་ཡིན་པའི་ཕྱིར་རོ། །རྙེད་པ་ཞེས་སྨོས་པས་ཡོན་བདག་གམ་རྙེད་པའི་ཚད་ནི་གཅིག་པ་ཉིད་དུ་མི་

བཟུང་སྟེ། ཐ་དད་པའི་ཕྱིར་རོ། །འདིར་གཞུང་ནི་འདི་ལྟར་དགེ་སློང་གིས་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་བྱའོ་ཞེས་དམ་བཅས་ནས་གནས་དེ་གཉིས་རྙེད་པ་ནི་གཅིག་ལ། གསོ་སྦྱོང་ནི་ཐ་དད་པར་གྱུར་ནས་དེ་འདི་སྙམ་དུ་འདིར་གནས་ན་ཡང་རྙེད་པ་གཅིག་ཏུ་ཟད་ལ། ཕ་གིར་གནས་ན་ཡང་རྙེད་
པ་གཅིག་ཏུ་ཟད་དོ་སྙམ་ནས། དེ་དམ་བཅས་ནས་མི་འགྲོ་ཞིང་དགེ་སློང་དེ་ལ་གནས་དེར་དབྱར་སྔ་མ་ཟླ་བ་གསུམ་ཡང་མི་སྣང་། ཕྱི་མ་ཡང་མི་སྣང་ལ། དམ་བཅས་ན་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གཞིར་གཏོགས་པའི་དབྱར་གྱི་གཞིའོ་ཞེས་བྱ་བ་ནི། འདུལ་བ་གཞིའི་སྐབས་སུ་གཏོགས་པའི་དབྱར་
གྱི་གཞི་བཤད་ཟིན་ཏོ།། །།ད་ནི་གླེང་གཞི་ལ་སོགས་པའི་གནས་སྐབས་སུ་གཏོགས་པའི་དབྱར་གྱི་གཞི་བསྡུ་བའི་ཕྱིར། སྡེ་པ་ལྔ་ཆར་གྱིས་ཀྱང་གནས་པར་ཁས་བླང་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དང་དགེ་སློང་མ་འབའ་ཞིག་གིས་གནས་པར་ཁས་བླང་བར་བྱ་བ་ཉིད་དུ་མ་ཟད་ཀྱི།
འདི་ལྟར་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དག་གིས་ཀྱང་གནས་པར་ཁས་བླང་བར་བྱ་བ་ཉིད་ཡིན་པའོ། །དགེ་ཚུལ་དག་འབའ་ཞིག་གིས་མ་ཡིན་ནོ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པ་འགའ་ཡང་མེད་པའི་དགེ་ཚུལ་དག་འབའ་ཞིག་གིས་གནས་པར་ཁས་བླང་བར་བྱ་བ་ཉིད་མ་ཡིན་པའོ། །
ལོ་མ་ཚང་བ་དག་གིས་ཀྱང་ངོ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པ་ལྟ་བུ་ཟིན་ཀྱང་མི་གནས་པར་འདུག་པའི་ལོ་མ་ཚང་བ་ཤ་སྟག་ཡིན་ན་དེ་དག་གིས་ཀྱང་གནས་པར་ཁས་བླང་བར་བྱ་བ་མ་ཡིན་ནོ། །དེ་དག་ལ་ཁས་བླངས་པ་མི་འཆགས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་ཚུལ་འབའ་ཞིག་དང་ལོ་མ་ཚང་
བ་འབའ་ཞིག་པོ་དེ་དག་ལ་གནས་པར་ཁས་བླངས་པ་ཉིད་ནི་འཆགས་མོད་ཀྱི་འོན་ཀྱང་གནས་མེད་པའི་ཕྱིར་དང་། བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་ཤེས་པ་མེད་པའི་ཕྱིར་གནས་པར་ཁས་བླངས་པ་བཀག་གོ། །གནས་མལ་མི་མནོད་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེ་དག་གིས་གནས་པར་ཁས་
བླངས་ན་གནས་མལ་མནོད་པར་བྱ་བ་ཉིད་ཡིན་ནོ། །སྟོབས་པ་མེད་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། གནས་མལ་སྟོབས་པ་མེད་ཀྱང་གནས་མལ་མི་མནོད་པ་མ་ཡིན་ཏེ་མནོད་པར་བྱ་བ་ཁོ་ན་ཡིན་པའོ། །མ་བསྐོས་པར་བསྟབས་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་གནས་མལ་སྟོབས་པ་མ་

བསྐོས་པའི་གང་ཟག་གིས་བསྙེན་པར་རྫོགས་པ་དང་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་སུ་ལ་ཡང་གནས་མལ་བསྟབས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འགྱོད་པ་ལ་སོགས་པས་སྡེ་སྣོད་འཛིན་པ་དང་འཐབ་ཀྲོལ་བྱེད་པ་དང་ཡོད་པ་དང་མེད་པ་དག་མ་བསྡུས་པ་ཉིད་མ་ཡིན་ནོ་ཞེས་
བྱ་བ་ནི། སྔར་འགྱོད་པ་དང་གཞན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མི་བསྐྱེད་པ་ཉིད་དང་སེལ་བ་ཉིད་དག་ཅེས་སྨོས་པའི་མདོ་དེས་སྡེ་སྣོད་འཛིན་པ་ཡོད་པ་དང་། འཐབ་ཀྲོལ་བྱེད་པ་མེད་པ་འདི་གཉིས་ཀྱང་མ་བསྡུས་པ་ཉིད་མ་ཡིན་ཏེ། བསྡུས་པ་ཉིད་ཡིན་པའོ། །ཇི་ལྟར་བསྡུས་ཤེ་ན། འདི་ལྟར་འགྱོད་པ་དང་
གཞན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མ་སྐྱེས་པ་མི་སྐྱེད་པ་ཉིད་ཅེས་སྨོས་པས་ནི་འཐབ་ཀྲོལ་བྱེད་པ་མེད་པ་ཉིད་བསྡུས་པ་ཡིན་ལ། འགྱོད་པ་དང་གཞན་སྡུག་བསྔལ་དང་ཡིད་མི་བདེ་བ་སྐྱེས་པ་སེལ་བ་ཉིད་ཅེས་སྨོས་པས་ནི་སྡེ་སྣོད་འཛིན་པ་ཡོད་པ་ཉིད་བསྡུས་པ་ཡིན་ནོ། །གནས་པར་ཁས་མ་བླངས་པས་
གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་དབྱར་གནས་པར་ཁས་མ་བླངས་པས་གལ་ཏེ་ཟླ་བ་གསུམ་དུ་གནས་ཏེ་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །འདིར་གཞུང་ནི། ཁ་ཅིག་ལས་དགེ་སློང་དབྱར་གནས་པར་ཁས་མི་ལེན་པ་དག་ལ་དབྱར་རལ་བར་བརྗོད་པར་བགྱིའམ་གལ་ཏེ་དབྱར་གྱི་ནང་དུ་
གནས་མི་གཏོང་ན་དབྱར་རལ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་གནས་པར་ཁས་མ་བླངས་སུ་ཟིན་ཀྱང་དབྱར་གྱི་ནང་དུ་གནས་མི་གཏོང་ན་ཕྱི་རོལ་དུ་འགྲོ་བའི་ཕྱིར་བྱིན་གྱིས་བརླབ་པར་བྱ་དགོས་སོ་ཞེས་བསྟན་པར་རིག་པར་བྱའོ། །ནམ་མཁའ་ལ་གནས་པར་ཁས་བླངས་པ་མི་འཆགས་སོ་ཞེས་བྱ་
བ་ནི། ནམ་མཁའ་ལ་དབྱར་གནས་པར་ཁས་བླང་བ་མི་འཆགས་པའོ། །གྲུ་ལ་ནང་དུ་འབྱམ་པ་ཉིད་དུ་ཤེས་ན་མི་འཆགས་ཏེ་ས་ལ་ཕྱིན་པ་དང་། ས་ལ་གནས་པ་བརྟན་པོ་དང་འབྲེལ་པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། གྲུར་དགེ་སློང་གིས་གྲུ་དེ་དབྱར་གྱི་ནང་དུ་འབྱམ་པ་ཉིད་དུ་ཤེས་ན་དབྱར་གནས་པར་ཁས་བླངས་
པ་མི་འཆགས་སོ། །ཅི་སྤྱིར་རམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར་ས་ལ་ཕྱིན་པ་དང་། ས་ལ་གནས་པ་བརྟན་པོ་དང་འབྲེལ་པ་ནི་མ་གཏོགས་ཏེ་གྲུ་སྐམ་ས་ལ་ཕྱིན་པ་དང་སྐམ་ས་ལ་གནས་པའི་ཕུར་པ་ལ་སོགས་པ་བརྟན་པོ་དང་འབྲེལ་པ་ནི་མ་གཏོགས་ཏེ། དེར་ནི་དབྱར་གནས་པར་ཁས་བླངས་པ་འཆགས་སོ། །འདི་

སྐད་བསྟན་ཏེ། གལ་ཏེ་གྲུ་སྐམ་ས་ལ་ཕྱིན་པར་གྱུར་ཏམ། གྲུ་སྐམ་ས་ལ་གནས་པའི་དངོས་པོ་ཤིང་ལ་སོགས་པ་བརྟན་པོ་དང་འབྲེལ་ཞིང་གནས་པར་ཁས་ལེན་པ་ན་དེ་དབྱར་གྱི་ནང་དུ་འབྱམ་པར་འགྱུར་བ་ཉིད་དུ་མི་ཤེས་ན་དེ་ལྟ་ན་དབྱར་གནས་པར་ཁས་བླངས་པ་འཆགས་ཀྱི། གཞན་དུ་ན་མི་འཆགས་སོ་ཞེས་
བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་དག་གྲུར་དབྱར་གནས་པར་ཁས་ལེན་པར་བགྱིད་ན་དབྱར་རལ་བར་བརྗོད་པར་བགྱིའམ་རལ་བར་བརྗོད་པར་མི་བགྱི། བཀའ་སྩལ་པ། གལ་ཏེ་དབྱར་གྱི་ནང་དུ་འབྱམ་པར་འགྱུར་བ་ཉིད་དུ་ཤེས་ན་དབྱར་རལ་བར་བརྗོད་པར་བྱའོ། །འོན་ཏེ་མི་ཤེས་ན་ནི་
དབྱར་རལ་བར་བརྗོད་པར་མི་བྱའོ་ཞེས་གསུངས་པ་དང་ཁ་ཅིག་ལས་བཙུན་པ་རེ་ཞིག་དགེ་སློང་གྲུ་ལ་དབྱར་གནས་པར་ཁས་ལེན་ན་དབྱར་གནས་པར་ཁས་བླངས་ཞེས་བགྱིའམ། གལ་ཏེ་ས་ལ་བརྟེན་ཅིང་གནས་པ་ཡིན་ན་དབྱར་གནས་པར་ཁས་བླངས་ཞེས་བྱའོ། །བཙུན་པ་ཕུར་པའམ་ཞུགས་ཤིང་དང་
འབྲེལ་པ་ལགས་ན་དབྱར་གནས་པར་ཁས་བླངས་ཞེས་བགྱིའམ། ཉེ་བ་འཁོར་གནས་པར་ཁས་བླངས་ཞེས་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་གཉི་ག་འདིར་བསྡུས་པ་ཡིན་ནོ། །དེའི་ལྟ་བ་ལ་མངོན་པར་ཞེན་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ན་སྐྱ་རེངས་ཤར་ན་འཇིག་གོ་ཞེས་བྱ་བ་ནི། ཆོས་མ་ཡིན་
པའི་ཕྱོགས་དེའི་ལྟ་བ་ལ་མངོན་པར་ཞེན་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ན་སྐྱ་རེངས་ཤར་ན་དབྱར་གནས་པར་ཁས་བླངས་པ་དེ་འཇིག་པའོ། །འདིར་གཞུང་ནི་གླེང་གཞི་དག་ལས་བཙུན་པ་རེ་ཞིག་དབྱར་གྱི་ནང་དུ་དགེ་འདུན་བྱ་བར་གྱུར་ན། དེ་ན་གལ་ཏེ་དགེ་སློང་བསམས་བཞིན་དུ་ཆོས་ཀྱི་
ཕྱོགས་ནས་ཆོས་མ་ཡིན་པའི་ཕྱོགས་སུ་མཆི་ན་དབྱར་རལ་བ་ཞེས་བགྱིའམ། ཉེ་བ་འཁོར་གལ་ཏེ་དེའི་ལྟ་བ་འདོད་ཅིང་དེར་ཡང་སོང་ན་སྐྱ་རེངས་ཤར་ན་དབྱར་རལ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཐེ་ཚོམ་ཟ་བ་ཉིད་ལ་ནི་མི་འཇིག་གོ་ཞེས་བྱ་བ་ནི། བདག་གནས་པར་ཁས་བླངས་སམ་
འོན་ཏེ་མ་བླངས་སྙམ་དུ་ཐེ་ཚོམ་ཟ་བ་ཉིད་ལ་ནི་དབྱར་གནས་པར་ཁས་བླངས་པ་མི་འཇིག་པའོ། །མཐའི་ཞག་དྲུག་ལ་བྱིན་གྱིས་བརླབས་པ་མི་འཆགས་སོ་ཞེས་བྱ་བ་ནི། གནས་པར་ཁས་བླངས་ནས་ཟླ་བ་གསུམ་གྱི་མཐའི་ཞག་དྲུག་ལུས་པའི་ཚེ་ཕྱི་རོལ་དུ་འགྲོ་བའི་ཕྱིར་བྱིན་གྱིས་བརླབ་པ་མི་འཆགས་

པ་སྟེ། དུས་ཧ་ཅང་ཡུན་ཐུང་ངུ་ལུས་པའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་གལ་ཏེ་དགུང་དྲུག་ནའམ་ལྔ་ནའམ་གཅིག་ན་དགག་དབྱེ་འབྱུང་བར་འགྱུར་བའི་ཚེ་བྱིན་གྱིས་བརླབས་ཏེ་མཆི་ན། དབྱར་རལ་བར་བརྗོད་པར་བགྱིའམ་ཉེ་བ་འཁོར་རལ་བར་བརྗོད་པར་བྱའོ་
ཞེས་གསུངས་པ་ཡིན་ནོ། །བྱ་བ་མེད་པར་ཤེས་ནས་ཕྱིར་མི་ལྡོག་པ་དང་གནས་པ་དག་ལ་ནི་འཇིག་གོ་ཞེས་བྱ་བ་ནི། དགེ་སློང་གང་ཆོས་དང་ལྡན་པའི་དོན་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་བྱིན་གྱིས་བརླབས་ཏེ། མཚམས་ཀྱི་ནང་ནས་འཕགས་པ་ན་དོན་དེ་གཞན་གྱིས་བསྒྲུབས་ཟིན་ནས་བསྒྲུབ་མི་
དགོས་པའི་སྐབས་རྙེད་ཅིང་། མཚམས་ཀྱི་ཕྱི་རོལ་དུ་བྱ་བ་མེད་པར་ཤེས་ནས་ཕྱིར་མི་ལྡོག་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་བྱེད་ན་སྔར་བྱིན་གྱིས་བརླབས་སུ་ཟིན་ཀྱང་དབྱར་གནས་པར་ཁས་བླངས་པ་དེ་འཇིག་གོ། །དེ་བཞིན་དུ་དགེ་སློང་གང་ཆོས་དང་ལྡན་པའི་དོན་ལ་མཚམས་ཀྱི་ཕྱི་རོལ་དུ་
ཞག་བདུན་མན་ཆད་འགྲོ་བར་བྱིན་གྱིས་བརླབས་ཏེ་སོང་བ་ན། དོན་དེ་ཉི་མ་དེ་ཉིད་ཀྱིས་གྲུབ་པར་གྱུར་ན་དེའི་མོད་ལ་ཕྱིར་མི་འོང་བར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་ཤར་གྱི་བར་དུ་གནས་པར་བྱེད་ན་སྔར་བྱིན་གྱིས་བརླབས་སུ་ཟིན་ཀྱང་དབྱར་གནས་པར་ཁས་བླངས་པ་དེ་འཇིག་གོ། །ཞག་བདུན་བྱིན་གྱིས་
བརླབས་པ་ལས་དོན་ཞག་གཅིག་གིས་གྲུབ་ནས་ཞག་གཉིས་སུ་གནས་པ་དང་། ཞག་གཉིས་ཀྱིས་གྲུབ་ནས་ཞག་གསུམ་དུ་གནས་པ་དང་། ཞག་གསུམ་གྱིས་གྲུབ་ནས་ཞག་བཞིར་གནས་པ་དང་། ཞག་བཞིས་གྲུབ་ནས་ཞག་ལྔར་གནས་པ་དང་། ཞག་ལྔས་གྲུབ་ནས་ཞག་དྲུག་དུ་གནས་པ་དང་།
ཞག་དྲུག་གིས་གྲུབ་ནས་ཞག་བདུན་དུ་གནས་པ་ལ་ཡང་དེ་བཞིན་ནོ། །འདིར་གཞུང་ནི་གལ་ཏེ་ཤུལ་གྱི་དབུས་ཁོ་ནར་དོན་དེ་བག་ཡངས་སུ་གྱུར་ན་དེས་མཆི་བར་བགྱི་འམ། ཉེ་བ་འཁོར་མི་བྱ་སྟེ། གལ་ཏེ་འགྲོ་ན་དབྱར་རལ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་མཐར་ཐུག་པའི་
མཐའ་ནི་ཞག་བདུན་ཉིད་དོ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་པ་འདི་ལ་ཞག་གྲངས་ཀྱི་མཐར་ཐུག་པའི་མཐའ་ནི་ཞག་བདུན་ཉིད་ཡིན་ཏེ། དེས་ན་ཞག་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཀྱང་བྱིན་གྱིས་བརླབ་ཏུ་རུང་བ་ཉིད་ཡིན་ནོ། །ཅི་ཐམས་ཅད་ཀྱི་མཐའ་དེ་ཉིད་ཡིན་ནམ་ཞེ་ན་དེའི་ཕྱིར།

གནང་བ་མ་ཐོབ་པའི་མཐའ་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཞག་བཞི་བཅུའི་གནང་བ་མ་ཐོབ་པ་གཞན་དག་གི་མཐའ་ཞག་བདུན་ཡིན་ནོ། །གཞན་གྱི་ནི་ཞག་བཞི་བཅུའོ་ཞེས་བྱ་བ་ནི། གནང་བ་མ་ཐོབ་པ་ལས་གཞན་པ་ཞག་བཞི་བཅུ་བྱིན་གྱིས་བརླབས་པའི་གནང་བ་ཐོབ་པ་དག་གི་མཐའ་ནི་ཞག་བཞི་
བཅུའོ། །ཞག་བཞི་བཅུ་བྱིན་གྱིས་བརླབས་པའི་གནང་བ་ཐོབ་པའི་དགེ་སློང་གིས་ཀྱང་ནམ་འགྲོ་བའི་ཚེ་མཚམས་ཀྱི་ནང་དུ་དགེ་སློང་གི་མདུན་དུ་བསྔགས་ཀྱིས་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཚམས་
ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་བདག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་བགྱི་བ་ཞིག་གི་སླད་དུ་དགུང་བཞི་བཅུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་
ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ་ཞེས་ལན་གསུམ་བཟླས་པ་ཡིན་ནོ། །དབྱར་ཕྱི་མ་ལ་ནི་དབྱར་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལ་ཞེས་སྔགས་ཀྱི་བྱེ་བྲག་ཏུ་བྱའོ། །ཞག་བཞི་བཅུ་བྱིན་གྱིས་བརླབ་པའི་གནང་བ་ཐོབ་པ་ལ་དེ་བས་ཉུང་བ་བྱིན་གྱིས་བརླབས་པ་ཡང་
འཆགས་པ་ཉིད་ཡིན་ནོ། །དེ་སྦྱིན་ནོ་ཞེས་བྱ་བ་ནི། ཞག་བཞི་བཅུ་བྱིན་གྱིས་བརླབ་པའི་གནང་བ་དེ་དགེ་འདུན་གྱིས་གང་ཟག་ལ་སྦྱིན་པར་བྱ་བ་སྟེ། དེ་ནི་དང་པོ་སྤྲོ་བར་ཁས་ལེན་དུ་བཅུག་ནས་དེའི་འོག་ཏུ་རང་གིས་དགེ་འདུན་ལ་ལན་གསུམ་གསོལ་ནས་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་
ཀྱིས་གནང་བ་སྦྱིན་པར་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་ཁྱོད་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་སྤྲོ་འམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་
འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ་བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་འདི་ལགས་པ་ལས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་དེ་ཚུན་ཀྱིས་སླར་མཆི་བར་སྤྲོ་ན།

ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ་ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་
མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་
འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་
མཆི་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་གསོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ་
འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ཏོ། །དེའི་སླད་དུ་འདིའི་དབྱར་འདི་ན་མཆིས་
ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩོལ་ན། དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་
སྩལ་བར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་

འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དབྱར་ཕྱི་མ་ལ་ནི་དབྱར་ཕྱི་མ་ཟླ་བ་གསུམ་དུ་གནས་པར་ཁས་བླངས་ཏེ་ཞེས་སྔགས་ཀྱིས་བྱེ་བྲག་ཏུ་བྱའོ། །དེ་ལས་ལྷག་པར་ཕྱི་རོལ་དུ་གནས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ཞག་བཞི་བཅུ་པོ་དེ་ལས་ལྷག་པར་མཚམས་ཀྱི་ཕྱི་རོལ་དུ་གནས་པར་མི་བྱ་བ་སྟེ། དགེ་སློང་དག་གིས་
གལ་ཏེ་འགྲོ་བའི་ཕྱིར་ཚེ་གུར་བྱིན་གྱིས་བརླབས་ཀྱང་རུང་། ཅིག་ཅར་བྱིན་གྱིས་བརླབས་ཀྱང་རུང་སྟེ། ཇི་ལྟར་བྱིན་གྱིས་བརླབས་པ་དེ་ལས་ལྷག་པར་མཚམས་ཀྱི་ཕྱི་རོལ་དུ་འདུག་པར་མི་བྱའོ། །འདིར་གཞུང་ནི་ཉེ་བ་འཁོར་མཚམས་དེར་ཆེས་མང་དུ་འདའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་སྡེ་པ་ལྔ་པོ་དག་
གིས་ཡང་ཡིན་ནོ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་དེའོ། །དེ་ནི་མཚམས་ཀྱི་ནང་དུ་འཆགས་སོ་ཞེས་བྱ་བ་ནི། སྡེ་པ་ལྔ་པོ་དག་གིས་བྱིན་གྱིས་བརླབས་པ་དེ་ནི་མཚམས་ཀྱི་ནང་དུ་བྱས་ནས་མཚམས་ཀྱི་ཕྱི་རོལ་དུ་ནི་མི་འཆགས་སོ། །དགེ་སློང་གི་མདུན་དུའོ་ཞེས་བྱ་བ་ནི། དགེ་སློང་གི་མདུན་དུ་བྱིན་གྱིས་བརླབས་པ་ནི་
འཆགས་སོ། །འདིར་དགེ་སློང་གི་མདུན་དུ་ཞེས་སྨོས་པ་ནི། དགེ་སློང་དང་དགེ་ཚུལ་གྱི་ཆོ་ག་ཡིན་ནོ། །དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་རྣམས་ཀྱང་རང་གི་མཚམས་ཀྱི་ནང་དུ་དགེ་སློང་མའི་མདུན་དུ་བྱིན་གྱིས་བརླབ་པར་བྱའོ། །མུ་སྟེགས་ཅན་གྱི་ལྟ་བ་དང་བྲལ་བའི་ཕྱིར་དང་ཉེ་དུའི་བྱ་བ་དང་བདག་ཉིད་ཀྱི་
ལུང་དང་རྟོགས་པ་ལ་ནི་མ་ནུར་ཟ་བ་བསལ་བའི་ཕྱིར་འགྲོ་བ་ལ་དེ་བྱ་བ་མ་བསྡུས་པ་ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ནི། སྔར་ཆོས་དང་ལྡན་པའི་དོན་དུ་ཞེས་སྨོས་པའི་མདོ་དེས་མུ་སྟེགས་ཅན་གྱི་ལྟ་བ་དང་དབྲལ་བ་ལ་སོགས་པའི་ཕྱིར་འགྲོ་བ་ལ་བྱིན་གྱིས་བརླབས་པ་དེ་བྱ་བ་ཡང་མ་བསྡུས་པ་ཉིད་དུ་དོགས་
པར་མི་བྱ་སྟེ། བསྡུས་པ་ཉིད་དུ་ཤེས་པར་བྱའོ། །གནས་པར་ཁས་བླངས་པ་ཉིད་ལ་གནས་པ་སྤང་བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དབྱར་གནས་པར་ཁས་བླངས་པ་ཉིད་ལ་གནས་པའི་དགེ་སློང་སྤང་བར་འོས་པ་ཞིག་ཡིན་ན་ཡང་དབྱར་གྱི་ནང་དུ་སྤང་བར་མི་བྱ་བ་ཉིད་དོ། །འདིར་གཞུང་ནི་དགེ་སློང་
གནས་པར་ཁས་བླངས་པས་སྤང་བར་བྱ་བ་དེ་དང་ལྷན་ཅིག་གནས་པར་བགྱིའམ། བཀའ་སྩལ་པ་གནས་པར་བྱའོ། །དགག་དབྱེ་བྱས་ནས་ནི་གནས་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་པ་ནི་དཔེ་ཡིན་ནོ་ཞེས་བྱ་བ་ནི། སྔར་མདོ་ལས་དམ་བཅས་ནས་དབྱར་གནས་པ་དང་གནས་སུ་མི་འབྲེལ་བར་ནི་

བྱའོ་ཞེས་སྨོས་པ་དེ་ནི་དཔེ་ཙམ་དུ་ཟད་དེ། གཞན་དག་ལ་ཡང་དམ་བཅས་པ་སྒྲུབ་པར་མི་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་དམ་བཅས་པ་སྒྲུབ་པར་མི་བགྱིད་པ་ལས་ཉེས་བྱས་སུ་གསུངས་ན། བཙུན་པ་དམ་བཅའ་བ་དུ་
མཆིས། ཉེ་བ་འཁོར་ལྔ་སྟེ་ལྔ་གང་ཞེ་ན། དབྱར་དམ་བཅའ་བ་དང་། ལྷུང་བཟེད་དམ་བཅའ་བ་དང་། ཆོས་གོས་དམ་བཅའ་བ་དང་། བསོད་སྙོམས་དམ་བཅའ་བ་དང་། ནད་པའི་སྨན་དམ་བཅའ་བའོ་ཞེས་གསུངས་པ་ཡིན་ཏེ། རྣམ་པ་དེ་དག་དམ་བཅའ་བ་ལས་ཁ་འོག་ཏུ་ལུས་འཁྲུས་པར་མི་བྱེད་ན་ཡང་
ཉེས་བྱས་སུ་འགྱུར་རོ་ཞེས་བར་སྦྱར་རོ། །གླེང་གཞི་ལ་སོགས་པར་རྟོགས་པའི་དབྱར་གྱི་གཞིའོ་ཞེས་བྱ་བའི་གླེང་གཞི་དང་ཞུ་བ་ལ་སོགས་པའི་སྐབས་སུ་གཏོགས་པའི་དབྱར་གྱི་གཞི་བཤད་ཟིན་ཏོ། །དབྱར་གྱི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་དགག་དབྱེའི་གཞི་བསྡུ་བར་བྱ་སྟེ། དེའི་
ཕྱིར་མི་སྨྲ་བའི་ཡིད་དམ་བཅའ་བར་མི་བྱའོ་ཞེས་བྱ་བ་སྨྲས་སོ། །འདིས་དག་པ་དང་གྲོལ་བ་ཐོབ་པོ་སྙམ་ནས་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ནི། མི་སྨྲ་བ་འདིས་དག་པ་ཞེས་བྱ་བ་སྡིག་པ་མེད་པ་ཉིད་དང་། གྲོལ་བ་ཞེས་བྱ་བ་མྱ་ངན་ལས་འདས་པ་དེ་གཉིས་འཐོབ་པར་འགྱུར་རོ་སྙམ་པའི་བློས་མི་སྨྲ་བའི་ཡིད་
དམ་འཆའ་ན་དགེ་འདུན་འབྱེད་པ་ལས་རྟུལ་བའི་ཉེས་པ་སྦོམ་པོར་འགྱུར་རོ། །གཞན་དུ་ནི་ཉེས་བྱས་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་མི་གཏི་མུག་ཅན་འདི་ནི་མུ་སྟེགས་ཅན་གྱི་རྒྱལ་མཚན་ཏེ། འདི་ལྟ་སྟེ་མི་སྨྲ་བའོ། །དེ་ལྟ་བས་ན་དགེ་སློང་གིས་མི་སྨྲ་བའི་ཡིད་དམ་བཅའ་བར་མི་བྱའོ། །
དགེ་སློང་མི་སྨྲ་བའི་ཡིད་དམ་བཅའ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དབྱར་གནས་པའི་དགེ་འདུན་ལ་མཐོང་བ་དང་ཐོས་པ་དང་དོགས་པ་དག་གི་དགག་དབྱེ་བྱའོ་ཞེས་བྱ་བ་ནི། དགེ་སློང་དབྱར་གནས་པར་ཁས་བླངས་པ་དབྱར་རལ་བ་ཡང་རུང་བས། དགེ་འདུན་ལ་ཚེ་
དང་ལྡན་པ་དག་གིས་བདག་ལ་མཐོང་བའམ་ཐོས་པའམ་དོགས་པ་གང་ལགས་པ་དེ་ཚེ་དང་ལྡན་པ་དག་གིས་སྨྲོས་ཤིག་དང་བདག་གིས་ཀྱང་དེ་བཞིན་དུ་སྐབས་འབྱེད་དོ་ཞེས་དགེ་འདུན་ལ་གནས་གསུམ་གྱིས་དགག་དབྱེ་བྱ་བ་སྟེ། འདི་ལྟར་དབྱར་རལ་བས་ཀྱང་དགག་དབྱེ་བྱ་དགོས་སོ། །དུས་གང་གི་

ཚེ་ཞེ་ན་དེའི་ཕྱིར། དབྱར་རྣམས་ཀྱི་ཐ་མའི་ཉི་མ་ལའོ་ཞེས་བྱ་བ་སྨྲས་ཏེ། དབྱར་གནས་པར་ཟླ་བ་གསུམ་གྱི་ཉི་མའི་ཐ་མ་ལ་སྟེ། སྟོན་ཟླ་འབྲིང་པོ་ཉའམ་སྟོན་ཟླ་ཐ་ཆུངས་ཉའི་ཉི་མ་དེ་ལའོ། །སྤྱོད་ཡུལ་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། གྲོང་ཁྱེར་དང་གྲོང་དང་ཚོང་དུས་ལ་སོགས་པར་སྦྲན་པར་བྱ་བ་སྟེ། ཅི་ཞིག་
གི་ཕྱིར་ཞེ་ན་སྤྱོད་ཡུལ་ན་གནས་པའི་སེམས་ཅན་རྣམས་ཀྱི་བསོད་ནམས་སྤེལ་བའི་ཕྱིར་རོ། །གང་གི་དུས་ནས་ཤེ་ན་དེའི་ཕྱིར། གང་ཚུན་ཆད་ནས་བྱི་དོར་བྱེད་པ་ནས་སོ་ཞེས་བྱ་བ་སྨྲས་ཏེ། ཉི་མ་གང་ཚུན་ཆད་ནས་གང་གཙུག་ལག་ཁང་བྱི་དོར་བྱེད་པ་དེ་ཚུན་ཆད་ནས་སོ། །དེ་ཡང་གང་ཚུན་ཆད་ནས་བྱེད་ཅེ་ན།
སྔར་དབྱར་གྱི་གཞིའི་སྐབས་སུ་ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་འབྱུང་བར་འགྱུར་བ་ཉིད་ན་གཙུག་ལག་ཁང་བྱི་དོར་བྱའོ། །ཁ་ཅིག་ལས་ནི་བདུན་ནམ་བརྒྱད་ན་ཞེའོ་ཞེས་སྨོས་པས། དབྱར་གནས་པར་ཁས་ལེན་པར་འབྱུང་བར་འགྱུར་བ་ཉིད་ཀྱི་མདུན་རོལ་ཞག་བཅུའམ་ཟླ་བ་ཕྱེད་དམ་ཞག་བདུན་ནམ་བརྒྱད་ནས་
གཙུག་ལག་ཁང་བྱི་དོར་བྱེད་པ་དང་འདྲ་བ་འདིར་ཡང་དགག་དབྱེའི་ཉི་མ་འབྱུང་བར་འགྱུར་བ་ཉིད་ཀྱི་མདུན་རོལ། ཞག་བཅུའམ་ཟླ་བ་ཕྱེད་དམ་ཞག་བདུན་ནམ་བརྒྱད་ནས་སྤྱོད་ཡུལ་དུ་བརྗོད་པར་བྱའོ། །ཇི་སྐད་བརྗོད་པར་བྱ་ཞེ་ན་དེའི་ཕྱིར་ད་ཕྱིན་ཆད་ཞག་འདི་ཙམ་ན་དགག་དབྱེ་མཛད་པར་འགྱུར་བ་ཁྱེད་ཅག་ལ་
བརྗོད་པ་ཡིན་ནོ་ཞེས་སོ་ཞེས་བྱ་བ་སྨྲས་སོ། །གཙུག་ལག་ཁང་བརྒྱད་པར་བྱའོ་ཞེས་བྱ་བ་ནི། གང་ཚུན་ཆད་ནས་གཙུག་ལག་ཁང་བྱི་དོར་བྱ་བ་བསྟན་པ་དེ་ཚུན་ཆད་ནས་གཙུག་ལག་ཁང་གོས་ལ་སོགས་པས་བརྒྱན་པར་བྱའོ། །ཁང་པ་བརྩིགས་པ་དག་བརྩིག་གོ་ཞེས་བྱ་བ་ཡང་དེ་ཚུན་ཆད་ནས་སོ། །གཙང་
ཁང་བྱུར་བུ་དག་ཀྱང་རི་མོ་བྲིའོ་ཞེས་བྱ་བ་ཡང་དེ་ཚུན་ཆད་ནས་སོ། །མཆོད་རྟེན་དག་གསོ་བ་དང་བྱི་བྱད་བྱའོ་ཞེས་བྱ་བ་ཡང་། དེ་ཚུན་ཆད་ནས་དེ་གསོ་བར་ཞེས་བྱ་བ་ནི། རལ་བ་དང་འདྲུམས་པ་ལ་སོགས་པ་ཕྱིར་གསོ་བ་དང་དཀར་པོར་བྱའོ། །བྱི་བྱད་ཅེས་བྱ་བ་ནི། རྡུལ་ལ་སོགས་པ་སྤྲུག་པ་དང་ཕྲེང་བ་རྒྱུ་རྙིང་
པ་ལ་སོགས་པ་བསལ་བའོ། །སེང་གེའི་ཁྲི་བརྒྱན་པར་བྱའོ་ཞེས་བྱ་བ་ནི་ཚེས་བཅུ་བཞི་ནས་སོ། །དེ་མོད་མཚན་ཐོག་ཐག་ཆོས་མཉན་པ་འབྱུང་བར་འགྱུར་གྱིས་དར་ཚེ་དང་ལྡན་པ་དག་གིས་ཚོགས་པ་སྦྱིན་པར་བྱའོ་ཞེས་སྤྱོད་ཡུལ་དུ་བརྗོད་ནས་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་གསོལ་བ་བཏབ་པ་དག་གིས་

ཚེས་བཅུ་བཞིའི་མཚན་ཐོག་ཐག་ཏུ་ཆོས་མཉན་པ་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ཚེས་བཅུ་བཞིའི་ཉིན་མོ་སྤྱོད་ཡུལ་དུ་དེ་སྐད་སྦྲན་ནས་ཚེས་བཅུ་བཞིའི་ནུབ་མོ་ཐམས་ཅད་ཚོགས་པ་ན་དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་གསོལ་བ་བཏབ་པ་དག་གིས་མཚན་ཐོག་ཐག་ཏུ་ཁ་ཏོན་
གདོན་པས་ཆོས་མཉན་པ་སྦྱིན་པར་བྱའོ། །གཞན་ལ་ནི་དེ་དག་གིས་ལས་ཀྱི་མདུན་རོལ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་མཚན་འདའ་བར་བྱའོ་ཞེས་བྱ་བ་ནི། ཚེས་བཅོ་ལྔའི་ནུབ་མོ་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དེ་དག་གིས་དགག་དབྱེའི་ལས་ལ་མ་བབ་པའི་མདུན་རོལ་
ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་དགག་དབྱེའི་ལས་རྩོམ་པ་ལ་ཐུག་པ་ཚུན་ཆད་དུ་མཚན་མོ་འདའ་བར་བྱའོ། །དེ་ཡང་གང་གི་ཚེ་ཞེ་ན་དེའི་ཕྱིར། དགག་དབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་དུའོ་ཞེས་བྱ་བ་སྨྲས་ཏེ། དགག་དབྱེའི་ལས་ནི་སྐྱ་རེངས་དང་པོ་མ་ཤར་བའི་མདུན་
དུ་ཟིན་པར་བྱ་བར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། དགག་དབྱེའི་ལས་ནི་ཅི་ནས་ཀྱང་སྐྱ་རེངས་དང་པོ་འཆར་བ་དང་། དགག་དབྱེའི་ལས་ཀྱི་མཇུག་གི་ཆར་མི་འཕྲད་པར་དེ་ལྟར་སྐྱ་རེངས་དང་པོ་མ་ཤར་བར་ལས་ཐམས་ཅད་ཟིན་པར་བྱའོ། །ལས་དང་པོ་རྩོམ་པ་ཚུན་ཆད་དུ་ནི་ཆོས་བཤད་པར་བྱའོ་ཞེས་བྱ་བའི་
ཐ་ཚིག་གོ། །དགེ་སློང་དགག་དབྱེ་བྱེད་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། ལས་ཀྱི་དང་པོ་ཁོ་ནར་དགེ་སློང་དགག་དབྱེ་བྱེད་པ་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱིས་བསྐོ་བར་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་ཁྱོད་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་
གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགག་དབྱེ་བགྱིད་པར་བསྐོ་སྟེ། དགེ་སློང་
དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་

གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགག་དབྱེ་བགྱིད་པར་བསྐོ་ན། དགེ་སློང་མིང་འདི་ཞེས་བགྱི་བ་དགག་དབྱེ་བགྱིད་པར་བསྐོ་བར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་
མིང་འདི་ཞེས་བགྱི་བ་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །མི་ནུས་ན་དུ་མའོ་ཞེས་བྱ་བ་ནི། དགེ་འདུན་མང་བའི་ཕྱིར་དགག་དབྱེ་བྱེད་པ་གཅིག་གིས་མི་ནུས་ན། དགག་དབྱེ་བྱེད་པ་དུ་མ་ཡང་ཆོ་ག་སྔར་བསྟན་པས་ཅིག་ཅར་
དུས་གཅིག་ཏུ་བསྐོར་རུང་ངོ་། །དགག་དབྱེ་བྱ་བའི་ཕྱིར་གཞན་གྱིས་དགེ་འདུན་ལ་གསོལ་བ་བྱའོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པ་བསྐོས་ཟིན་པའི་འོག་ཏུ་དགེ་སློང་དགག་དབྱེ་བྱེད་པ་ཉིད་མ་ཡིན་པ་གཞན་ཅིག་གིས་དགག་དབྱེ་བྱ་བའི་ཕྱིར་དགེ་འདུན་ལ་གསོལ་བ་བྱའོ། །འདིའི་སྔགས་ནི། དགེ་
འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་ནི་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་གྲལ་
གྱི་ཆ་ལས་བྱར་རུང་ངོ་ཞེས་བྱ་བ་ནི། དགག་དབྱེ་བྱ་བ་འདི་ལ་གྲལ་གྱི་ཚར་གཅིག་ལ་དགག་དབྱེ་བྱེད་པ་དུ་མ་དག་གིས་སྟོད་སྨད་ཀྱི་ཚར་བཅད་དེ་དགག་དབྱེ་བྱར་རུང་ངོ་། །རྩྭ་དཱུར་བ་བྲིམས་པ་དང་མདུན་དུ་འདུག་པ་ཡང་དགག་དབྱེ་བྱེད་པའི་ཡུལ་ཡིན་ནོ། །དེས་རྩྭ་དཱུར་བ་བྲིམ་པར་བྱའོ་ཞེས་བྱ་བ་ནི།
དགག་དབྱེ་བྱེད་པ་དེས་ཇེ་དང་པོར་དགེ་འདུན་ཐམས་ཅད་ལ་རྩྭ་དཱུར་བ་ཁྱེད་པར་བྲིམ་པར་བྱའོ། །བྲིམ་པར་བྱའོ་ཞེས་བྱ་བའི་ཚིག་གིས་ན་སྔ་ནས་རྩྭ་དཱུར་བ་སྟ་གོན་བྱ་བ་ཡང་དེ་ཉིད་ཀྱི་ལས་ཡིན་ནོ། །དགག་དབྱེ་བྱས་ཟིན་གྱི་བར་དུ་དགེ་སློང་རེ་རེའི་མདུན་དུ་འདུག་པར་བྱའོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པས་
དགེ་སློང་ཇི་སྙེད་ལ་དགག་དབྱེ་བྱེད་པར་འགྱུར་བ་དེ་སྙེད་ཀྱི་དགེ་སློང་རེ་རེའི་མདུན་དུ་འདུག་པར་བྱ་བ་སྟེ། ཇི་ལྟར་དགག་དབྱེ་བྱ་བ་ཙོག་ཙོག་པོར་འདུག་ཅིང་ལྷྭམ་བུད་དེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་འདུག་པ་དེ་བཞིན་དུ་དགག་དབྱེ་བྱེད་པ་ཡང་འདུག་པར་བྱའོ། །རྩྭ་དཱུར་བ་སྔར་བྲིམས་པ་དེ་ནི་དགག་

དབྱེ་གོ་བར་བྱེད་པའི་དུས་ན་དགག་དབྱེ་བྱ་བ་དང་། དགག་དབྱེ་བྱེད་པ་གཉི་གའི་ལག་པས་ཕན་ཚུན་ནས་གཟུང་བར་བྱའོ། །དེ་ལ་དགག་དབྱེ་གོ་བར་བྱ་བ་ནི་ལན་གསུམ་མོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པ་མདུན་ན་གནས་པ་དེ་ལ་དགེ་སློང་རེ་རེས་ཀྱང་དགག་དབྱེ་གོ་བར་བྱ་བའི་སྔགས་
ལན་གསུམ་གསུམ་བརྗོད་པར་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་ནི་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་
པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱིས། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་
པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་དུ་སླར་བགྱིའོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ཙམ་གྱིས་ནད་པ་ངལ་བ་དང་གནས་མལ་ཕན་ཚུན་དུ་འགྱུར་བ་དང་
དུས་ལས་ཡོལ་བ་དང་གནོད་པ་འབྱུང་ན་གཉིས་སོ་ཞེས་བྱ་བ་ནི། ལན་གསུམ་བཟླས་པ་དེ་ཙམ་གྱིས་ནད་པ་ངལ་བ་འབྱུང་བའམ་གནས་མལ་ཕན་ཚུན་དུ་འགྱུར་བ་འབྱུང་བའམ་དུས་ལས་ཡོལ་བ་འབྱུང་བའམ། གནོད་པ་འབྱུང་བ་ལྟ་ན་དགག་དབྱེ་གོ་བར་བྱ་བའི་སྔགས་ལན་གཉིས་བཟླས་པར་བྱའོ། །
དེ་ལ་ནད་པ་ངལ་བ་འབྱུང་བ་ནི། ནད་པ་སྡུག་བསྔལ་གྱི་ཚོར་བས་ངལ་བར་འགྱུར་བ་སྟེ། རླུང་ལ་སོགས་པས་ཀྱང་ནད་པ་ངལ་བར་འགྱུར་བ་སྲིད་པས། དེས་ན་འདིར་གཞང་འབྲུམ་གྱི་ནད་འབའ་ཞིག་གི་དབང་དུ་མ་བྱས་སོ། །གནས་མལ་ཕན་ཚུན་དུ་འགྱུར་བ་འབྱུང་བ་ནི། གནས་ཁང་དང་།
མལ་ཆ་དང་སྟན་ལ་སོགས་པ་ཆུད་ཟ་བར་འགྱུར་བ་སྟེ། རླུང་ལ་སོགས་པས་ཀྱང་གནས་མལ་ཕན་ཚུན་དུ་འགྱུར་བ་སྲིད་པས་དེས་ན་འདིར་ཆར་པ་འབའ་ཞིག་གི་དབང་དུ་མ་བྱས་སོ། །དུས་ལས་ཡོལ་བ་འབྱུང་བ་ནི་དགག་དབྱེའི་དུས་ལས་ཡོལ་བ་འབྱུང་བ་སྟེ། སྨོན་ལམ་ཀློག་པ་དང་ཆོས་ཉན་པ་

སྨྲ་བ་དང་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་དང་རྩོད་པ་ཉེ་བར་ཞི་བར་བྱེད་པས་ཀྱང་མཚན་འདའ་བར་འགྱུར་སྲིད་པས་དེས་ན་འདིར་སྤྱིར་བསྟན་ཏོ། །གནོད་པ་འབྱུང་བ་ནི། ཉམ་ང་བ་འབྱུང་བ་སྟེ། རྒྱལ་པོ་དང་ཆོམ་རྐུན་པ་དང་གྲོང་པའི་མི་དང་གདུག་པ་དང་ཀླུ་དང་མེ་དང་ཆུ་ལ་སོགས་པའི་
གནོད་པས་སྲོག་དང་དགེ་སྦྱོང་གི་ཚུལ་དང་ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བ་ཡང་སྲིད་པས་དེས་ན་འདིར་སྤྱིར་བསྟན་ཏོ། །དེ་ཙམ་གྱིས་ན་ཡང་ལན་གཅིག་གོ་ཞེས་བྱ་བ་ནི། ལན་གཉིས་བཟླས་པ་དེ་ཙམ་གྱིས་ཀྱང་ནད་པ་ལ་ངལ་བ་ལ་སོགས་པ་འབྱུང་བར་འགྱུར་བ་ལྟ་ན་དགག་དབྱེ་གོ་བར་བྱ་བའི་སྔགས་
ལན་གཅིག་བཟླས་པར་བྱའོ། །དེས་གྲལ་རྫོགས་ན་གཞན་ལའོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པ་དེས་དགེ་སློང་གི་གྲལ་གྱི་དགག་དབྱེ་བྱེད་པ་གཞན་གཅིག་ལ་རང་གི་དགག་དབྱེ་བྱའོ། །མེད་ན་གཞན་ལའོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པ་གཞན་དེ་མེད་ན་དགག་དབྱེ་བྱེད་པ་དེས་དགེ་སློང་གཞན་
གཅིག་གི་མདུན་དུ་རང་གི་དགག་དབྱེ་བྱའོ། །དགེ་འདུན་ཐམས་ཅད་ཀྱི་དགག་དབྱེ་བྱས་པ་དེ་ཉིད་དགེ་འདུན་ལ་གོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་ཟིན་པའི་རྗེས་ལ། དགག་དབྱེ་བྱེད་པས་དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་པ་དེ་ཉིད་དགེ་སློང་གི་
དགེ་འདུན་ལ་གོ་བར་བྱ་བའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདི་ན་དབྱར་གནས་པའི་དགེ་འདུན་གྱིས་དགག་དབྱེ་མཛད་ལགས་སོ་ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བསྒྲུབ་
པར་བྱའོ་ཞེས་བྱ་བ་ནི་དེ་དགག་དབྱེ་བྱེད་པས་དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་པ་དེ་ཉིད་དགེ་སློང་གི་དགེ་འདུན་ལ་གོ་བར་བྱས་མ་ཐག་ཏུ་དགེ་སློང་འདུས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས། ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བྱ་བའི་སྔགས་འདིས་དགག་དབྱེ་བྱེད་
པའི་ཚིག་དེ་བསྒྲུབ་པར་བྱའོ། །ལེགས་པར་དགག་དབྱེ་མཛད་དོ་ཞེས་བྱ་བ་ནི། མཛེས་ཤིང་ཁ་ན་མ་ཐོ་བ་མེད་པར་རོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བྱ་བ་ནི། འདི་ལ་བདག་ཅག་ཐེ་ཚོམ་མེད་དོ་ཞེས་བསྒྲུབ་པར་བྱ་བའོ། །རང་གི་རྫས་གང་ཡང་རུང་བ་ཐ་ན་ཁབ་ཙམ་གྱིས་ཀྱང་དགེ་འདུན་

ལ་རྫས་ཀྱི་དགག་དབྱེ་བརྩམ་པར་བྱ་སྟེ། དེ་བླངས་ན་ཚིག་གིས་སོ་ཞེས་བྱ་བ་ནི། དེ་ལྟར་ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བསྒྲུབས་མ་ཐག་ཏུ་དགག་དབྱེ་བྱེད་པ་དེས་རང་གི་རྫས་ཀྱི་དགེ་འདུན་ལ་རྫས་ཀྱི་དགག་དབྱེ་བརྩམ་པར་
བྱའོ། །རྫས་ཀྱི་དགག་དབྱེ་ཞེས་བྱ་བ་ནི། སྦྱིན་པར་བྱ་བའི་རྫས་གང་ལ་དགེ་འདུན་སྤྱན་དྲང་བའོ། །གང་ཡང་རུང་བ་ཞེས་བྱ་བ་ནི། ཆུང་ངུ་ཡང་རུང་བའོ། །ཐ་ན་ཁབ་ཙམ་གྱིས་ཀྱང་ཞེས་བྱ་བ་ནི་ཆུང་ངུ་ན་ཁབ་ཀྱི་མཐའ་ཡན་ཆད་ཀྱང་རུང་བའོ། །ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དེ་བླངས་ནས་ཚིག་གིས་སོ་ཞེས་བྱ་བ་
སྨྲས་ཏེ། དགག་དབྱེ་བྱེད་པ་དེས་ཁབ་ལ་སོགས་པ་དེ་ལག་ཏུ་བླངས་ནས་རྒན་རིམས་ཀྱི་མདུན་དུ་འདུག་སྟེ། དགེ་འདུན་ལ་ཚིག་གིས་རྫས་ཀྱི་དགག་དབྱེ་བརྩམ་པར་བྱའོ། །ཚིག་དེ་ཇི་ལྟ་བུ་ཞིག་ཅེ་ན་དེའི་ཕྱིར། བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བགྱིར་
རུང་ངོ་ཞེས་བྱ་བ་སྨྲས་ཏེ། སྔགས་ཀྱི་ཚིག་འདིས་སོ། །འདི་ནི་སྦྱིན་པར་བྱེད་པ་རྣམས་ཀྱི་བསོད་ནམས་ཀྱི་འདུ་བའི་སྒོའི་བྱེ་བྲག་བསྟན་པའི་ཕྱིར་བཅས་ཏེ། འདི་ལྟར་དགག་དབྱེ་བྱས་པའི་དགེ་སློང་གི་དགེ་འདུན་ནི་དགེ་ལེགས་ཀྱི་བསམ་པ་ཅན་ཡིན་པའི་ཕྱིར། ཤིན་ཏུ་ཡོངས་སུ་དག་པ་དང་བྱམས་པའི་
སེམས་དང་ལྡན་པ་ཡིན་པའི་ཕྱིར་ཤིན་ཏུ་དང་བར་འགྱུར་བ་ཡིན་པས། དེའི་ཕྱིར་བསོད་ནམས་ཀྱི་ཞིང་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས་དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེས་མང་པོར་འགྱུར་རོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ་ཞེས་བྱ་བ་ནི། རྫས་ཀྱི་དགག་དབྱེ་བྱས་པ་དེའི་འོག་ཏུ་དགག་
དབྱེ་བྱེད་པ་དེས་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ། །དེའི་འོག་ཏུ་དགེ་སློང་མ་རྣམས་ལའོ་ཞེས་བྱ་བ་ནི། དགེ་ཚུལ་རྣམས་ལ་དགག་དབྱེ་བྱས་པའི་འོག་ཏུ་དགག་དབྱེ་བྱེད་པ་དེས་དགེ་སློང་མ་རྣམས་ལ་དགག་དབྱེ་བྱའོ། །རང་གི་ཕྱོགས་མ་རྫོགས་པར་ཕྱོགས་གཞན་ལ་འཇུག་པར་མི་རིགས་པས་དེས་ན་
དགེ་ཚུལ་རྣམས་ཀྱི་འོག་ཏུ་དགེ་སློང་མ་རྣམས་ལ་དགག་དབྱེ་བྱ་བ་བསྟན་ཏེ། དགེ་སློང་མ་ཞེས་སྨོས་པ་ནི་རང་གི་ཕྱོགས་དང་མཐུན་པའི་དཔེ་ཙམ་དུ་ཟད་པས་དེས་ན་དགེ་སློང་མ་རྣམས་ཀྱི་འོག་ཏུ་དགེ་སློང་མ་རྣམས་ལ་བྱ་བ་དང་། དེའི་འོག་ཏུ་དགེ་ཚུལ་མ་རྣམས་ལ་བྱ་བ་ཡང་མདོ་འདིས་བསྡུས་པ་ཡིན་ནོ། །

བྱིན་གྱིས་བརླབས་ཏེ་སོང་བས་དེར་སྔར་དགག་དབྱེ་བྱེད་པ་ན་དེ་དག་དང་ལྷན་ཅིག་བྱས་ན་དགག་དབྱེ་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དབྱར་གྱི་ནང་དུ་ཞག་བདུན་ལ་སོགས་པ་བྱིན་གྱིས་བརླབས་ཏེ། གཙུག་ལག་ཁང་གཞན་དུ་སོང་བ་དེས་གནས་དེ་ན་གནས་པའི་དགེ་སློང་རྣམས་དབྱར་སྔ་
མར་གནས་པར་ཁས་བླངས་པའི་དབང་གིས་སམ། ཚེས་གྲངས་ནོར་བའི་དབང་གིས་སམ། གང་ཟག་འཐབ་ཀྲོལ་ཅན་འོང་བར་གྲགས་པའི་དབང་གིས་གནས་དེར་དགེ་སློང་གློ་བུར་དུ་འོངས་པ་དེའི་དགག་དབྱེའི་དུས་པས། སྔར་མ་ཚོགས་ཏེ་དགག་དབྱེ་བྱས་པ་ན། གནས་དེར་དགེ་སློང་གློ་བུར་དུ་
འོངས་པ་དེས་གཉུག་མར་གནས་པ་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ནས་དེས་དགག་དབྱེ་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་གང་དུ་གནས་པར་ཁས་བླངས་པ་དེ་ཉིད་དུ་དགག་དབྱེ་ངེས་པར་འཆགས་ཀྱི་གཞན་དུ་ནི་མི་འཆགས་སོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་མདོར་བྱས་སོ། །
འདིར་གཞུང་ནི། བཙུན་པ་རེ་ཞིག་དགག་དབྱེའི་གདུགས་ཀྱི་ལྷག་མ་བཅུ་མཆིས་ཤིང་། དགེ་སློང་དེ་ཡང་བསྐོས་ཏེ་མཚམས་ཀྱི་སླད་རོལ་དུ་མཆིས་ནས་དེ་ནས་གདུགས་བདུན་ན་དགག་དབྱེ་བྱུང་ནས་དེ་དེར་དགག་དབྱེ་བགྱིད་ན། དགག་དབྱེ་བགྱིས་ཞེས་བགྱིའམ། ཉེ་བ་འཁོར་དགག་དབྱེ་བྱས་ཞེས་བྱའོ། །
བཙུན་པ་རེ་ཞིག་དགག་དབྱེའི་གདུགས་ཀྱི་ལྷག་མ་བདུན་མཆིས་ཤིང་དགེ་སློང་དེ་ཡང་བྱིན་གྱིས་བརླབས་ཏེ། མཚམས་ཀྱི་སླད་རོལ་ཏུ་མཆིས་ནས་གང་དུ་མཆིས་པ་དེར་གདུགས་བཞི་ལ་དགག་དབྱེ་བྱུང་ནས་དེ་དེར་དགག་དབྱེ་བགྱིད་ན། དགག་དབྱེ་བགྱིས་ཞེས་བགྱིའམ། ཉེ་བ་འཁོར་དགག་དབྱེ་
བྱས་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ།། །།བམ་པོ་ལྔ་བཅུ་པ། བུད་མེད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དགག་དབྱེ་བྱེད་པ་བུད་མེད་ཡིན་ན། དེ་ལ་དགེ་སློང་དང་དགེ་སློང་མ་ལ་སོགས་པས་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་ཉིད་མ་ཡིན་ནོ་ཞེས་སྨྲས་པ་ནི། དགག་དབྱེ་བྱེད་པ་གཟུང་གི་དགེ་
འདུན་ནི་མ་ཡིན་ཏེ། བུད་མེད་ཀྱི་དགེ་འདུན་ལ་ཡང་སྐྱེས་པས་དགག་དབྱེ་ཡང་མི་བྱའོ། །དགག་དབྱེ་བྱེད་པ་ཉིད་ནི་སྐྱེས་པའི་དབང་དུ་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །གྱུར་པ་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་དགག་དབྱེ་བྱེད་པར་བསྐོས་པ་དེ་དགག་དབྱེ་བྱེད་པ་ན་མཚན་གྱུར་ཏེ། དགེ་སློང་མའི་

མཚན་དང་ལྡན་པར་གྱུར་ན་གང་ཟག་དེ་ལ་དགེ་སློང་དང་དགེ་སློང་མ་ལ་སོགས་པས་དགག་དབྱེ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི་མདོ་སྔ་མ་ལས་མ་ཡིན་ནོ་ཞེས་དགག་པའི་ཚིག་སྨོས་པ་དེའི་རྗེས་བསྙག་པའི་ཕྱིར་དང་མཚན་གྱུར་པ་ལ་དགག་དབྱེ་
བྱས་ན་ཡང་དགག་དབྱེ་བྱས་པ་ཉིད་མ་ཡིན་ན། གལ་ཏེ་དང་པོ་ནས་བུད་མེད་ཉིད་དུ་གྱུར་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་སྟོན་ཏོ། །འདིར་གཞུང་ནི་དགག་དབྱེ་བྱེད་པ་མཚན་གྱུར་ན་དགག་དབྱེ་བྱས་པ་མ་ཡིན་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་པར་མི་ནུས་པ་ཉིད་ཡིན་ན་
སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་ལ་ཚོགས་ཀྱི་དགག་དབྱེས་གོ་བར་བྱའོ་ཞེས་བྱ་བ་ནི། གནས་པར་ཁས་བླངས་པའི་གནས་སུ་ཡུལ་འཁྲུག་པ་ལ་སོགས་པའི་རྒྱུས་གནས་པར་མི་ནུས་པ་ཉིད་ཡིན་ན་དེའི་ཚེ་རང་གི་མིག་ལྔའི་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་མདུན་ན་གནས་པ་དེ་ལ་དགེ་སློང་འགྲོ་
བར་རྩོལ་བ་དེས་ཚོགས་ཀྱིས་དགག་དབྱེས་དགག་དབྱེ་བགྱིད་དོ་ཞེས་གོ་བར་བྱས་ཏེ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ཡུལ་འཁྲུག་པ་ལ་སོགས་པའི་གནོད་པས་གནས་པར་མི་ནུས་ན་དགེ་སློང་དག་དང་ཕྲད་པ་ལ་ཚོགས་པའི་དགག་དབྱེ་བྱས་པས་གོ་བར་བྱ་བའམ།
ཕན་ཚུན་གོ་བར་བྱ་བས་དགག་དབྱེ་གོ་བར་བྱས་ཏེ་འགྲོ་བར་བྱའོ། །ཚོགས་པའི་དགག་དབྱེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་ནི་དགེ་འདུན་གྱི་དགག་དབྱེ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་
བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་དག་ཚོགས་པའི་དགག་དབྱེ་བགྱིད་ཀྱིས། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་
ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་དུ་སླར་བགྱིའོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ་ཞེས་

གསུངས་པ་ཡིན་ནོ། །དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་ན་དགག་དབྱེ་བྱའོ་ཞེས་བྱ་བ་ནི། དགག་དབྱེའི་དུས་ལ་མ་བབ་པར་དབྱར་གྱི་ནང་དུ་དགེ་སློང་བྱ་བའི་དབང་གིས་གནས་གཞན་དུ་འགྲོ་དགོས་པར་གྱུར་ན་ཚེས་བཅོ་ལྔའམ་བཅུ་བཞིའི་དུས་གང་ཡང་རུང་བ་ཅིག་དང་སྦྱར་ཏེ། དགག་དབྱེའི་ཚུལ་བཞིན་
དུ་བྱ་ཞིང་འགྲོ་བར་བྱའོ། །འདི་སྐད་བསྟན་ཏེ། གནས་པར་ཁས་བླངས་པའི་དགེ་སློང་ལ་མི་འགྲོ་བར་མི་རུང་བའི་བྱ་བ་དེ་ལྟ་བུ་ཞིག་བྱུང་ན་རང་དགར་འགྲོ་བ་མ་ཡིན་པའི་དགེ་སློང་དེས་དབྱར་གྱི་ནང་དུ་དགག་དབྱེ་བྱེད་པ་ལ་མི་རིགས་པ་མེད་པར་བྱའོ། །འདིར་གཞུང་ནི་བཙུན་པ་འདི་ལྟར་དགེ་སློང་དག་
ཁྲིམས་སུ་བགྱི་བ་འདི་ལྟ་བུ་བགྱིས་ན་དབྱར་གནས་པར་ཁས་ལེན་པར་བགྱིད་དེ། ཚེ་དང་ལྡན་པ་དག་གལ་ཏེ་བདག་དབྱར་གྱི་ནང་དུ་ཉེ་དུའི་གན་དུ་འགྲོ་བའི་དགག་དབྱེ་སྦྱིན་པ་ལྟ་ན་བདག་དབྱར་གནས་པར་ཁས་ལེན་ཏོ་ཞེས་མཆི་ན་བཙུན་པ་དགག་དབྱེ་སྩལ་བར་བགྱིའམ། ཉེ་བ་འཁོར་སྦྱིན་པར་
བྱའོ་ཞེས་གསུངས་པ་ཡིན་ནོ། །ཁྲིམས་སུ་བྱ་བ་མེད་པར་ཡང་དབྱར་གྱི་ནང་དུ་ཉེ་དུའམ་གཞན་གྱི་ཕྱིར་འགྲོ་ལ་དགག་དབྱེ་སྦྱིན་དུ་རུང་བས་དེའི་ཕྱིར་འདིར་སྤྱིར་མདོར་བྱས་སོ། །གཞིའམ་གང་ཟག་གམ་གཉི་ག་བཞག་ནས་ཀྱང་ངོ་ཞེས་བྱ་བ་ཡང་། དགག་དབྱེ་བྱར་རུང་ངོ་ཞེས་བྱ་བར་སྦྱར་རོ། །གཞི་
ཞེས་བྱ་བ་ནི་ལྟུང་བ་ལ་བྱ་སྟེ། ལྟུང་བ་ཐམས་ཅད་བཞག་ནས་དགག་དབྱེ་བྱར་མི་རུང་གི །འདི་ལྟར་ཕམ་པར་འགྱུར་བའི་སྡེ་ཚན་མ་གཏོགས་པ་དགེ་འདུན་ལྷག་མ་ལ་སོགས་པ་ལྟུང་བའི་སྡེ་ཚན་གཞན་གང་ཡང་རུང་བ་ཅིག་བཞག་སྟེ་དགག་དབྱེ་བྱར་རུང་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན་བདག་
ཕམ་པར་འགྱུར་བའི་སྡེ་ཚན་མ་གཏོགས་པ་ལྟུང་བྱེད་ཀྱི་སྡེ་ཚན་གཞན་ལས་གང་ཡང་རུང་བ་ཅིག་ནི་དགག་དབྱེ་མི་བྱེད་ཀྱིས་ཁྱེད་ཀྱིས་ཀྱང་གནས་གསུམ་གྱིས་བདག་ལ་མ་གླེང་ཤིག །ཕམ་པར་འགྱུར་བའི་སྡེ་ཚན་ལ་སོགས་པ་ལྟུང་བ་གཞན་ནི། དགག་དབྱེ་བྱེད་ཀྱིས་ཁྱེད་ཅག་གིས་ཀྱང་གནས་
གསུམ་གྱིས་གླེངས་ཤིག་ཅེས་ཟེར་བ་དེས་ཀྱང་དགག་དབྱེ་བྱ་བར་རུང་བའོ། །འདིར་གཞུང་ནི་གལ་ཏེ་དགེ་འདུན་ལྷག་མ་ཤེས་ན་བྱིན་གྱིས་བརླབས་ཏེ་དགག་དབྱེ་བྱའོ། །ཕམ་པར་འགྱུར་བ་ཤེས་ན་ནི་བསྙིལ་བར་གསུངས་པས་བསྙིལ་ཏེ་དགག་དབྱེ་བྱའོ། །དེ་ལས་གཞན་པ་དག་ཤེས་ན་ནི་བཤགས་

ཏེ་དགག་དབྱེ་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ཟག་ཅེས་བྱ་བ་ནི་འདིར་གང་ཟག་གང་ལས་ལུས་ཀྱིས་རེག་པ་ལ་སོགས་པའི་ལྟུང་བ་བྱུང་བར་གྱུར་པའི་གང་ཟག་དེ་ལ་བྱའི་གླེང་བ་པོ་དང་གླེང་བར་བྱ་བ་མ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན་གང་ཟག་བུད་མེད་གང་གི་ཡུལ་ལས་ལུས་
ཀྱིས་རེག་པ་ལ་སོགས་པ་བྱུང་བའི་གང་ཟག་གང་ཡང་རུང་བ་གཅིག་ནི་དགག་དབྱེ་མི་བྱེད་ཀྱིས་ཁྱེད་ཅག་གིས་ཀྱང་གནས་གསུམ་གྱི་བདག་ལ་མ་གླེང་ཤིག །དེ་ལས་གཞན་པའི་གང་ཟག་ཐམས་ཅད་ཀྱི་འབྱུང་བའི་མཐའ་ནི་དགག་དབྱེ་བྱེད་ཀྱིས་ཁྱེད་ཅག་གིས་ཀྱང་གནས་གསུམ་གྱིས་གླེངས་ཤིག་ཅེས་
ཟེར་བ་དེས་ཀྱང་དགག་དབྱེ་བྱར་རུང་བའོ། །གཉི་ག་ཞེས་བྱ་བ་ནི། གཞི་དང་གང་ཟག་གཉི་ག་སྟེ་གཞི་འདི་དང་གང་ཟག་འདི་ནི་དགག་དབྱེ་མི་བྱེད་ཀྱིས་ཁྱེད་ཀྱིས་ཀྱང་གནས་གསུམ་གྱིས་བདག་ལ་མ་གླེང་ཤིག །གཞི་དེ་དང་གང་ཟག་དེ་ལས་གཞན་པའི་གཞི་དང་གང་ཟག་གི་བྱུང་བའི་མཐའ་ཐམས་
ཅད་ནི་དགག་དབྱེ་བྱེད་ཀྱིས་ཁྱེད་ཀྱིས་ཀྱང་གནས་གསུམ་གྱིས་གླེངས་ཤིག་ཅེས་ཟེར་ན་དེས་ཀྱང་དགག་དབྱེ་བྱར་རུང་བའོ། །དེ་དག་མནོད་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་བཞིའམ་གང་ཟག་གམ་གཉི་ག་བཞག་སྟེ། དགག་དབྱེ་བྱེད་པ་དེ་དག་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་མནོད་
ཅིང་ཁས་བླང་བར་བྱ་བའོ། །གཞག་པར་བྱ་བ་མཐའ་མ་གཏོགས་པ་ཉིད་ཁས་བླང་བར་བྱ་བའོ་ཞེས་བྱ་བ་ནི། གཞག་པར་བྱ་བ་རྣམ་པ་གསུམ་སྔར་བསྟན་པ་ལས་གཞི་ཞེས་སྨོས་པ་དང་སྦྱར་ཏེ། གཞག་པར་བྱ་བ་བཞི་ཞེས་བྱ་བ་ལྟུང་བའི་སྡེ་ཚན་དེ་ལས་མཐའ་ཞེས་བྱ་བ་ན། ཕམ་པར་འགྱུར་
བའི་སྡེ་ཚན་མ་གཏོགས་པ་དེ་ལས་གཞན་པ་དགེ་འདུན་ལྷག་མ་ལ་སོགས་པའི་སྡེ་ཚན་གང་ཡང་རུང་བ་འཇོག་ཅིང་དགག་དབྱེ་བྱེད་ན། དགག་དབྱེ་བྱེད་པ་རྣམ་པ་དེ་ལྟ་བུ་དེ་ནི་དགེ་འདུན་དུ་གྱུར་པའི་དགེ་སློང་དག་དང་། དགག་དབྱེ་བྱེད་པའི་དགེ་སློང་གིས་ཀྱང་ཁས་བླང་བར་བྱའོ། །ཇི་ལྟར་ཁས་
བླང་བར་བྱ་ཞེ་ན་དེའི་ཕྱིར་ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་འཇོག་པར་བྱེད་ཅིང་གང་ཟག་འཇོག་པར་མི་བྱེད་པ་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ་ཆོས་

རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པས་གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག་ཅེས་སོ་ཞེས་བྱ་བ་སྨྲས་ཏེ། ཚེ་དང་ལྡན་པ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །ཁོ་བོ་ཅག་ནི་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་སོ། །ཅི་ནས་ཀྱང་ཞེས་བྱ་བ་ནི། ཀྱེ་མ་ཞེས་བྱ་བའི་
ཐ་ཚིག་གོ། །གཞི་འཇོག་པར་བྱེད་ཅིང་ཞེས་བྱ་བ་ནི། ལྟུང་བ་སྡེ་ལྔ་པོ་དག་ལས་ཕམ་པར་འགྱུར་བ་མ་གཏོགས་པ་ལྟུང་བ་གཞན་གང་ཡང་རུང་བ་ཅིག་གི་དགག་དབྱེ་མི་བྱེད་ཅིང་ངོ་། །གང་ཟག་འཇོག་པར་མི་བྱེད་པ་ཞེས་བྱ་བ་ནི། གང་ཟག་གང་ལས་ལུས་ཀྱིས་རེག་པ་ལ་སོགས་པའི་
ལྟུང་བ་བྱུང་བར་གྱུར་པའི་གང་ཟག་དེའི་དགག་དབྱེ་བྱེད་པར་འགྱུར་བའོ། །དེའི་དོན་དུ་ཞེས་བྱ་བ་ནི། ཇི་སྐད་བསྟན་མ་ཐག་པ་དེ་གཉིས་ཀྱི་དོན་དུའོ། །འདུས་ཤིང་ཞེས་བྱ་བ་ནི། གནས་གཅིག་ཏུ་འདུས་པར་གྱུར་པའོ། །འདུག་པ་ཞེས་བྱ་བ་ནི་འཁོད་པའོ། །མ་ཡིན་གྱི་ཞེས་བྱ་བ་ནི། དེ་ལྟ་བུ་
མ་ཡིན་པར་དགག་པའོ། །ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ་ཞེས་བྱ་བ་ནི། གསོ་སྦྱོང་བྱས་ན་ཁ་ན་མ་ཐོ་བ་མེད་པ་ཉིད་ཙམ་ལ་རྣམ་པར་དག་པ་ཞེས་བྱའོ། །ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པ་ཞེས་བྱ་བ་ནི། གླེང་བ་དང་གདམས་ངག་
དང་རྗེས་སུ་བསྟན་པ་དག་ལ་ཡང་དག་པར་ཞུགས་པ་ཉིད་དང་དྲང་པོ་ཉིད་དུ་གྱུར་ན། སེམས་དང་སེམས་ལས་བྱུང་བ་དག་གི་ཆོས་རྣམ་པར་དག་པར་འགྱུར་བའོ། །གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག་ཅེས་བྱ་བ་ནི། གལ་ཏེ་བདག་ལ་ཕམ་པར་འགྱུར་བ་བཞི་པོ་དག་གི་ཡོངས་སུ་མ་དག་པ་ཉིད་
མེད་པར་སེམས་ཤིང་གལ་ཏེ་གཞི་དང་གང་ཟག་གང་ཡང་གཞག་པ་མེད་པས་དགག་དབྱེ་བྱེད་པར་འདོད་ན་ཡང་དགག་དབྱེ་གྱིས་ཤིག །ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་འཇོག་པར་བྱེད་ཅིང་། གང་ཟག་འཇོག་པར་མི་བྱེད་པ་དེ་ཁོ་བོ་ཅག་ལ་དགོས་པ་མེད་ཀྱི། འདི་ལྟར་ཚེ་དང་ལྡན་པ་ཉིད་རྣམ་པར་
དག་པར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། འདི་ལ་གཞི་ཁ་ཅིག་གཞག་པ་ཁོ་བོ་ཅག་ལ་དགོས་པ་མེད་དེ། ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་འཇོག་པར་བྱེད་ཅིང་། གང་ཟག་འཇོག་པར་མི་བྱེད་པ་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི། འདི་ལྟར་ཚེ་དང་

ལྡན་པ་ཉིད་རྣམ་པར་དག་པ་དགོས་པས། གལ་ཏེ་བདག་ལ་ཕམ་པར་འགྱུར་བ་བཞི་པོ་དག་གི་ཡོངས་སུ་མ་དག་པ་ཉིད་མེད་པར་སེམས་ན། དེའི་ཕྱིར་དགག་དབྱེ་གྱིས་ཤིག །ཁོ་བོ་ཅག་ལ་གཞག་པ་དགོས་པ་མེད་ཀྱིས་གལ་ཏེ་གཞག་པ་མེད་པ་ཁོ་ནར་དགག་དབྱེ་བྱེད་པར་འདོད་
ན་ཡང་དགག་དབྱེ་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །གང་ཟག་འཇོག་པར་བྱེད་ཅིང་གཞི་འཇོག་པར་མི་བྱེད་པ་དང་། གཞི་ཡང་འཇོག་པར་བྱེད་ཅིང་གང་ཟག་ཀྱང་འཇོག་པར་བྱེད་པའི་འོ་ཞེས་བྱ་བ་ཡང་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི་ཞེས་བྱ་བ་ལ་སོགས་པར་སྦྱར་ཏེ། ཚེ་དང་ལྡན་པ་ཁོ་
བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གང་ཟག་འཇོག་པར་བྱེད་ཅིང་། གཞི་འཇོག་པར་མི་བྱེད་པ་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ། ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་
དབྱེ་གསུངས་པས། གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག་ཅེས་བྱ་བ་དང་། ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་ཡང་འཇོག་པར་བྱེད་ཅིང་གང་ཟག་ཀྱང་འཇོག་པར་བྱེད་པ་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་
རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ། ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པས། གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག་ཅེས་བྱ་བར་མདོའི་ཚིག་གཉིས་དང་གོ་རིམས་བཞིན་དུ་སྦྱར་ཏེ། ཁས་བླངས་པ་ཉིད་ན་གཞག་པའམ་བཞག་པ་བསྙོན་པས་ནི་ཁས་
བླངས་པ་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་གང་ཟག་གང་གཞིའམ་གང་ཟག་གམ་གཉི་ག་བཞག་ནས་དགག་དབྱེ་བྱེད་པ་དེ་དག་དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་དང་དགག་དབྱེ་བྱེད་པའི་དགེ་སློང་གིས་མནོས་ཤིང་ཁས་བླངས་པ་ཉིད་ན། གལ་ཏེ་གང་ཟག་དེ་གཞག་པའམ་
བཞག་པ་བསྙོན་པར་བྱེད་དེ། བདག་གིས་བཞག་པ་ཉིད་མ་ཡིན་ཏེ་ཆུང་ཟད་ཀྱང་མ་བཞག་གམ་ཞེའམ། བདག་གིས་བཞག་སྟེ་འདི་མ་བཞག་གི་གཞན་གཞག་གོ་ཞེས་བསྙོན་ན་དེ་གཉི་ག་བསྙོན་ཀྱང་རུང་། གང་ཡང་རུང་བ་ཅིག་བསྙོན་ཀྱང་རུང་སྟེ། དེས་ནི་སྔར་དགེ་འདུན་དུ་གྱུར་པའི་

དགེ་སློང་རྣམས་དང་དགག་དབྱེ་བྱེད་པའི་དགེ་སློང་གིས་དེའི་དགག་དབྱེ་ཁས་བླངས་པ་གང་ཡིན་པ་དེ་དག་ཉམས་པར་མི་འགྱུར་ཏེ། དགག་དབྱེ་བྱས་པ་ཉིད་ཁོ་ན་ཡིན་པས་ཡང་གཟོད་དགག་དབྱེ་བྱ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སྔ་མའམ་འདིའི་རྣམ་པ་དེ་ལྟ་བུ་ཅུང་ཟད་ཀྱང་མེད་དོ་
ཞེས་ཟེར་ན་བརྫུན་ཉིད་དོ་ཞེས་བྱ་བ་ནི། སྔར་བསྟན་མ་ཐག་པའི་བསྙེན་པ་དེ་ལ་སྔ་མ་ཞེས་བྱ་བ་གཞག་པ་ཞེས་བྱ་བ་སྔར་བསྟན་པའི་དེའི་རྣམ་པ་དེ་ལྟ་བུ་ཅུང་ཟད་ཀྱང་མེད་དོ་ཞེས་ཟེར་བའམ། འདི་ཞེས་བྱ་བ་གཞག་པ་ཞེས་བྱ་བ་ཕྱིས་བསྟན་པ་འདིའི་རྣམ་པ་དེ་ལྟ་བུ་ཅུང་ཟད་ཀྱང་མེད་དོ་ཞེས་ཟེར་ན་
བསྙོན་པའི་ཡུལ་དེ་ལ་གཞག་པ་དང་གཞག་པའི་རྣམ་པ་དེ་ལྟ་བུ་ཅུང་ཟད་ཀྱང་མེད་དོ་ཞེས་ཟེར་བ་དེ་ནི་བརྫུན་ཉིད་ཡིན་ཏེ། ལོག་པ་ཉིད་དང་བརྫུན་སྨྲ་བའི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གནས་པར་ཁས་བླངས་པ་དག་གིས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་འོང་
བར་འགྱུར་ཞིང་ཐོས་པར་གྱུར་ནས། གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ་ཞེས་བྱ་བ་ནི། གལ་ཏེ་དབྱར་གནས་པར་ཁས་བླངས་པའི་དགེ་སློང་དག་གིས་རང་གི་གནས་དེར་དགག་དབྱེ་བྱེད་པའི་དུས་སུ་གནས་གཞན་ནས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་
འོང་བར་འགྱུར་ཞིང་། དེ་དག་འོངས་ནས་བདག་ཅག་གིས་དགག་དབྱེ་བྱས་པའི་ཚེ་དེ་དག་འཐབ་ཀྲོལ་བྱེད་པར་འགྱུར་བ་ཐོས་པར་གྱུར་ན། གལ་ཏེ་གནས་པར་ཁས་བླངས་པ་དེ་དག་གིས་གནས་དེར་གནས་པར་ཁས་བླངས་པ་ཚུན་ཆད་དུ་གསོ་སྦྱོང་ལན་གཉིས་སམ་གསུམ་བྱས་ཤིང་ཐལ་བར་
གྱུར་ན། དེའི་ཚེ་དེ་དག་གིས་དགག་དབྱེའི་དུས་ལ་མ་བབ་ཀྱང་རུང་སྟེ། ཅི་ནས་ཀྱང་དགེ་སློང་འཐབ་ཀྲོལ་བྱེད་པ་དེ་དག་གནས་དེར་མ་འོངས་པའི་མདུན་རོལ་དུ་ཟླ་བ་ཉ་ཤི་གཅིག་གི་དུས་དང་སྦྱར་ཏེ། དགག་དབྱེ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་ཐལ་བར་གྱུར་ན་ཞེས་སྨོས་པས་ནི་
ཕྱེད་བྱས་པ་ཉིད་བསྟན་ལ། གསུམ་ཐལ་བར་གྱུར་ན་ཞེས་སྨོས་པས་ནི་ཕལ་ཆེར་བྱས་པ་ཉིད་དུ་བསྟན་ཏེ། ཐམས་ཅད་ལ་ཡང་ཕྱེད་བྱས་པ་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཇིག་རྟེན་པའི་གྲགས་པ་ཡིན་ལ། ཕལ་ཆེར་བྱས་པ་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཕགས་པའི་གྲགས་པ་ཡིན་པས། འདིར་

ཡང་གསོ་སྦྱོང་ལན་གཉིས་བྱས་པས་ནི་དབྱར་གནས་པ་བྱས་པ་ཉིད་ཡིན་པས། འཇིག་རྟེན་པའི་གྲགས་པས་གྲགས་པ་ཉིད་ཡིན་ལ། གསོ་སྦྱོང་ལན་གསུམ་བྱས་པས་ནི་དབྱར་གནས་པར་བྱས་པ་ཉིད་ཡིན་པར་འཕགས་པའི་གྲགས་པས་གྲགས་པ་ཉིད་ཡིན་པས། རྐྱེན་དེ་ལྟ་
བུའི་དབང་གིས་དུས་དེ་ཙམ་གྱིས་དགག་དབྱེ་བྱས་ན་ཡང་དབྱར་གནས་པའི་ཡོན་ཏན་དང་དགག་དབྱེའི་ཡོན་ཏན་ཐོབ་པར་འགྱུར་རོ། །དགག་དབྱེ་ནི་ཚེས་བཅོ་ལྔ་ལ་བྱ་བ་ཡིན་པས། འདིར་ཡང་ཚེས་བཅོ་ལྔ་ལ་ལྟོས་པར་བྱ་བ་ཉིད་ཡིན་ནོ། །ཚེས་བཅོ་ལྔ་སྨོས་པས་བཅུ་བཞི་ཡང་བཟུང་བ་ཡིན་ཏེ། དེ་
ཉིད་བཅོ་ལྔ་ཡིན་ནོ་ཞེས་སྔར་བསྟན་པའི་ཕྱིར་རོ། །མ་གྲུབ་ན་དཀྱིལ་འཁོར་པ་ལྔ་འམ་དྲུག་ཏུ་བློ་མཐུན་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་སྔར་བསྟན་པའི་ཐབས་དེས་སམ། བར་ཆད་ཀྱི་རྐྱེན་གཞན་གྱི་དབང་གིས་དགག་དབྱེ་དེ་ལྟར་བྱ་བར་མ་གྲུབ་པའི་སྐབས་སུ་དགེ་སློང་འཐབ་ཀྲོལ་བྱེད་པ་དག་དེར་
ལྷགས་པར་གྱུར་ན། གནས་པར་ཁས་བླངས་པ་དེ་དག་དགག་དབྱེ་བྱེད་པའི་ཚེ་དཀྱིལ་འཁོར་པའི་མཚམས་ལྔའམ་དྲུག་ཏུ་བློ་མཐུན་པར་བྱ་ཞིང་དགག་དབྱེ་སོ་སོར་བྱའོ། །ངག་གིས་བཤེས་པའི་ཚིག་གིས་བསུས་ནས་ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །གནས་ཁང་དང་ཁྱམས་དང་ཁང་
པ་བརྩེག་པ་དག་བསྐོ་བར་བྱ། ཁྲུས་དང་སྣུམ་བག་གི་རྙེད་པ་བསྟབས་པར་བྱའོ། །ཆོས་མཉན་པ་སྦྱིན་པར་བྱ་ཞིང་དེ་ལྟ་བུའི་མགུ་བར་འགྱུར་བ་དག་བྱའོ་ཞེས་བྱ་བ་ནི། དགག་དབྱེ་མ་བྱས་པའི་སྐབས་དེས་འཐབ་ཀྲོལ་བ་དག་འོངས་ན་དེ་དག་ལ་ངག་གིས་བཤེས་པའི་ཚིག་གིས་བསུས་ནས་ལྷུང་
བཟེད་དང་ཆོས་གོས་བླང་བར་བྱ། གནས་ཁང་དང་ཁྱིམས་དང་ཁང་པ་བརྩེག་པ་དག་བསྐོ་བར་བྱ། ཁྲུས་དང་སྣུམ་བག་གི་རྙེད་པ་བསྟབས་པར་བྱའོ། །ཆོས་མཉན་པ་སྦྱིན་པར་བྱ་ཞིང་དེ་ལྟ་བུ་ལ་སོགས་པའི་གཅམ་གསག་མགུ་བར་འགྱུར་བའི་སྦྱོར་བ་གཞན་དེ་དག་ཀྱང་བྱའོ། །བདག་
ཉིད་ཀྱི་དངོས་པོར་མ་གྲུབ་ན་དཀྱིལ་འཁོར་པ་དག་ཏུ་གསོ་སྦྱོང་བྱའོ་ཞེས་བྱ་བ་ནི། དེ་ལྟར་བྱས་ཀྱང་གལ་ཏེ་བདག་ཉིད་དང་མཐུན་པའི་དངོས་པོར་མ་གྲུབ་ན་དཀྱིལ་འཁོར་པ་དག་ཏུ་གསོ་སྦྱོང་བྱའོ། །འོ་ན་དེང་ཁྱོད་ཀྱིས་དགག་དབྱེ་མ་ཡིན་ནམ་ཞེས་ཟེར་བ་དག་ལ་ཚེ་དང་ལྡན་པ་དག་སྡོད་ཅིག་

ཁྱེད་ཅག་གློ་བུར་དུ་ལྷགས་པ་ཡིན་གྱིས་དོན་འདི་ནི་གཉུག་མར་གནས་པ་དག་གིས་ཡིན་ནོ་ཞེས་ལན་གདབ་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་འཐབ་ཀྲོལ་བྱེད་པ་དག་འདི་སྐད་ཅེས། འོ་ན་ཁྱེད་ཅག་དེང་དགག་དབྱེ་ཡིན་ན་ཅིའི་ཕྱིར་གསོ་སྦྱོང་བྱེད་ཅེས་ཟེར་ན། དེ་སྐད་ཟེར་བའི་འཐབ་ཀྲོལ་བྱེད་ན་
དེ་དག་ལ་གཉུག་མར་གནས་པ་དེ་དག་གིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སྡོད་ཅིག །ཁྱེད་ཅག་ནི་གློ་བུར་དུ་ལྷགས་པ་ཡིན་པས། གློ་བུར་དུ་ལྷགས་པ་རྣམས་ཀྱིས་དོན་འདི་བསམ་མི་དགོས་སོ། །དོན་འདི་ནི་གཉུག་མར་གནས་པ་དག་གིས་ཡིན་པས་དེང་དགག་དབྱེ་བྱེད་དམ་སང་ངམ་ཉི་
མ་གཞན་ལ་བྱེད་པ་དེ་ནི་གཉུག་མར་གནས་པ་དག་གིས་བསམ་པ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །དོང་བ་དག་ན་དགག་དབྱེ་བྱའོ་ཞེས་བྱ་བ་ནི། འཐབ་ཀྲོལ་བྱེད་པ་དེ་དག་གནས་དེ་ནས་དོང་བའི་འོག་ཏུ་གསོ་སྦྱོང་གི་དུས་སུ་དགག་དབྱེ་བྱ་སྟེ། དགག་དབྱེའི་ལས་འདི་ནི་གསོ་སྦྱོང་དང་
རིགས་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །དགག་དབྱེའི་གཞིའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་དགག་དབྱེའི་གཞི་དང་འབྲེལ་པ་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་འབྱུང་བ་བསྡུ་བར་བྱ་སྟེ། དེའི་ཕྱིར་ནང་དང་བཅས་པས་བཟོད་པ་མ་བྱས་པར་དགག་དབྱེ་མི་བྱའོ་ཞེས་བྱ་བ་སྨྲས་ཏེ།
ཞེ་འགྲས་པ་དང་བཅས་པ་དག་གིས་ཕན་ཚུན་བཟོད་པ་མ་བྱས་པར་གྱ་ཚོམ་དུ་དགག་དབྱེ་མི་བྱའོ། །ཞག་བཅུ་འམ་ཟླ་བ་ཕྱེད་ཀྱིས་དེ་འབྱུང་བར་འགྱུར་བ་ཉིད་ན་དེའི་དུས་ཡིན་ནོ་ཞེས་བྱ་བ་ནི། ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་དགག་དབྱེ་དེ་འབྱུང་བར་འགྱུར་བ་ཉིད་ན་བཟོད་པ་བྱ་བ་དེའི་དུས་
ཡིན་པའོ། །ཁ་ཅིག་ལས་ནི་བདུན་ནམ་བརྒྱད་ན་ཞེའོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་ནི་ཞག་བདུན་ནམ་བརྒྱད་ན་དགག་དབྱེ་འབྱུང་བར་འགྱུར་བ་ཉིད་ནི་བཟོད་པ་བྱ་བ་དེའི་དུས་ཡིན་ནོ་ཞེས་འབྱུང་ངོ་། །འདུས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དེའི་དུས་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་ལུང་
ལས་དགག་དབྱེའི་དོན་དུ་འདུས་པ་ནི་བཟོད་པ་བྱ་བ་དེའི་དུས་མ་ཡིན་ནོ་ཞེས་གསུངས་མོད་ཀྱི། འོན་ཀྱང་འདུས་པ་ཐམས་ཅད་ཀྱང་དེའི་དུས་སུ་མི་རུང་སྟེ། འདི་ལྟར་བཟོད་པར་བྱ་བས་ཀྱང་དེར་སེམས་གཏོད་པར་མི་ནུས་ལ། བཟོད་པ་བྱེད་པའི་སེམས་ཀྱང་སྐྱབས་པར་འགྱུར་བས་དེའི་ཕྱིར་

འདིར་བྱེ་བྲག་མེད་པར་མདོར་བསྡུས་སོ། །དེས་བཟོད་པ་མ་བྱས་པར་མི་བྱའོ་ཞེས་བྱ་བ་ནི། ནང་དང་བཅས་པ་དེས་བཟོད་པ་མ་བྱས་པར་དགག་དབྱེ་མི་བྱ་བའོ། །དེའི་ཚེ་འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་མ་བྱས་པར་མི་བྱའོ་ཞེས་བྱ་བ་ནི། དགག་དབྱེའི་
དུས་དེའི་ཚེ་གནས་དེར་འདུས་པའི་དགེ་སློང་ཐམས་ཅད་ཀྱིས་ཕྱག་ལ་སོགས་པས་ཕན་ཚུན་ཀུན་དགའ་བར་མ་བྱས་པར་འཕྲལ་ལ་གྱ་ཚོམ་དུ་དགག་དབྱེ་མི་བྱའོ། །གཤེ་བ་ལ་བཟོད་པ་མི་གསོལ་བར་མི་བྱའོ་ཞེས་བྱ་བ་ནི། དགག་དབྱེའི་དུས་འབའ་ཞིག་ཏུ་མ་ཟད་ཀྱི་དུས་གཞན་གྱི་ཚེ་ཡང་ངོ་། །
འདི་ནི་གནོད་པ་བྱེད་པའི་འཁོན་དུ་འཛིན་པ་སྤང་བའི་ཕྱིར་རོ། །དགེ་སློང་མས་དགེ་སློང་ལ་གནས་ཀྱི་ཕྱི་རོལ་དུ་བཟོད་པ་གསོལ་བར་མི་བྱ་བའོ་ཞེས་བྱ་བ་ནི། དགེ་སློང་གིས་གནས་ཀྱི་ནང་དུ་བཟོད་པ་གསོལ་བར་བྱའོ། །རྐང་པ་གཉིས་ལ་ཕྱག་བྱས་ཏེ་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མས་
དགེ་སློང་ལ་བཟོད་པ་གསོལ་བའི་ཚེ་ན་དགེ་སློང་མས་དགེ་སློང་གི་རྐང་པ་གཉིས་ལ་ཕྱག་བྱས་ཏེ་བཟོད་པ་གསོལ་བར་མི་བྱའོ། །འདི་ནི་བཟོད་པ་མི་བླང་དུ་མི་རུང་བའི་མགོན་དུ་གཉའ་སྒྲོན་པའི་སྒྱུ་ཐབས་སྤང་པའི་ཕྱིར་རོ། །བཟོད་ན་ཕྱག་བྱས་ཏེ་འགྲོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་
བཟོད་ན་དགེ་སློང་མས་དགེ་སློང་གི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་འགྲོ་བར་བྱ་བའོ། །བཟོད་པ་གསོལ་བར་བྱེད་པ་དེ་ལ་དགེ་སློང་གིས་མ་གུས་པར་བྱས་ཏེ་འགྲོ་བར་མི་བྱ་བའོ་ཞེས་བྱ་བ་ནི། དགེ་སློང་མ་བཟོད་པ་གསོལ་བར་བྱེད་པ་དེ་ལ་དགེ་སློང་གིས་མ་གུས་པ་བྱས་ཏེ་འགྲོ་བར་མི་བྱ་
བའོ། །འདུལ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་བཟོད་པ་གསོལ་བར་བྱེད་པ་དེ་ལས་དགེ་སློང་གིས་འདའ་བར་མི་བྱ་སྟེ། བཟོད་པ་དང་དུ་བླང་བར་བྱ་བའོ། །བཟོད་པར་བྱ་བ་ལ་སྔར་ཤེས་པ་ཤད་ཀྱིས་སྦྱོང་དུ་གཞུག་པར་བྱའོ་ཞེས་བྱ་བ་ནི། བཟོད་པ་གསོལ་བར་བྱེད་པའི་གང་ཟག་གང་
གིས་གང་ཟག་གང་ལ་བཟོད་པ་གསོལ་བར་བྱ་བ་དེ་ལ་དུམ་བུ་ཚུགས་སུ་འཕྲལ་ལ་བཟོད་པ་གསོལ་བར་མི་བྱ་བར་བཟོད་པ་གསོལ་བའི་མདུན་རོལ་དུ་སྔར་གང་ཟག་ཤད་ཀྱིས་སྦྱོང་བར་བྱེད་པའི་ཐབས་ཤེས་པ་གཅིག་ཤད་ཀྱིས་སྦྱོང་དུ་བཅུག་ནས། དེའི་འོག་ཏུ་གཟོད་རང་གིས་བཟོད་པ་གསོལ་

བར་བྱའོ། །འདི་ནི་བཟོད་པ་གསོལ་བ་ཐམས་ཅད་ཀྱི་སྐབས་ཡིན་ནོ། །མི་འདོད་པ་ཐབས་བཙལ་བ་ལ་མི་འབད་པར་མི་བྱའོ་ཞེས་བྱ་བ་ནི། བཟོད་པ་གསོལ་བར་བྱ་བ་དེ་བཟོད་པར་མི་འདོད་ན་བཟོད་པ་གསོལ་བར་བྱེད་པས་ཐབས་གང་གིས་དེས་བཟོད་པར་འགྱུར་བའི་ཐབས་དེ་ཡོངས་སུ་བཙལ་བ་
ལ་མི་འབད་པར་མི་བྱ་སྟེ་འབད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མི་བསྒྱང་ངོ་ཞེས་བྱ་བ་ནི། ཐབས་བཙལ་བ་དེ་ཡུན་རིང་དུ་མི་བསྡད་པའོ། །ཀུན་ནས་དཀྲིས་པ་དང་མ་བྲལ་གྱི་བར་དུ་མི་བསྡད་པར་མི་བྱའོ་ཞེས་བྱ་བ་ནི། ཁྲོ་བའི་ཀུན་ནས་དཀྲིས་པ་ཞི་བར་མ་གྱུར་གྱི་བར་དུ་མི་བསྡད་པར་མི་
བྱ་ཞིང་བསྡད་པར་བྱ་སྟེ། ཀུན་ནས་དཀྲིས་པ་དང་བྲལ་ནས་ཕྱིས་བཟོད་པ་གསོལ་བར་བྱའོ། །བཟོད་པ་གསོལ་བར་བྱེད་པ་ལ་མི་བཟོད་པར་མི་བྱའོ་ཞེས་བྱ་བ་ནི། གཅིག་བཟོད་པར་བྱེད་པ་ནི་ཅིག་ཤོས་ཀྱིས་ཀྱང་བཟོད་པར་བྱ་བའོ། །དགག་དབྱེའི་གཞི་དང་འབྲེལ་པའི་ཕྲན་ཚོགས་ལ་
སོགས་པའི་སྐབས་སོ་ཞེས་བྱ་བ་ནི། དགག་དབྱེའི་གཞི་དང་འབྲེལ་པ་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ། །དགག་དབྱེའི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་སྲ་བརྐྱང་གི་གཞི་བཤད་པར་བྱ་སྟེ། དེའི་ཕྱིར་སྲ་བརྐྱང་གདིང་བར་བྱའོ་ཞེས་བྱ་བ་
སྨྲས་ཏེ། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་སྲ་བརྐྱང་ཞེས་བྱ་བའི་ཆོས་གོས་འོག་ནས་འབྱུང་བའི་ཆོ་གས་གདིང་བར་བྱ་བའོ། །ཇི་ལྟར་ན་ཆོས་གོས་ལ་སྲ་བརྐྱང་ཞེས་བྱ་ཞེ་ན། སྲ་བརྐྱང་ཞེས་བྱ་བ་ནི་གཏན་པ་སྟེ། འདི་ལྟར་འདི་ནི་གོས་དྲ་བའི་ཕྱིར་གོས་འདིང་བར་བྱེད་ཅིང་རྐྱོང་
བར་བྱེད་པ་མི་འཁུམས་པར་བྱེད་པའི་ཆོས་ཅན་ཤིང་ལ་སོགས་པ་ལས་བྱས་པའི་སྤང་ལེབ་ལ་སྲ་བརྐྱང་ཞེས་བྱའོ། །དེ་བཞིན་དུ་སྤང་ལེབ་དེས་ཆོས་གོས་དྲ་བའི་ཕྱིར་ཆོས་གོས་རྐྱོང་བར་བྱེད་པ་དེ་ནི་ཕྲན་ཚེགས་དག་ལས་ཀྱང་སྲ་བརྐྱང་ཞེས་གསུངས་ཏེ། དེ་ལྟ་བས་ན་དགེ་སློང་དག་གིས་སྲ་
བརྐྱང་ཉེ་བར་གཞག་པར་རྗེས་སུ་གནང་ངོ་ཞེས་གསུངས་སོ། །ཆོས་གོས་འདི་ཡང་སྲ་བརྐྱང་དང་འདྲ་བས་སྲ་བརྐྱང་ཞེས་བྱ་བ་སྟེ། ཇི་ལྟར་སྤང་ལེབ་ཀྱིས་གོས་འདིང་ཞིང་མི་འཁུམས་པར་སྲ་བརྐྱང་གཅིག་ལ་རྐྱོང་བར་བྱེད་པས་སྤང་ལེབ་དེ་སྲ་བརྐྱང་ཞེས་བྱ་བ་དེ་བཞིན་དུ། ཆོས་གོས་

འདིས་ཀྱང་དགེ་འདུན་དབྱེར་མེད་པ་དང་རོ་གཅིག་པ་དང་བྱ་བ་གཅིག་པ་དང་། རྙེད་པ་དང་ཕན་ཡོན་འདྲ་བར་སྒྲུབ་པའི་སྒོ་ནས་གཏན་པ་གཅིག་ལ་འཇོག་པར་བྱེད་པས་དེའི་ཕྱིར་ཆོས་གོས་འདི་ཡང་སྲ་བརྐྱང་དང་འདྲ་བས་སྲ་བརྐྱང་ཞེས་བྱའོ། །དེ་ལྟར་གང་གི་ཕྱིར་སྤང་ལེབ་
དེས་གོས་རྐྱོང་བར་བྱེད་པས་སྲ་བརྐྱང་ཞེས་བྱ་བ་དེའི་ཕྱིར། འདིར་ཆོས་གོས་འདིས་ཀྱང་དགེ་སློང་རྣམས་བརྐྱང་བའི་མཚན་ཉིད་ཀྱི་བྱ་བ་ལ་སྦྱོར་བར་བྱེད་པས་སྲ་བརྐྱང་ཞེས་བྱའོ། །དེ་ལྟར་ན་སྲ་བརྐྱང་དང་འདྲ་བར་ཆོས་གོས་འདི་ཡང་བྱ་བ་གཅིག་པ་ཉིད་ཀྱིས་དགེ་འདུན་མཐའ་དག་ལ་ཁྱབ་པར་བྱེད་
པས་སྲ་བརྐྱང་ཞེས་བྱའོ། །ཅིའི་ཕྱིར་དེ་གདིང་བར་བྱ། བཏིང་བ་ལ་འབྲས་བུ་ཅི་ཡོད་ཅེ་ན། དེའི་ཕྱིར་གསུམ་པོ་དག་ཇི་ལྟ་བ་བཞིན་དུ་སྲ་བརྐྱང་བཏིང་ན་ཡང་ཡང་ཟ་བ་དང་། འདུས་ཤིང་ཟ་བ་དང་། མ་སྨྲས་པར་གྲོང་དུ་འགྲོ་བ་དང་། གོས་སློང་བ་ལ་ཡང་ཉེས་པ་མེད་ལ་དེ་ལྷག་མ་དག་དང་རྙེད་
པ་ཐུན་མོང་དུ་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། གསུམ་པོ་དག་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ། གསུམ་པོ་དག་ཅེས་བྱ་བ་ནི། འཆང་བ་དང་འབྲལ་བ་དང་འཇོག་པ་ཞེས་བྱ་བ་དག་གོ། །དེ་དག་ཇི་ལྟ་བ་ཞེས་བྱ་བ་ནི། སྔར་སྤང་བའི་ལྟུང་བྱེད་ཀྱི་སྐབས་སུ་འདིར་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་
འབྱུང་ངོ་ཞེས་སྨོས་པའི་མདོ་དེས་གཏན་པ་བཏིང་བ་ལ་འཆང་བ་དང་འབྲལ་བ་དང་འཇོག་པ་ཞེས་བྱ་བ་གསུམ་པོ་དག་ལ་ཉེས་པ་མེད་པར་བསྟན་པ་ཇི་ལྟ་བའོ། །དེ་བཞིན་དུ་སྲ་བརྐྱང་བཏིང་བ་ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བ་དང་། མ་སྨྲས་པར་གྲོང་དུ་འགྲོ་བ་དང་། གོས་སློང་བ་ལ་
ཡང་ཉེས་པ་མེད་ལ་སྲ་བརྐྱང་བཏིང་བའི་དགེ་སློང་དེ་སྲ་བརྐྱང་བཏིང་བའི་དགེ་སློང་ལྷག་མ་གཞན་དག་དང་རྙེད་པ་ཐུན་མོང་དུ་འགྱུར་བའི་ཕན་ཡོན་ལྔ་ཡང་ཡོད་དོ། །དེ་ལྷག་མ་དག་དང་རྙེད་པ་ཐུན་མོང་དུ་འགྱུར་རོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སྲ་བརྐྱང་བཏིང་བའི་དགེ་སློང་དེ་སྟེ། དེས་ཇི་སྲིད་
དུ་སྲ་བརྐྱང་འབྱིན་པར་མི་བྱེད་པ་དེ་སྲིད་ཀྱི་བར་དུ་ཡུལ་གཞན་ན་འདུག་ཀྱང་རུང་སྟེ། སྲ་བརྐྱང་བཏིང་བའི་དགེ་སློང་ལྷག་མ་གཞན་དག་དང་སྲ་བརྐྱང་དང་འབྲེལ་པའི་རྙེད་པ་ཐུན་མོང་དུ་འགྱུར་བའོ། །སྲ་བརྐྱང་བཏིང་བ་ལ་ཕན་ཡོན་བཅུ་ཡོད་པ་ལས། འཆང་བ་དང་འབྲལ་བ་དང་

འཇོག་པ་དང་། ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བ་དང་། མ་སྨྲས་པར་གྲོང་དུ་འགྲོ་བ་དང་། གོས་སློང་བ་དག་ལ་ཉེས་པ་མེད་པ་དང་། དགེ་སློང་ལྷག་མ་དག་དང་རྙེད་པ་ཐུན་མོང་དུ་འགྱུར་བ་ཞེས་བྱ་བ་ཕན་ཡོན་བརྒྱད་ནི་དེ་ལྟར་དངོས་སུ་བསྟན་ཏོ། །སྨད་གཡོགས་སྟོད་གཡོགས་དང་བཅས་
པའི་ཆོས་གོས་ཀྱིས་ལྗོངས་རྒྱུ་ཞིང་འགྲོ་བ་གང་ཡིན་པ་དང་། རུང་བར་མ་བྱས་པའི་གོས་ཇི་ཙམ་འདོད་པ་འཆང་བ་ཞེས་བྱ་བ་གང་ཡིན་པའི་ཕན་ཡོན་ཐ་མ་གཉིས་ནི་འདིར་མདོ་འདིས་མངོན་སུམ་དུ་བསྡུ་བ་མ་བྱས་ཏེ། སྔར་འཆང་བ་དང་འབྲལ་བ་དང་། འཇོག་པའི་སྤོང་བའི་ཆོ་ག་བསྟན་
པའི་སྐབས་དག་ཏུ་གསུམ་པོ་བསྟན་པ་ཉིད་ཀྱིས་བསྡུ་བ་བྱས་ཟིན་པའི་ཕྱིར་རོ། །ཇི་ལྟར་བྱ་ཞེ་ན། འདིར་འབྲལ་བའི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་ལྗོངས་རྒྱུ་བའི་ཚེ་ཡང་སྣམ་སྦྱར་ཁྱེར་བར་བྱེད་ལ། འཆང་བ་དང་འཇོག་པའི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་ནི་གོས་རུང་བར་བྱེད་པ་ཡིན་པས། དེ་ལ་
འདི་ལྟར་གང་གིས་སྲ་བརྐྱང་བཏིང་བ་དེ་ལ་འབྲལ་བའི་ཉེས་པ་མེད་པས། དེ་ལ་སྣམ་སྦྱར་བསྐུར་བ་དགོས་པ་མེད་པ་དེས་ཅི་ཞིག་བྱ། དེ་བཞིན་དུ་དེ་ལ་འཆང་བ་དང་འཇོག་པའི་ཉེས་པ་ཡང་མེད་པས། དེ་ལ་གོས་རུང་བར་བྱ་བ་དགོས་པ་མེད་པས་དེས་ཀྱང་ཅི་ཞིག་བྱ་སྟེ། དེ་ལྟར་ན་སྔར་གསུམ་པོ་
བསྟན་པ་ཉིད་ཀྱིས་དེ་གཉིས་བསྡུ་བ་བྱས་ཟིན་པ་ཡིན་ནོ། །འོ་ན་ཇི་ལྟར་འབྲལ་བའི་ཉེས་པ་མེད་ཀྱང་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པའི་ཆོས་གོས་ཁྱེར་ཞིང་ལྗོངས་རྒྱུར་འགྲོ་བ་དེ་བཞིན་དུ་སྣམ་སྦྱར་བསྐུར་བ་ལ་ཡང་ཅིའི་ཕྱིར་གུས་པར་མི་བྱ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། སྟོད་
གཡོགས་སྨད་གཡོགས་དང་བཅས་པས་ཆོས་གོས་བསྐུར་བ་ནི་ངོ་ཚ་བའི་གནས་གཡོགས་པར་བྱ་བའི་ཕྱིར་དང་། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བསྲུང་བར་བྱ་བའི་ཕྱིར་ཡིན་གྱི། སྣམ་སྦྱར་བསྐུར་བ་ལ་ནི་དགོས་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་སྟོད་གཡོགས་སྨད་
གཡོགས་དང་བཅས་པའི་ཆོས་གོས་བསྐུར་ཞིང་ལྗོངས་རྒྱུར་འགྲོ་བ་ལོགས་ཤིག་ཏུ་གསུངས་པ་དེ་ནི་སྣམ་སྦྱར་ཁྱེར་བའི་ཁུར་ལས་ཐར་བར་བྱ་བའི་ཕན་ཡོན་བསྟན་པའི་ཕྱིར་རོ། །རུང་བར་མ་བྱས་པའི་གོས་བཅང་བ་ལོགས་ཤིག་ཏུ་གསུངས་པ་དེ་ནི་རུང་བར་བྱེད་པའི་བྱ་བ་ལས་ཐར་པ་

དང་ཤིན་ཏུ་སྦྱངས་པའི་བདེ་བའི་ཕན་ཡོན་བསྟན་པའི་ཕྱིར་རོ། །སྲ་བརྐྱང་གདིང་བར་བྱའོ་ཞེས་སྨོས་ན་གང་ཟག་གང་གིས་གདིང་བར་བྱ་ཞེ་ན། ལྡོག་པའི་སྒོ་ནས་དེ་བསྟན་པའི་ཕྱིར་དབྱར་གནས་པའི་ཁས་མ་བླངས་པ་དང་དབྱར་རལ་བ་དང་དབྱར་ཕྱི་མར་གནས་པར་
ཁས་བླངས་པ་དང་དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་དག་ལ་དེ་མི་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་དག་སྲ་བརྐྱང་གདེང་པ་མི་འབྱུང་ཞིང་སྲ་བརྐྱང་གི་ཕན་ཡོན་ཡང་མེད་དོ། །དབྱར་གནས་པར་ཁས་མ་བླངས་པ་དང་། དབྱར་རལ་བ་གཉིས་ནི་གཉི་ག་ལ་ཚོགས་པ་ཡོངས་
སུ་རྫོགས་པ་མེད་དེ། སྔ་མ་ཤོས་ལ་ནི་གནས་པར་ཁས་བླངས་པ་མེད་པའི་ཕྱིར་རོ། །ཕྱི་མ་ཤོས་ནི་རལ་བའི་ཕྱིར་རོ། །དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་ལ་ཡང་དེ་མི་འབྱུང་སྟེ། སྲ་བརྐྱང་བཏིང་བར་གཏོགས་པའི་དགེ་འདུན་དང་ལྷན་ཅིག་དབྱར་གྱི་ཚོགས་པ་
མེད་པའི་ཕྱིར་རོ། །དེ་བས་ན་དབྱར་གནས་པར་ཁས་མ་བླངས་པ་དང་། དབྱར་རལ་བ་དང་དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་དག་ལ་ནི་རེ་ཞིག་སྲ་བརྐྱང་གདིང་བ་དེ་མི་འབྱུང་སྟེ། སྲ་བརྐྱང་གདིང་བ་ནི་དངོས་གཞིའི་ཆོ་ག་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དབྱར་ཕྱི་
མར་གནས་པར་ཁས་བླངས་པ་དེ་ནི་དངོས་གཞིའི་ཆོ་གར་གཏོགས་པ་མ་ཡིན་ཏེ། གང་གི་ཚེ་དགེ་འདུན་ཐམས་ཅད་དབྱར་གནས་པ་སྔ་མར་གནས་པར་ཁས་ལེན་པ་ན་དེ་དགེ་འདུན་གྱི་རྣམ་པར་གཞག་པ་དེ་ལས་འདས་ཏེ། དབྱར་གནས་པ་ཕྱི་མར་གནས་པ་ཁས་ལེན་པ་དེའི་ཚེ་
ན་དགེ་འདུན་དང་ལྷན་ཅིག་ཚོགས་པའི་དབྱར་གནས་པ་དེ་ལ་མེད་པས་དེའི་ཕྱིར་དེ་ལ་ཡང་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ་། །ས་གཞན་ལ་གནས་པ་དག་ལ་ཡང་ངོ་ཞེས་བྱ་བ་ཡང་། སྲ་བརྐྱང་གདིང་བ་མི་འབྱུང་ངོ་ཞེས་བྱ་བར་སྦྱར་ཏེ། ས་གཞན་ན་གནས་པ་དག་ཅེས་བྱ་བ་ནི། ཆད་པས་
བཅད་པ་དང་སྤོ་བ་བྱེད་པ་ལ་སོགས་པ་དག་སྟེ། དེ་དག་ནི་དགེ་སློང་རང་བཞིན་དུ་གནས་པ་དག་དང་རིས་མི་མཐུན་པ་ཡིན་པས་དེ་དག་ལ་ཡང་སྲ་བརྐྱང་གདིང་བ་མི་འབྱུང་ངོ་། །འདི་ལྟར་དགེ་ཚུལ་ལ་སོགས་པ་དག་ལ་ཡང་སྲ་བརྐྱང་གདིང་བ་མི་འབྱུང་བར་གསུངས་མོད་ཀྱི། དེ་

དག་འདིར་མ་སྨོས་པ་ནི་དེ་དག་ལ་ལས་ལ་འཇུག་པ་མེད་པས་དེའི་ཕྱིར་དེ་དག་ནི་མ་སྨོས་ཀྱང་གྲུབ་པ་ཉིད་དོ། །དེ་དག་ཉིད་འཐོབ་པ་ཡིན་ན་མི་འབྱུང་ངོ་ཞེས་བྱ་བ་ནི། ས་གཞན་ན་གནས་པ་དེ་དག་ཉིད་འཐོབ་པ་ནི་དེ་དག་ཉིད་འཐོབ་པ