Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 163

Văn bản gốc(Tây Tạng)

Trang 11 / 26 (50.000 ký tự/trang)
་སྟེ། དེ་དག་འཐོབ་པ་ཉིད་ཡིན་ན་དེ་དག་ལ་སྲ་བརྐྱང་
གདིང་བ་མི་འབྱུང་བའོ། །ཐ་མ་མ་གཏོགས་པ་དག་དང་ས་གཞན་ན་གནས་པ་དག་དང་དགེ་ཚུལ་ནི་རྙེད་པ་དབང་ངོ་ཞེས་བྱ་བ་ནི། སྔར་དབྱར་གནས་པར་ཁས་མ་བླངས་པ་དང་དབྱར་རལ་བ་དང་། དབྱར་ཕྱི་མ་གནས་པར་ཁས་བླངས་པ་དང་། གནས་གཞན་དུ་གནས་པར་ཁས་
བླངས་པ་དག་ལ་དེ་མི་འབྱུང་ངོ་ཞེས་ཚིག་བཞི་སྨོས་པའི་ཐ་མ་གནས་གཞན་དུ་གནས་པར་ཁས་བླངས་པ་ཞེས་བྱ་བ་མ་གཏོགས་པ་དེའི་ལྷག་མ་གསུམ་པོ་དག་དང་། ས་གཞན་ན་གནས་པ་དག་དང་། དགེ་ཚུལ་དག་ནི་འདི་ལྟར་སྲ་བརྐྱང་བཏིང་བའི་ཕན་ཡོན་མི་འཐོབ་པ་ཡིན་མོད་ཀྱི།
འོན་ཀྱང་དེ་དག་སྲ་བརྐྱང་བཏིང་བའི་རྙེད་པའི་སྐལ་བ་ནི་དབང་བ་སྟེ། འདི་ལྟར་དེ་དག་ནི་དབྱར་གནས་པ་དག་དང་། དོན་གཅིག་པ་ཉིད་ཡིན་པས་བཟློག་པར་མི་བྱའོ། །ས་གཞན་ན་གནས་པ་དག་ཅེས་སྨོས་པས་གནས་ནས་ཕྱུང་བ་ཡང་རྙེད་པ་དབང་བ་ཉིད་དུ་ཐལ་བར་འགྱུར་བས་
དེ་བསལ་བའི་ཕྱིར་གནས་ནས་ཕྱུང་བ་ནི་མི་དབང་ངོ་ཞེས་བྱ་བ་སྨྲས་ཏེ། གནས་ནས་ཕྱུང་བ་ནི་དགེ་འདུན་ལས་ཐ་དད་དུ་གྱུར་པ་ཉིད་ཡིན་པས་དེའི་ཕྱིར་དེ་ནི་སྲ་བརྐྱང་བཏིང་བའི་རྙེད་པ་མི་དབང་བ་ཉིད་དུ་རིག་པར་བྱའོ། །ཆད་པས་བཅད་པ་དང་སྤོ་བ་ལ་སོགས་པ་བྱེད་པ་ནི་དགེ་
འདུན་ལས་ཐ་དད་དུ་གྱུར་པ་ཉིད་མ་ཡིན་པས་དེའི་ཕྱིར་དེ་དག་ནི་སྲ་བརྐྱང་བཏིང་བའི་རྙེད་པ་དབང་བ་ཡིན་ནོ། །བྱེ་བ་དག་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་ནི་དེ་ཉིད་ཀྱིས་འཐོབ་པ་དང་འདྲའོ་ཞེས་བྱ་བ་ནི། ལྟ་བ་ཁས་ལེན་པས་དགེ་འདུན་དུ་གྱུར་པའི་དགེ་སློང་གཉིས་སུ་
བྱ་བ་དག་ན། དེ་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པར་གནས་པའི་དགེ་སློང་དག་གི་ནང་དུ་ལྟ་བ་ཁས་ལེན་པར་སོང་བའི་གང་ཟག་ནི་སྲ་བརྐྱང་བཏིང་བའི་རྙེད་པ་ལ་དེ་ཉིད་ཀྱིས་འཐོབ་པ་དང་འདྲའོ་ཞེས་བྱ་བར་སྦྱར་ཏེ། དེ་ཉིད་ཀྱིས་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་གནས་ནས་

ཕྱུང་བ་ལ་སྙེགས་ཏེ་དེའི་དངོས་པོ་ནི་དེ་ཉིད་དོ། །བྱེ་བ་དག་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བའི་རྙེད་པ་ཐོབ་པ་ནི་སྤངས་པའི་རྙེད་པ་འཐོབ་པ་དང་འདྲ་སྟེ། ཇི་ལྟར་སྤངས་པ་ལ་སྲ་བརྐྱང་གདིང་བ་མི་འབྱུང་ཞིང་འབྱུང་བ་ཡང་མེད་པར་གྱུར་པས་དེས་སྲ་
བརྐྱང་བཏིང་བའི་རྙེད་པ་མི་འཐོབ་པ་དེ་བཞིན་དུ་འདིས་ཀྱང་མི་འཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཕན་ཡོན་གང་གི་ཕྱིར་སྲ་བརྐྱང་གདིང་བ་དང་། དགེ་སློང་གང་དག་གིས་སྲ་བརྐྱང་གདིང་བ་དེ་སྐབས་དང་བཅས་པར་བསྟན་ནས། ད་ནི་འདིར་དངོས་པོ་གང་གདིང་བར་བྱ་བ་དེ་ལ་སྲ་བརྐྱང་
ཉིད་དུ་བཞེད་པ་དེ་བརྗོད་པར་བྱ་སྟེ། དངོས་གཞིའི་དུས་ཀྱི་དགག་དབྱེའི་མཐར་དབྱར་གྱི་རྒྱུ་ལས་བྱུང་བ་འདིང་བའི་ཉི་མའི་མཐར་གྲུབ་པར་གོས་ཀྱི་རྙེད་པར་བགྲང་བའི་ཆོས་གོས་གསུམ་མོ་ཞེས་བྱ་བ་ལ། དངོས་གཞིའི་དུས་ཞེས་བྱ་བ་ནི། དབྱར་རྣམ་པ་གཉིས་པོ་སྔ་མ་དང་ཕྱི་མ་དེ་
ལས་འདིར་དངོས་གཞིའི་དུས་ཞེས་སྨོས་པས་ནི་དབྱར་སྔ་མའི་ཟླ་བ་གསུམ་གཟུང་བ་ཡིན་ཏེ། འདི་ལྟར་དབྱར་ཕྱི་མར་གནས་པར་ཁས་བླངས་པ་ལ་སྲ་བརྐྱང་གདིང་བ་མི་འབྱུང་ངོ་ཞེས་གསུངས་པའི་ཕྱིར་དང་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ནི་སྲ་བརྐྱང་གདིང་བའི་ཉི་མ་ཉིད་ཡིན་པར་
གསུངས་པའི་ཕྱིར་རོ། །དངོས་གཞིའི་དུས་དེའི་དགག་དབྱེ་ཞེས་བྱ་བ་ནི། དབྱར་སྔ་མ་ཟླ་བ་གསུམ་པོ་དག་གི་མཇུག་ཏུ་སྟོན་ཟླ་འབྲིང་པོ་ཉ་ལ་དགག་དབྱེ་བྱེད་པ་གང་ཡིན་པའོ། །མཐར་ཞེས་བྱ་བ་ནི་དངོས་གཞིའི་དུས་ཀྱི་དགག་དབྱེ་དེ་ཉིད་མཐའ་ཡིན་ཏེ། དབྱར་སྔ་མའི་ཟླ་བ་
གསུམ་པོ་དེ་དག་གི་མཐའ་ཡིན་པའི་ཕྱིར་ཏེ། མཐའ་དེ་ཚུན་ཆད་དུ་གོས་ཀྱི་རྙེད་པ་བྱུང་བ་དང་སྦྱར་རོ། །དབྱར་གྱི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི། དབྱར་སྔ་མ་ཟླ་བ་གསུམ་པོ་དེ་དག་བསྡུས་པའམ་སོ་སོའི་རྒྱུ་ལས་བྱུང་བའི་གོས་ཀྱི་རྙེད་པ་གང་ཡིན་པའོ། །གང་ལ་རྙེད་པ་དབྱར་སྔ་མ་ཟླ་
བ་གསུམ་པོ་དེ་དག་བསྡུས་པའི་རྒྱུ་ལས་བྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ་དབྱར་གནས་པའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པའོ། །གང་ལ་རྙེད་པ་དབྱར་སྔ་མ་ཟླ་བ་གསུམ་པོ་དག་སོ་སོའི་རྒྱུ་ལས་བྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ་གློ་བུར་དུ་བྱུང་བའི་རྙེད་པ་གང་ཡིན་པ་སྟེ། དེ་ཡང་

དབྱར་དེ་ལས་བྱུང་བའི་རྙེད་པ་ཡིན་གྱི། དུས་གཞན་གྱི་རྒྱུ་ལས་བྱུང་བའི་རྙེད་པ་ནི་མ་ཡིན་ནོ། འདིང་བའི་ཉིན་མོའི་མཐར་གྲུབ་པ་ཞེས་བྱ་བ་ནི་དབྱར་སྔ་མ་ཟླ་བ་གསུམ་པོ་དེ་དག་གི་དགག་དབྱེ་སྟོན་ཟླ་འབྲིང་པོ་ཉ་ལ་བྱས་ནས། སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལ་སྲ་བརྐྱང་གདིང་པའི་
ཉི་མ་དེའི་མཐའ་ཚུན་ཆད་དུ་དབྱར་སྔ་མ་ཟླ་བ་གསུམ་པོ་དེ་དག་བསྡུས་པའམ་སོ་སོའི་རྒྱུ་ལས་བྱུང་བའི་གོས་རྙེད་པ་གང་ཡིན་པའོ། །གོས་ཀྱི་རྙེད་པར་བགྲང་བ་ཞེས་བྱ་བ་ནི། གོས་ཀྱི་རྙེད་པ་དངོས་སུ་གཏོགས་པའམ། དེའི་དོན་དུ་གཏོགས་པའི་རྙེད་པ་གང་ཡིན་པའོ། །ཆོས་གོས་གསུམ་
པོ་ཞེས་བྱ་བ་ནི། གོས་ཀྱི་རྙེད་པ་བགྲང་བ་དེ་ལས་བསྒྱུར་བའི་ཆོས་གོས་གསུམ་པོ་སྣམ་སྦྱར་དང་བླ་གོས་དང་མཐང་གོས་གང་ཡིན་པ་སྟེ། ཆོས་གོས་གསུམ་པོ་དེ་དག་འདིར་དགེ་སློང་རྣམས་ཀྱིས་གནས་བསྡུ་བ་དང་། བདེ་བར་གནས་པར་བྱ་བ་དང་། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་
ཆོས་ཡོངས་སུ་སྤྱད་པར་བྱ་བའི་སྲ་བརྐྱང་གདིང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དངོས་གཞིའི་དུས་ཞེས་སྨོས་པས་ནི། སྔར་གལ་ཏེ་གནས་པར་ཁས་བླངས་པ་དག་གིས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་འོང་བར་ཐོས་པར་གྱུར་ན། གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་
དགག་དབྱེ་བྱའོ་ཞེས་སྨོས་པ་དང་། དོང་བ་དག་ན་དགག་དབྱེ་བྱའོ་ཞེས་སྨོས་པས། འཐབ་ཀྲོལ་བྱེད་པ་ལ་སོགས་པའི་རྒྱུས་དགག་དབྱེའི་ཉི་མ་བས་སྔར་རམ་ཕྱིས་དགག་དབྱེ་བྱ་བར་བསྟན་པ་གང་ཡིན་པ་དེ་བསལ་བར་ཤེས་པར་བྱའོ། །དབྱར་གྱི་རྒྱུ་ལས་བྱུང་བ་ཞེས་སྨོས་པས་ནི་དུས་གཞན་
གྱི་རྒྱུ་ལས་བྱུང་བའི་གོས་ཀྱི་རྙེད་པ་བསལ་ཏོ། །གདིང་བའི་ཉི་མའི་མཐར་གྲུབ་པ་ཞེས་སྨོས་པས་ནི། དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་དུས་གཞན་དུ་གྲུབ་པ་བསལ་ཏོ། །གོས་ཀྱི་རྙེད་པ་བགྲང་བར་ཞེས་སྨོས་པས་ནི། གོས་ཀྱི་དོན་ལས་གཞན་པའི་མཁར་ལེན་དང་གཙུག་ལག་ཁང་
བརྒྱན་པ་ལ་སོགས་པའི་དོན་དུ་འབྱུང་བའི་རྙེད་པ་བསལ་ཏོ། །འདི་སྐད་བསྟན་ཏེ། དབྱར་སྔ་མ་ཟླ་བ་གསུམ་པོ་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་གི་ཉི་མ་དང་བཅས་པ་དག་བསྡུས་པའམ་སོ་སོའི་རྒྱུ་ལས་བྱུང་བའི་གོས་ཀྱི་རྙེད་པ་གང་ཡིན་པ་དེ་ལས་བསྒྱུར་བའི་ཆོས་གོས་གསུམ་པོ་གང་ཡིན་

པ། དེ་དག་འདིར་སྲ་བརྐྱང་གདིང་བར་བྱ་བ་ཡིན་ནོ། །གཙུག་ལག་ཁང་གང་ན་གོས་ཀྱི་རྙེད་པ་ངེས་པ་གང་ཡིན་པ་དེ་ཡང་འདིར་བསྡུས་པར་ཤེས་པར་བྱ་སྟེ། དེ་ལྟ་བས་ན་དེ་དང་འབྲེལ་པ་ཡང་གདིང་བར་བྱའོ། །གོས་ཀྱི་དོན་དུ་རྙེད་པའི་རིན་དག་གིས་བསྒྲུབ་པའི་ཆོས་
གོས་གསུམ་པོ་གང་དག་ཡིན་པ་དེ་དག་ཀྱང་གདིང་བར་བྱ་སྟེ། གོས་ཀྱི་རིན་ནི་གོས་ཀྱི་དོན་དུ་བྱིན་པ་ཡིན་པའི་ཕྱིར་རོ། །ལུང་ལས་ཆོས་གོས་གསུམ་ཞེས་དངོས་སུ་གང་གསུངས་པ་མེད་མོད་ཀྱི། སྔགས་ཀྱི་སྒོ་ནས་གསུམ་དུ་གསུངས་པར་མངོན་ཏེ། དེ་ག་ལས་ཤེས་ཤེ་ན། ཚེ་དང་ལྡན་
པ་དག་བདག་སང་སྲ་བརྐྱང་གདིང་བར་འགྱུར་གྱི། ཁྱེད་ཅག་གིས་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་གསུངས་པའི་ལུང་ལས་ཤེས་ཏེ། གལ་ཏེ་གཅིག་པུ་ཞིག་གདིང་བར་བྱ་བ་ཉིད་ཡིན་ན་ནི་དེའི་ཚེ་རང་རང་གི་ཆོས་གོས་གཅིག་དབྱུང་བར་བྱའོ་ཞེས་གཅིག་གི་ཚིག་ཏུ་གསུངས་
པར་འགྱུར་བ་ཞིག་ན། ལུང་ལས་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་མང་པོའི་ཚིག་ཏུ་གསུངས་པའི་ཕྱིར་རོ། །གཅིག་ཅིག་བྱིན་གྱིས་བརླབས་པ་ལ་གསུམ་ཆར་གྱི་དབྱུང་བ་ཡང་མི་རིགས་པའི་ཕྱིར་རོ། །དེ་ལྟར་ཡང་འདིར་གཞུང་ནི། བཙུན་པ་གང་ཟག་གིས་སྣམ་སྦྱར་གྱི་
སྲ་བརྐྱང་གདིང་དུ་རུང་ངམ་ཉེ་བ་འཁོར་མི་རུང་ངོ་། །གལ་ཏེ་དགེ་འདུན་ལ་ཕུལ་ན་ནི་རུང་ངོ་། །བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ཏེ། བླ་གོས་དང་མཐང་གོས་གཉིས་སྨོས་པས་ཆོས་གོས་གསུམ་ཆར་སྲ་བརྐྱང་ཉིད་དུ་གདིང་བར་མངོན་ནོ། །དེ་ལྟ་བས་ན་དགེ་
སློང་མ་རྣམས་ཀྱི་ཡང་ཆོས་གོས་ལྔ་ཆར་སྲ་བརྐྱང་ཉིད་དུ་གདིང་བར་འདིས་བསྟན་པ་ཡིན་ནོ། །དགེ་འདུན་གྱིའོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཆོས་གོས་གསུམ་སྲ་བརྐྱང་དུ་གདིང་བ་ཡིན་ཏེ། དེ་ནི་དགེ་འདུན་གྱིས་བྱིན་གྱིས་བརླབ་པར་བྱ་བ་དག་ཡིན་པའི་ཕྱིར་རོ། །ཆོས་གོས་གང་གདིང་བར་
འོས་པ་དེ་བསྟན་པའི་ཕྱིར་བཤད་བརྡབ་མ་བྱས་པ་དང་ཡ་ཡོར་མ་གྱུར་པ་དང་མ་རྨུགས་པ་དང་མ་ཟེགས་པའོ་ཞེས་བྱ་བ་སྨྲས་ཏེ། བཤད་བརྡབ་མ་བྱས་པ་ཞེས་བྱ་བ་ལ་བཤད་བརྡབ་ཅེས་བྱ་བ་ནི། སྣམ་བུ་བཞིན་དུ་སྤུ་བཤད་ཅིང་བརྡབས་པ་སྟེ། དེ་ལྟར་མ་བྱས་པ་གང་ཡིན་པ་དེ་ནི་བཤད་

བརྡབ་མ་བྱས་པའོ། །ཡ་ཡོར་མ་གྱུར་པ་ཞེས་བྱ་བ་ལ་ཡ་ཡོར་ཞེས་བྱ་བ་ནི་གྲྭ་དག་འཕྱངས་པའི་ཕྱིར་མི་མཉམ་པར་འདུག་པའོ། །ཁ་ཅིག་ན་རེ། འཐག་པའི་ཚེ་བར་བར་དུ་རྒྱུ་སྤུན་མ་བཅུག་ཅིང་སེང་སེང་པོར་གྱུར་པའོ་ཞེས་ཀྱང་ཟེར་ཏེ། དེ་ལྟར་མ་བྱས་པ་གང་ཡིན་པ་དེ་ནི་ཡ་ཡོར་མ་གྱུར་
པའོ། །མ་རྨུགས་པ་ཞེས་བྱ་བ་ལ། རྨུགས་པ་ཞེས་བྱ་བ་ནི་སྲིལ་དང་བྱ་དང་བྱི་བ་དང་། ཨུད་ཙ་ཏིང་ཀ་དང་བྱེ་བ་ལ་སོགས་པས་མཆུས་རྨུགས་པ་སྟེ། དེ་ལྟར་མ་བྱས་པ་གང་ཡིན་པ་དེ་ནི་མ་རྨུགས་པའོ། །མ་ཟེགས་པ་ཞེས་བྱ་བ་ལ། ཟེགས་པ་ཞེས་བྱ་བ་ནི་ཤ་སྲབ་པ་སྟེ། དེ་ལྟར་
མ་བྱས་པ་གང་ཡིན་པ་དེ་ནི་མ་ཟེགས་པའོ། །ཁ་བསྒྱུར་བའོ་ཞེས་བྱ་བ་ནི། བཀྲུ་བཤལ་འབའ་ཞིག་དང་ཁ་བསྒྱུར་བ་བྱས་པ་སྟེ། བཀྲུ་བཤལ་འབའ་ཞིག་བྱས་པ་ཞེས་བྱ་བ་ནི། བཅག་པ་དང་བརྡབ་པ་མེད་པར་བཀྲུ་བཤལ་བྱས་པ་ཉི་ཚེ་བྱས་པའོ། །ཁ་བསྒྱུར་བ་ཞེས་བྱ་བ་ནི། དེ་ལྟར་
བཀྲུ་བཤལ་འབའ་ཞིག་བྱས་པའི་འོག་ཏུ་ཁ་བསྒྱུར་བའི་མཚན་ཉིད་ཀྱིས་ཁ་དོག་བསྒྱུར་བར་བྱས་པའོ། །ཆོས་གོས་མ་བརྡབས་པ་རུང་བ་ཞེས་གསུངས་པ་གང་ཡིན་པ་དེ་ཉིད་འདིས་བསྡུས་པ་ཡིན་ནོ། །འདིར་གཞུང་ནི། ཆོས་གོས་མ་བརྡབས་པ་རུང་བ་གང་ཡིན་ཞེ་ན། མ་བརྡབས་པ་ནི་
བཅགས་པའོ། །དེ་ཉིད་རུང་བ་ཡིན་པས་མ་བརྡབས་པ་རུང་བའོ་ཞེས་གསུངས་པ་ཡིན་ཏེ། ཆོས་གོས་ཁ་བསྒྱུར་བ་གང་ཡིན་པ་དེ་ཡང་དེ་ཡིན་པས་ཁ་བསྒྱུར་བ་མི་གདིང་བར་མི་བྱའོ། །ཡོངས་སུ་མ་སྤྱད་པའོ་ཞེས་བྱ་བ་ནི་སུས་ཀྱང་ཡོངས་སུ་མ་སྤྱད་པ་སྟེ། ཡོངས་སུ་སྤྱད་པ་ཞེས་བྱ་
བ་ནི་རྙིང་པར་གྱུར་པ་ཡིན་པས། ཆོས་གོས་རྙིང་པར་གྱུར་པས་སྲ་བརྐྱང་འདིང་བར་བྱེད་ན་མ་བཏིང་བར་བརྗོད་པར་བྱའོ། །དེ་ལྟར་ཡང་གཞུང་ནི་ཆོས་གོས་རྙིང་པར་གྱུར་པ་གང་ཞེ་ན། དགེ་སློང་གིས་སྤྱད་པའི་ཆོས་གོས་གསུམ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །སྲ་བའོ་ཞེས་
བྱ་བ་འདིས་ནི་ཆོས་གོས་དེངས་པ་བསལ་ཏོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། ཆོས་གོས་དེངས་པ་གང་ཞེ་ན། ཆོས་གོས་གང་དགེ་སློང་གི་ལུས་ལས་དེངས་པའོ་ཞེས་གསུངས་པ་ཡིན་ཏེ། དེངས་པ་ནི་ཟད་པ་ཡིན་པས་དེ་ལྟར་མ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །

མཐུད་མ་ཅན་དང་ལྷན་རིངས་ཅན་དང་ལྷན་པ་ཅན་དང་ཆ་ག་ཅན་དང་། གཟུངས་ཅན་མ་ཡིན་པའོ་ཞེས་བྱ་བ་ལ། མ་ཡིན་པའོ་ཞེས་བྱ་བའི་སྒྲ་འདི་ལྔ་ཆར་དང་སོ་སོར་སྦྱར་རོ། །མཐུད་མ་ཅན་ཞེས་བྱ་བ་ནི། དུམ་བུ་རིགས་མི་མཐུན་པས་མཐུད་མ་བྱས་པ་སྟེ། དེ་ལྟ་བུ་མ་
མཐུད་པ་ནི་མཐུད་མ་ཅན་མ་ཡིན་པའོ། །ལྷན་རིངས་ཅན་ཞེས་བྱ་བ་ནི་ལྷན་པ་རིང་པོས་གླན་པ་སྟེ། དེ་ལྟ་བུས་མ་གླན་པ་ནི་ལྷན་རིངས་ཅན་མ་ཡིན་པའོ། །ལྷན་པ་ཅན་ཞེས་བྱ་བ་ནི་གང་ལ་ཆུ་བུར་གྱི་རྣམ་པ་ལྟར་གློ་བའི་ལྷན་པ་གཞན་གྱིས་གླན་པ་སྟེ། དེ་ལྟ་བུས་མ་གླན་པ་ནི་ལྷན་པ་ཅན་མ་
ཡིན་པའོ། །ཆ་ག་ཅན་ཞེས་བྱ་བ་ནི། ཆོས་གོས་དག་གི་མཐའ་ཐོག་ཐག་ཏུ་སྐུད་པའི་ཚོམས་ཀྱིས་ཆ་ག་བཏབ་པ་སྟེ། དེ་ལྟ་བུས་མ་བཏབ་པ་ནི་ཆ་ག་ཅན་མ་ཡིན་པའོ། །གཟུངས་ཅན་ཞེས་བྱ་བ་ནི། མཐའ་ཟགས་པ་དག་ལ་སྐུད་པས་དཀྲིས་ཤིང་གཟུངས་བཏབ་པ་སྟེ། དེ་ལྟ་བུས་གཟུངས་
མ་བཏབ་པ་ནི་གཟུངས་ཅན་མ་ཡིན་པའོ། །སྤངས་པ་དང་རྒྱུ་མ་བརྟགས་པ་དང་བྲལ་ཕྲད་མ་ཡིན་པའོ་ཞེས་བྱ་བ་ལ། འདིར་ཡང་མ་ཡིན་པ་ཞེས་བྱ་བའི་སྒྲ་སོ་སོར་སྦྱར་སྟེ། སྤངས་པ་མ་ཡིན་པ་དང་། རྒྱུ་མ་བརྟགས་པ་མ་ཡིན་པ་དང་བྲལ་ཕྲད་མ་ཡིན་པ་ཞེས་བྱ་བར་སྦྱར་རོ། །
སྤངས་པ་ཞེས་བྱ་བ་ནི་ཆོས་གོས་གཞག་པ་སྟེ། འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། ཆོས་གོས་བཞག་པ་གང་ཞེ་ན། ཆོས་གོས་གང་ཞག་བཅུ་འདས་པ་དང་། ཞག་གཅིག་བྲལ་བའོ་ཞེས་གསུངས་པ་ཡིན་ཏེ། དེ་ལྟར་མ་གྱུར་པ་ནི་སྤངས་པ་མ་ཡིན་པའོ། །
རྒྱུ་མ་བརྟགས་པ་ཞེས་བྱ་བ་ནི་རུང་བ་མ་ཡིན་པ་སྟེ། འདིར་གཞུང་ནི་དེ་ཉིད་ལས་རྒྱུ་མ་བརྟགས་པ་ནི་རུང་བ་མ་ཡིན་པའོ་ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བུ་མ་ཡིན་པ་ནི། རྒྱུ་མ་བརྟགས་པ་མ་ཡིན་པའོ། བྲལ་ཕྲད་ཞེས་བྱ་བ་ནི། ཕྱག་དར་ཁྲོད་ལ་བྱ་སྟེ། འདི་ལྟར་སྔར་བོར་བའི་ཚེ་ན་
བདག་པོ་དང་བྲལ་བ་ཡིན་ལ། ཕྱིས་བླངས་པའི་ཚེ་ན་བདག་པོ་གཞན་དང་ཕྲད་པའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། ཆོས་གོས་བྲལ་ཕྲད་གང་ཞེ་ན། ཆོས་གོས་གང་ལམ་ཀ་ནས་བྱུང་བ་སྟེ། ལམ་དུ་བོར་བ་ལས་རྙེད་པའོ་ཞེས་གསུངས་པ་ཡིན་ནོ། །

དེ་ལྟ་བུ་མ་ཡིན་པ་ནི་བྲལ་ཕྲད་མ་ཡིན་པའོ། །སྤངས་པ་ཞེས་བྱ་བ་ནི་ད་ལྟ་སྤོང་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། སྔོན་ལན་ཅིག་སྤངས་པར་གྱུར་པ་ཡང་མི་རུང་ངོ་། །དྲས་ཤིང་དྲུབས་པའོ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་ཏུ་རུང་བ་སྟེ། དེའི་ཕྱིར་སྦྱར་མ་ཡང་བྱིན་གྱིས་བརླབ་ཏུ་རུང་བར་
གསུངས་པ་གང་ཡིན་པ་དེ་ཡང་འདིས་བསྡུས་པ་ཡིན་ནོ། །ཟིན་པའོ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་ཟིན་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྔ་པའོ་ཞེས་བྱ་བ་ནི་སྲིད་དུ་ཁྲུ་ལྔ་པ་སྟེ། འདིས་ཞེང་དུ་ཁྲུ་གསུམ་པ་ཡང་བསྡུས་པ་ཡིན་ནོ། །ལྷག་མ་ཡང་ངོ་ཞེས་བྱ་བ་ནི། ཁྲུ་ཚད་ལྷག་པ་དང་། སུམ་
ཕྲུགས་ལྷག་མ་ཡང་རུང་བ་སྟེ། སྲ་བརྐྱང་འདི་ལ་དགེ་འདུན་གྱིས་ཁྱབ་པར་བྱ་བ་ཡིན་པའི་ཕྱིར་ལྷག་པ་ལ་ཡང་ཉེས་པ་མེད་དོ། །དགེ་འདུན་ནང་ན་ཉུང་བ་དགེ་སློང་བཞི་ཡོད་ན་དེའི་ཕྱིར་དགེ་སློང་བཞིའི་ཚད་ཀྱི་ཆོས་གོས་སུམ་ཕྲུགས་བཞི་མན་ཆད་གདིང་བར་བྱའོ། །ཁ་ཅིག་ན་རེ་ཆོས་
གོས་སུམ་ཕྲུགས་བཞི་པས་ལྷག་པར་བཏིང་བ་ལ་ཡང་ཉེས་པ་མེད་དེ། སྦྱིན་པ་པོ་རྣམས་ཀྱི་བསོད་ནམས་སྤེལ་བའི་ཕྱིར་དང་། དགེ་སློང་རྣམས་ཀྱིས་རྙེད་པ་སྒྲུབ་པའི་ཕྱིར་རོ་ཞེས་ཟེར་ཏེ། དེ་ལྟ་བས་ན་ཆོས་གོས་སུམ་ཕྲུགས་ཇི་སྙེད་འབྱོར་པ་དེ་སྙེད་ཀྱི་གདིང་དུ་རུང་ངོ་། །སྔར་མ་བཏིང་
བའོ་ཞེས་བྱ་བ་ནི། ལོ་གཞན་ལ་སྲ་བརྐྱང་ཉིད་དུ་སྔར་མ་བཏིང་བའི་ཆོས་གོས་རུང་གི །སྔར་བཏིང་བ་ནི་མི་རུང་ངོ་། །བཏིང་བའོ་ཞེས་བྱ་བ་ནི། སྤྲོག་མའི་ནང་དུ་བཏིང་བའོ། །གཟེབས་ཀྱི་སྤྲོག་མའི་ནང་དུ་བརྐྱང་བ་ཞེས་བྱ་བའི་ཐ་ཚིག་གོ། །དུ་མ་ཡང་ངོ་ཞེས་བྱ་བ་ནི། ཆོས་གོས་སུམ་ཕྲུགས་
ཞེས་བྱ་བར་སྦྱར་ཏེ། དགེ་འདུན་གྱི་ཚོགས་དུ་མ་ཡོད་པའི་ཕྱིར། ཆོས་གོས་སུམ་ཕྲུགས་དུ་མ་ཡང་གདིང་དུ་རུང་ངོ་། །དེ་ཇི་སྙེད་པས་གདིང་བར་བྱའོ་ཞེས་བྱ་བ་ནི། ཆོས་གོས་སུམ་ཕྲུགས་ཏེ་ཇི་སྙེད་ཡོད་པ་དེ་སྙེད་འདིང་བར་བྱེད་པའི་དགེ་སློང་ཡང་བསྐོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །
དེ་ནི་ཆོས་གོས་གཞན་བྱིན་གྱིས་བརླབས་པ་ཡིན་པས་དེའི་ཕྱིར་བྱིན་གྱིས་བརླབས་པ་དག་བྱུང་ནས་སོ་ཞེས་བྱ་བ་ནི། གང་གི་ཕྱིར་སྲ་བརྐྱང་གདིང་བ་དེ་ནི་ཆོས་གོས་གཞན་བྱིན་གྱིས་བརླབས་པ་ཡིན་པས། དེའི་ཕྱིར་སྲ་བརྐྱང་འདིང་བའི་ཉིན་པར་དགེ་སློང་རང་རང་གི་ཆོས་གོས་སྔར་

བྱིན་གྱིས་བརླབས་པ་དག་དབྱུང་བར་བྱ་ཞིང་དེ་དག་ཕྱུང་ནས་གཟོད་སྲ་བརྐྱང་གདིང་བར་བྱའོ། །ཞག་མ་ལོན་པར་ཚོགས་པས་མོས་པར་བྱའོ་ཞེས་བྱ་བ་ནི། སྲ་བརྐྱང་འདིང་བའི་ཉི་མ་དེ་ཕན་ཆད་ནས་དབྱར་གྱི་ནང་གི་ཉི་མ་གང་ཚུན་ཆད་ཀྱི་བར་གྱི་ཉི་མ་གང་ལ་
ཆོས་གོས་དེ་སྦྱོར་བའི་ཉི་མ་དེ་ཉིད་ལ་དབྱར་གནས་པར་ཁས་བླངས་པའི་དགེ་འདུན་དུ་གྱུར་པའི་དགེ་སློང་ཐམས་ཅད་མཚམས་ཀྱི་ནང་དུ་ཚོགས་པས་ཆོས་གོས་དེ་དབྱར་གནས་པའི་དགེ་འདུན་གྱི་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བར་གནས་པར་བྱ་བ་དང་། སྦྱིན་པ་པོ་རྣམས་ཀྱི་སྦྱིན་
པར་བྱ་བའི་ཆོས་ཡོངས་སུ་སྤྱད་པར་བྱ་བའི་སྲ་བརྐྱང་དུ་གདིང་བར་དགེ་སློང་ཐམས་ཅད་ཀྱིས་མོས་པར་བྱ་བའོ། །འདིར་གཞུང་ནི་ཇེ་དང་པོ་ཁོ་ནར་ཚོགས་པས་ཆོས་གོས་འདི་ནི་དབྱར་གནས་པའི་དགེ་འདུན་གྱིས་ཆོས་གོས་ཀྱི་རྙེད་པ་གྲུབ་པ་ལགས་ཏེ། གལ་ཏེ་དགེ་འདུན་བཞེད་ན་ཆོས་
གོས་འདིས་དགེ་འདུན་གྱིས་སྲ་བརྐྱང་འདིང་བར་འགྱུར་རོ་ཞེས་མོས་པར་བྱའོ། །དེའི་འོག་ཏུ་ཉི་མ་གཞན་ལ་གནས་མལ་བཤམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཉི་མ་གང་ལ་མོས་པར་བྱས་པའི་ཉི་མ་དེ་ཉིད་དམ་ཉི་མ་གཉིས་པ་ལ་བློ་མཐུན་པར་བྱ་བ་ཁོ་ནར་ངེས་པ་མེད་དེ། གདིང་བའི་
ཉི་མ་ལ་མ་བབ་པ་ཚུན་ཆད་ནམ་དགའ་བ་ན་བྱར་རུང་ངོ་། །མཚམས་ཀྱི་ནང་དུ་བློ་མཐུན་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་མོས་པར་བྱས་པའི་འོག་ཏུ་ཆོས་གོས་དེ་སྲ་བརྐྱང་ཉིད་དུ་བྱ་བར་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་གསོལ་པ་དང་གཉིས་ཀྱི་ལས་ཀྱིས་བློ་མཐུན་པར་བྱའོ། །འདིའི་སྔགས་ནི་དགེ་
འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདི་ནི། དབྱར་གནས་པའི་དགེ་འདུན་གྱི་གོས་ཀྱི་རྙེད་པའི་ཆོས་གོས་བགྱིས་པ་འདི་དགེ་འདུན་གྱིས་སྲ་བརྐྱང་དུ་བྱ་བར་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།
འདི་ལྟར་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ་ཆོས་གོས་འདི་སྲ་བརྐྱང་བགྱི་སྟེ། གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན་གསར་པ་རྣམས་

དང་ལྟ་ཅི་སྨོས། འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དབྱར་གནས་པའི་དགེ་འདུན་གྱིས་གོས་ཀྱི་རྙེད་པའི་ཆོས་གོས་བགྱིས་པ་འདི་དགེ་འདུན་གྱིས་སྲ་བརྐྱང་ཉིད་དུ་བྱ་བར་བཞེད་པས། དེའི་སླད་དུ་འདི་ལྟར་གནས་བསྡུ་བ་དང་དགེ་
སློང་རྣམས་བདེ་བར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ་དགེ་འདུན་གྱིས་ཆོས་གོས་འདི་སྲ་བརྐྱང་དུ་བགྱིས་ཏེ། གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན། གསར་པ་རྣམས་དང་ལྟ་
ཅི་སྨོས་ཏེ། ཆོས་གོས་འདི་སྲ་བརྐྱང་དུ་བགྱི་བར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ན་དགེ་འདུན་གྱིས་ཆོས་གོས་འདི་སྲ་བརྐྱང་དུ་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་
པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །འདིང་བ་ཡང་ངོ་ཞེས་བྱ་བ་ནི། མཚམས་ཀྱི་ནང་དུ་བསྐོ་བར་བྱའོ་ཞེས་བྱ་བར་སྦྱར་ཏེ། འདི་ནི་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །འདིའི་སྔགས་ནི། མིང་འདི་ཞེས་བྱ་བ་ཁྱོད་དབྱར་གནས་པའི་དགེ་
འདུན་གྱི་སྲ་བརྐྱང་འདིང་བར་སྤྲོ་འམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་
དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིང་བར་བསྐོ་སྟེ། དགེ་སློང་སྲ་བརྐྱང་འདིང་བ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་འགྱུར་རོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་
ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིང་བར་བསྐོ་སྟེ། དགེ་སློང་སྲ་བརྐྱང་འདིང་བ་མིང་འདི་ཞེས་བགྱི་བ་འདི། དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་འགྱུར་ན།

དགེ་སློང་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིང་བར་བསྐོ་བར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་སྲ་བརྐྱང་
འདིང་བར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ།། །།བམ་པོ་ལྔ་བཅུ་གཅིག་པ། སྲ་བརྐྱང་འདིང་བའི་དགེ་སློང་རྣམ་པ་ཇི་ལྟ་བུ་ལས་བསྐོ་བར་བྱ་ཞེ་ན། དེའི་ཕྱིར། གང་ལ་སྟེ་འབྱུང་བའོ་ཞེས་བྱ་བ་སྨྲས་ཏེ། གང་
ཟག་རྣམ་པ་ཇི་ལྟ་བུ་ལ་སྲ་བརྐྱང་འདིང་བ་དེ་འབྱུང་བ་སྟེ། སྔར་དབྱར་གནས་པར་ཁས་མ་བླངས་པ་དང་དབྱར་རལ་བ་དང་དབྱར་ཕྱི་མར་གནས་པར་ཁས་བླངས་པ་དང་དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་དང་། ས་གཞན་ལ་གནས་པ་དང་དེ་དག་ཉིད་ཐོབ་པ་དང་། བསྙེན་
པར་མ་རྫོགས་པ་དང་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པར་སོང་བ་ཞེས་སྨོས་པས་དེ་དག་ལས་གཞན་པའི་གང་ཟག་སྲ་བརྐྱང་འདིང་བར་བསྐོ་བར་བྱའོ། །དེ་ལ་གཏད་པར་བྱའོ་ཞེས་བྱ་བ་ནི། སྲ་བརྐྱང་འདིང་བར་བསྐོས་པའི་དགེ་སློང་དེ་ལ་དགེ་འདུན་གྱིས་ཉི་མ་གང་ལ་ཆོས་གོས་དེ་དགེ་
འདུན་གྱིས་སྲ་བརྐྱང་འདིང་བར་གསོལ་པ་དང་། གཉིས་ཀྱི་ལས་ཀྱིས་བློ་མཐུན་པར་བྱས་པ་དེ་ཉིད་ཀྱི་ཉིན་མོ་གཏད་པར་བྱ་བ་སྟེ། ཆོས་གོས་བློ་མཐུན་པར་བྱས་པ་ཉི་མ་གཞན་དུ་གཞག་པར་མི་རིགས་པའི་ཕྱིར་རོ། །ཇི་ལྟར་གཏད་པར་བྱ་ཞེ་ན། དེའི་ཕྱིར་གསོལ་བ་བྱས་ཏེ་ཞེས་བྱ་བ་སྨྲས་ཏེ།
གསོལ་བ་འབའ་ཞིག་གི་ལས་བྱས་ཏེ་གཏད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱིས་སྲ་བརྐྱང་དུ་འདིང་བར་བློ་མཐུན་པར་བགྱིས་པ་ལགས། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ནི་སྲ་བརྐྱང་འདིང་བར་
བསྐོས་པ་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་གནས་བསྡུ་བ་དང་དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ་དགེ་འདུན་གྱིས་ཆོས་

གོས་འདི་སྲ་བརྐྱང་འདིང་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ་གཏོད་ཅིང་། སྲ་བརྐྱང་འདིང་བ་དགེ་སློང་མིང་འདི་ཞེས་བགྱི་བ་ཆོས་གོས་འདིས་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་འགྱུར་ཏེ། གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན། གསར་
པ་རྣམས་དང་ལྟ་ཅི་སྨོས། འདི་ནི་གསོལ་བའོ་ཞེས་གསུང་པ་ཡིན་ནོ། །བཀྲུ་བ་དང་དྲུབ་པ་དང་ཁ་བསྒྱུར་བ་དག་ལ་དེས་སྔོན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་གོས་ནི་སྔར་བྱས་མ་ཟིན་པ་ད་གཟོད་བྱ་དགོས་པ་ཞིག་ཡིན་ན། འདིང་བར་བྱེད་པ་དེས་བཀྲུ་བ་ལ་སོགས་པ་དག་ལ་སྔོན་དུ་
འགྲོ་བར་བྱའོ། །གཉིས་སམ་གསུམ་རྗེས་སུ་བསྒྲུབ་པས་སོ་ཞེས་བྱ་བ་ནི། བཀྲུ་བ་ལ་སོགས་པ་དེ་དག་ལས་གཉིས་སམ་གསུམ་གྱི་ལས་རྗེས་སུ་བསྒྲུབ་པས་གདོན་མི་ཟ་བར་སྔོན་དུ་འགྲོ་བར་བྱའོ། །ཟིན་པ་ཞིག་དྲུབ་ན་རང་གིས་ཁབ་སྲུབས་གཉིས་སམ་གསུམ་དྲུབ་པར་བྱའོ་ཞེས་བྱ་བ་ནི།
གལ་ཏེ་ཆོས་གོས་དེ་བྱས་ཟིན་པ་ཞིག་དྲུབ་ན་དེའི་ཚེ་སྲ་བརྐྱང་འདིང་བས་དེའི་འོག་ཏུ་སྲུབས་གཅིག་གམ་གཉིས་ཙམ་དྲུབ་པར་བྱ་བའོ། །འདིར་གཞུང་ནི་དགེ་སློང་སྲ་བརྐྱང་འདིང་བས་སྲ་བརྐྱང་དུ་གདིང་བའི་ཆོས་གོས་བཀྲུ་བར་བྱ་བ་དང་དྲུབ་པར་བྱ་བ་དང་ཁ་བསྒྱུར་བར་བྱ་བ་ལ་སྔོན་དུ་འགྲོ་བར་
བྱའོ། །གལ་ཏེ་བྱས་ཟིན་པ་ཞིག་རྙེད་ན་དེའི་འོག་ཏུ་ཁབ་སྲུབས་གཉིས་སམ་གསུམ་དྲུབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མནོས་པ་དང་རང་བྱེད་པ་དང་དེའི་མཇུག་དག་ཏུ་གོ་རིམས་བཞིན་དུ་འདིང་བར་འགྱུར་རོ། །གདིང་ངོ་བཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་བྱ་བ་ལ།
མནོས་པ་ཞེས་བྱ་བ་ནི་དང་པོ་དགེ་འདུན་ལས་སྲ་བརྐྱང་དུ་གདིང་བའི་ཆོས་གོས་མནོས་པའི་ཚེའོ། །རང་བྱེད་པ་ཞེས་བྱ་བ་ནི་གལ་ཏེ་ཆོས་གོས་དེ་སྔར་བྱས་མ་ཟིན་པ་ཞིག་ན་སྲ་བརྐྱང་འདིང་བ་རང་གིས་བཀྲུ་བ་དང་དྲུབ་པ་དང་ཁ་བསྒྱུར་བ་དག་ལ་སྔོན་དུ་འགྲོ་བར་བྱ་བ་དང་། ཟིན་པ་ཞིག་དྲུབ་ན་
རང་གིས་ཁབ་སྲུབས་གཉིས་སམ་གསུམ་འདྲུབ་པར་བྱེད་པའི་ཚེའོ། །དེའི་མཇུག་དག་ཏུ་ཞེས་བྱ་བ་ནི། སྲ་བརྐྱང་གདིང་བར་བྱ་བ་དེ་བཏིང་ཟིན་པའི་ཚེའོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི། མནོས་པའི་ཚེ་ན་གདིང་བར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ་མ་བརྩམས་པའི་ཕྱིར་རོ། །རང་

བྱེད་པའི་ཚེ་ན་གདིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། འདིང་བའི་ལས་བརྩམ་པའི་ཕྱིར་རོ། །དེའི་མཇུག་དག་ཏུ་བཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ་ཟིན་པའི་ཕྱིར་རོ། །དང་པོ་ཉམས་ན་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི། མནོས་པའི་ཚེ་ན་འདིང་བར་འགྱུར་རོ་སྙམ་
དུ་སེམས་བསྐྱེད་པར་བྱ་བ་དེ་མ་བྱས་ཏེ་ཉམས་ན་ཡང་འོག་མ་གཉིས་བྱས་ན་སྲ་བརྐྱང་གདིང་བ་མི་འབྱུང་བ་མ་ཡིན་ཏེ་འབྱུང་ངོ་། །ཚེ་དང་ལྡན་པ་དག་བདག་སང་སྲ་བརྐྱང་འདིང་བར་འགྱུར་གྱི་ཁྱེད་ཅག་གིས་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་ཚོགས་པ་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི།
སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལ་སྲ་བརྐྱང་གདིང་བར་འགྱུར་བའི་མདུན་རོལ། སྟོན་ཟླ་འབྲིང་པོ་ཚེས་བཅོ་ལྔའི་དགོངས་ཀར་སྲ་བརྐྱང་འདིང་བའི་དགེ་སློང་དེས་དགེ་འདུན་ཐམས་ཅད་མཚམས་ཀྱི་ནང་དུ་ཚོགས་པ་ལ་དེ་སྐད་བརྗོད་པར་བྱ་བ་སྟེ། རང་རང་གི་ཆོས་གོས་གསུམ་པོ་དག་སྔར་བྱིན་གྱིས་
བརླབས་པའི་སྔགས་ཕྱུང་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །འདུ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། ཚེས་བཅུ་དྲུག་གི་ནང་པར་སྲ་བརྐྱང་གདིང་བའི་དོན་དུ་དགེ་འདུན་འདུ་བ་དེའི་སྐབས་ནི་གནས་མལ་བཤམ་པ་དང་གཎྜཱི་བརྡུང་བ་དང་དྲིས་པའི་ཚིག་གིས་ཡང་དག་པར་བསྒོ་བ་
དག་སྟེ། དེ་དག་སྲ་བརྐྱང་འདིང་བའི་དགེ་སློང་དེས་རྗེས་སུ་བསྒྲུབ་ཅིང་ལས་སུ་བྱ་བའོ། །དྲིས་པའི་ཚིག་གིས་ཡང་དག་པར་བསྒོ་བ་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཅིའི་ཕྱིར་གཎྜཱི་བརྡུངས་ཞེས་དྲིས་པ་ལ་འདིའི་ཕྱིར་རོ་ཞེས་དགེ་སློང་རྣམས་ལ་ལན་བཏབ་པའི་ཚིག་གིས་དགེ་སློང་རྣམས་གནས་དེར་འདུ་
བར་ཡང་དག་པར་བསྒོ་བར་བྱ་བའོ། །དྲི་དང་མེ་ཏོག་གིས་མཆོད་ཅིང་བདུག་སྤོས་དྲི་ཞིམ་པོས་བདུགས་པ་དུ་མ་གཟེབ་ཀྱི་སྤྲོག་མར་ལྷན་ཅིག་བཞག་པ་ཐོགས་ཏེ་རྒན་རིམས་སུ་འདུག་པས་གདིང་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། སྲ་བརྐྱང་འདིང་བའི་ཆོས་གོས་སུམ་ཕྲུགས་དྲི་དང་མེ་
ཏོག་གིས་མཆོད་ཅིང་བདུག་སྤོས་དྲི་ཞིམ་པོས་བདུག་པ་ཕྲུགས་གཅིག་གམ་གཉིས་སམ་དུ་མ་ཇི་སྙེད་འབྱོར་པ་གཟེབ་ཀྱི་སྤྲོག་མ་གཅིག་ཏུ་ལྷན་ཅིག་བཞག་པ་སྲ་བརྐྱང་འདིང་བར་བྱེད་པའི་དགེ་སློང་གི་པང་བར་ཐོགས་ཏེ་དགེ་སློང་རྒན་རིམས་ཀྱི་མདུན་དུ་འདུག་པས་སྲ་བརྐྱང་གདིང་བར་བསྒྲུབ་

བར་བྱའོ། །དུས་གང་གི་ཚེ་ཞེ་ན་དེའི་ཕྱིར། ཚེས་བཅུ་དྲུག་ལའོ་ཞེས་བྱ་བ་སྨྲས་ཏེ་ཚེས་བཅུ་དྲུག་གི་ནང་པར་རོ། །ཟླ་བ་གང་གི་ཚེ་ཞེ་ན་དེའི་ཕྱིར། སྟོན་ཟླ་འབྲིང་པོའོ་ཞེས་བྱ་བ་སྨྲས་ཏེ། སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལའོ། །ཅི་ཞིག་གིས་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། ལན་གསུམ་བཟླས་པས་སོ་
ཞེས་བྱ་བས་སྨྲས་སོ། །ཅི་ཞིག་ལན་གསུམ་བཟླས་པ་ཞེ་ན་དེའི་ཕྱིར། གདིང་ངོ་ཞེས་བྱ་བ་སྨྲས་ཏེ། ཇེ་དང་པོར་དགེ་སློང་ཐམས་ཅད་ལ་གདིང་ངོ་ཞེས་བྱ་བའི་སྔགས་ལན་གསུམ་བཟླས་པས་བསྒྲུབ་པར་བྱ་བ་སྟེ། འདིའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དགེ་
འདུན་གྱིས་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་པ་ལགས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནི་སྲ་བརྐྱང་འདིང་བར་བསྐོས་པ་ལགས་ཏེ། འདི་ལྟར་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ།
བདག་སྲ་བརྐྱང་འདིང་བ་དགེ་སློང་མིང་འདི་ཞེས་བགྱི་བས་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་གདིང་བར་བགྱིའོ། །གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན། གསར་པ་རྣམས་དང་ལྟ་ཅི་སྨོས་ཞེས་ལན་གསུམ་བཟླས་སོ་ཞེས་གསུངས་པ་ཡིན་ནོ། །དགེ་
སློང་རེ་རེའི་མདུན་དུ་འདུག་སྟེ་བཏིང་ངོ་ཞེས་གོ་བར་བྱའོ་ཞེས་བྱ་བ་ནི། དེ་ལྟར་དགེ་འདུན་ཐམས་ཅད་ལ་གདིང་ངོ་ཞེས་བྱ་བའི་སྔགས་ལན་གསུམ་བཟླས་པས་བསྒྲུབས་ནས་དེའི་འོག་ཏུ་སྲ་བརྐྱང་འདིང་བའི་དགེ་སློང་དེས་གནས་བརྟན་མན་ཆད་ནས་དགེ་སློང་ཐམས་ཅད་ཀྱི་མདུན་དུ་རྒན་རིམས་
ཀྱིས་འདུག་སྟེ། དགེ་སློང་རེ་རེ་ལ་ཡང་བཏིང་ངོ་ཞེས་བྱ་བའི་སྔགས་ལན་གསུམ་གསུམ་བཟླས་པས་བསྒྲུབ་པར་བྱ་བའོ། །འདིའི་སྔགས་ནི་གནས་བརྟན་ནམ་བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱི་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་པ་ལགས།
བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནི་སྲ་བརྐྱང་འདིང་བར་བསྐོས་པ་ལགས་ཏེ། དེའི་སླད་དུ་འདི་ལྟར་གནས་བསྡུ་བ་དང་། དགེ་སློང་རྣམས་ལ་བདེ་བར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ། བདག་སྲ་བརྐྱང་འདིང་བ་དགེ་སློང་

མིང་འདི་ཞེས་བགྱི་བས་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་བཏིང་ལགས་ཏེ། གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན། གསར་པ་རྣམས་དང་ལྟ་ཅི་སྨོས་ཞེས་ལན་གསུམ་བཟླས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་གྱིས་
ནི་ལེགས་པར་བཏིང་ངོ་ཤིན་ཏུ་བཏིང་ངོ་འདི་ལ་རྙེད་པ་དང་ཕན་ཡོན་གང་ཡོད་པ་དེ་བདག་གི་ཡིན་ནོ་ཞེས་བྱ་བ་ནི། དེ་ལྟར་སྲ་བརྐྱང་འདིང་བར་བྱེད་པའི་དགེ་སློང་དེས་གནས་བརྟན་མན་ཆད་ནས་དགེ་སློང་ཐམས་ཅད་ཀྱི་མདུན་དུ་རྒན་རིམས་ཀྱིས་འདུག་སྟེ། དགེ་སློང་རེ་རེ་ལ་བཏིང་ངོ་ཞེས་བྱ་
བའི་སྔགས་ལན་གསུམ་གསུམ་བཟླས་པས་བསྒྲུབས་པ་ན། གནས་བརྟན་ལ་སོགས་པ་དགེ་སློང་གཞན་རེ་རེས་ཀྱང་དེའི་འཕྲལ་འཕྲལ་ལ་སྔགས་འདི་ལན་རེ་རེ་བཟླས་པར་བྱའོ། །འདིའི་སྔགས་ནི། ལེགས་པར་བཏིང་ངོ་ཤིང་ཏུ་བཏིང་ངོ་། །འདི་ལ་རྙེད་པ་དང་ཕན་ཡོན་གང་ཡོད་པ་དེ་བདག་གི་ཡིན་
ནོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་རྗེས་སུ་ཡི་རང་བ་ནི་ཉམས་སུ་མྱོང་བ་དང་འདྲའོ་ཞེས་བྱ་བ་ནི། གང་ལ་ལས་སྲ་བརྐྱང་འདིང་བ་འདི་ཉམས་སུ་མྱོང་བ་ལ་སྲ་བརྐྱང་བཏིང་བའི་ཕན་ཡོན་དང་རྙེད་པ་འབྱུང་བ་དེ་བཞིན་དུ་གང་ལ་ལ་སྲ་བརྐྱང་འདིང་བ་ན་གཉིད་ལོག་པ་ལ་སོགས་པའི་དབང་གིས་སྲ་
བརྐྱང་བཏིང་བ་འདི་ཉམས་སུ་མ་མྱོང་བས་གཉིད་སད་པ་ལ་སོགས་པའི་དུས་ན་སྲ་བརྐྱང་བཏིང་བར་ཐོས་ནས་འདི་ལ་རྗེས་སུ་ཡི་རང་བར་བྱེད་པ་དེ་ལ་ཡང་སྲ་བརྐྱང་བཏིང་བའི་ཕན་ཡོན་དང་རྙེད་པ་འབྱུང་བར་འགྱུར་རོ། །འདི་སྐད་བསྟན་ཏེ། གང་གི་སྲ་བརྐྱང་འདིང་བ་མངོན་སུམ་དུ་གྱུར་པ་ན་གཉིད་ལ་
སོགས་པའི་དབང་གིས་ལས་ཉམས་སུ་མ་མྱོང་ཡང་ཕྱིས་སད་པ་ན་རྗེས་སུ་ཡི་རང་བ་བྱེད་ན་རྗེས་སུ་ཡི་རང་བ་དེ་ནི་ལས་ཉམས་སུ་མྱོང་བ་དང་འདྲ་བར་ཤེས་པར་བྱའོ། །འདིར་གཞུང་ནི་མ་མོ་ལས་དེ་ཐོས་ནས་ལེགས་པར་བཏིང་ངོ་ཤིན་ཏུ་བཏིང་ངོ་ཞེས་རྗེས་སུ་ཡི་རང་བར་བྱེད་པ་དེ་དག་གིས་ཀྱང་སྲ་བརྐྱང་བཏིང་
བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་གིས་དེའི་རྗེས་སུ་ཡི་རང་བར་བྱ་ཞེ་ན། དེའི་ཕྱིར་མངོན་གསུམ་དུ་གྱུར་པས་སོ་ཞེས་བྱ་བ་སྨྲས་སྟེ། དེ་བཏིང་བའི་ཕྱིར་ཚོགས་པ་བྱིན་པས་སོ། །ད་ནི་སྲ་བརྐྱང་གདིང་བའི་དགེ་སློང་གིས་དགེ་འདུན་གྱི་སྲ་བརྐྱང་དུ་བཏིང་བའི་ཆོས་གོས་དེ་ཇི་ལྟར་ཡོངས་སུ་

བསྐྱང་བའི་ཆོ་ག་བཤད་པར་བྱ་སྟེ། དེའི་ཕྱིར་དུས་དུས་སུ་བསང་བར་བྱ་བསྲད་པར་བྱ་སྤྲུག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། སེར་བུའི་དད་ལ་བསང་བ་དང་ཉི་མ་ལ་བསྲད་པ་དང་། རྡུལ་སྤྲུག་པར་བྱ་བའོ། །ཁྱིམ་དུ་བ་ཅན་དང་རྡུལ་ཅན་དུ་གཞག་པར་མི་བྱའོ་ཞེས་བྱ་བ་ནི། གནས་ཁང་ལ་སོགས་པ་
གང་དུ་དུ་བ་འཐུལ་བ་དང་རྡུལ་འཐུལ་བ་དེར་གཞག་པར་མི་བྱའོ། །རྒྱལ་པོའི་ཕོ་བྲང་དུ་གཞག་པར་མི་བྱའོ་ཞེས་བྱ་བ་ཡང་སྲ་བརྐྱང་དུ་གདིང་བའི་ཆོས་གོས་དེའོ། །དེ་དང་འབྲལ་བར་མི་བྱའོ་ཞེས་བྱ་བ་ནི། སྲ་བརྐྱང་འདིང་བའི་དགེ་སློང་དེ་སྲ་བརྐྱང་དུ་བཏིང་བའི་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་
སྐྱ་རེངས་ཀྱིས་ཆོད་པར་འབྲལ་བར་མི་བྱའོ། །ཁྱེར་ཏེ་གཞན་དུ་འགྲོ་བར་མི་བྱ་བའོ་ཞེས་བྱ་བ་ནི། དེས་སྲ་བརྐྱང་དུ་བཏིང་བའི་ཆོས་གོས་དེ་ཁྱེར་ཏེ་མཚམས་ཀྱི་ཕྱི་རོལ་གྱི་གཙུག་ལག་ཁང་གཞན་ནམ་གྲོང་གཞན་དུ་འགྲོ་བར་མི་བྱ་བའོ། །མི་གཙང་བའི་སྐྱབས་སུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི།
དེས་ཆོས་གོས་དེ་ཁྱེར་ཏེ་ཕྱི་རོལ་ཆེ་ཆུང་གི་གནས་སུ་འཇུག་པར་མི་བྱའོ། །བླ་གབ་མེད་པར་འདུག་པར་མི་བྱའོ་ཞེས་བྱ་བ་ཡང་དེ་ཁྱེར་ཏེ་ཞེས་བྱ་བར་སྦྱར་རོ། །སྲ་བརྐྱང་འདིང་བའི་དགེ་སློང་ལས་གཞན་པའི་གང་ཟག་གིས་ཆོས་གོས་དེ་གཞག་པ་དང་བསྲེལ་བ་དང་བསྐུར་བར་མི་བྱའོ། །དེ་དག་ནི་
སྲ་བརྐྱང་གདིང་བའི་ཆོ་ག་ཡིན་ཏེ། དཔེར་ན་གོས་གདིང་བ་དང་འདྲ་བའི་སྲ་བརྐྱང་སྤང་ལེབ་ཡིན་པ་དང་འདྲ་བར་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་ཀྱི་ཕན་ཡོན་དང་རྙེད་པ་འབྱུང་བའི་སྲ་བརྐྱང་ཡང་ཆོས་གོས་འདི་ཡིན་པས། དེའི་ཕྱིར་སྲ་བརྐྱང་དང་འདྲ་བས་སྲ་བརྐྱང་བ་ཞེས་བྱ་སྟེ། དེ་
གདིང་བའི་ཆོ་ག་ནི་ཇི་སྐད་བསྟན་པ་དེ་དག་ཡིན་ནོ། །སྲ་བརྐྱང་བཏིང་བའི་ཆོ་ག་བཤད་ཟིན་ཏོ།། །།ད་ནི་སྲ་བརྐྱང་དབྱུང་བའི་ཆོ་ག་བཤད་པར་བྱ་སྟེ། དེའི་ཕྱིར་དབྱུང་བ་ནི་རྣམ་པ་གཉིས་ཏེ། རང་འཇུག་པ་དང་འབྲལ་བ་དང་བཅོས་མའོ་ཞེས་བྱ་བ་སྨྲས་ཏེ། རང་འཇུག་པ་དང་འབྲལ་བ་ཞེས་བྱ་བ་
ནི། བྱེད་རྒྱུ་མེད་པར་རང་ཉིད་འདིང་བའི་འཇུག་པ་དང་འབྲལ་བའོ། །བཅོས་མ་ཞེས་བྱ་བ་ནི། ལས་ལ་སོགས་པའི་ཚོགས་བློ་སྔོན་དུ་བཏང་སྟེ་དབྱུང་བའོ། །རང་འཇུག་པ་དང་བྲལ་བ་རྣམ་པ་གང་གིས་འགྲུབ་པར་འགྱུར་ཞེ་ན་དེའི་ཕྱིར་རང་འཇུག་པ་དང་འབྲལ་བ་ནི། སྲ་བརྐྱང་པས་མཚམས་

གཞན་དུ་ཕྱིན་པ་དང་བྱིན་གྱིས་རློབ་པར་བྱེད་པ་མེད་པར་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་བ་དང་། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པའོ་ཞེས་བྱ་བ་སྨྲས་ཏེ། རང་འཇུག་པ་དང་འབྲལ་བ་ནི་གནས་སྐབས་གསུམ་པོ་འདི་དག་ལ་འབྱུང་སྟེ། སྲ་བརྐྱང་པས་མཚམས་
ཀྱི་གནས་གཞན་དུ་ཕྱིན་པ་དང་། མཚམས་གང་དུ་དེ་བཏིང་བའི་མཚམས་དེར་བྱིན་གྱིས་རློབ་པར་བྱེད་པའི་དགེ་སློང་ཐམས་ཅད་མ་ལུས་པར་མེད་པའི་ཚེ་དེར་སྐྱ་རེངས་ཤར་བ་དང་། བྱིན་གྱིས་རློབ་པར་བྱེད་པའི་དགེ་འདུན་གྱི་མཚམས་ཀྱི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་གང་ཟག་གང་ལ་རྒྱུན་
བཅད་པའི་གནས་སྐབས་ནའོ། །དེ་ལ་དང་པོ་གཉིས་ཀྱིས་ནི་དེར་གཏོགས་པའི་དགེ་འདུན་ཐམས་ཅད་ཀྱི་སྲ་བརྐྱང་བཏིང་བ་རང་འཇུག་པ་དང་བྲལ་བར་འགྱུར་ལ། ཐ་མལ་ནི་གང་ཟག་གང་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་རྒྱུན་ཆད་པ་དེ་ཉི་ཚེ་བའི་སྲ་བརྐྱང་བཏིང་བ་རང་འཇུག་པ་
དང་འབྲལ་བར་འགྱུར་ཏེ། སྲ་བརྐྱང་བཏིང་བ་ནི་དབྱར་གྱི་གནས་ཀྱི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཇི་ལྟར་སྲ་བརྐྱང་གདིང་བ་དེའི་ཕྱིར་དབྱར་གནས་པའི་གནས་ལས་གཞན་པའི་གནས་སུ་མི་འབྱུང་བ་དེ་བཞིན་དུ་དབྱུང་བ་ཡང་གནས་གཞན་དུ་གནས་པ་ཉིད་ན་འཇིག་པར་
འགྱུར་བ་དེའི་ཕྱིར་སྲ་བརྐྱང་དེས་མཚམས་གཞན་དུ་ཕྱིན་ན་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར་རོ། །གང་གི་ཕྱིར་བྱིན་གྱིས་རློབ་པར་བྱེད་པའི་དགེ་སློང་ཐམས་ཅད་སྲ་བརྐྱང་བཏིང་བའི་གནས་དེ་ནས་བྲལ་བར་གྱུར་པ་ཉིད་ཡིན་ན། ཇི་ལྟར་སྣམ་སྦྱར་ལ་སོགས་པ་བྱིན་གྱིས་
བརླབས་པའི་ཆོས་གོས་གཞན་དག་གིས་རྒྱུན་བཅད་པ་ཉིད་དང་། མཚམས་ཐ་དད་པ་ན་གནས་པ་ཉིད་དུ་འགྱུར་བ་དེ་བཞིན་དུ། སྲ་བརྐྱང་འདི་ཡང་རྒྱུན་ཆད་པ་ཉིད་ན་དེ་ལ་འབྲལ་བའི་སྤང་བ་ཉིད་དུ་འབྱུང་ཞིང་། སྤང་བ་ཉིད་དུ་གྱུར་པའི་ཆོས་གོས་ལ་ཇི་ལྟར་སྲ་བརྐྱང་གདིང་བ་ཉིད་མི་འབྱུང་བ་དེ་བཞིན་
དུ། བྱུང་བ་ཡང་འཇིག་པར་འགྱུར་བ་དེའི་ཕྱིར་བྱིན་གྱིས་རློབ་པར་བྱེད་པ་མེད་པར་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་ན་ཡང་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བར་འགྱུར་རོ། །གང་གི་ཕྱིར་དགེ་སློང་གང་དབྱར་གནས་པར་ཁས་བླངས་པའི་དགེ་འདུན་གྱིས་དབྱར་གྱི་གནས་དེའི་མཚམས་ཀྱི་དཀྱིལ་

འཁོར་གྱི་ཁོངས་སུ་གཏོགས་པ་དེས་དཀྱིལ་འཁོར་དེ་གཏན་གཏོང་ཞིང་རྒྱུན་གཅོད་པར་བྱེད་པ་དེ་ལ་དགེ་སློང་ལྷག་མ་གཞན་དག་སྲ་བརྐྱང་བཏིང་བ་དེ་ལ་བག་ཡངས་སུ་གནས་པ་གང་ཡིན་པ་ཉིད་དང་། དགེ་སློང་དེ་དག་ལ་སྲ་བརྐྱང་བཏིང་བ་དེ་ཕན་ཡོན་དང་རྙེད་པའི་གཞིར་གནས་པ་གང་ཡིན་པ་དེ་ཉིད་
འཇིག་པར་འགྱུར་བ་དེའི་ཕྱིར་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་བཅད་ན་ཡང་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར་རོ། །འདི་སྐད་བསྟན་ཏེ། གང་གི་ཕྱིར་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་ཞེས་བྱ་བའི་གང་ཟག་གཅིག་གིས་སྲ་བརྐྱང་བཏིང་བ་དེ་འཇིག་
པར་འགྱུར་བ་དེའི་ཕྱིར་གང་ཟག་གང་དབྱར་གནས་པར་ཁས་བླངས་པའི་དགེ་འདུན་གྱི་དབྱར་གྱི་གནས་དེའི་མཚམས་ཀྱི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་གཏན་པ་བཏང་ཞིང་རྒྱུན་བཅད་པ་དེ་ལ་སྲ་བརྐྱང་དབྱུང་བའི་འཇུག་པ་དང་བྲལ་བར་འགྱུར་ཏེ། བཏིང་བའི་རྒྱུན་དང་བྲལ་བ་དང་རྗེས་
སུ་འཇུག་པ་དང་བྲལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། རོ་གཅིག་པའི་དངོས་པོ་ཉིད་མེད་པར་འགྱུར་བའི་ཕྱིར་རོ། །རང་འཇུག་པ་དང་བྲལ་བ་རྣམ་པ་གསུམ་སྨོས་པ་དེ་དག་ལས་དང་པོ་གཉིས་ཀྱི་མཚན་ཉིད་ནི་རྒྱས་པར་བཤད་ཟིན་ན། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་
ཆད་པ་ཞེས་སྨོས་པ་དེ་རྣམ་པ་གང་གིས་དུས་གང་གི་ཚེ་ན་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྱུར་བ་དེ་མ་བསྟན་པས། དེའི་ཕྱིར་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་འདིར་སྐབས་གཞན་བསྟན་པར་བྱ་སྟེ། དེའི་ཕྱིར་མ་ལྟ་བུའི་ཚིག་དྲུག་སྟེ། སྦྱོར་བས་འགྲོ་བ་དང་། ངེས་
པར་བྱེད་པ་དང་། མཐར་ཐུག་པར་འགྱུར་བ་དང་། ཞིག་པར་འགྱུར་བ་དང་། བསམ་པའི་རྒྱུན་ཆད་པ་དང་། མཚམས་ལས་འདའ་བའོ་ཞེས་བྱ་བ་སྨྲས་སོ། །དེ་དག་ནི་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་ཞེས་བྱ་བ་དེའི་བྱེ་བྲག་ཏུ་བཤད་པར་གྱུར་པ་དག་ཡིན་ཏེ། ཚིག་དེ་དག་
ནི་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པའི་གང་ཟག་དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར་བ་དག་གིས་མ་དང་འདྲ་ཞིང་མའི་གནས་ལྟ་བུ་དག་ཡིན་པས་དེའི་ཕྱིར་མ་ལྟ་བུའི་ཚིག་དྲུག་ཅེས་བྱ་སྟེ། སྦྱོར་བས་འགྲོ་བ་ལ་སོགས་པ་དྲུག་པོ་དག་བྱུང་བ་ནི་དེའི་དཀྱིལ་

འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་ཡང་འབྱུང་བའི་ཕྱིར་རོ། །དེ་ལ་སྦྱོར་བས་འགྲོ་བ་ཞེས་བྱ་བ་ནི། སྦྱོར་བ་ངེས་པས་མཚམས་ལས་འདའ་ཞིང་འགྲོ་བའོ། །ངེས་པར་བྱེད་པ་ཞེས་བྱ་བ་ནི། མཚམས་ཀྱི་ཕྱི་རོལ་དུ་ངེས་པ་མེད་པར་བྱེད་པའོ། །མཐར་ཐུག་པར་གྱུར་པ་
ཞེས་བྱ་བ་ནི། ཆོས་གོས་བརྩམས་པ་ཟིན་པར་བྱས་པའོ། །ཞིག་པར་གྱུར་པའོ་ཞེས་བྱ་བ་ནི་ཆོས་གོས་བརྩམས་པ་མ་ཟིན་པའི་བར་སྐབས་སུ་རྐྱེན་འགའ་ཞིག་གིས་རྒྱུན་ཆད་པར་གྱུར་པའོ། །བསམ་པའི་རྒྱུན་ཆད་པ་ཞེས་བྱ་བ་ནི། ཆོས་གོས་ལ་རེ་བ་བྱུང་བ་རྒྱུན་ཆད་པར་གྱུར་པའོ། །མཚམས་ལས་
འདའ་བ་ཞེས་བྱ་བ་ནི། ཐེ་ཚོམ་ཟ་བའི་སྦྱོར་བས་མཚམས་ལས་འདའ་བར་བྱེད་པའོ། །དེ་དག་གིས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཇི་ལྟར་ཆད་པར་བརྗོད་པར་བྱ་ཞེ་ན་དེའི་ཕྱིར། དེ་ལ་དེའོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་གང་སྦྱོར་བས་འགྲོ་བ་ལ་སོགས་པ་རང་འཇུག་པ་དང་བྲལ་བའི་
རྒྱུ་ཀུན་དུ་སྤྱོད་པ་དེ་ལ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་རྣམ་པར་གཞག་གི་དགེ་འདུན་ཐམས་ཅད་ལ་ནི་དེ་རྣམ་པར་མི་གཞག་སྟེ། ཇི་ལྟར་སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་དང་བྱིན་གྱིས་རློབ་པར་བྱེད་པ་མེད་པར་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་བ་ཞེས་བྱ་བ་སྔར་
བསྟན་པ་གཉིས་ཀྱིས་དགེ་འདུན་ཐམས་ཅད་ལ་སྲ་བརྐྱང་དབྱུང་བར་རང་འཇུག་པ་དང་བྲལ་བར་འགྱུར་བ་དེ་ལྟར་འདིས་ནི་མི་འགྱུར་བའོ། །འདི་སྐད་བསྟན་ཏེ། གང་ཟག་གང་ལ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་གྱུར་པ་དེ་ཉིད་ལ་སྲ་བརྐྱང་འབྱུང་བར་རང་འཇུག་པ་དང་
བྲལ་བར་འགྱུར་བ་ཏེ། དེ་ཉིད་ཀྱི་སྲ་བརྐྱང་བཏིང་བ་ལས་གྱུར་པའི་རྙེད་པ་དང་ཕན་ཡོན་དག་ལྡོག་པར་འགྱུར་གྱི། དེས་དགེ་འདུན་གཞན་གྱི་ནི་ལྡོག་པར་མི་འགྱུར་རོ། །དེ་ལྟར་ན་མ་ལྟ་བུའི་ཚིག་དྲུག་པོ་དེ་དག་གིས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་པར་འགྱུར་བ་དེ་བསྟན་
ཏོ། །དུས་གང་གི་ཚེ་མ་ལྟ་བུའི་ཚིག་དྲུག་པོ་དེ་དག་གིས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་པར་འགྱུར་ཞེ་ན་དེའི་ཕྱིར། མཚམས་ལས་འདས་པ་ན་དེ་འགྲུབ་པོ་ཞེས་བྱ་བ་སྨྲས་ཏེ། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པའི་མཚམས་ལས་འདས་པ་ན་དེ་ཆད་པ་དེ་འགྲུབ་

པོ། །ཅི་གང་ཡང་རུང་བས་མཚམས་ལས་འདའ་ན་འམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར། ཕྱིར་མི་འོང་བའི་སེམས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། དབྱར་གནས་པར་ཁས་བླངས་པའི་དགེ་འདུན་གྱིས་མཚམས་ཀྱི་དཀྱིལ་འཁོར་གང་ན་སྲ་བརྐྱང་དུ་བཏིང་བའི་ཆོས་གོས་འདུག་པ་དེར་ཕྱིར་མི་འོང་བར་དམ་
བཅས་པའི་སེམས་ཀྱིས་མཚམས་ལས་འདས་ཏེ་འགྲོ་ན་དེའི་ཚེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་པར་འགྱུར་ཏེ། འདིས་ནི་སྦྱོར་བས་འགྲོ་བ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་བསྟན་ཏོ། །ཅི་སྦྱོར་བས་འགྲོ་བ་འབའ་ཞིག་གིས་དེ་ཆད་པར་ཟད་དམ་ཞེ་ན་མ་ཡིན་ཏེ་
དེའི་ཕྱིར། མཚམས་ཀྱི་ཕྱི་རོལ་དུ་དེ་སྐྱེས་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། མཚམས་ཀྱི་ནང་ནས་འགྲོ་བའི་ཚེ་ན་ཕྱིར་མི་འོང་བའི་སེམས་མ་སྐྱེས་སུ་ཟིན་ཀྱང་མཚམས་ཀྱི་ཕྱི་རོལ་དུ་སོན་པ་དེ་ཉིད་ན་ཕྱིར་མི་འོང་བར་ངེས་པའི་སེམས་དེ་སྐྱེས་ན་ཡང་། དེའི་ཚེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་
པར་འགྱུར་ཏེ། འདིས་ནི་ངེས་པར་བྱེད་པས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པར་ཆད་པ་བསྟན་ཏོ། །ཅི་བྱེ་བྲག་མེད་པ་ཁོ་ནས་མཚམས་ལས་འདས་པའི་དུས་དང་། མཚམས་ཀྱི་ཕྱི་རོལ་དུ་ཕྱིར་མི་འོང་བའི་སེམས་སྐྱེས་པ་ན་དེ་ཆད་པར་འགྱུར་རམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཆོས་གོས་བྱ་བའི་
བསམ་པས་རྗེས་སུ་འབྲེལ་པ་མེད་ན་དེའི་ཚེ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་བྱའོ་སྙམ་དུ་སེམས་པའི་ཆོས་གོས་བྱ་བའི་བསམ་པ་གང་ཡིན་པ་དེས། དེར་རོ་གཅིག་པ་ཉིད་ཀྱི་རྗེས་སུ་འབྲེལ་པ་ཞེས་བྱ་བ་རྗེས་སུ་འཇུག་པ་ཉིད་དང་རྗེས་སུ་སོང་བ་ཉིད་གང་ཡིན་པའི་རྗེས་སུ་འབྲེལ་བ་དེ་མེད་ན། མཚམས་
ལས་འདས་པའི་དུས་དང་མཚམས་ཀྱི་ཕྱི་རོལ་དུ་ཕྱིར་མི་འོང་བའི་སེམས་སྐྱེས་པའི་དུས་དེའི་ཚེ་ཉིད་ན་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེའི་ཆད་པར་འགྱུར་ཏེ། འདིས་ནི་སྦྱོར་བས་འགྲོ་བ་དང་ངེས་པར་བྱེད་པར་དེ་གཉིས་ཀྱི་བྱེ་བྲག་གི་གནས་སྐབས་བསྟན་ཏོ། །ཅི་ཆོས་གོས་བྱ་བའི་བསམ་པས་
རྗེས་སུ་འབྲེལ་པ་མེད་པ་འབའ་ཞིག་གིས་དེའི་ཚེ་ཆད་པར་འགྱུར་བར་ཟད་དམ་ཞེ་ན་མ་ཡིན་ནོ། །དེའི་ཕྱིར་ཡོད་ན་བྱེད་པར་འགྱུར་བ་ཉིད་ཆད་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་པ་ཡོད་ན་ནི་དེའི་ཚེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་པར་མི་འགྱུར་

ཏེ། གང་གི་ཚེ་ཆོས་གོས་བྱེད་པར་འགྱུར་བ་ཉིད་རྒྱུན་ཆད་པར་འགྱུར་བ་དེ་ཉིད་ཀྱི་ཚེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཡང་ཆད་པར་འགྱུར་ཏེ། འདིས་ཀྱང་སྦྱོར་བས་འགྲོ་བ་དང་ངེས་པར་བྱེད་པ་དེ་གཉིས་ཀྱི་བྱེ་བྲག་གི་གནས་སྐབས་གཞན་བསྟན་ཏོ། །ཅི་མཚམས་
ལས་འདས་པའི་དུས་དང་མཚམས་ཀྱི་ཕྱི་རོལ་དུ་ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་པ་མེད་པ་འབའ་ཞིག་གིས་དེ་ཆད་པར་འགྱུར་བར་ཟད་དམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། ཕྱིར་འོངས་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། སྲ་བརྐྱང་གདིང་བའི་མཚམས་སུ་ཕྱིར་འོངས་ན་ཡང་ཆོས་གོས་བྱེད་པར་འགྱུར་
བའི་བསམ་པས་རྗེས་སུ་འབྲེལ་པ་ཉིད་ཆད་པར་གྱུར་ན་དེའི་ཚེ་ཡང་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་ཆད་པར་འགྱུར་ཏེ། གང་ཟག་དེ་ཉི་ཚེ་ལ་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ཀྱང་སྦྱོར་བས་འགྲོ་བ་དང་ངེས་བར་བྱེད་པ་དེ་
གཉིས་ཀྱི་བྱེ་བྲག་གི་གནས་སྐབས་གཞན་བསྟན་ཏོ། །བྱེད་པར་འགྱུར་བ་ཉིད་ཆད་ནའོ་ཞེས་གང་སྨོས་པ་དེ་ལ་བྱེད་པར་འགྱུར་བ་ཉིད་ཆད་པའི་གནས་སྐབས་དུ་ཡོད་ཅེ་ན། དེའི་ཕྱིར་བྱེད་པར་འགྱུར་བའི་མཐར་ཐུག་པ་དང་བརྩམས་པ་ཞིག་པ་དང་བསམ་པའི་རྒྱུན་ཆད་པ་གསུམ་ལ་དེ་གནས་སོ་
ཞེས་བྱ་བ་སྨྲས་ཏེ། ཆོས་གོས་བྱའོ་སྙམ་དུ་བསམས་པ་གང་ཡིན་པ་དེ་མཐར་ཐུག་པར་གྱུར་པ་དང་། བརྩམས་པ་ཞིག་པར་གྱུར་པ་དང་། བསམ་པའི་རྒྱུན་ཆད་པར་གྱུར་པ་ཞེས་བྱ་བ་དེ་གསུམ་གྱི་གནས་སྐབས་ལ་བྱེད་པར་འགྱུར་བ་ཆད་པ་དེས་གནས་པར་སྦྱར་རོ། །འདི་སྐད་བསྟན་ཏེ། ཆོས་གོས་
བྱེད་པར་འདོད་པ་དེ་མཐར་ཐུག་པར་གྱུར་པའི་དུས་དང་། དེ་བརྩམས་པ་ཞིག་པར་གྱུར་པའི་དུས་དང་། དེའི་བྱ་བའི་བསམ་པའི་རྒྱུན་ཆད་པར་གྱུར་པའི་དུས་ན་ཡང་བྱེད་པར་འགྱུར་བ་ཞེས་བྱ་བ་དེ་རྒྱུན་ཆད་པར་རིག་པར་བྱའོ། །དེ་ལྟ་བས་ན་ཕྱིར་མི་འོང་བའི་སེམས་ཀྱིས་མཚམས་ལས་འདའ་
ཞིང་འགྲོ་བའམ། མཚམས་ཀྱི་ཕྱི་རོལ་དུ་ཕྱིར་མི་འོང་བའི་སེམས་སྐྱེས་པའི་གང་ཟག་ཆོས་གོས་བྱེད་པར་འགྱུར་བ་ཉིད་མཐར་ཐུག་པར་འགྱུར་བའམ། བརྩམས་པ་ཞིག་པར་གྱུར་བ་འམ། བྱ་བའི་བསམ་པ་རྒྱུན་ཆད་པར་གྱུར་པ་གང་ཡིན་པ་དེ་ནི་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་

པ་ཡིན་པས། དེ་ལ་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར་རོ། །འདིས་ནི་མཐར་ཐུག་པར་གྱུར་པ་དང་། ཞིག་པར་གྱུར་པ་དང་། བསམ་པའི་རྒྱུན་ཆད་པས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་བསྟན་ཏོ། །ཅི་ངེས་པར་གྱུར་པས་དེའི་དཀྱིལ་འཁོར་གྱི་ཁོངས་
སུ་གཏོགས་པ་ཆད་པར་འགྱུར་བ་ཟད་དམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཡིད་གཉིས་ནི་ངེས་པར་འབྱིན་པར་བྱེད་པ་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། ཕྱིར་མི་འོང་བའི་སེམས་ཀྱིས་མཚམས་ལས་འདའ་ཞིང་འགྲོ་བ་དང་། མཚམས་ཀྱི་ཕྱི་རོལ་དུ་ཕྱིར་མི་འོང་བའི་སེམས་སྐྱེས་པ་དེ་གཉིས་ནི་ངེས་པ་དེས་
དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་ཅིང་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བར་བྱེད་པ་དེ་བཞིན་དུ། ཡིད་གཉིས་ཀྱིས་མཚམས་ལས་འདའ་ཞིང་འགྲོ་བ་དང་། མཚམས་ཀྱི་ཕྱི་རོལ་དུ་ཡིད་གཉིས་ཟ་བས་ཀྱང་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་ཅིང་སྲ་བརྐྱང་
དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར་བ་སྟེ། ཅིའི་ཕྱིར་འོང་བར་བྱའམ་འོན་ཏེ་ཕྱིར་འོང་བར་མི་བྱ་སྙམ་པ་དེ་ལྟ་བུའི་སེམས་གཅིག་ཏུ་མ་ངེས་པས་མཚམས་ལས་འདའ་ཞིང་འགྲོ་བ་དང་། མཚམས་ཀྱི་ཕྱི་རོལ་དུ་སོན་པ་ན་དེ་ལྟ་བུའི་སེམས་སྐྱེས་པས་ཀྱང་དེའི་དཀྱིལ་འཁོར་གྱི་
ཁོངས་སུ་གཏོགས་པ་ཆད་ཅིང་གང་ཟག་དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་འབྲལ་བར་འགྱུར་རོ། །འདིར་གཞུང་ནི་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བ་ན་དེ་འདི་སྙམ་དུ་ཅིའི་ཕྱིར་འོང་བར་བྱ་ཞིང་ཆོས་གོས་བྱ་འམ། འོན་ཏེ་ཕྱིར་འོང་བར་མི་བྱ་ཞིང་ཆོས་གོས་མི་བྱ་སྙམ་དུ་སེམས་པས་
མཚམས་ལས་འདའ་བར་བྱེད་ན་དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་ནི་མཚམས་ལས་འདའ་བའི་མཐའ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་མཚམས་ལས་འདའ་བས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་བསྟན་ཏོ། །མ་ལྟ་བུའི་
ཚིག་དྲུག་པོ་མདོ་དང་སྦྱར་བའི་གནས་སྐབས་བསྟན་ནས། ད་ནི་ཚིག་དྲུག་པོ་དེ་དག་གིས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྱུར་ཞིང་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བར་འགྱུར་བ་ལུང་གི་ཚིག་དང་སྦྱར་བས་བསྒྲུབ་པར་བྱ་སྟེ། དེ་ལ་ཆོས་གོས་བྱ་བའི་

བསམ་པ་མེད་པ་དང་ཕྱིར་འོང་བའི་སེམས་མེད་པས་མཚམས་ལས་འདས་ན་ནི། དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་དེ་དབྱུང་བས་འགྲོ་བའི་མཐའ་ལས་བྱུང་བ་ཡིན་ནོ། །མཚམས་ཀྱི་ཕྱི་རོལ་དུ་སོན་པ་ན་ཕྱིར་མི་འོང་བའི་སེམས་སྐྱེས་སམ། ཕྱིར་འོང་བ་
ལ་ཐེ་ཚོམ་ཟ་བའི་སེམས་སྐྱེས་ཤིང་ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་པ་མེད་པར་གྱུར་ན་ནི། དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་དེ་ངེས་པར་བྱེད་པའི་མཐའ་ལས་བྱུང་བ་ཡིན་ནོ། །ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་པ་ཡོད་ཅིང་ཕྱིར་མི་འོང་བའི་སེམས་
ཀྱིས་སམ་ཐེ་ཚོམ་ཟ་བའི་སེམས་ཀྱིས་འགྲོ་བར་བྱེད་པ་དང་། མཚམས་ཀྱི་ཕྱི་རོལ་དུ་སོན་པ་ན་ཆོས་གོས་བྱ་བའི་བསམ་པར་རྗེས་སུ་འབྲེལ་པ་ཡོད་ཅིང་ཕྱིར་མི་འོང་བའི་སེམས་སམ་ཐེ་ཚོམ་ཟ་བའི་སེམས་སྐྱེས་པ་ལ་ནི། གལ་ཏེ་མཐར་ཐུག་པར་གྱུར་པས་ཆོས་གོས་བྱེད་པར་གྱུར་པ་ཉིད་ཆད་པར་
གྱུར་ན་ནི་དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་དེ་མཐར་ཐུག་པར་གྱུར་པའི་མཐའ་ལས་བྱུང་བ་ཡིན་ནོ། །གལ་ཏེ་བརྩམས་པ་ཞིག་བར་གྱུར་པས་ཆོས་གོས་བྱེད་པར་འགྱུར་བ་ཉིད་ཆད་པར་གྱུར་ན་ནི། དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་དེ་ཞིག་པར་གྱུར་པའི་མཐའ་
ལས་བྱུང་བ་ཡིན་ནོ། །གལ་ཏེ་བསམ་པའི་རྒྱུན་ཆད་པས་ཆོས་གོས་བྱེད་པར་འགྱུར་བ་ཉིད་ཆད་པར་གྱུར་ན་ནི། དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་དེ་བསམ་པའི་རྒྱུན་ཆད་པའི་མཐའ་ལས་བྱུང་བ་ཡིན་ནོ། །ཆོས་གོས་བྱ་བའི་བསམ་པ་ལ་ཐེ་ཚོམ་ཟ་ཞིང་ཕྱིར་མི་འོང་བའི་སེམས་
ཀྱིས་སམ། ཕྱིར་འོང་བ་ལ་ཐེ་ཚོམ་ཟ་བའི་སེམས་ཀྱིས་མཚམས་ལས་འདས་པ་དང་ཆོས་གོས་བྱ་བའི་བསམ་པ་མེད་ཅིང་ཕྱིར་མི་འོང་བའི་སེམས་ཀྱིས་སམ་ཕྱིར་འོང་བ་ལ་ཐེ་ཚོམ་ཟ་བའི་སེམས་ཀྱིས་མཚམས་ལས་འདས་ན་ནི། དེའི་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་དེ་
མཚམས་ལས་འདའ་བའི་མཐའ་ལས་བྱུང་བ་ཡིན་ནོ། །སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བ་བཤད་ཟིན་ཏོ།། །།ད་ནི་བྱ་བ་ངེས་པའི་སྒོ་ནས་བཅོས་མ་བརྗོད་པར་བྱ་སྟེ། དེའི་ཕྱིར་ལས་ལས་གཞན་པའི་བྱ་བ་རྗེས་སུ་བསྒྲུབ་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ལས་ཞེས་

བྱ་བ་ནི་གསོལ་བ་དང་བཞིའི་ལས་འོག་ནས་འབྱུང་བ་སྟེ། དེ་ལས་གཞན་པ་སྦྱོར་བས་འགྲོ་བ་ལ་སོགས་པ་རྗེས་སུ་བསྒྲུབ་པར་མི་བྱའོ། །འདི་སྐད་བསྟན་ཏེ། ལས་ཀྱི་མཚན་ཉིད་ཀྱི་བྱ་བ་མ་གཏོགས་པ་བྱ་བ་གཞན་གྱིས་སྲ་བརྐྱང་དབྱུང་བ་བཅོས་མ་མི་བྱ་བ་སྟེ། འདི་ལྟར་སེམས་བསྐྱེད་
པས་ཀྱང་དབྱུང་བ་འགྲུབ་པའི་ཕྱིར་རོ། །འདིར་སེམས་བསྐྱེད་པ་ཞེས་བྱ་བ་ནི་བདག་ལ་སྲ་བརྐྱང་མ་ི་དགོས་སོ་སྙམས་དུ་ལྟོས་པ་མེད་པའི་སེམས་བསྐྱེད་པའོ། །དེའི་དུས་ནི་དཔྱིད་ཟླ་ར་བ་ཉའོ་ཞེས་བྱ་བ་ནི། སྲ་བརྐྱང་དབྱུང་བའི་ཕྱིར་ལས་བྱ་བ་དེའི་དུས་ནི་དཔྱིད་ཟླ་ར་བ་ཉ་སྟེ་དེའི་དུས་སུ་དེ་
བྱའོ། །མོད་ལའོ་ཞེས་བྱ་བ་ནི། ལོ་གཉིས་ལ་སོགས་པ་དང་འབྲེལ་པའི་དཔྱིད་ཟླ་ར་བ་ཉར་ཐལ་བར་འགྱུར་བ་བསལ་བའི་ཕྱིར་ཚིག་འདི་སྨོས་ཏེ། དབྱར་དེ་ཉིད་ཀྱི་བར་དུ་མཆོད་པའི་མོད་ལ་འབྱུང་བའི་དཔྱིད་ཟླ་ར་བ་ཉ་ཁོ་ན་ལ་སྲ་བརྐྱང་དབྱུང་བར་བྱའོ། །དུས་དེའི་མདུན་རོལ་དུ་སྲ་བརྐྱང་འདིང་
བའི་དགེ་སློང་གིས་དེར་གཏོགས་པའི་དགེ་འདུན་ཐམས་ཅད་ལ་སང་སྲ་བརྐྱང་འབྱིན་པར་འགྱུར་གྱི་ཁྱེད་ཅག་གིས་རང་གི་ཆོས་གོས་དག་བྱིན་གྱིས་བརླབ་པར་བྱའོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་ར་བ་ཉ་ལ་གསོ་སྦྱོང་བྱས་པའི་རྗེས་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྲ་བརྐྱང་དབྱུང་བར་བྱ་སྟེ།
འདིའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་གིས་དགེ་འདུན་གྱི་སྲ་བརྐྱང་བཏིང་བ་ལས། དེའི་རྗེས་སུ་འཇུག་པའི་དུས་ཚེས་བཅོ་ལྔ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་
དགེ་འདུན་གྱིས་སྲ་བརྐྱང་འབྱིན་པར་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་གིས་དགེ་འདུན་གྱི་སྲ་བརྐྱང་བཏིང་བ་ལས་དེའི་རྗེས་སུ་འཇུག་པའི་དུས་ཚེས་བཅོ་ལྔ་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་སྲ་བརྐྱང་འབྱིན་
ན་སྲ་བརྐྱང་འབྱིན་པར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་

ཏོ་ཞེས་གསུངས་པ་ཡིན་ནོ། །བཅོམ་པའི་དོན་ཉིད་དུ་ནི་སྔར་ཡང་ངོ་ཞེས་བྱ་བ་ནི། དེའི་དུས་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་ཆོམ་རྐུན་གྱིས་བཅོམ་པ་དག་གི་དོན་དུ་ནི་དཔྱིད་ཟླ་ར་བའི་ཉ་བས་སྔར་ཡང་དབྱུང་བའི་དུས་ཡིན་ཏེ། དེའི་དོན་དུ་ཡང་ཟླ་བ་ཉ་ཤིའི་གསོ་སྦྱོང་
གི་དུས་གཅིག་དང་སྦྱར་ཏེ། སྔར་གསོ་སྦྱོང་བྱས་ལ་དེའི་མོད་ལ་གསོལ་བ་དང་བཞིའི་ལས་ཀྱིས་དབྱུང་བར་བྱའོ། །འདིའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་གིས་དགེ་འདུན་གྱི་སྲ་བརྐྱང་བཏིང་བ་ལས་ཆོམ་རྐུན་གྱིས་བཅོམ་པའི་དགེ་
སློང་རྣམས་ལྷགས་ལ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལ་བརྟེན་ཏེ་དགེ་འདུན་གྱིས་སྲ་བརྐྱང་འབྱིན་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་
གསོལ། འདི་ལྟར་གནས་འདིར་དགེ་སློང་གིས་དགེ་འདུན་གྱི་སྲ་བརྐྱང་བཏིང་བ་ལས་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལྷགས་ཏེ། དེའི་སླད་དུ་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལ་བརྟེན་ནས་དགེ་འདུན་གྱིས་སྲ་བརྐྱང་འབྱིན་པ་མཛད་ན། ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་
རྣམས་ལ་བརྟེན་ཏེ་སྲ་བརྐྱང་འབྱིན་པར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལ་བརྟེན་ནས་དགེ་འདུན་གྱིས་སྲ་བརྐྱང་
ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེ་ཉམས་སུ་མ་མྱོང་བ་དང་ལྡན་པ་ལ་ནི་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ་ཞེས་བྱ་བ་ནི། གང་གིས་སྔར་དུས་མ་ཡིན་པ་དེར་སྲ་བརྐྱང་དབྱུང་བ་ཉམས་སུ་མ་མྱོང་བ་དང་ལྡན་པ་དེ་ལ་ནི་ཇི་སྲིད་དུ་
སྲ་བརྐྱང་ཕྱུང་བ་དེས་མ་ཐོས་ཀྱི་བར་དུ་མཚམས་ཀྱི་ནང་ངམ་ཕྱི་རོལ་ན་འདུག་ཀྱང་རུང་སྟེ། སྲ་བརྐྱང་བཏིང་བ་དེའི་ཕན་ཡོན་རྗེས་སུ་འཇུག་ཅིང་ཡོད་དོ། །ནམ་ཐོས་པའི་ཚེ་ན་ནི་དེའི་ཕན་ཡོན་ལྡོག་ཅིང་མེད་པར་འགྱུར་རོ། །འདི་ནི་སྲ་བརྐྱང་དབྱུང་བ་ཐོས་པའི་མཐའ་ལས་བྱུང་བ་ཡིན་ཏེ། འདི་ཡང་མ་ལྟ་བུའི་

ཚིག་ཡིན་ནོ། །གཙུག་ལག་ལས་སྲ་བརྐྱང་དབྱུང་བ་ཐོས་པའི་མཐའ་ལས་བྱུང་བ་ནི་འདུན་པ་ཡིན་ནོ་ཞེས་གསུངས་པ་དེ་འདི་ཡིན་པར་རིག་པར་བྱའོ། །ཅི་གནས་སྐབས་ཐམས་ཅད་ལ་མ་ཐོས་ཀྱི་བར་དུ་ཕན་ཡོན་དེ་རྗེས་སུ་འཇུག་གམ་ཞེ་ན་དེའི་ཕྱིར། རྗེས་སུ་འབྲེལ་བ་མེད་ནའོ་ཞེས་བྱ་བ་སྨྲས་ཏེ། རྗེས་
སུ་འབྲེལ་པའི་ཤན་མེད་ན་མ་ཐོས་ཀྱི་བར་དུ་རྗེས་སུ་འཇུག་གི་ཐོས་ན་ནི་ལྡོག་གོ། །རྗེས་སུ་འབྲེལ་པ་ཞེས་བྱ་བ་ནི། གོས་ལ་རེ་བ་ཡོད་པ་དང་གོས་བརྩམས་པ་མ་ཞིག་པ་དང་གོས་བརྩམས་པ་མཐར་ཐུག་པར་མ་གྱུར་པའི་ཤན་ཡོད་ནའོ། །དེ་མེད་པ་ནི་རྗེས་སུ་འབྲེལ་པ་མེད་པ་ཞེས་བྱའོ། །རྗེས་སུ་
འབྲེལ་པ་ཡོད་པ་ལ་ཇི་སྲིད་དུ་ཕན་ཡོན་དེ་རྗེས་སུ་འཇུག་ཅེ་ན་དེའི་ཕྱིར་ཡོད་ན་མ་ཆད་ཀྱི་བར་དུའོ་ཞེས་བྱ་བ་སྨྲས་ཏེ། རྗེས་སུ་འབྲེལ་པ་ཡོད་པ་ལ་ནི་རྗེས་སུ་འབྲལ་པ་ཡོད་པ་དེ་ཉིད་མ་ཆད་ཀྱི་བར་དུ་དེའི་ཕན་ཡོན་རྗེས་སུ་འཇུག་གོ། །དེ་ཆད་ན་ནི་ཕན་ཡོན་དེ་ལྡོག་གོ། །འདིར་གཞུང་ནི་ཞུ་བ་ལས་སྲ་
བརྐྱང་དབྱུང་བ་ཐོས་པའི་མཐའ་ལས་བྱུང་བ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་དུ་ཤན་མེད་པའི་རྒྱུད་ཀྱིས་ཐོས་པ་དང་གོས་ལ་རེ་བ་ཆད་པ་དང་། ཤན་ཡོད་པ་ན་གོས་ཟིན་པར་གྱུར་པ་སྟེ། གལ་ཏེ་གོས་ལ་རེ་བ་ཡོད་པ་དང་བརྩམས་པ་ནི་ཤན་གྱི་རྒྱུན་ཡོད་པར་བརྗོད་པར་བྱ་སྟེ། དེ་བཞིན་དུ་དེ་
འཇུག་གོ་ཞེས་གསུངས་པ་ཡིན་ཏེ། འདིས་ཆོག་གོ་སྙམ་དུ་བསམ་པ་བརྟུལ་ན་རྙེད་པ་འབྱུང་བར་སྣང་བ་ཡང་རུང་། གོས་བརྩམས་པ་ཉིད་སྣང་དུ་ཟིན་ཀྱང་རུང་བསམ་པ་མཐར་ཐུག་པ་དང་རེ་བ་ཆད་པ་ཡིན་པར་རིག་པར་བྱ་བའོ། །དེ་གཉིས་ནི་མཐར་ཐུག་པའི་མཐའ་ལས་བྱུང་བ་དང་རེ་བ་ཆད་
པའི་མཐའ་ལས་བྱུང་བའི་རྣམ་པ་གཞན་གཉིས་ཡིན་ནོ། །ཞིག་པར་གྱུར་པའི་མཐའ་ལས་བྱུང་བའི་རྣམ་པ་གཞན་ཡང་འདིར་འབྱུང་བར་རིག་པར་བྱའོ། །མ་ཕྱུང་ན་ཐམས་ཅད་ཀྱི་དེའི་དུས་ཀྱི་རྙེད་པ་བསྒོ་བར་མི་བྱའོ་ཞེས་བྱ་བ་ནི། སྲ་བརྐྱང་གི་ཆོས་གོས་དེ་མ་ཕྱུང་ན་དགེ་སློང་ཐམས་ཅད་ཀྱི་སྲ་
བརྐྱང་བཏིང་བའི་དུས་དེའི་རྙེད་པ་བསྒོ་བར་མི་བྱ་བ་སྟེ། འདི་ལྟར་སྲ་བརྐྱང་ཞེས་བྱ་བའི་ཆོས་གོས་དེ་ནི་ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་གཞན་དག་གི་གཏེར་གྱི་གནས་ལྟ་བུ་ཡིན་པས། གང་གི་ཚེ་དེ་འདིང་བར་བྱེད་པ་ཐམས་ཅད་ཀྱིས་དེ་ཕྱུང་བར་འགྱུར་བ་དེའི་ཚེ་ན་སྲ་བརྐྱང་བཏིང་བའི་

དུས་ལས་བྱུང་བའི་རྙེད་པར་བསྒོ་བར་བྱའི། དེ་མ་ཕྱུང་བའི་སྔོན་རོལ་དུ་ནི་བསྒོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞིར་གཏོགས་པའི་སྲ་བརྐྱང་གི་གཞིའོ་ཞེས་བྱ་བ་འདུལ་བ་གཞིའི་སྐབས་སུ་གཏོགས་པའི་སྲ་བརྐྱང་གི་གཞི་བཤད་ཟིན་ཏོ།། །།ད་ནི་སྲ་བརྐྱང་
གི་གཞི་ཞུ་བ་ལ་སོགས་པར་གཏོགས་པ་བསྡུ་བར་བྱ་སྟེ། དེ་ལ་སྔར་སྲ་བརྐྱང་གདིང་བར་བྱའོ། །ཚེས་བཅུ་དྲུག་ལའོ། །སྟོན་ཟླ་འབྲིང་པོའི་ཞེས་སྨོས་པས། སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལ་སྲ་བརྐྱང་གདིང་བའི་དུས་ཡིན་ན་ཤོལ་གྱི་ཟླ་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བར་བྱའོ་ཞེས་སྨོས་པས་གལ་ཏེ་
སྟོན་ཟླ་འབྲིང་པོ་གཉིས་སུ་རྒྱལ་པོས་བྱས་ན་དེའི་ཚེ་ཟླ་བ་དེ་གཉིས་གང་ལ་སྲ་བརྐྱང་གདིང་བར་བྱ་ཞེ་ན་དེའི་ཕྱིར། དགག་དབྱེ་ཇི་ལྟ་བ་བཞིན་དུ་གདིང་ངོ་ཞེས་བྱ་བ་སྨྲས་ཏེ། དགག་དབྱེའི་ཉི་མའི་རྗེས་སུ་འབྲང་བས་སྲ་བརྐྱང་གདིང་བར་བྱའི་ཤོལ་གྱི་ཟླ་བའི་རྗེས་སུ་འབྲང་བས་ནི་མི་བྱའོ། །
དེས་ན་རྒྱལ་པོའི་རྗེས་སུ་འབྲང་བས་ན་དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་དང་། དབྱར་ཟླ་ཐ་ཆུངས་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཅིག་དང་། སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གསུམ་པོ་དག་ཐལ་བའི་རྗེས་ལ་སྟོན་ཟླ་འབྲིང་པོ་ཉ་ནས་
སྟོན་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་དེ་ངོ་གཉིས་སུ་གྱུར་ན། དེའི་ཚེ་སྟོན་ཟླ་འབྲིང་པོ་ཉའི་ཉིན་མོ་དགག་དབྱེ་བྱས་པའི་ཕྱི་དེ་ཉིན་པར་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ཅེས་བྱ་བའི་ཉི་མ་དང་པོ་དེ་ལ་སྲ་བརྐྱང་གདིང་བར་བྱའོ། །སྔར་ཡང་མ་ཡིན་ཕྱིས་ཀྱང་མ་ཡིན་ཏེ། འདི་ལྟར་འཐབ་ཀྲོལ་ཅན་དག་འོང་
དུ་དོགས་པའི་དབང་གིས་སྔར་དགག་དབྱེ་བྱེད་པ་ཡང་ཡོད་ལ། འཐབ་ཀྲོལ་ཅན་དག་མ་དོང་བའི་དབང་གིས་ཕྱིས་དགག་དབྱེ་བྱེད་པ་ཡང་ཡོད་པས་སྔ་ཕྱི་དེ་གཉིས་ཀྱི་དུས་ལ་ལྟོས་པའི་ཚེས་བཅུ་དྲུག་ལ་སྲ་བརྐྱང་གདིང་བར་མི་བྱའོ། །གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་མི་བྱའོ་ཞེས་བྱ་བ་ནི།
སྲ་བརྐྱང་གདིང་བ་ཞེས་བྱ་བར་སྦྱར་ཏེ། འདིར་གསོ་སྦྱོང་ཞེས་བྱ་བའི་སྒྲ་ནི་ཚེས་བཅོ་ལྔའི་གསོ་སྦྱོང་གི་དུས་སུ་དགག་དབྱེ་བྱས་པའོ། །དེའི་མཐའ་ཞེས་བྱ་བ་ནི་སྟོན་ཟླ་འབྲིང་པོ་ཉ་ལ་དགག་དབྱེ་བྱས་པ་དེ་ཉིད་ཀྱི་ཕྱི་དེ་ཉིན་པར་སྟེ། སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་གོ། །དེ་བས་ན་སྟོན་ཟླ་འབྲིང་

པོ་ཚེས་བཅུ་དྲུག་མ་ཡིན་པའི་དུས་གཞན་ལ་སྲ་བརྐྱང་གདིང་བར་མི་བྱའོ། །དབྱུང་བ་ཡང་ངོ་ཞེས་བྱ་བ་ནི། སྲ་བརྐྱང་དབྱུང་བ་ཡང་གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་མི་བྱ་བ་སྟེ། འདིར་ནི་དེའི་མཐའ་ཞེས་བྱ་བ་གསོ་སྦྱོང་གི་ཉི་མ་དེ་ཉིད་དང་སྦྱར་རོ། །དེའི་ཕྱིར་གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་མི་
བྱའོ་ཞེས་དགག་པ་གཉིས་བྱས་སོ། །དེ་ལྟ་ན་ཡང་དབྱུང་བ་ཡང་གསོ་སྦྱོང་གི་མཐའ་ཁོ་ན་ལ་བྱ་བར་བསྟན་པས་གདིང་བ་དང་འདྲ་བར་ཚེས་བཅོ་ལྔ་ལ་གསོ་སྦྱོང་བྱས་པའི་ཕྱི་དེ་ཉིན་པར་ཚེས་བཅུ་དྲུག་ལ་དབྱུང་བར་ཐལ་བར་འགྱུར་བ་བསལ་བའི་ཕྱིར། འདི་ནི་ཉི་མ་དེ་ཉིད་ཀྱིའོ་ཞེས་བྱ་བ་སྨྲས་
ཏེ། སྲ་བརྐྱང་དབྱུང་བ་འདི་ནི་གསོ་སྦྱོང་གི་ཉི་མ་ཚེས་བཅོ་ལྔ་ཞེས་བྱ་བ་དེ་ཉིད་ལ་གསོ་སྦྱོང་བྱས་པའི་རྗེས་ལ་སྲ་བརྐྱང་དབྱུང་བ་ཡིན་གྱི། ཚེས་བཅུ་དྲུག་ལ་དབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བརྩམས་པ་འདི་ནི་དགེ་སློང་ཆོམ་རྐུན་གྱིས་ཆོམས་པ་ལ་སོགས་པ་ལ་བརྟེན་ནས་དུས་མ་
ཡིན་པར་དབྱུང་བའི་ཆེད་དུ་བྱས་པ་ཡིན་གྱི། དུས་སུ་དབྱུང་བ་ལ་ནི་སྲ་བརྐྱང་དབྱུང་བའི་ཉི་མ་ངེས་པ་ཡོད་པའི་ཕྱིར་འདིར་མདོར་བརྩམ་མི་དགོས་ཏེ། སྲ་བརྐྱང་དུས་སུ་དབྱུང་བའི་ཉི་མ་ནི་དཔྱིད་ཟླ་ར་བ་ཉ་ལ་གསོ་སྦྱོང་བྱས་པའི་རྗེས་ལ་དབྱུང་བ་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་
སྟེ། སྲ་བརྐྱང་གདིང་བ་ནི་སྟོན་ཟླ་འབྲིང་པོ་ཉ་ལ་དགག་དབྱེ་བྱས་ནས་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལ་གདིང་བར་བྱའོ། །དུས་མ་ཡིན་པར་དབྱུང་བ་ལ་ནི་ཟླ་བའི་ངོ་ངེས་པ་མེད་དེ་གསོ་སྦྱོང་གི་ཉི་མ་གཅིག་དང་སྦྱར་ཏེ། གསོ་སྦྱོང་བྱས་ནས་དེའི་མོད་ལ་དབྱུང་བར་བྱའི། གསོ་སྦྱོང་གི་དུས་མ་ཡིན་
པར་ནི་དབྱུང་བར་མི་བྱའོ། །དུས་སུ་དབྱུང་བ་ནི་དཔྱིད་ཟླ་ར་བ་ཉ་ལ་གསོ་སྦྱོང་བྱས་ནས་དེའི་ཉི་མ་ཉིད་ལ་དབྱུང་བར་བྱའོ། །གལ་ཏེ་གཉུག་མར་གནས་པ་དག་གིས་སྟོན་ཟླ་འབྲིང་པོ་ཉ་ལ་དགག་དབྱེ་བྱས་ནས་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་པའི་འོག་ཏུ་དགེ་སློང་གློ་བུར་པ་
གཉུག་མར་གནས་པ་དག་པས་ཆེས་མང་བ་དག་དེར་ལྷགས་ཤིང་དེ་དག་ན་རེ། དེང་ཚེས་བཅོ་ལྔའི་གསོ་སྦྱོང་ཡིན་ནོ་ཞེས་ཟེར་ན་དུས་ཀྱི་ཕྱིར་ནི་མང་པོ་དག་གི་རྗེས་སུ་འཇུག་པར་བྱ་བ་ཡིན་པས་དེར་སྲ་བརྐྱང་གདིང་བའི་ཉི་མ་ལ་གཉུག་མར་གནས་པ་དག་གསོ་སྦྱོང་བྱེད་ན་དེ་དག་གིས་དེ་

ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་ཡང་གསོ་སྦྱོང་བྱས་ན་ཕྱུང་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིས་ཀྱང་རྣམ་པ་གཞན་གྱིས་དབྱུང་བ་རང་འཇུག་པ་དང་བྲལ་བ་རྣམ་པར་གཞག་གོ། །འདི་ལྟར་དེང་གསོ་སྦྱོང་གི་ཉི་མ་ཡིན་ནོ་སྙམ་པའི་བློས་ཡང་གསོ་སྦྱོང་བྱས་
ན་སྲ་བརྐྱང་བཏིང་བ་རང་བྱུང་བར་འགྱུར་ཏེ། འདི་ལྟར་བདག་ཅག་གིས་དུས་མ་ཡིན་པར་སྲ་བརྐྱང་གདིང་ངོ་སྙམ་དུ་དེ་ལ་མི་ལྟོས་པའི་བློ་སྐྱེས་པའི་ཕྱིར་རོ། །ཡང་ཉི་མ་གཉིས་པ་ལ་སྲ་བརྐྱང་གདིང་བར་བྱ་སྟེ། དེའི་ཚེ་ན་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ཡིན་པའི་བློ་སྐྱེས་པའི་ཕྱིར་རོ། །བཀྲ་ཤིས་
ཀྱི་གསོ་སྦྱོང་དེའི་ཉིན་མོ་བྱས་པ་ལ་ནི་འདིར་ཐལ་བར་མི་འགྱུར་ཏེ། དེ་ན་དུས་མ་ཡིན་པར་བཏིང་བའི་བློ་མེད་པའི་ཕྱིར་རོ། །བཏིང་ནས་བྱེ་བ་དག་ལ་ནི་དེ་ཐ་དད་པར་འགྲུབ་པོ་ཞེས་བྱ་བ་ནི། སྲ་བརྐྱང་བཏིང་ནས་དེའི་འོག་ཏུ་དགེ་འདུན་བྱེ་བར་གྱུར་ན་དགེ་སློང་དེ་དག་ལ་སྲ་བརྐྱང་དབྱུང་བ་དེ་ཐ་དད་
པར་འགྲུབ་སྟེ། ཕྱོགས་གཅིག་གིས་ཕྱུང་ཟིན་ནས་ཕྱོགས་ཅིག་ཤོས་ཀྱིས་ཀྱང་དབྱུང་དགོས་ཏེ། འདི་ལ་གདིང་བ་གཅིག་ཡིན་པའི་ཕྱིར་ཕྱོགས་ཅིག་ཤོས་ཀྱིས་ཀྱང་ཕྱུང་བ་ཉིད་ཡིན་ནོ་སྙམ་དུ་ཤེས་པར་མི་བྱའོ། །ཆོས་སྨྲ་བ་དག་ཡོད་པས་དེ་གདིང་ངོ་ཞེས་བྱ་བ་ནི། གནས་གང་དུ་དབྱར་
གནས་པར་ཁས་བླངས་ནས་སམ་དགག་དབྱེ་བྱས་ནས་དགེ་འདུན་བྱེ་བར་གྱུར་པ་དེ་ན་ཆོས་སྨྲ་བ་དག་ཡོད་ལ། ཆོས་མ་ཡིན་པ་སྨྲ་བ་དག་ཀྱང་ཡོད་ན་ཆོས་སྨྲ་བ་དག་ཡོད་པའི་ཕྱོགས་དེས་སྲ་བརྐྱང་དེ་གདིང་བར་བྱ། དབྱུང་བར་བྱ། ཡོངས་སུ་བརྐྱང་བར་བྱའོ། །འདིར་གཞུང་ནི་དབྱར་གནས་
པའི་དགེ་འདུན་བྱེ་ན་གང་གིས་སྲ་བརྐྱང་གདིང་བར་བགྱི། གང་དག་ཆོས་སྨྲ་བ་དག་གིས་སོ་ཞེས་གསུངས་པ་དང་། དེ་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་ཀྱང་དགེ་འདུན་བྱེ་ན་སུས་སྲ་བརྐྱང་གདིང་བར་བགྱི། ཆོས་སྨྲ་བ་དག་གིས་ཏེ། ཆོས་སྨྲ་བ་དེས་ནི་དབང་བྱེད་པ་ཉིད་ཡིན་པའི་ཕྱིར་
ཏེ། ཐམས་ཅད་ལ་ཡང་གདིང་བ་དབྱུང་བར་ནི་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེར་གཞན་དག་གིས་བྱས་ཀྱང་གནས་ཀྱི་རྙེད་པ་ནི་དེ་དག་ལ་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གནས་དེར་དགེ་སློང་དུས་འདིར་གནས་པ་ལ་རྙེད་པ་འདི་སྦྱིན་པར་བྱའོ་ཞེས་རྣམ་པ་དེ་ལྟར་གནས་ན་

གནས་པའི་རྒྱུ་ལས་བྱུང་བའི་རྙེད་པ་དགེ་སློང་རྣམས་ལ་རྣམ་པར་གཞག་པ་གང་ཡིན་པའི་གནས་ཀྱི་རྙེད་པ་དེ་ནི་ཆོས་མ་ཡིན་པ་སྨྲ་བ་གཞན་དག་གིས་སྲ་བརྐྱང་གདིང་བ་བྱས་ཀྱང་། གནས་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་སྟོན་ཟླ་འབྲིང་པོ་ཉའི་མཐར་ཐུག་པའི་དུས་ཚུན་ཆད་དུ་བྱུང་བ་གང་ཡིན་པ་དེ་ནི་
ཆོས་སྨྲ་བ་དེ་དག་ལ་འོས་པ་ཉིད་ཡིན་གྱི། ཆོས་མ་ཡིན་པ་སྨྲ་བ་དག་ལ་ནི་འོས་པ་མ་ཡིན་ཏེ། ཕྱོགས་གཞན་དུ་གནས་པའི་ཕྱིར་རོ། །གནས་ཀྱི་རྙེད་པ་ཞེས་སྨོས་པས་ནི་རྙེད་པ་གཞན་གཅད་པའི་ཕྱིར་ཏེ། དེས་ན་སྲ་བརྐྱང་བཏིང་བའི་རྒྱུ་ལས་བྱུང་བའི་རྙེད་པ་འབྱུང་བ་གང་ཡིན་པ་དེ་ནི་
ཐམས་ཅད་ལ་འོས་པ་ཉིད་ཡིན་ནོ། །རང་བཞིན་དུ་གནས་པའི་གནས་སུ་དེ་སྤངས་པ་རྣམས་ལ་མི་འབྱུང་ངོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པའི་གནས་སུ་སྲ་བརྐྱང་འདིང་བར་བྱེད་པ་དེ་སྤངས་པ་རྣམས་ལ་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་པས་གནས་པ་ནི་བཏིང་བ་ཡིན་ནོ་
ཞེས་བྱ་བ་ནི། འདི་ལས་བདག་གི་རྙེད་པ་དང་ཕན་ཡོན་འབྱུང་ངོ་སྙམ་དུ་དེ་ལྟར་བསམ་པས་དོན་དུ་གཉེར་བར་འཇུག་པ་དེ་ནི་སྲ་བརྐྱང་བཏིང་བའི་ངོ་བོ་ཉིད་ཡིན་ནོ། །ལྷན་ཅིག་ཏུ་བྱ་བ་ལ་འདུན་པ་ཕུལ་བའི་དབང་གིས་ལྷག་མ་རྣམས་ཀྱིས་བྱས་ན་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། བསམ་
པས་གནས་པ་ནི་བཏིང་བ་ཡིན་ལ་དེ་དང་བྲལ་བ་ནི་ཕྱུང་བ་ཡིན་པས། དེའི་ཕྱིར་གཞན་དག་དང་ལྷན་ཅིག་བྱ་བ་གང་ཡིན་པའི་བྱ་བ་དེ་དགེ་སློང་འདུན་པ་བླངས་པ་ལྷག་མ་དག་གིས་བྱས་ན་འདུན་པ་འབུལ་བར་བྱེད་པས་ཀྱང་འདུན་པ་ཕུལ་བའི་དབང་གིས་བྱས་པ་ཉིད་ཡིན་ནོ། །དེ་དང་བྲལ་བ་ནི་
ཕྱུང་བ་ཡིན་ནོ་ཞེས་བྱ་བ་ནི། བསམ་པས་གནས་པ་དེ་དང་བྲལ་བ་ནི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །དེའི་ཕྱིར་འདུན་པ་མ་ཕུལ་བ་ལ་ནི་འདུག་ཏུ་ཟིན་ཀྱང་གཉིད་ལོག་གམ་སྙོམས་པར་ཞུགས་ན་མ་ཐོས་ཀྱི་བར་དུ་བཏིང་བ་དང་ཕྱུང་བ་མི་འབྱུང་ངོ་ཞེས་བྱ་བ་ནི། གང་གི་ཕྱིར་བསམ་པ་གནས་པ་ནི་བཏིང་
བ་ཡིན་ལ་དེ་དང་བྲལ་བ་ནི་ཕྱུང་བ་ཡིན་པ་དེའི་ཕྱིར་གང་གིས་འདུན་པ་མ་ཕུལ་བ་ལ་ནི་དགེ་འདུན་གྱི་ནང་དུ་འདུག་ཏུ་ཟིན་ཀྱང་གཉིད་ལོག་གམ་སྙོམས་པར་ཞུགས་ན་ཇི་སྲིད་དུ་སྲ་བརྐྱང་བཏིང་བའམ་ཕྱུང་བ་མ་ཐོས་ཀྱི་བར་དུ་དེ་ལ་སྲ་བརྐྱང་བཏིང་བའམ་བྱུང་བ་མི་འབྱུང་སྟེ་འདུན་པ་མ་ཕུལ་བའི་

ཕྱིར་རོ། །ཐོས་ན་ནི་བཏིང་བ་དང་ཕྱུང་བ་འབྱུང་བར་འགྱུར་རོ། །འདུན་པ་ཕུལ་བ་ལ་ནི་གཉིད་ལོག་གམ་སྙོམས་པར་ཞུགས་སུ་ཟིན་ཀྱང་མ་ཐོས་པའི་མདུན་དུ་ཡང་བཏིང་བ་དང་ཕྱུང་བ་འབྱུང་བ་ཁོ་ནར་འགྱུར་རོ། །མཚམས་གཅིག་པ་ཉིད་ཡིན་ན་དེར་གནས་གཞན་དུ་
གནས་པ་རྣམས་ཀྱང་བཏིང་བའི་ཕྱིར་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མཚམས་གཅིག་གི་ནང་ན་གནས་དུ་མ་ཡོད་ན་དབྱར་དེར་ཁ་ཅིག་ནི་གནས་གཅིག་ཏུ་གནས་ཤིང་ལྷག་མ་ཡང་གཞན་དུ་གནས་ན་དེ་དག་ཐམས་ཅད་སྲ་བརྐྱང་བཏིང་བའི་ཕྱིར་གནས་པ་ནི་ཡིན་ལ། རྙེད་པའི་ཕྱིར་གནས་
པ་ནི་མ་ཡིན་ཏེ། དེ་དག་ལ་གནས་ཀྱི་རྙེད་པ་ནི་བདག་པོས་ཇི་ལྟར་རྣམ་པར་གཞག་པ་བཞིན་དུ་རྣམ་པར་གནས་སོ། །འདི་སྐད་བསྟན་ཏེ། མཚམས་གཅིག་གི་ནང་ན་གནས་དུ་མ་ཡོད་པ་དེར་ཅིག་ཅར་དབྱར་གནས་པར་ཁས་བླངས་པ་དག་སྲ་བརྐྱང་བཏིང་བའི་ཕྱིར་ཐམས་ཅད་དུ་གནས་པ་
ཉིད་ཡིན་ན། དེས་ན་གནས་གཅིག་ཏུ་སྲ་བརྐྱང་བཏིང་ཡང་ཐམས་ཅད་དུ་བཏིང་བར་འགྱུར་ཏེ་འདིར་དོན་ནི་དེ་ཡིན་ནོ། །དབྱར་དག་ལ་ནི་མཚམས་གཅིག་པ་ཉིད་ཀྱིས་གནས་གཅིག་ཡིན་པས། དབྱར་གྱི་འོག་ཏུ་སྲ་བརྐྱང་འདིང་བའི་དུས་ཀྱི་བར་དུ་ཡང་མཚམས་གཅིག་གོ་ཞེས་བྱ་བའི་
ཐ་ཚིག་གོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་དག་མཚམས་ཀྱི་ནང་དུ་གནས་བཞིའམ་ལྔ་བགྱིས་ཏེ་དབྱར་གནས་པར་ཁས་ལེན་ཅིང་དགག་དབྱེ་བགྱིས་ནས་སྲ་བརྐྱང་བཏིང་བར་བགྱིད་ན་གནས་དེ་དག་ཐམས་ཅད་དུ་སྲ་བརྐྱང་བཏིང་བར་འགྱུར་རམ། ཉེ་བ་འཁོར་ཐམས་ཅད་དུ་སྲ་
བརྐྱང་བཏིང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་བཏིང་བའི་ཚེ་དེ་ན་གནས་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གནས་གཞན་དེ་ནི་གནས་དེ་ཉིད་ཡིན་ཏེ། དེ་ཉིད་གནས་འདི་ཡིན་གྱི་གནས་ཐ་དད་པ་མ་ཡིན་ནོ། །གང་གི་ཚེ་ཞེ་ན། བཏིང་བའི་ཚེ་ན་སྟེ་སྲ་བརྐྱང་བཏིང་བའི་ཚེ་ནའོ། །དེའི་ཚེ་ན་མཚམས་
གཅིག་པ་དེ་ན་སྟེ་མཚམས་གཅིག་པ་ཡིན་ནའོ། །དེ་ལྟར་གནས་གཞན་དུ་སྲ་བརྐྱང་འདིང་བར་བྱེད་པ་ཡང་དེའི་ཚེ་ན་དེ་ཉིད་དུ་འདིང་བར་བྱེད་པ་ཡིན་ནོ། །འདི་སྐད་བསྟན་ཏེ། འདི་ལྟར་དབྱར་དག་ལ་གནས་དུ་མ་མཚམས་ཐ་དད་པ་དག་སྲ་བརྐྱང་འདིང་བའི་དུས་སུ་སྟོན་ཟླ་འབྲིང་པོ་ཚེས་

བཅུ་དྲུག་ལ་མཚམས་རྣམས་བསྐྱེད་དེ། གནས་དེ་དག་ཐམས་ཅད་མཚམས་གཅིག་ན་གནས་པར་གྱུར་ན་དེའི་ཚེ་གནས་གང་ཡང་རུང་བར་སྲ་བརྐྱང་འདིང་བར་བྱེད་ན། གནས་གཞན་ཐམས་ཅད་དུ་དབྱར་གནས་པའི་དགེ་སློང་ཐམས་ཅད་ཀྱིས་སྲ་བརྐྱང་བཏིང་བར་རིག་པར་བྱ་སྟེ། འདིང་བའི་དུས་
ན་མཚམས་གཅ