Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 163

Văn bản gốc(Tây Tạng)

Trang 12 / 26 (50.000 ký tự/trang)
ིག་ཡིན་པའི་ཕྱིར་རོ། །འདིར་གཞུང་ནི་ཉེ་བ་འཁོར་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་གནས་པས་དབྱར་གྱི་ཟླ་བ་གསུམ་འདས་ནས་དེ་ཉིད་ཀྱི་ཚེས་བཅུ་དྲུག་ལ་མཚམས་ཆེན་པོ་བཤིག་སྟེ། གནས་བཞིའམ་ལྔ་མཚམས་གཅིག་ཏུ་བྱས་ནས་སྲ་བརྐྱང་འདིང་བར་བྱེད་ན་
གནས་དེ་དག་ཐམས་ཅད་དུ་སྲ་བརྐྱང་བཏིང་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བཏིང་ནས་མཚམས་ཐ་དད་པར་བྱས་ན་གང་ཡང་རུང་བ་དེ་ལས་དེའི་གནས་ཡིན་ནོ་ཞེས་བྱ་བ་ནི། མཚམས་གཅིག་ཏུ་གནས་དུ་མ་གང་ཡང་རུང་བར་སྲ་བརྐྱང་བཏིང་ནས་ཕྱིས་མཚམས་ཐ་དད་པར་
བྱས་ན། སྲ་བརྐྱང་བཏིང་བའི་གནས་དུ་མ་དེ་ལས་གནས་གང་ཡང་རུང་བ་ཆོས་གོས་དེའི་གནས་ཡིན་པ་སྟེ། གནས་གང་དུ་ཆོས་གོས་གདིང་བའི་ལས་བྱས་པའི་གནས་དེ་ཉིད་དེའི་གནས་མ་ཡིན་གྱི། གནས་གང་ཡང་རུང་བར་བཞག་ན་ཡང་རང་གི་གནས་ཁོ་ན་ན་གནས་པ་ཡིན་ནོ། །
འདིར་གཞུང་ནི་བཙུན་པ་གལ་ཏེ་སྲ་བརྐྱང་བཏིང་ནས་མཚམས་ཆེན་པོ་བཤིག་སྟེ། སོ་སོའི་མཚམས་འགུམས་པར་བགྱིད་ན་སྲ་བརྐྱང་ཕྱུང་བར་བརྗོད་པར་བགྱིའམ་ཉེ་བ་འཁོར་མི་བྱའོ། །གནས་དེ་དག་ཐམས་ཅད་དུ་སྲ་བརྐྱང་གདིང་བར་འགྱུར་རམ། ཉེ་བ་འཁོར་སྲ་བརྐྱང་བཏིང་བར་འགྱུར་
རོ་ཞེས་གསུངས་པ་ཡིན་ནོ། །ཐ་དད་པ་ཉིད་ཡིན་ན་གནས་སོ་སོར་དེ་དབྱུང་ངོ་ཞེས་བྱ་བ་ནི། སྲ་བརྐྱང་བཏིང་བའི་གནས་མང་པོ་དག་གིས་མཚམས་ཐ་དད་པ་ཉིད་ཡིན་ན། གནས་སོ་སོ་སོ་སོར་སྲ་བརྐྱང་དེ་དབྱུང་དགོས་ཀྱི་ཐམས་ཅད་ཀྱིས་གཅིག་ཏུ་དབྱུང་དུ་ནི་མི་རུང་ངོ་། །གལ་ཏེ་
གནས་གང་སྲ་བརྐྱང་གཞག་པའི་གནས་དེར་སྲ་བརྐྱང་འབྱིན་པར་བྱེད་ན། གནས་གཞན་ན་གནས་པའི་དགེ་སློང་དག་གིས་སྲ་བརྐྱང་དེ་རང་གི་གནས་དུ་སྤོ་བར་བྱའོ། །ཡང་ན་རང་གི་གནས་ནས་དགེ་སློང་འགའ་ཞིག་སྲ་བརྐྱང་གི་གན་དུ་གཞག་པར་བྱ་སྟེ། དེས་སྐྱ་རེངས་འཆར་བའི་དུས་

སུ་འབྲལ་བའི་ཉེས་པ་སེལ་བར་བྱེད་དོ། །གཞན་དུ་ན་སྐྱ་རེངས་འཆར་བའི་དུས་སུ་སྲ་བརྐྱང་དབྱུང་བར་འཇུག་པ་དང་བྲལ་བར་འགྱུར་བ་དང་འབྲལ་བའི་ཉེས་པར་ཡང་འགྱུར་རོ། །འདིར་གཞུང་ནི་བཙུན་པ་གལ་ཏེ་སྲ་བརྐྱང་བཏིང་ནས་མཚམས་ཆེན་པོ་བཤིག་སྟེ་སོ་སོའི་
མཚམས་ཀུན་ནས་སྲ་བརྐྱང་འབྱིན་པར་བགྱིད་ན་གནས་དེ་དག་ཐམས་ཅད་དུ་སྲ་བརྐྱང་ཕྱུང་བར་འགྱུར་རམ། ཉེ་བ་འཁོར་མི་འགྱུར་ཏེ། གང་དག་འབྱིན་པར་བྱེད་པ་དེ་དག་གིས་ནི་སྲ་བརྐྱང་ཕྱུང་བར་འགྱུར་ལ། གང་དག་འབྱིན་པར་མི་བྱེད་པ་དེ་དག་གིས་ནི་སྲ་བརྐྱང་ཕྱུང་བར་མི་འགྱུར་རོ། །
མཚམས་གཅིག་པ་ཉིད་དུ་ནི་ཕྱུང་ན་ཐམས་ཅད་ཀྱིས་སྲ་བརྐྱང་ཕྱུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བྱེ་བ་ཉིད་ན་ཕྱོགས་སོ་སོའོ་ཞེས་བྱ་བ་ནི། གནས་གཅིག་ཏུ་གཏོགས་པ་ཉིད་ཡིན་ན་དགེ་འདུན་བྱེ་ཞིང་ཕྱོགས་གཉིས་སུ་གྱུར་ན། ཕྱོགས་གཅིག་གིས་ཕྱུང་བས་ཕྱོགས་ཅིག་ཤོས་
ཀྱིས་ཕྱུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། སྲ་བརྐྱང་བཏིང་བའི་གནས་སུ་དགེ་འདུན་བྱེ་ན། དེར་ཕྱོགས་གཅིག་གམ་ཅིག་ཤོས་ཀྱིས་སྲ་བརྐྱང་འབྱིན་པར་བགྱིད་ན་དེ་དག་ཐམས་ཅད་ཀྱིས་སྲ་བརྐྱང་ཕྱུང་བར་བརྗོད་པར་
བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། གང་དག་འབྱིན་པར་བྱེད་པ་དེ་དག་གིས་ནི་སྲ་བརྐྱང་ཕྱུང་བར་འགྱུར་ལ། གང་དག་མི་བྱེད་པ་དེ་དག་གིས་ནི་སྲ་བརྐྱང་ཕྱུང་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མ་བཏིང་བས་ཕྱུང་བ་ནི་མ་ཕྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི། གནས་གཞན་དུ་དབྱར་
གནས་པར་ཁས་བླངས་པ་གང་དག་ལ་སྲ་བརྐྱང་གདིང་བ་མེད་པ་དེ་དག་ནི་མ་བཏིང་བ་ཞེས་བྱ་སྟེ། མ་བཏིང་བའི་གང་ཟག་དེ་དག་གིས་སྲ་བརྐྱང་ཕྱུང་བ་གང་ཡིན་པ་དེ་ནི་མ་ཕྱུང་བ་མ་ཡིན་ཏེ། ཕྱུང་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དབྱར་གནས་པའི་དགེ་སློང་དག་
གིས་སྲ་བརྐྱང་བཏིང་ནས་མཚམས་ཀྱི་སླད་རོལ་དུ་མཆིས་ཤིང་ལྟོས་པ་མ་མཆིས་པར་གྱུར་ནས། དགེ་སློང་གློ་བུར་བ་དག་ལྷགས་ཏེ་སྲ་བརྐྱང་འབྱིན་པར་བགྱིད་ན་སྲ་བརྐྱང་ཕྱུང་བར་བརྗོད་པར་བགྱི་འམ། ཉེ་བ་འཁོར་ཕྱུང་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མི་འབྱུང་

བ་ཉིད་ཀྱིས་ཁ་བསྐང་དུ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གནས་གཞན་དུ་དབྱར་གནས་པར་ཁས་བླངས་པ་གང་ལ་སྲ་བརྐྱང་འདིང་བ་འབྱུང་བ་མེད་པ་དེ་ནི་མི་འབྱུང་བ་ཉིད་ཅེས་བྱ་སྟེ། མི་འབྱུང་བ་ཉིད་ཀྱི་གང་ཟག་དེས་སྲ་བརྐྱང་འདིང་བར་བྱེད་པའི་དགེ་སློང་དགེ་འདུན་དུ་མ་ལངས་
པའི་ཁ་བསྐང་དུ་མི་རུང་བ་ཉིད་མ་ཡིན་ཏེ་རུང་ངོ་། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་གཅིག་པུ་དབྱར་གནས་པར་ཁས་ལེན་ཅིང་། དེས་དགུང་བླ་གསུམ་པོ་དག་འདས་ནས་དགག་དབྱེ་བགྱིས་ཏེ། དགེ་འདུན་ལ་སྲ་བརྐྱང་འདིང་བའི་ཆོས་གོས་འབུལ་བར་བགྱིད་ཅིང་
དེར་དགེ་སློང་གློ་བུར་བ་དག་ལྷགས་ཤིང་དེ་དག་སྲ་བརྐྱང་འདིང་བའི་རྗེས་སུ་ཞུགས་ཏེ་དོང་ན་ཆོས་གོས་དེ་སུས་འཐོབ་པར་འགྱུར་ལགས། ཉེ་བ་འཁོར་དགེ་སློང་དེ་ཉིད་ཀྱིས་སོ་ཞེས་གསུངས་པ་ཡིན་ནོ། །མ་བཏིང་བ་ཉིད་ཀྱིས་དབྱུང་བར་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གང་ལ་
སྲ་བརྐྱང་གདིང་བ་མེད་པ་དེ་ནི་མ་བཏིང་བ་ཞེས་བྱ་སྟེ། མ་བཏིང་བའི་གང་ཟག་དེས་སྲ་བརྐྱང་འབྱིན་པ་དགེ་འདུན་དུ་མ་ལངས་པའི་ཁ་བསྐང་དུ་མི་རུང་བ་ཉིད་མ་ཡིན་ཏེ་རུང་ངོ་། །འདི་ནི་སྔར་དགེ་སློང་གློ་བུར་བ་དག་ལྷགས་ཤིང་དེ་དག་སྲ་བརྐྱང་འདིང་བའི་རྗེས་སུ་ཞུགས་ཏེ་དོང་ན་ཞེས་
གསུངས་པ་དེ་ཉིད་ལས་སྲ་བརྐྱང་འབྱིན་པར་བྱེད་ན་ཡང་རུང་བར་དོན་གྱིས་མངོན་པས་མདོར་བྲིས་ཏེ། འདི་ལྟར་ཁ་བསྐང་བ་མེད་ན་དབྱུང་བའི་ལས་འབྱུང་བ་ཡང་མེད་པའི་ཕྱིར་རོ། །སྲ་བརྐྱང་བཏིང་བ་སྣམ་སྦྱར་མེད་པར་གྲོང་དུ་འཇུག་པ་ལ་སོགས་པ་དང་སུམ་མདོ་ཚུན་ཆད་དུ་འཇུག་པ་ལ་
ཡང་ཉེས་པ་མེད་དོ་ཞེས་བྱ་བ་ནི། དགེ་སློང་སྲ་བརྐྱང་བཏིང་བའི་སྣམ་སྦྱར་མེད་པར་གྲོང་དུ་འཇུག་པ་ལ་སོགས་པ་ལ་ཉེས་པ་མེད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གྲོང་ཁྱེར་དུ་འཇུག་པ་ལ་སོགས་པ་བསྡུའོ། །སུམ་མདོ་ཚུན་ཆད་དུ་འཇུག་པ་ཞེས་བྱ་བ་ནི། ལམ་པོ་ཆེའི་སུམ་མདོ་
ཚུད་ཆད་དུ་འདུག་པ་ལ་ཡང་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་དོན་ལ་ཐོབ་པས་གསལ་བར་བྱ་བའི་ཕྱིར་མདོར་བྲིས་ཏེ། སྔར་གསུམ་པོ་འདི་དག་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་ཞེས་སྨོས་པས་བསྟན་ཟིན་པའི་ཕྱིར་རོ། །འདིར་གཞུང་ནི་བཙུན་པ་སྲ་བརྐྱང་བཏིང་བའི་

གནས་ན་རྐྱེན་དུ་དག་བག་ཡངས་སུ་འགྱུར་ལགས། ཉེ་བ་འཁོར་བཅུ་སྟེ་བཅུ་གང་ཞེ་ན། ཡང་ཡང་ཟ་བ་དང་། འདུས་ཤིང་ཟ་བ་དང་། མ་སྨྲས་པར་རྒྱུ་བ་དང་། སྨད་གཡོགས་སྟོད་གཡོགས་དང་བཅས་པས་ཅི་བདེར་ལྗོངས་རྒྱུ་བ་དང་། མཚན་མོས་འབྲལ་བ་མེད་པ་
དང་། ཞག་བཅུས་འདའ་བ་མེད་པ་དང་། ཟླ་བས་འདའ་བ་མེད་པ་དང་། གོས་ཅི་ཙམ་གྱིས་ཆོག་པ་དག་སློང་བ་དང་། གོས་རུང་བར་མ་བྱས་པ་ཇི་ཙམ་འདོད་པ་དག་འཆང་བ་དང་། སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ནས་དཔྱིད་ཟླ་ར་བ་ཉའི་བར་དུ་དབྱར་གནས་པའི་དགེ་འདུན་གྱི་
རྙེད་པ་མི་བསྒོ་བའོ་ཞེས་གསུངས་པ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཁྱིམ་གཞན་དུ་སྨད་གཡོགས་དང་སྟོད་གཡོགས་ཀྱིས་འདུག་པར་བྱའོ་ཞེས་གང་གསུངས་ན། བཙུན་པ་སུམ་མདོ་དང་བཞི་མདོ་དག་ཏུ་སྨད་གཡོགས་དང་སྟོད་གཡོགས་ཀྱིས་
མཆིས་སུ་རུང་ངམ། ཉེ་བ་འཁོར་སྲ་བརྐྱང་བཏིང་ན་རུང་ངོ་ཞེས་གསུངས་པ་ཡིན་ཏེ། དེ་གཉི་གའི་འདིར་བསྡུས་པ་ཡིན་ནོ། །དགེ་འདུན་ཐམས་ཅད་དབྱར་ཕྱི་མར་གནས་པར་ཁས་བླངས་པ་དག་ལ་ཡང་སྲ་བརྐྱང་གདིང་བ་འཆགས་སོ། །དེ་གདིང་བའི་དུས་ནི་སྟོན་ཟླ་ཐ་
ཆུངས་ཚེས་བཅུ་དྲུག་གོ། །དཔྱིད་ཟླ་འབྲིང་བོ་ཉ་ལ་དེ་དབྱུང་ངོ་། །སྲ་བརྐྱང་འདིང་བའི་དགེ་སློང་གཞན་དུ་གྱུར་ན་དེ་སྦེད་པ་བསྐོ་བར་བྱའོ། །སྲ་བརྐྱང་གི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ་ཞེས་བྱ་བ་ནི། སྲ་བརྐྱང་གི་གཞི་ཞུ་བ་ལ་སོགས་པའི་སྐབས་སུ་གཏོགས་པ་
བཤད་ཟིན་ཏོ། །སྲ་བརྐྱང་གི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་ལྔ་བཅུ་གཉིས་པ། ད་ནི་གོས་ཀྱི་གཞི་བསྡུ་བར་བྱ་སྟེ་དེའི་ཕྱིར། མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། མཚོན་གྱིས་མ་དྲས་པ་ཞེས་བྱ་བ་ནི། ཁ་ཚར་དང་ཕུན་ཚར་
མ་བཅད་པ་སྟེ་དེ་ནི་ཁྱིམ་པའི་གོས་ཡིན་པའི་ཕྱིར་བཀག་གོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་དག་གིས་ཁྱིམ་བདག་གི་གོས་མཚོན་གྱིས་དྲས་པ་དག་ཁ་དོག་ངན་པ་བྱས་ཏེ་བཅང་བར་གནང་ངོ་ཞེས་གསུངས་པ་ཡིན་ནོ། །དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ་

ཞེས་བྱ་བ་ནི། གླེགས་བུར་དྲས་ཤིང་དྲུབས་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཆོས་གོས་ཉིད་དུ་བྱ་བའི་ཕྱིར་བྱིན་གྱིས་བརླབ་པར་བྱའོ། །རྣམ་པ་གང་གིས་དྲུབས་པ་ཞེ་ན་དེའི་ཕྱིར་སྣམ་ཕྲན་སྣྲེལ་ཞི་ཉིད་དང་ལྷག་མ་མཉམ་པ་ཉིད་དང་དབུས་ནས་གཞན་དུ་ཚལ་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་
དང་མཐའ་བསྐོར་བ་ཉིད་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། ཞེང་དུ་བཏང་བའི་གླེགས་བུའི་ཚད་དག་ནི་སྔར་ཟླ་བས་སྤང་བ་རྣམ་པར་འབྱེད་པའི་སྐབས་སུ་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དང་གླེགས་བུ་ཕྱེད་དང་བཞི་པ་ཉིད་དང་། གླེགས་བུ་ཕྱེད་དང་ལྔ་པ་ཉིད་ཅེས་བྱ་བ་ལ་སོགས་པས་
བཤད་པའི་རྣམ་པ་ཡིན་ནོ། །སྲིད་དུ་བཏང་བའི་གླེགས་བུའི་ཚད་དག་ནི་སྣམ་ཕྲན་སྣྲེལ་ཞི་ཉིད་དང་། ལྷག་མ་མཉམ་པ་ཉིད་དང་། དབུས་ནས་གཞན་དུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་རྣམ་པ་འདི་གསུམ་ལྟར་བྱའོ། །མཐའ་བསྐོར་བ་ཉིད་ཅེས་བྱ་བ་ནི་མཐའ་ཐམས་
ཅད་བསྐོར་བ་སྟེ། མཐའ་ཞེས་སྨོས་པའི་ཕྱིར་རོ། །དེ་ལྟ་བས་ན་མདོ་འདི་ནི་སྲིད་དུ་བཏང་བའི་གླེགས་བུའི་ཚད་དག་དང་མཐའ་སྐོར་གྱི་དབང་དུ་བྱས་པ་ཡིན་ནོ། །དེ་ལ་སྣམ་ཕྲན་སྣྲེལ་ཞི་ཉིད་ཅེས་བྱ་བ་ལ། འདིར་སྣམ་ཕྲན་ཞེས་བྱ་བའི་སྒྲ་ནི་སྲིད་དུ་བཏང་བའི་ཚལ་བུ་ལ་བྱའོ། སྣྲེལ་ཞི་
ཞེས་བྱ་བ་ནི་སྲིད་དུ་བཏང་བའི་སྣམ་ཕྲན་དག་གི་ཚལ་བུ་རྣམས་ཀྱིས་སྣ་དྲང་ཐད་དུ་མ་བབ་པར་མཐོན་དམན་མི་མཉམ་པ་ཉིད་ཀྱིས་འགྲུས་ཐབས་ཉིད་དུ་འདུག་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །ལྷག་མ་མཉམ་པ་ཉིད་ཅེས་བྱ་བ་ལ་ལྷག་མ་ཞེས་བྱ་བ་ནི། ཞེང་དུ་ཐལ་རངས་སུ་བཏང་
བའི་སྣམ་ཕྲན་དག་གི་འཕྲོས་ནོན་པའི་ལྷག་མ་སྟེ། ཞེང་དུ་ཐལ་རངས་སུ་བཏང་བའི་སྣམ་ཕྲན་དག་གི་འཕྲོས་མ་ནོན་པའི་ཕྱོགས་ཚུན་ཆད་ཀྱི་གླེགས་བུ་དག་གོ། །མཉམ་པ་ཞེས་བྱ་བ་ནི་ལྷག་མ་དེ་དག་ཕན་ཚུན་སྲིད་མཉམ་པར་བྱའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དབུས་ནས་གཞན་དུ་
ཚལ་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་ལ། དབུས་ཞེས་བྱ་བ་ནི་ཞེང་དུ་ཐལ་རངས་སུ་བཏང་བའི་སྣམ་ཕྲན་དབུས་མ་གཉིས་ཀྱི་བར་གྱི་གླེགས་བུའོ། །དེ་ནས་གཞན་དུ་གླེགས་བུའི་འཕྲོ་ཞེས་བྱ་བ་ནི། དབུས་ནས་གཡས་གཡོན་གཞན་དུ་སྣམ་ཕྲན་ཞེང་དུ་ཐལ་རངས་སུ་བཏང་བ་

དག་གིས་གླེགས་བུའི་འཕྲོའོ། །ཕྱོགས་ཕྱོགས་སུ་ལྟ་བ་ཞེས་བྱ་བ་ནི། གཡས་གཡོན་གྱི་གླེགས་བུ་ཐམས་ཅད་ལ་ཁྱབ་པར་བྱ་བའི་ཕྱིར་ཕྱོགས་ཕྱོགས་སུ་ཞེས་ཟློས་བུར་བྱ་སྟེ། གཡས་ཕྱོགས་ཀྱི་ཚལ་བུ་རྣམས་ཀྱི་འཕྲོ་ཡང་གཡས་ཕྱོགས་སུ་ཕྱི་བརྒྱུད་དུ་བལྟ་ལ། གཡོན་
ཕྱོགས་ཀྱི་ཚལ་བུ་རྣམས་ཀྱི་འཕྲོ་ཡང་གཡོན་ཕྱོགས་སུ་ཕྱི་བརྒྱུད་དུ་བལྟ་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལྟར་སྣམ་ཕྲན་སྣྲེལ་ཞི་ཉིད་དང་ལྷག་མ་མཉམ་པ་ཉིད་དང་། དབུས་ནས་གཞན་དུ་ཚལ་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་དེ་གསུམ་གྱིས་ནི་སྲིད་དུ་བཏང་བའི་གླེགས་
བུ་དག་དྲུབ་པ་བསྟན་ཏོ། །མཐའ་བསྐོར་བ་ཉིད་ཅེས་བྱ་བ་ནི་ཆུ་ཞེང་གི་མཐའ་འཁོར་བར་ཀུན་དགའ་བོ་མཐའ་སྐོར་གྱིས་བསྐོར་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལྟར་རྣམ་པ་བཞི་པོ་དེ་དག་བསྡུས་པས་དྲུབས་པའི་ཆོས་གོས་གང་ཡིན་པ་དེ་བྱིན་གྱིས་བརླབ་པར་བྱའོ། །འདི་སྐད་བསྟན་
ཏེ། ཇི་ལྟར་སྲིད་དུ་བཏང་བའི་ཚལ་བུ་རྣམས་ཀྱི་སྣ་མཐོ་དམན་དུ་འདུག་པས་སྣམ་ཕྲན་ལ་ཞི་ཉིད་དུ་འགྱུར་བ་དེ་ལྟར་ཆོས་གོས་དེ་དྲུབ་པར་བྱའོ། །ཚལ་བུ་གཅིག་གི་སྣ་གླེགས་བུའི་འཕྲོས་ནོན་པའི་ལྷག་མ་མ་ནོན་པ་ཇི་ཙམ་ཡོད་པ་དེ་ཙམ་དུ་དེ་ལས་གཞན་པའི་གླེགས་བུ་ལྷག་མ་དག་
ཀྱང་དེ་དང་མཉམ་པར་བྱའོ། །དབུས་ཀྱི་སྣམ་བུ་ལ་ལྟོས་ནས་གཡས་གཡོན་གྱི་ཕྱོགས་གཉིས་སུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་བལྟ་བར་བྱའོ། །ངས་བཞི་ཀུན་ནས་འཁོར་བར་ཀུན་དགའ་བོའི་མཐའ་སྐོར་གྱིས་འཕྲོ་ཐམས་ཅད་བསྐོར་བར་བྱའོ། །ཆོ་ག་འདི་ནི་རབ་ཏུ་བྱུང་བ་
གཞན་དག་ལས་དགེ་སློང་རྣམས་ཀྱིས་ཆོས་གོས་ཐ་དད་པར་བསྒྲུབ་པའི་ཕྱིར་རོ། །གོས་གང་ལ་ཆོས་གོས་ཀྱི་དོན་དུ་རྣམ་པ་དེ་ལྟ་བུར་བྱིན་གྱིས་བརླབ་པར་བྱ་ཞེ་ན། དེའི་ཕྱིར་མཐང་གོས་དང་བླ་གོས་དང་སྣམ་སྦྱར་ལའོ་ཞེས་བྱ་བ་སྨྲས་ཏེ། གསུམ་ཆར་ལ་ཡང་རྣམ་པ་དེ་ལྟ་བུར་དྲུབ་ཅིང་བྱིན་
གྱིས་བརླབ་པར་བྱའོ། །མཐང་གོས་ཞེས་བྱ་བ་ནི། ནང་དུ་བགོ་བར་བྱ་བའོ། །བླ་གོས་ཞེས་བྱ་བ་ནི་ལུས་ཀྱི་སྟོད་དུ་བགོ་བར་བྱ་བའོ། །སྣམ་སྦྱར་ཞེས་བྱ་བ་ནི་སྣམ་ཕྲན་ཏུ་དྲས་ཏེ་སྦྱར་བ་ལས་གོས་ཀྱི་རིགས་གང་འབྱུང་བའོ། །དགེ་སློང་མས་ནི་ཤིང་ང་དཔུང་ཆད་དང་རྔུལ་གཟན་རྣམ་པ་

གང་ཡང་རུང་བའོ་ཞེས་བྱ་བ་ནི། དགེ་སློང་མས་སྔར་བསྟན་པའི་ཆོས་གོས་གསུམ་དང་འདི་གཉིས་དང་ལྔ་བྱིན་གྱིས་བརླབ་པར་བྱའོ། །རྣམ་པ་གང་ཡང་རུང་བ་ཞེས་བྱ་བ་ནི། དྲས་ཤིང་དྲུབས་པ་མ་ཡིན་ཡང་རུང་བའོ། །འདིར་གཞུང་ནི་དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ནས་གལ་ཏེ་
ཆོས་གོས་ལྔ་པོ་གང་ཡང་རུང་བ་དག་ལས་ཆོས་གོས་གཅིག་དང་ནུབ་ཅིག་མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་སྤང་པའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཆོས་གོས་ལྔ་པོ་དག་ཅེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་དང་ཤིང་ང་དཔུང་བཅད་དང་རྔུལ་གཟན་ཞེས་བྱ་བ་དག་གོ། །བརྙན་
པོ་ཡོད་ཅིང་བདོག་ནའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་གོས་དྲས་ཤིང་དྲུབས་པ་བརྙན་པོ་ཡང་ཡོད་ཅིང་བདོག་ན། དེའི་ཚེ་དེ་ཡང་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་མི་བདོག་ན་ནི་དྲས་ཤིང་དྲུབས་པ་མ་ཡིན་པ་ལ་ཡང་བྱིན་གྱིས་བརླབ་པར་བྱ་བ་སྟེ། ཆོས་གོས་བྱིན་གྱིས་མ་བརླབས་པས་འདུས་
པར་མི་བྱའོ། །དེ་དག་གཞག་སྟེ་སྐྱ་རེངས་འཆར་བ་འདའ་བར་མི་བྱའོ་ཞེས་བྱ་བ་ནི། ཆོས་གོས་བྱས་པ་གསུམ་མམ་ལྔ་པོ་དེ་དག་གཞག་སྟེ་སྐྱ་རེངས་འཆར་པ་འདའ་བར་མི་བྱའོ། །བརྙན་པོ་ཡང་ཡོད་ཅིང་བདོག་ནའོ། །འདི་སྐད་བསྟན་ཏེ། ཆོས་གོས་ཡོད་ན་སྐྱ་རེངས་འཆར་བའི་དུས་
སུ་ཆོས་གོས་བྱིན་གྱིས་མ་བརླབས་པས་འདའ་བར་མི་བྱའོ། །གཞན་མེད་ན་ཁ་མ་བསྒྱུར་བ་ལ་ཡང་བྱིན་གྱིས་བརླབས་པ་འཆགས་སོ་ཞེས་བྱ་བ་ནི། ཁ་བསྒྱུར་བ་འམ་བརྙན་པོ་གཞན་མེད་ན་ཁ་མ་བསྒྱུར་བའི་གོས་ལ་ཡང་བྱིན་གྱིས་བརླབས་པ་འཆགས་པའོ། །མ་དྲས་པ་ལ་ཡང་ངོ་
ཞེས་བྱ་བ་ནི། དྲས་པ་གཞན་མེད་ན་མ་དྲས་པ་ལ་ཡང་བྱིན་གྱིས་བརླབས་པ་འཆགས་པའོ། །དེ་ལ་གལ་ཏེ་འབྱོར་ན་ལྷན་ཐབས་གླན་ནོ་ཞེས་བྱ་བ་ནི། མ་དྲས་པ་དེ་ལ་གལ་ཏེ་ལྷན་ཐབས་ཞེས་བྱ་བ་གླེགས་བུའི་འཕྲོ་བདོག་ན་གླན་པར་བྱ་བའོ། །ཁྱིམ་དུ་རུང་བའི་རྣམ་པ་ལ་ཡང་ངོ་
ཞེས་བྱ་བ་ལ། ཁྱིམ་དུ་རུང་བ་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ་དུ་སྤྱད་དུ་རུང་བའོ། །རྣམ་པ་ཞེས་བྱ་བ་ནི། དེ་ལྟ་བུའི་གོས་ཀྱི་རྣམ་པ་སྟེ་ཁ་ཚར་དང་ཕུན་ཚར་གྱི་མཐའ་གཅད་དུ་རུང་བ་དགེ་སློང་གི་ཆོས་གོས་ཀྱི་རྣམ་པ་ཉིད་དུ་མ་རེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། གཞན་མེད་ན་དེ་ལ་

ཡང་བྱིན་གྱིས་བརླབས་པ་འཆགས་པའོ། །ཕྱིང་པ་དང་ལ་བ་དང་བེའུ་ཕྲུག་དང་ཀླམ་དང་སེངས་པ་ནི་མི་དྲ་བར་ལྷན་ཐབས་གླན་ཞིང་དྲུབ་པོ་ཞེས་བྱ་བ་ནི། ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་གཞན་ལས་སྤུ་ཅན་ནི་ཆོས་གོས་གསུམ་པོ་ཉིད་དུ་བྱིན་
གྱིས་བརླབ་པར་མི་བྱའོ་ཞེས་གསུངས་མོད་ཀྱི། འོན་ཀྱང་ལ་བ་དང་བེའུ་ཕྲུག་དག་ལ་སྤུ་བྱི་བ་ཡང་སྲིད་པས་འདིར་དེ་གཉིས་བཟུང་ངོ་། །འདིར་གཞུང་ནི་དགེ་སློང་དག་ལྔ་པོ་འདི་དག་ནི་མི་འདྲ་བ་དག་ཡིན་ཏེ། ཕྱིང་བ་ཐམས་ཅད་དང་། ལ་བ་ཐམས་ཅད་དང་། བེའུ་ཕྲུག་ཐམས་ཅད་
དང་། ཀླམ་པ་ཐམས་ཅད་དང་། གོས་སེངས་པ་ཐམས་ཅད་དེ། ལྷན་ཐབས་གླན་ཏེ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་མལ་མི་གཙང་བས་གོས་པར་གྱུར་ན་དེའི་མོད་ལ་སྦྱང་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིའམ་གང་ཟག་གི་མལ་ཆ་དང་སྟན་ལ་མི་གཙང་བས་གོས་པར་
གྱུར་ན་དེའི་མོད་ཁོ་ན་ལ་མི་བརྐྱང་བར་བཀྲུ་བར་བྱ་བའོ། །དགེ་འདུན་གྱི་རྩྭའི་ཁྲི་དང་ཁྲིའུ་མ་གཏོགས་པ་སྟན་ཡན་ཆད་ལ་དེ་མ་ཡིན་པའི་གདིང་བ་མེད་པ་དང་གདིང་གཡོགས་ལ་ཡང་བར་ཆད་མ་བཅུག་པར་ཉེ་བར་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་རྩྭའི་ཁྲི་དང་ཁྲིའུ་མ་གཏོགས་
པ་ཐ་ན་སྟན་ཡན་ཆད་དགེ་འདུན་གྱི་གནས་མལ་དགེ་འདུན་གྱི་གདིང་བ་མ་ཡིན་པ་རང་གི་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ་བ་དང་། དགེ་འདུན་གྱི་གདིང་གཡོགས་ལ་ཡང་གང་ཟག་གི་གོས་ཀྱི་བར་ཆད་མ་བཅུག་པར་སྤྱད་པར་མི་བྱ་བའོ། །རྩྭའི་ཁྲི་དང་ཁྲིའུ་ཞེས་བྱ་བ་ནི་རྩྭ་མུན་ཛ་དང་གྲེས་
མ་ལ་སོགས་པའི་ཐག་པས་བརྒྱུས་པའི་ཁྲི་དང་ཁྲིའུ་སྟེ། དེ་ལ་ནི་གདིང་བ་གཞན་མེད་ཀྱང་རུང་ངོ་། །སྟན་ཡན་ཆད་ཅེས་བྱ་བ་ནི། མལ་སྟན་ལྟ་ཞོག་གི་ཐ་མལ་པར་འདུག་པའི་སྟན་ཡན་ཆད་ལ་ཡང་གདིང་བ་མེད་པར་འདུག་པར་མི་བྱ་སྟེ། དེས་ན་འདིར་ཡན་ལག་གིས་རེག་པ་ཙམ་ལ་ཡང་
གདིང་བ་གཞུག་དགོས་པར་རིག་པར་བྱའོ། །དེ་མ་ཡིན་པ་ཞེས་བྱ་བ་ནི། དགེ་འདུན་གྱི་གདིང་བ་མ་ཡིན་པའོ། །གདིང་བ་མེད་པར་ཉེ་བར་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་གི་གདིང་བ་མེད་པར་རོ། །གདིང་གཡོགས་ཞེས་བྱ་བ་ནི། འདིར་སྟེང་ནས་བགོ་བའི་གོས་དང་ཐང་ལ་གཞར་

བའི་གདིང་བ་ལ་བྱ་སྟེ། དགེ་འདུན་གྱི་གདིང་གཡོགས་དེ་ལ་ཡང་གང་ཟག་གི་གོས་ཀྱི་བར་ཆད་མ་བཅུག་པར་ཉེ་བར་སྤྱད་པར་མི་བྱའོ། །ཐམས་ཅད་ཀྱི་ཁྲ་བོ་ཕལ་ཆེར་མ་ཉམས་པ་ལ་ཡང་ངོ་ཞེས་བྱ་བ་ལ། ཐམས་ཅད་ཀྱི་ཞེས་བྱ་བ་ནི། དགེ་འདུན་གྱི་འབའ་ཞིག་ཏུ་མ་ཟད་ཀྱི་གང་ཟག་གི་ལ་ཡང་ངོ་། །
ཁྲ་བོ་ཞེས་བྱ་བ་ནི། པར་ཐང་དང་དྲེའུ་རྔོག་དང་ཟ་འོག་ལ་སོགས་པ་ཚོན་རིས་ཅན་ཐམས་ཅད་དོ། །ཕལ་ཆེར་མ་ཉམས་པ་ཞེས་བྱ་བ་ནི། ཧ་ཅང་རྙིང་པ་མ་ཡིན་པའོ། །དེ་ཡང་སྟན་ཡན་ཆད་ལ་དེ་མ་ཡིན་པའི་གདིང་བ་མེད་པ་དང་། གདིང་གཡོགས་ལ་ཡང་བར་ཆད་མ་བཅུག་པར་ཉེ་བར་སྤྱད་
པར་མི་བྱའོ། །སྐབས་འདིར་དེ་མ་ཡིན་པ་ཞེས་བྱ་བ་ནི། ཁྲ་བོ་མ་ཡིན་པ་དང་། དགེ་འདུན་གྱི་མ་ཡིན་པ་གཉི་ག་གཟུང་ངོ་། །ངན་ངོན་ཙམ་དང་དྲི་མ་ཅན་གྱིས་མི་བྱའོ་ཞེས་བྱ་བ་ནི། གདིང་བ་ངན་ངོན་ཅན་དང་གདིང་བ་དྲི་མ་ཅན་གྱིས་དགེ་འདུན་གྱིའམ་གང་ཟག་གི་གནས་མལ་ལ་སྤྱད་པར་མི་བྱ་བའོ། །
གདིང་བ་བཅང་བར་བྱའོ་ཞེས་བྱ་བ་ནི། གང་ཟག་གིས་བཅང་བར་བྱ་བའོ། །དེ་ནི་སྟུག་ན་གཅིག་ཀྱང་རུང་ངོ་ཞེས་བྱ་བ་ནི། གདིང་བ་དེའོ། །སེངས་པ་ནི་ཉི་རིམ་མོ་ཞེས་བྱ་བ་ནི། སེངས་པ་ཞེས་བྱ་བ་ནི། སང་སེང་དུ་གྱུར་པ་ཡིན་ན་ཉི་རིམ་དུ་བྱ་དགོས་སོ། །ཁྲ་ཁྲ་བོ་མི་རུང་ངོ་ཞེས་བྱ་བ་ནི། སྟུག་པོ་ཡང་
རུང་སེངས་པ་ཡང་རུང་སྟེ། གདིང་བ་ཁྲ་བོ་བཀྲ་བ་ཁྲ་ཁྲ་བོར་འདུག་པར་བཅང་བར་མི་བྱའོ། །དེ་ལ་གླེགས་བུའི་འཕྲོ་བྱའོ་ཞེས་བྱ་བ་ནི། གདིང་བ་དེ་ལ་ཆོས་གོས་ཀྱི་གླེགས་བུའི་ཚལ་པ་ལྟ་བུ་བྱའོ། །ཕྱོགས་གང་དུ་དུ་ཞིག་བྱ་ཞེ་ན། དེའི་ཕྱིར་འོག་རོལ་གྱིས་སུམ་ཆའི་དང་པོར་རོ་ཞེས་བྱ་བ་
སྨྲས་ཏེ། འོག་རོལ་ཞེས་བྱ་བ་ནི། རྐང་བའི་མཐའ་ལོགས་སུའོ། །སུམ་ཆ་ཞེས་བྱ་བ་ནི་རྐང་བའི་མཐའ་ལོགས་སུ་སུམ་ཆ་བོར་ལ་སྟོད་དུ་སུམ་གཉིས་བོར་བའི་མཚམས་སུའོ། །དང་པོར་རོ་ཞེས་བྱ་བ་ནི། སུམ་ཆའི་མཚམས་དེ་ཉིད་འོག་རོལ་གྱི་ཆའི་དང་པོ་ཡིན་པས་དེ་ཉིད་དུ་བཅང་དེ་ཆོས་གོས་ཀྱི་
ཚལ་བུ་འདྲ་བར་གླེགས་བུའི་འཕྲོ་གཅིག་བྱ་བར་ཟད་ཀྱི་མཐར་ཡང་མི་བྱ་དབུས་སུ་ཡང་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གླེགས་བུ་གཅིག་པ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་བྱ་བ་ནི། གདིང་བ་སྟེ་དེའི་ཕྱིར་སྔར་འོག་རོལ་གྱི་སུམ་ཆའི་དང་པོར་རོ་ཞེས་སྨོས་པས་གླེགས་བུ་ཕྱེད་དང་གཉིས་པར་

བྱ་བར་བསྟན་པ་ཡིན་ནོ། །གཡན་པ་དགབ་པ་དེ་དང་ལྡན་པས་བཅང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གཡན་པ་དང་ལྡན་པས་གཡན་པ་དགབ་པ་དེ་བཅང་བར་བྱ་བའོ། །དེ་ཞག་ལྔ་འམ་དྲུག་ཅིང་སྦྱང་བར་བྱ་བའོ་ཞེས་བྱ་བ་ནི། གཡན་པ་དགབ་པ་དེ་ཞག་ལྔའམ་དྲུག་ཅིང་
བཀྲུ་བར་བྱ་བའོ། །སྲིན་བལ་གྱི་དང་བལ་གྱི་དང་ཤ་ནའི་དང་ཟར་མའི་རུང་ངོ་ཞེས་བྱ་བ་ནི། ཆོས་གོས་ཉིད་དང་གོས་ལྷག་ཉིད་དུ་ཡང་དེ་དག་ལས་བྱས་པའི་གོས་རུང་བའོ། །རྣམས་སུ་མ་བྱས་པ་དང་གསོ་མ་ནི་མི་རུང་བའོ་ཞེས་བྱ་བ་ནི། དཔག་བསམ་ཤིང་ལས་བྱུང་བའི་གོས་ལ་སོགས་པ་དང་། གསོ་མ་
ལས་བྱུང་བའི་གོས་ནི་མི་རུང་བ་སྟེ། སྤང་བའི་ཞུ་བ་ལས་ཉེས་བྱས་བྱེད་པ་ཉིད་ཀྱིས་མི་རུང་བའི་ཁོངས་སུ་གསུངས་པའི་ཕྱིར་རོ། །སྐྲ་ལས་བྱས་པ་དང་གཅེར་བུ་པ་དང་བྱ་འུག་པ་པ་ཡང་དག་པར་ལེན་པ་ཡང་ངོ་ཞེས་བྱ་བ་ཡང་། མི་རུང་ངོ་ཞེས་བྱ་བར་སྦྱར་རོ། །སྐྲའི་ལ་བ་བ་ཡང་དག་པར་
ལེན་པ་དང་གཅེར་བུ་པ་ཡང་དག་པར་ལེན་པ་དང་། བྱ་འུག་པ་པ་ཡང་དག་པར་ལེན་པ་ནི་མི་རུང་ངོ་། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། མུ་སྟེགས་ཅན་གྱི་རྒྱལ་མཚན་གསུམ་པོ། གཅེར་བུ་པ་ཉིད་དང་། བྱ་འུག་པ་པ་ཉིད་དང་། སྐྲའི་ལ་བ་པ་ཉིད་འཆང་བར་བྱེད་ན་ཉེས་
པ་སྦོམ་པོར་འགྱུར་རོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་གསུམ་པོ་དག་མ་གཏོགས་པ་དེ་ལས་གཞན་པའི་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཞན་དེ་དག་ཀྱང་ཡང་དག་པར་བླངས་པ་སྔོན་ཏུ་གཏོང་བས་འཆང་ན་ནི་ཉེས་པ་སྦོམ་པོར་
འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་སྦོམ་པོའོ་ཞེས་བྱ་བ་ནི། སྐྲ་ལས་བྱས་པ་དང་། གཅེར་བུ་པ་དང་། བྱ་འུག་པ་པ་ཡང་དག་པར་ལེན་པ་དེ་ལ་ནི་དགེ་འདུན་གྱི་དབྱེན་གྱི་ཕྱོགས་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་བར་རིག་པར་བྱའོ། །གཞན་བསྟན་པ་ནི་དེའོ་ཞེས་བྱ་བ་ནི་
གསུམ་པོ་དེ་དག་ལས་གཞན་པའི་མུ་སྟེགས་ཅན་གྱི་རྒྱལ་མཚན་གཞན་བསྟན་པ་ནི་མི་རུང་བ་དེ་སྟེ་ཉེས་བྱས་བྱེད་པ་ཉིད་ཡིན་ནོ། །དེ་དག་ཀྱང་ཡང་དག་པར་བླང་བ་སྔོན་དུ་བཏང་བས་འཆང་ན་ནི་སྦོམ་པོར་འགྱུར་བས་དེའི་ཕྱིར་ཡང་དག་པར་བླང་བ་སྔོན་དུ་གཏོང་པ་ལས་གཞན་པ་ཡང་དག་པར་བླང་

བ་སྔོན་དུ་གཏོང་བ་མ་ཡིན་པས་འཆང་ན་དེ་ཡང་རུང་བ་མ་ཡིན་ཏེ་དེ་ནི་ཉེས་བྱས་བྱེད་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། མུ་སྟེགས་ཅན་གྱི་རྒྱལ་མཚན་གང་ཅི་ཡང་རུང་བ་འཆང་ན། ཡང་དག་པར་བླང་བ་སྔོན་དུ་བཏང་བས་ཀྱང་རུང་། ཡང་དག་པར་བླང་བ་སྔོན་དུ་མ་བཏང་བས་ཀྱང་རུང་སྟེ། དེ་དག་
ཐམས་ཅད་ལ་དག་པ་དང་གྲོལ་བར་འཛིན་པས་འཆང་བ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །དག་པ་དང་གྲོལ་བར་འཛིན་པ་མེད་ན་ནི་སྐྲའི་ལ་བ་པ་དང་གཅེར་བུ་པ་དང་། བྱ་འུག་པ་པ་གསུམ་ནི་སྦོམ་པོ་ཉིད་དུ་ལོགས་ཤིག་ཏུ་གསུངས་པས། དེ་གསུམ་ལས་གཞན་པའི་མུ་སྟེགས་ཅན་གྱི་རྒྱལ་
མཚན་ལ་དག་པ་དང་གྲོལ་བར་འཛིན་པ་མེད་ཅིང་། ཡང་དག་པར་བླང་བ་སྔོན་དུ་མ་བཏང་བས་འཛིན་པ་ཐམས་ཅད་ལ་ནི་ཉེས་བྱས་སོ། །སྐྲ་འབལ་བ་དང་ལོ་མ་གྱོན་པ་དང་གཡང་གཞིའི་སྨད་གཡོགས་སྟོད་གཡོགས་དང་བཅས་པས་འཚོ་བ་དང་གསོ་རས་དང་ཡན་ལག་གི་སྦུབས་དང་
གོས་ཐམས་ཅད་སྔོ་བ་དང་། གདེངས་ཀ་ལྟ་བུ་དང་ཁ་ཚར་རིང་པོ་དང་རལ་ག་དང་། གཙུག་ཏོར་དང་། མགོ་དཀྲིས་པ་དང་། ར་ཕྱར་དང་རྔ་བལ་གྱི་སྣམ་བུ་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་ཡང་ངོ་ཞེས་བྱ་བ་ཡང་མི་རུང་ངོ་ཞེས་བྱ་བར་སྦྱར་རོ། །སྐྲ་འབལ་བ་ཞེས་བྱ་བ་ནི། མུ་སྟེགས་
ཅན་གྱི་བརྟུལ་ཞུགས་སྐྲ་འཐོག་པར་བྱེད་པའོ། །ལོ་མ་གྱོན་པ་ཞེས་བྱ་བ་ནི། ལོ་མ་དང་ཤུན་པ་ལ་སོགས་པ་གྱོན་པའོ། །གཡང་གཞིའི་སྨད་གཡོགས་སྟོད་གཡོགས་དང་བཅས་པས་འཚོ་བ་ཞེས་བྱ་བ་ནི། རི་དགས་ཀྱི་པགས་པའི་འོ། །གསོ་རས་ཞེས་བྱ་བ་ནི། གསོ་མ་ལས་བྱས་
པའི་གོས་སེང་སེང་པོའོ། །ཡན་ལག་གི་གོས་སྦུབས་ཞེས་བྱ་བ་ནི། དོར་མ་ལ་སོགས་པའི་གོས་སོ། །གོས་ཐམས་ཅད་སྔོ་བ་ཞེས་བྱ་བ་ནི་གོས་རིལ་གྱིས་སྔོ་བ་བཀག་པ་ཡིན་གྱི། གོས་ཐམས་ཅད་སེར་བ་དང་དམར་བ་ནི་མ་བཀག་གོ། །གདེངས་ཀ་ལྟ་བུ་ཞེས་བྱ་བ་ནི། གོས་ཀྱི་ཁ་ཚར་སྦྲུལ་
མགོའི་གདེངས་ཀ་ལྟ་བུར་རིང་པོར་བྱེད་པའོ། །ཁ་ཚར་རིང་པོ་ཞེས་བྱ་བ་ནི། གོས་ཁ་ཚར་མ་བཅད་པའོ། །རལ་ག་ཞེས་བྱ་བ་ནི། ཤིང་ང་དཔུང་བཅད་ལས་གཞན་པའི་རྣམ་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་ལྷམ་ཡུ་རིངས་ཀྱི་རྣམ་པ་ལས་ལྷམ་སྒྲོག་གུ་ཅན་གྱི་རྣམ་པ་ཅུང་ཟད་གཞན་

པ་དང་འདྲའོ། །གཙུག་ཏོར་ཞེས་བྱ་བ་ནི། གཙུག་ཏོར་མཐོན་པོའོ། །མགོ་དཀྲིས་པ་ཞེས་བྱ་བ་ནི། ཐོད་ལ་སོགས་པ་སྟེ་གཙུག་ཏོར་མ་ཡིན་ནོ། །ར་ཕྱར་ཞེས་བྱ་བ་ནི། ར་བལ་ལས་བྱས་པའི་ཕྱར་བའོ། །རྔ་བལ་གྱི་སྣམ་བུ་ཞེས་བྱ་བ་ནི། རྔ་མོའི་བལ་ལས་བྱས་པའི་སྣམ་
བུའོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་ཞེས་བྱ་བ་ནི། དེ་དག་ལས་གཞན་པ་ཡིན་པར་རིག་པར་བྱའོ། །པུ་ལ་སའི་འདབ་མ་གང་ཙམ་དང་མར་མེའི་སྙིང་པོ་ཙམ་དེས་ཀྱང་སྙོམས་པར་བྱ་བའི་ཕྱིར་བགོ་བཤའ་བྱའོ་ཞེས་བྱ་བ་ནི། ཟས་ནི་ཐ་ན་ཤིང་པུ་ལ་སའི་ལོ་མ་གང་ཙམ་དེས་ཀྱང་དབང་བ་
ཐམས་ཅད་ལ་སྙོམས་པར་བྱ་བའི་ཕྱིར་བགོ་བཤའ་བྱའོ། །གོས་ནི་ཐ་ན་མར་མེའི་སྙིང་པོ་ཙམ་དེས་ཀྱང་དབང་བ་ཐམས་ཅད་ལ་སྙོམས་པར་བྱ་བའི་ཕྱིར་བགོ་བཤའ་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས། དགེ་སློང་དག་དེ་ལྟ་བས་ན་ཟས་ཀྱི་རྙེད་པ་བྱུང་ན་པུ་ལ་སའི་ལོ་མས་ཀྱང་
སྙོམས་པར་བྱས་ཏེ་བགོ་བཤའ་བྱའོ། །གོས་ཀྱི་རྙེད་པ་བྱུང་ན་མར་མེའི་སྙིང་པོ་ཙམ་གྱི་སྦྱོར་བས་ཀྱང་སྙོམས་པར་བྱས་ཏེ་བགོ་བཤའ་བྱའོ་ཞེས་གསུངས་པ་ཡིན་ནོ། །ལ་བ་དང་དེ་ལྟ་བུ་དག་ནི་བཙོངས་ཏེའོ་ཞེས་བྱ་བ་ནི། བགོ་བཤའ་བྱའོ་ཞེས་བྱ་བར་སྦྱར་རོ། །ལ་བ་དང་ལ་བ་ལྟ་བུའི་
གོས་གཞན་གང་དག་གཅད་དུ་མི་རུང་བ་དེ་དག་ནི་བཙོངས་ཏེ་བགོ་བཤའ་བྱའོ། །མི་གཤེག་པ་ཉིད་དོ་ཞེས་བྱ་བ་ནི། ལ་བ་དང་དེ་ལྟ་བུ་དག་ནི་དེ་ལས་གཞན་པའི་གོས་གཞན་དུ་མི་གཤེག་པ་ཉིད་ཡིན་ནོ། །རྙེད་པ་བགོ་བ་ལ་ལྔ་བྱའོ་ཞེས་བྱ་བ་ནི། རྙེད་པ་བགོ་བ་ལ་བྱ་བ་ལྔ་བྱ་བའོ། །
རྙེད་པ་བགོ་བ་ལ་བྱ་བ་ལྔ་བྱ་བ་དེ་དག་གང་ཞེ་ན་དེའི་ཕྱིར། དེང་རྙེད་པ་བགོད་པར་འགྱུར་གྱིས་དེར་ཁྱེད་ཅག་གིས་ཚོགས་པར་བྱའོ་ཞེས་དགེ་འདུན་ལ་བརྗོད་པར་བྱ་བ་དང་། གཎྜཱི་བརྡུང་བ་དང་། ཚུལ་ཤིང་བྲིམ་པ་དང་། བགྲང་བ་དང་། སོ་སོའི་སྐལ་བ་བྲིམ་པའོ་ཞེས་བྱ་བ་སྨྲས་ཏེ། རྙེད་པ་བགོ་
བའི་དུས་སུ་བྱ་བ་ལྔ་པོ་དེ་དག་གོ་རིམས་བཞིན་དུ་བྱའོ། །ཐ་མ་ཡན་ཆད་བྱེད་པ་ཉིད་མ་འོངས་པ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རྙེད་པ་བགོ་བའི་དུས་སུ་བྱ་བ་ལྔ་པོ་དེ་དག་གི་གོ་རིམས་ཀྱི་ཐ་མ་ནི་སོ་སོའི་སྐལ་བ་བྲིམ་པ་སྟེ། གོང་མ་བཞི་ལྟ་ཅི་སྨོས་ཀྱི། ཐ་མ་དེ་ཡན་ཆད་བྱེད་པ་ན་དགེ་

སློང་གཞན་གློ་བུར་དུ་འོངས་པ་ཡང་རྙེད་པའི་སྐལ་བ་དབང་བ་ཉིད་ཡིན་པའོ། །འདི་ནི་ངེས་པའི་རྙེད་པ་མ་ཡིན་གྱི། དགེ་འདུན་ཙམ་ལ་སྤྱིར་སྤགས་ཏེ་ཕུལ་བའི་རྙེད་པ་ཡིན་པར་ཤེས་པར་བྱ་སྟེ། དཔེར་ན་དུས་སྟོན་ཆེན་པོ་དག་གི་ཚེ་ལྟ་བུའོ། །དབྱར་གནས་པའི་རྒྱུ་ལས་བྱུང་བ་ལ་སོགས་པའི་རྙེད་
པ་ངེས་པ་གཞན་དག་ལ་ནི་གློ་བུར་དུ་འོངས་ཀྱང་མི་དབང་བ་ཉིད་ཡིན་ནོ། །བྱ་བ་ལྔ་པོ་འཇུག་ཏུ་མ་བྱིན་པ་ཉིད་ལ་ནི་གློ་བུར་དུ་འོངས་པ་ཉིད་དབང་བར་བསྟན་ན། འཇུག་ཏུ་ཕྱིན་པ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། འཇུག་ཏུ་ཕྱིན་པ་ཉིད་ན་མི་དབང་ངོ་ཞེས་བྱ་བ་སྨྲས་ཏེ། བྱ་བ་ལྔ་པོ་ཐམས་
ཅད་མཇུག་ཏུ་ཕྱིན་པ་ཉིད་ནི་འོངས་པ་དེ་ནི་དེར་རྙེད་པ་མི་དབང་ངོ་། །དེ་ནི་རྙེད་པ་ཆུང་ངུ་ལ་ཡང་ངོ་ཞེས་བྱ་བ་ནི། སྔར་བསྟན་པ་ལ་སོགས་པ་དེ་ནི་རྙེད་པ་ཆུང་ངུ་ལ་ཡང་བྱའི། རྙེད་པ་ཆེན་པོ་འབའ་ཞིག་ལ་བྱ་བར་མ་ཟད་དོ། །རྙེད་པའི་བྱ་བ་དེར་ཞུགས་ནས་སོང་བ་ཉིད་ཡིན་ཡང་མི་དབང་བ་མ་ཡིན་
ནོ་ཞེས་བྱ་བ་ནི། དབྱར་གནས་པ་ལ་སོགས་པའི་རྒྱུ་གང་གིས་རྙེད་པ་འབྲིམ་པར་བྱེད་པའི་བྱ་བ་དེར་གལ་ཏེ་དགེ་སློང་དེ་ཞུགས་པར་གྱུར་ན་གནས་སྐབས་དེ་དང་བྱ་བ་དེ་བྱས་པ་ཡིན་པས། གཙུག་ལག་ཁང་གི་མཚམས་ལས་འདས་ཏེ་སོང་ཡང་རྙེད་པ་དེ་དབང་བ་ཡིན་ནོ། །དེའི་ཕྱིར་འགྲོ་བས་
མནོད་པ་བཅོལ་བར་བྱ་བའོ་ཞེས་བྱ་བ་མི་གང་གི་ཕྱིར་རྙེད་པ་དེ་དབང་བ་དེའི་ཕྱིར་དགེ་སློང་འགྲོ་བས་རང་གི་སྐལ་བ་ནོད་པ་གཞན་ལ་བཅོལ་བར་བྱ་བའོ། །ཁས་བླངས་པ་དང་ལྡན་པར་མ་མནོས་ན་བསབ་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མནོད་དོ་ཞེས་ཁས་བླངས་པ་དང་ལྡན་པས་གལ་ཏེ་
རྙེད་པ་མ་མནོས་ན་དེའི་ཚེ་སྒོ་ནས་བསབ་པར་བྱ་བ་ཉིད་ཡིན་པའོ། །རྙེད་པ་ཆུང་ངུ་ལ་པ་ན་ལྔ་ལ་སོགས་པའོ་ཞེས་བྱ་བ་ནི། རྙེད་པ་ཆུང་ངུ་ལ་ཡང་གལ་ཏེ་མནོད་པར་ཁས་བླངས་པ་དང་ལྡན་པས་མ་མནོས་ན། བགོ་སྐལ་མ་ཥ་ཀ་ལྔ་འམ་དེ་བས་ལྷག་པ་ཡིན་ན་དེ་ལ་བསབ་པར་བྱ་བ་ཉིད་ཡིན་
པའོ། །མ་བཅོལ་ན་མནོད་པར་མི་བྱའོ་ཞེས་བྱ་བ་ནི། བདག་པོས་མ་བཅོལ་ན་དེའི་སྐལ་བ་མནོད་པར་མི་བྱའོ། །སློབ་དཔོན་ནམ་མཁན་པོའི་ནི་མནོད་པར་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱི་ན་མ་བཅོལ་ན་ཡང་ངོ་། །ཡིད་གཅུགས་པའི་གནས་ཀྱི་དོན་དུ་ཡང་ངོ་ཞེས་བྱ་བ་ནི། གང་ཟག་གང་ཡིད་

གཅུགས་པའི་གནས་སུ་གྱུར་པ་ཡིན་ན་དེའི་དོན་དུ་ཡང་མ་བཅོལ་ཀྱང་མནོད་པར་བྱའོ། །རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་དོན་དུ་མི་བྱའོ་ཞེས་བྱ་བ་ནི། བྱེ་བའི་ཕྱོགས་སུ་སོང་བའི་དོན་དུ་ཡང་མནོད་པར་མི་བྱ་བའོ། །དེ་ནི་གནས་མལ་ལ་ཡང་ངོ་ཞེས་བྱ་བ་ནི། མ་བཅོལ་
ན་མནོད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དེ་ནི་གནས་མལ་ལ་ཡང་རིག་པར་བྱ་བ་སྟེ། གང་གིས་བཅོལ་ཏམ་གང་ལ་ཡིད་གཅུགས་པ་ཡོད་པ་ནི་མངོན་སུམ་དུ་མ་གྱུར་ཀྱང་དེའི་དོན་དུ་མནོད་པར་བྱའོ། །ཟས་ལ་ཡང་ངོ་ཞེས་བྱ་བ་ནི། མ་བཅོལ་ན་མནོད་པར་མི་བྱ་བའོ་ཞེས་བྱ་བ་ལ་སོགས་པ་རིག་
པར་བྱ་བ་སྟེ། དེ་དག་ནི་གཞན་གྱི་ཚིག་གི་སྐབས་མེད་པར་བྱ་བའི་ཕྱིར་རོ། །གཞན་གྱི་དོན་དུ་མནོད་པ་ཕ་རོལ་ལ་གོ་བར་བྱའོ་ཞེས་བྱ་བ་ནི། གཞན་གྱི་དོན་དུ་རྙེད་པ་དང་གནས་མལ་ལ་སོགས་པ་མནོད་པ་གང་ཟག་ཕ་རོལ་པོ་གཞན་དག་ལ་གོ་བར་བྱ་བ་སྟེ། འདི་ཡང་གཞན་གྱི་ཚིག་གི་སྐབས་མེད་
པར་བྱ་བའི་ཕྱིར་རོ། །འདིར་གཞུང་ནི་ནོད་པར་བྱེད་པར་ཕ་རོལ་ལ་གོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མི་དབང་བས་ནང་དུ་ཞུགས་ཏེ་མི་བྱའོ་ཞེས་བྱ་བ་ནི། རྙེད་པ་མི་དབང་བས་གང་དག་དབང་བ་དེ་དག་གི་ནང་དུ་ཞུགས་ཏེ་སྐལ་བ་མནོད་པར་མི་བྱའོ། །འདིར་གཞུང་ནི། དེ་ལྟ་བས་ན་
དགེ་སློང་གིས་གཞན་གྱི་རྙེད་པར་འཇུག་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་དཔེ་གཞན་ཡང་ཚེ་དང་ལྡན་པ་ཉེ་དགའ་མགྲོན་དུ་མ་བོས་པས་ཟན་ཟོས་ནས་དེ་ནས་ཡོན་རས་ཡུག་ཆེན་མནོས་པ་ཡིན་ནོ། །དབང་བ་གཅིག་ཉིད་ཀྱིས་ཤིན་ཏུ་མང་པོ་ཐོབ་པ་ལ་མི་དབང་བའི་རྒྱུར་འགྱུར་བ་མེད་དོ་
ཞེས་བྱ་བ་ནི། གང་ཟག་དབང་བ་གཅིག་ཉིད་ཀྱིས་རྙེད་པ་ཤིན་ཏུ་མང་པོ་ཐོབ་པ་ལ་མི་དབང་བའི་རྒྱུར་འགྱུར་བ་མེད་པའོ། །འདི་སྐད་བསྟན་ཏེ། གལ་ཏེ་གཙུག་ལག་ཁང་ན་དགེ་སློང་གཅིག་པུ་འདུག་པར་གྱུར་ལ། དེར་རྙེད་པ་ཤིན་ཏུ་མང་པོ་གྲུབ་པར་གྱུར་ཀྱང་། དབང་བ་ཉུང་བ་མི་དབང་བའི་
རྒྱུར་མི་འགྱུར་ཏེ། རྙེད་པ་དེ་དེ་ཉིད་ཀྱི་ཡིན་པར་རིག་པར་བྱའོ། །འདིར་ཁུངས་ནི་རྒན་ཞུགས་དེ་གཉིས་འདི་སྙམ་དུ་བདག་ཅག་གཉིས་ལ་རས་ཡུག་ཆེན་བརྒྱ་ཇི་ལྟར་འབྱུང་བར་འགྱུར་ཏེ། གཞན་ནས་འཇུག་ཏུ་གཞུག་པར་བྱའོ་སྙམ་དུ་སེམས་སོ་ཞེས་གསུངས་པ་དང་། དེད་དཔོན་གྱིས་དགེ་

འདུན་གྱི་ཕྱིར་གཙུག་ལག་ཁང་དུ་རྙེད་པ་མང་པོ་བསྐུར་བ་ན། གཙུག་ལག་ཁང་དེ་ན་དགེ་སློང་གཅིག་པུ་ཞིག་གནས་པ་དེ་འགྱོད་པས་མི་ལེན་པ་ནས། བཅོམ་ལྡན་འདས་ཀྱིས་དེ་ནི་དེ་ན་གང་གནས་པ་དེའི་ཡིན་ནོ་ཞེས་རྗེས་སུ་གནང་བའི་བར་དུ་གསུངས་པ་ཡིན་ནོ། །བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་
དང་མཐུན་པ་དག་ཏུ་སོང་བ་དགེ་འདུན་གྱི་རྙེད་པ་མི་དབང་ངོ་ཞེས་བྱ་བ་ནི། དགེ་འདུན་བྱེ་བ་ན་གང་ཟག་གང་ཆོས་ཀྱི་ཕྱོགས་དང་མཐུན་པ་སྤངས་ཏེ་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་གང་ཡིན་པ་དེ་དགེ་འདུན་གྱི་རྙེད་པ་མི་དབང་པའོ། །དེའི་དུས་ཀྱི་རྙེད་པ་ལ་ནི་ཆེས་རིང་དུ་
གནས་ན་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དབྱར་གནས་པ་ལ་སོགས་པའི་དུས་དེར་འབྱུང་བའི་རྙེད་པ་ནི་དེའི་དུས་ཀྱི་རྙེད་པ་ཞེས་བྱ་སྟེ། དེ་ལ་ནི་གང་ཟག་དུས་ཆེས་ཡུན་རིང་དུ་དབྱར་གྱི་ནང་ན་གནས་གནས་ན། དུས་དེ་བས་ཐུང་བ་ཞིག་གནས་པར་མ་གྱུར་དུ་ཟིན་ཀྱང་དེ་རྙེད་པ་དེ་ལ་
གནས་པ་ཉིད་ཡིན་པས་རྙེད་པ་དེའི་སྐལ་བ་དབང་བའོ། །འདི་སྐད་བསྟན་ཏེ། གང་དུས་ཆེས་ཡུན་རིང་དུ་འདུག་འདུག་ནས་གནས་གཞན་དུ་སོང་བ་དེ་ནི་དེའི་དུས་ཀྱི་རྙེད་པ་དབང་བ་ཉིད་ཡིན་ཏེ། དེ་ནི་སོང་བའི་དབང་དུ་བྱས་ཏེ་གསུངས་པ་ཡིན་ནོ། །བབས་པ་དང་ཤི་བར་གྱུར་པ་གཉིས་ཀྱིས་
ཀྱང་ངོ་ཞེས་བྱ་བ་ནི། འདི་གཉིས་ཀྱང་ཆེས་རིང་དུ་གནས་གནས་པ་ཡིན་ན་དེས་དུས་ཀྱི་རྙེད་པ་དབང་བ་ཉིད་ཡིན་ནོ། །འདི་ལྟར་འདི་གཉིས་ལ་ཡང་རྙེད་པ་དགོས་པ་ཡོད་དེ་འགའ་ཞིག་ལ་དབུལ་ལམ། བུ་ལོན་པ་ཡོད་དམ། ནད་གཡོག་ལ་ཡོ་བྱད་དྲུག་མ་འབྱོར་ན་དེ་སྦྱིན་པར་བྱ་བ་ཉིད་དང་།
དགེ་སློང་རྣམས་ཀྱིས་ཤི་བའི་ཡོ་བྱད་དུ་བྱིན་གྱི་བརླབས་པ་ལ་སོགས་པར་ཤི་བའི་རྙེད་པའི་སྐལ་བ་དང་སྤྱད་པའི་སྒོ་དེ་ལྟ་བུ་དག་ཡོད་ལ། བབས་པ་ལ་ནི་དངོས་སུ་དགོས་པ་ཉིད་ཡོད་པའི་ཕྱིར་རོ། །རྙེད་པ་ནི་ཇི་ལྟར་རྣམ་པར་ངེས་པར་བྱེད་པ་ལྟར་རྣམ་པར་གཞག་གོ་ཞེས་བྱ་བ་ནི། རྙེད་པ་ནི་
བདག་པོ་དག་གིས་རྙེད་པ་འདི་ནི་འདི་ལྟར་རྣམ་པར་ངེས་པར་བྱའོ་ཞེས་བསྔོས་ཤིང་ཇི་ལྟར་རྣམ་པ་ངེས་པར་བྱས་པ་དེའི་རྗེས་སུ་འབྲང་བས་རྣམ་པར་གཞག་པར་བྱ་བ་སྟེ། གཙུག་ལག་ཁང་འདི་ན་གནས་པའི་དགེ་སློང་རྣམས་ཀྱིས་གནས་མལ་དང་བསོད་སྙོམས་ལ་སོགས་པ་ལོངས་སྤྱད་པར་

བྱའོ་ཞེའམ། དགུན་ནམ་དགུན་སྨད་དམ་དཔྱིད་དམ་སོས་ཀའམ། དབྱར་རམ་སྟོན་གནས་པའི་དགེ་འདུན་རྣམས་ལ་རྙེད་པ་འདི་འབུལ་གྱི་འདི་ན་གནས་པའི་དུས་ཚིགས་འདིའི་ཁོངས་སུ་གཏོགས་པས་སྤྱད་པར་བྱའོ་ཞེའམ། གང་ལ་ལ་གནས་ཁང་འདིའམ་ཁང་ཁྱིམ་
འདི་ན་གནས་པ་དེ་ལ་རྙེད་པ་འདི་ཁུད་པར་འབུལ་གྱི་དེས་འདི་སྤྱད་པར་བྱའོ་ཞེས་དེ་ལྟར་ཡོན་བདག་གིས་གཙུག་ལག་ཁང་ངམ། དུས་ཚིགས་སམ། གནས་ཁང་དག་གི་དབང་དུ་བྱས་ཏེ་དགེ་འདུན་ནམ་གང་ཟག་གང་ལ་རྙེད་པ་བསྔོས་ཤིང་རྣམ་པར་ངེས་པར་བྱས་པ་དེ་ནི་དེ་ཁོ་ན་བཞིན་དུ་
གཙུག་ལག་ཁང་དང་། དུས་ཚིགས་དང་། གནས་ཁང་དེ་ན་དགེ་འདུན་ནམ་གང་ཟག་སུ་གནས་པ་དག་གིས་འཁྲུལ་པ་མེད་པར་སྤྱད་པར་བྱ་བ་ཡིན་ཏེ། དེ་ནི་ཡོན་བདག་གིས་རྣམ་པར་ངེས་པར་བྱས་པའི་དབང་དུ་བྱས་པ་ཡིན་ནོ། །འཐོབ་པ་རྣམས་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི། རྙེད་པ་ནི་ཇི་ལྟར་རྣམ་
པར་ངེས་པར་བྱེད་པ་ལྟར་རྣམ་པར་གཞག་གོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར། ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདི་ནི་གང་གི་ཚེ་ཡོན་བདག་གིས་རྣམ་པར་ངེས་པར་མ་བྱས་པ་དེའི་ཚེ་རྙེད་པ་ཐོབ་པའི་གང་ཟག་རྣམས་ཀྱིས་རྣམ་པར་ངེས་པར་བྱས་པའི་དབང་དུ་བྱས་པ་ཡིན་ཏེ། ཁས་བླངས་
པ་དང་ཁས་མ་བླངས་པའི་ཕྱོགས་གཉིས་ཀྱིས་ཁྱིམ་ཆེ་གེ་མོ་ནི་ཁྱེད་ཀྱིའོ། །ཁྱིམ་ཆེ་གེ་མོ་ནི་ངེད་ཀྱིའོ། །ལམ་པོ་ཆེ་འདི་ནི་ཁྱེད་ཀྱིའོ། །ལམ་པོ་ཆེ་འདི་ནི་ངེད་ཀྱིའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་ཁྲིམས་སུ་བྱ་བ་བཅས་ན། གལ་ཏེ་ཕྱོགས་ཅིག་ཤོས་ཀྱི་རྣམ་པར་ངེས་པར་བྱས་པའི་ཁྱིམ་ལ་སོགས་
པ་གང་ཡིན་པ་དེ་ནས་ཕྱོགས་ཅིག་ཤོས་ཀྱི་རྙེད་པ་གང་ཐོབ་པ་དེ་ནི་ཕྱོགས་དེ་མི་དབང་སྟེ། ཁྱིམ་ལ་སོགས་པ་དེ་ཕྱོགས་གང་གིར་རྣམ་པར་ངེས་པར་བྱས་པའི་ཕྱོགས་དེ་དབང་བར་རིག་པར་བྱའོ། །གལ་ཏེ་གཅིག་གི་ཕྱོགས་སུ་བྱས་པའི་ཁྱིམ་དུ་ཕྱོགས་གཉི་ག་དུས་གཅིག་ཏུ་ཚོགས་ཏེ། རྙེད་པ་
མཉམ་དུ་གྲུབ་པར་གྱུར་ན་ཡང་རྙེད་པ་དེ་དག་ཁྱིམ་དེ་ཕྱོགས་གང་གི་རྣམ་པར་ངེས་པར་བྱས་པའི་ཕྱོགས་དེ་ཉི་ཚེ་དབང་གི །ཕྱོགས་ཅིག་ཤོས་མི་དབང་སྟེ། ཕྱོགས་དེས་ཐོབ་ཏུ་ཟིན་ཀྱང་ཕྱོགས་ཅིག་ཤོས་ལ་དབུལ་བར་བྱ་དགོས་སོ། །ཇི་སྟེ་དབང་བའི་ཕྱོགས་དེས་བྱིན་ན་ནི་མི་དབང་བའི་ཕྱོགས་ཀྱིས་

ཀྱང་ཅི་བདེར་ལོངས་སྤྱད་དུ་རུང་ངོ་། །ལ་ལ་འདི་སྙམ་དུ་དོགས་ཏེ། ཁྱིམ་དེར་ཕྱོགས་གཉི་གས་རྙེད་པ་གྲུབ་པ་ན་ཕྱོགས་ཅིག་ཤོས་ཀྱིས་ཀྱང་རྙེད་པ་གྲུབ་པ་ཡིན་ན་དེའི་སྐལ་བ་ཅིག་ཤོས་ལ་དབུལ་ཅི་དགོས་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཐམས་ཅད་ཀྱིས་ཕུལ་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། སྦྱིན་
བདག་ཐམས་ཅད་ཀྱིས་གང་གི་ཚེ་རྙེད་པ་འབུལ་བར་བྱེད་དུ་ཟིན་ཀྱང་དེའི་ཚེ་འཐོབ་པ་རྣམས་ཀྱིས་རྣམ་པར་གཞག་པ་བྱས་པ་དེའི་རྗེས་སུ་འབྲང་བས་རྙེད་པ་རྣམ་པར་གཞག་པར་རིག་པར་བྱའོ། །འོ་ན་འདི་སྐད་ཅེས་གང་གི་ཚེ་དགེ་འདུན་གྱི་དབྱེ་བ་དེའི་ཚེ་དགེ་སློང་དག་གིས་ཁྱིམ་ཆེ་གེ་མོ་ནི་ཁྱེད་ཀྱིའོ། །ཁྱིམ་
ཆེ་གེ་མོ་ནི་ངེད་ཀྱིའོ་ཞེས་དེ་དང་དེ་ལྟར་ཁྲིམས་སུ་བྱ་བ་བཅས་ནས་དབྱར་གནས་པར་ཁས་ལེན་པར་བྱེད་དོ་ཞེས་གསུངས་པས། འདིར་དབྱར་གྱི་དུས་སུ་བྱེ་བ་དག་གི་ཕྱོགས་གཉིས་ཀྱི་དབང་དུ་མཛད་དེ་གསུངས་པ་མ་ཡིན་ནམ་ཞེ་ན། འདིར་དབྱར་གྱི་དུས་སུ་བྱེ་བ་དག་གི་ཕྱོགས་གཉིས་ནི་དཔེ་ཙམ་དུ་
ཟད་དེ། དགུན་ལ་སོགས་པ་དག་གི་དུས་ཚིགས་གཞན་དང་སྡེ་ཚན་གཞན་དག་ལ་ཡང་འདི་རུང་བས་དེའི་ཕྱིར། འདིར་སྤྱིར་མདོར་བསྡུས་སོ། །གལ་ཏེ་ཟས་ལ་ཡང་དེ་ལྟར་རྣམ་པར་ངེས་པར་བྱས་པར་གྱུར་ན་དེའི་ཚེ་ཕྱོགས་ཅིག་ཤོས་ཀྱིས་རྗེས་སུ་མ་གནང་ན། ཕྱོགས་གཞན་གྱིས་བཟའ་བར་མི་བྱ་
སྟེ། དེ་ལྟ་བས་ན་རྙེད་པ་ཐམས་ཅད་ལ་ཡང་རྗེས་སུ་གནང་བ་ཉིད་ཡིན་ན་ནི་ཉེས་པ་མེད་པར་རིག་པར་བྱའོ། །དགེ་འདུན་ཡོངས་སུ་མ་བཅད་ན་ལས་ཀྱི་མཚམས་ཀྱིས་ཡོངས་སུ་བཅད་དོ་ཞེས་བྱ་བ་ནི། སྦྱིན་བདག་གིས་འདི་སྐད་ཅེས་བདག་གིས་དགེ་འདུན་ལ་ཕུལ་ལོ་ཞེས་ཟེར་ཞིང་། དགེ་འདུན་
གང་དག་ལ་འབུལ་བ་ཡོངས་སུ་མ་བཅད་པར་རྙེད་པ་རྣམ་པར་ངེས་པར་མ་བྱས་ན། དེའི་ཚེ་ལས་ཀྱི་མཚམས་ཀྱིས་དགེ་འདུན་ཡོངས་སུ་གཅད་པར་བྱ་སྟེ། ལས་ཀྱི་མཚམས་ཞེས་བྱ་བ་ནི། ལས་བྱར་རུང་བའི་མཚམས་ཏེ། མཚམས་ཆེན་པོ་བཅད་པའི་གནས་ན་ནི་དཔག་ཚད་ཕྱེད་དང་གསུམ་གྱི་
མཐའ་ཚུན་ཆད་དོ། །མཚམས་མ་བཅད་པའི་གནས་རྩིག་པས་བསྐོར་བ་ན་ནི་ཕྱིར་འི་རྩིག་པའི་མཐའ་ཚུན་ཆད་དོ། །མཚམས་མ་བཅད་པའི་རྩིག་པས་མ་བསྐོར་བའི་གནས་ན་ནི་ཝ་ཁ་ནས་ཆུ་འཛག་པའི་སྣས་གར་སླེབ་པའི་མཐའ་ཚུན་ཆད་དོ། །དཀྱིལ་འཁོར་བའི་མཚམས་གཅད་པའི་གནས་

ན་ནི་དེ་ཉིད་ཀྱི་མཐའ་ཚུན་ཆད་དོ། །གྲོང་གི་གནས་ན་ནི་གྲོང་གི་ཉེ་འཁོར་གྱི་མཐའ་ཚུན་ཆད་དོ། །མཚམས་དེ་དག་གི་ཁོངས་སུ་གཏོགས་པའི་དགེ་སློང་རྣམས་ཀྱིས་རྙེད་པ་དེ་དབང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་གཅིག་ལ་སོགས་པ་དེ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། དགེ་འདུན་གྱི་
ཕྱིར་ཕུལ་བའི་རྙེད་པ་འདི་ལ་གང་ཟག་གཅིག་ལ་སོགས་པའི་དགེ་འདུན་དུ་མ་ལངས་པ་མཚམས་གཅིག་གི་ནང་དུ་གཏོགས་པ་རྣམས་ནི་དགེ་འདུན་ཉིད་དང་འདྲ་སྟེ། དེ་དག་རྙེད་པ་དེ་དབང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་དགེ་སློང་སྐྱེས་པའམ་བུད་མེད་འགའ་ཞིག་ལ་བརྟེན་ནས་དབྱར་གནས་
པར་ཁས་ལེན་ཅིང་གནས་དེ་ན་བུད་མེད་ལ་སོགས་པས་དགེ་འདུན་གྱི་ཕྱིར་རྙེད་པ་འབུལ་བར་བྱེད་ན་མཚམས་དེའི་ནང་དུ་གཏོགས་པ་རྣམས་ཀྱི་རྙེད་པ་དེ། གལ་ཏེ་བདག་གིས་འདི་ཉིད་ཀྱི་དགེ་འདུན་ལ་ཕུལ་ལོ་ཞེས་ཟེར་ལ། གལ་ཏེ་དེ་ན་གང་ཟག་གཞན་མེད་ན་ནི་རྙེད་པ་དེ་མཚམས་ཀྱིས་བསྟབས་པ་
ཡིན་ནོ། །གལ་ཏེ་འདི་ཁྱོད་ཁོ་ན་ལ་ཕུལ་ལོ་ཞེས་ཟེར་ན་ནི་རྙེད་པ་དེ་རྟེན་གྱིས་བསྟབས་པ་ཡིན་ཏེ། རྟེན་གྱི་དབང་གིས་གྲུབ་ཅེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་རྙེད་པ་ནི་དེ་སྨྲ་བ་རྣམས་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཆོས་ལ་ཕུལ་བའི་རྙེད་པ་ན་ཆོས་སྨྲ་བ་རྣམས་དབང་བ་ཉིད་ཡིན་པའོ། །འདུལ་བ་བྱེ་བྲག་
ཏུ་བཤད་པ་དག་ལས་མྱ་ངན་ལས་འདས་པ་ལ་ཕུལ་བ་ནི་མཆོད་རྟེན་གྱི་དང་འདྲ་བར་གཞག་གོ་ཞེས་གསུངས་པས། དེའི་ཕྱིར་འདི་ནི་བཤད་པ་ལ་སོགས་པའི་ཆོས་ཀྱི་རྙེད་པ་ཡིན་པར་རིག་པར་བྱའི། མྱ་ངན་ལས་འདས་པའི་ཆོས་ཀྱི་རྙེད་པ་ནི་མ་ཡིན་ནོ། །གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་
འཛིན་པ་ནི་འདིར་དེ་ཉིད་ཀྱི་མཐའ་ཡིན་ནོ་ཞེས་བྱ་བ་ལ། གཙུག་ལག་ཅེས་བྱ་བ་ནི། དྲང་སྲོང་གིས་གསུངས་པ་སྟེ། དེའི་ཚིགས་སུ་བཅད་པ་གཅིག་འཛིན་པ་ནི་ཆོས་ཀྱི་རྙེད་པ་དབང་བ་འདི་ལ་ཆོས་སྨྲ་བ་དེ་ཉིད་ཀྱི་ཕྱིར་མཐའ་ཡིན་ནོ། །མདོ་འདི་ནི་རྩོད་པའི་གཞིའི་གཞུང་ལས་བྱུང་ངོ་། །མཚན་
མི་མཐུན་པའི་ཤི་བའི་ཡོ་བྱད་ལ་ཅིག་ཤོས་ཡོད་ན་མི་དབང་བ་ཉིད་དོ་ཞེས་བྱ་བ་ལ། མཚན་མ་མཐུན་པ་ཞེས་བྱ་བ་ནི་དགེ་སློང་དང་དགེ་ཚུལ་གྱི་རྒྱུད་དུ་གཏོགས་པའི་ཤི་བའི་ཡོ་བྱད་དེ་ལ་ནི། དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་དག་མི་དབང་ངོ་། །དེ་བཞིན་དུ་དགེ་སློང་མ་དང་དགེ་སློབ་མ་དང་

དགེ་ཚུལ་མའི་རྒྱུད་དུ་གཏོགས་པའི་ཤི་བའི་ཡོ་བྱད་དེ་ལ་ཡང་དགེ་སློང་དང་དགེ་ཚུལ་དག་མི་དབང་བ་ཉིད་ཡིན་ནོ། །ཅི་ཐམས་ཅད་དུ་ཡང་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཅིག་ཤོས་ཡོད་ན་ཞེས་བྱ་བ་སྨྲས་ཏེ། ཅིག་ཤོས་ཞེས་བྱ་བ་མཚན་མཐུན་པ་ཡོད་ན་མཚན་མི་མཐུན་པ་མི་དབང་ངོ་། །འདི་སྐད་བསྟན་ཏེ།
གང་ན་མཚན་མཐུན་པ་ཡོད་པ་དེ་ན་མཚན་མི་མཐུན་པ་མི་དབང་ངོ་། །གང་ན་མཚན་མཐུན་པ་མེད་པ་དེ་ན་ནི་མཚན་མི་མཐུན་པ་ཡང་དབང་ངོ་། །མདོ་འདི་ནི་གླེང་གཞིའི་གཞུང་ལས་འབྱུང་ངོ་། །གནས་ནས་ཕྱུང་བའི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། གནས་ནས་ཕྱུང་བའི་རྒྱུད་དུ་གཏོགས་པའི་ཤི་བའི་
ཡོ་བྱད་ལ་ཡང་གནས་ནས་མ་ཕྱུང་བ་ཅིག་ཤོས་ཡོད་ན་གནས་ནས་ཕྱུང་བ་མི་དབང་ལ། གནས་ནས་མ་ཕྱུང་བ་མེད་ན་ནི་གནས་ནས་ཕྱུང་བ་དབང་ངོ་། །མེད་ན་ཡང་ངོ་ཞེས་བྱ་བ་ནི། མ་སྤངས་པའི་རྒྱུད་དུ་གཏོགས་པའི་ཤི་བའི་ཡོ་བྱད་ལ་ནི་མ་སྤངས་པ་ཅིག་ཤོས་མེད་ན་ཡང་སྤངས་པ་མི་དབང་
བའོ། །ཅི་དུས་ཐམས་ཅད་དུའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་རྒྱུ་ལས་སེམས་མ་ལོག་ནའོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་མ་མཐོང་བ་ལ་སོགས་པའི་རྒྱུ་གང་གིས་དེ་གནས་ནས་དབྱུང་བའི་ལས་བྱས་པའི་རྒྱུ་དེ་ལས་སེམས་མ་ལོག་ཅིང་བཟློག་པར་མ་བྱས་པ་དེ་གནས་ནས་མ་ཕྱུང་བའི་རྒྱུད་དུ་
གཏོགས་པའི་ཤི་བའི་ཡོ་བྱད་ལ་གནས་ནས་མ་ཕྱུང་བ་ཅིག་ཤོས་མེད་ན་ཡང་མི་དབང་གི །རྒྱུ་ལས་སེམས་ལོག་ན་ནི་དབང་ངོ་། །འདིར་གཞུང་ནི་གང་དབང་ལགས། དེ་དག་ལས་གང་གིས་དང་པོར་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་བར་བྱེད་པའོ་ཞེས་གསུངས་པ་ཡིན་ནོ། །དེའི་དེ་མནོད་པར་བྱ་བ་
ཉིད་ལ་དེ་ནི་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། སྤངས་པ་དེའི་ཤི་བའི་ཡོ་བྱད་དེ་མནོད་པར་བྱ་བ་ཉིད་ལས། སྤངས་པ་དེ་ནི་མ་སྤངས་པ་དང་ཐ་དད་པ་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ། སྤངས་པ་དེ་དག་གི་ཤི་བའི་ཡོ་བྱད་དེ་དག་མནོད་པར་བྱ་བ་ཉིད་ལ་སྤངས་པ་དེ་དག་ནི་མ་སྤངས་པ་དག་དང་ཐ་དད་པ་
ཉིད་མ་ཡིན་པའི་ཕྱིར། སྤངས་པའི་ཤི་བའི་ཡོ་བྱད་པ་ནི། སྤངས་པ་ཅིག་ཤོས་ཡོད་ཀྱང་མ་སྤངས་པ་ཡང་དབང་སྟེ། སྤངས་པ་ནི་དགེ་འདུན་ལས་ཐ་དད་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཐ་དད་པའི་ལ་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་འདི་ནི། ཁས་བླངས་པ་དང་ཁས་མ་བླངས་པའི་ཕྱོགས་ཐ་དད་པའི་ཤི་

བའི་ཡོ་བྱད་ལ་ནི་ཕྱོགས་དེ་གཉིས་ཐ་དད་པ་ཡིན་པས། ཕྱོགས་ཐ་དད་པའི་ཤི་བའི་ཡོ་བྱད་བླང་བར་བྱ་བ་ཉིད་ལ་ཐ་དད་པ་ཡིན་ཏེ། གཅིག་ལ་གཅིག་མི་དབང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གཞན་གྱི་ཕྱོགས་སུ་གཏོགས་པའི་ཤི་བའི་ཡོ་བྱད་ལ་གཞན་གྱི་ཕྱོགས་སུ་
གཏོགས་པའི་གང་ཟག་མི་དབང་བས་ཆོས་དང་མཐུན་པའི་ཕྱོགས་སུ་གཏོགས་པའི་ཤི་བའི་ཡོ་བྱད་ལ་ཡང་། ཆོས་མ་ཡིན་པ་དང་མཐུན་པའི་ཕྱོགས་སུ་གཏོགས་པ་མི་དབང་ལ། ཆོས་མ་ཡིན་པ་དང་མཐུན་པའི་ཕྱོགས་སུ་གཏོགས་པའི་ཤི་བའི་ཡོ་བྱད་ལ་ཡང་ཆོས་དང་མཐུན་པའི་ཕྱོགས་སུ་གཏོགས་
པ་མི་དབང་ངོ་། །འདིར་གཞུང་ནི་ཁས་བླངས་པ་རྣམས་ཀྱི་གནས་སུ་ཁས་མ་བླངས་པའི་དགེ་ཚུལ་འོངས་ཏེ་དུས་བྱས་པར་གྱུར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོས་དང་མཐུན་པའི་ཕྱོགས་ཁས་བླངས་པ་ནི་ཁས་བླངས་པ་ཡིན་ལ། ཆོས་མ་ཡིན་པ་དང་མཐུན་པའི་ཕྱོགས་ཁས་བླངས་པ་ནི་
ཁས་མ་བླངས་པ་ཡིན་པར་རིག་པར་བྱའོ། །རབ་ཏུ་བྱུང་བ་དང་ཚངས་པ་མཚུངས་པར་སྤྱོད་པ་ལས་གཞན་པ་དག་དེ་མི་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་དང་ཚངས་པ་མཚུངས་པར་སྤྱོད་པ་ལས་གཞན་པ་ཉེ་དུ་ལ་སོགས་པ་དང་རྒྱལ་པོ་ཡང་རབ་ཏུ་བྱུང་བའི་ཤི་བའི་ཡོ་བྱད་དེ་མི་དབང་
བ་ཉིད་ཡིན་ཏེ། དེ་ནི་རབ་ཏུ་བྱུང་བ་དང་ཚངས་པ་མཚུངས་པར་སྤྱོད་པ་དག་ཁོ་ན་དབང་བ་ཡིན་ནོ། །འདིར་རབ་ཏུ་བྱུང་བ་ཞེས་སྨོས་པ་ནི་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློབ་མ་ཡང་དབང་བ་ཉིད་དུ་བསྟན་པའི་ཕྱིར་རོ། །ཚངས་པ་མཚུངས་པར་སྤྱོད་པ་ཞེས་སྨོས་པ་ནི། གཞན་མུ་སྟེགས་ཅན་
བསལ་བའི་ཕྱིར་རོ། །གསོལ་བ་འམ་དང་པོ་དང་ཐ་མས་བྱིན་གྱིས་བརླབས་ཟིན་པ་ནི་འོངས་པ་ནི་མི་དབང་ངོ་ཞེས་བྱ་བ་ནི། ཤི་བའི་ཡོ་བྱད་ལ་དགེ་འདུན་གྱིས་གསོལ་བས་བྱིན་གྱིས་བརླབས་སུ་ཟིན་ཀྱང་རུང་། དང་པོ་དང་ཐ་མས་བྱིན་གྱིས་བརླབས་ཟིན་ཀྱང་རུང་སྟེ། དེའི་འོག་ཏུ་རབ་ཏུ་
བྱུང་བ་ཚངས་པ་མཚུངས་པར་སྤྱོད་པ་འོངས་པ་དག་ནི་མི་དབང་བ་ཉིད་ཡིན་ནོ། །བྱིན་གྱིས་བརླབས་པ་དེ་གཉིས་མ་ཟིན་པའི་སྐབས་སུ་འོངས་པ་ནི་དབང་ངོ་། །དང་པོར་ཤི་བའི་བསོད་ནམས་སུ་ཡོན་བཤད་པ་བྱས་ནས་ཕྱིས་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་ཡོན་བཤད་པ་མ་བྱས་པར་བྱིན་གྱིས་

བརླབས་པ་དེ་གཉིས་བྱེད་ན་ནི། བྱིན་གྱིས་བརླབས་པ་དེས་ཕྱིས་འོངས་པ་དག་སྐལ་བ་མི་དབང་བ་ཉིད་དུ་ཡང་མི་འགྱུར་ལ་བྱིན་གྱིས་བརླབས་པ་དེ་ཡང་མི་འཆགས་སོ། །ཡོན་བཤད་པའི་འོག་ཏུ་བྱིན་གྱིས་རློབ་ན་ནི་བྱིན་གྱིས་བརླབས་པ་དེ་ཡང་འཆགས་ལ་ཕྱིས་འོངས་པ་དག་ཀྱང་སྐལ་བ་མི་དབང་བ་
ཉིད་དུ་འགྱུར་རོ། །གསོལ་བས་བྱིན་གྱིས་བརླབ་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་ཉེ་དགའ་གུམ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ཉེ་
དགའ་གུམ་པའི་རྫས་བགོ་བར་བགྱི་བ་གུམ་པའི་ཡོ་བྱད་ཆོས་གོས་དང་ཆོས་གོས་མ་ལགས་པ་གདའ་བ་དང་མི་གདའ་བ་བྱིན་གྱིས་བརླབ་པོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ཏེ། འདིར་ཉེ་དགའ་ཞེས་སྨོས་པ་ནི། གླེང་གཞིའི་དབང་གིས་གསུངས་པར་ཟད་དེ། ལས་བྱ་བའི་སྐབས་སུ་ནི་གང་ཟག་
གང་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པར་བྱ་བ་དེ་ཉིད་ཀྱི་མིང་ནས་བརྗོད་པར་བྱའོ། །དང་པོ་དང་ཐ་མས་བྱིན་གྱིས་བརླབ་པ་བསྟན་པའི་ཕྱིར། དེ་ལས་འགའ་ཞིག་དགེ་འདུན་གྱི་རྒན་པ་དང་གསར་བུ་གཉིས་ལ་བྱིན་པ་ནི་དེ་ཞེས་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ལས་ཞེས་བྱ་བ་ནི། ཤི་བའི་ཡོ་བྱད་དེ་ལས་སོ། །འགའ་
ཞིག་ཅེས་བྱ་བ་ནི་དངོས་པོ་འགའ་ཞིག་གོ། །རྒན་པ་ཞེས་བྱ་བ་ནི་གྲལ་གཙོའོ། །གསར་བུ་ཞེས་བྱ་བ་ནི་གྲལ་ཐ་མ་ན་འདུག་པ་སྟེ། དེ་གཉིས་ལ་ཤི་བའི་ཡོ་བྱད་དེ་ལས་དངོས་པོ་སྣ་རེ་ཞིག་སྦྱིན་པ་ནི་དང་པོ་དང་ཐ་མས་བྱིན་གྱིས་བརླབ་པ་དེ་ཞེས་བྱའོ། །འདིར་གཞུང་ནི་ཡོ་བྱད་ཅིག་བཙོངས་ཏེ་ཅུང་ཞིག་དགེ་
འདུན་གྱི་རྒན་པ་དང་དགེ་འདུན་གྱི་གསར་བུ་ལ་བྱིན་ནས་ཞེས་གསུངས་པ་ཡིན་ནོ། །དེ་ལ་དང་པོ་དང་ཐ་མ་ཞེས་བྱ་བ་ནི། དགེ་འདུན་གྱི་རྒན་པ་ནི་དང་པོ་ཡིན་ལ། དགེ་འདུན་གྱི་གསར་བུ་ནི་ཐ་མ་ཡིན་ཏེ། ཤི་བའི་ཡོ་བྱད་ཀྱི་གནས་དེར་ཚོགས་པའི་དགེ་འདུན་ཚུལ་བཞིན་དུ་དངར་བ་རྣམས་ལས་དང་པོ་དང་
ཐ་མ་དེ་གཉིས་ལ་ཤི་བའི་ཡོ་བྱད་དེ་ལས་དངོས་པོ་སྣ་རེ་ཕུལ་ན་ཆོ་ག་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །ཡང་རྣམ་པ་གཅིག་ཏུ་ན་དང་པོ་དང་ཐ་མ་ཞེས་བྱ་བ། ཕྱོགས་གཅིག་དང་ཚིག་གཅིག་གིས་ཀྱང་བསྟན་ཏེ། ཐ་མ་ཞེས་བྱ་བ་ནི། རྒན་རབས་ནས་རྗེས་སུ་མཐུན་པར་བགྲངས་ནས་གསར་བུ་ཐ་མ་

ཡིན་ལ། གཞོན་རབས་ནས་རྗེས་སུ་མི་མཐུན་པར་བགྲངས་ན་རྒན་པ་ཐ་མ་ཡིན་པས། དེ་ལྟར་ན་རྒན་པ་དང་གསར་བུ་གཉི་ག་ཐ་མ་ཞེས་བྱའོ། །དང་པོ་ཞེས་བྱ་བ་ནི་རྒན་རབས་ནས་རྗེས་སུ་མཐུན་པར་བགྲངས་ཏེ་གསར་བུ་ཐ་མར་བྱས་ན་དེ་ལ་ཤི་བའི་ཡོ་བྱད་སྣ་གཅིག་དང་པོར་སྦྱིན་དགོས་
པས་དེ་དང་པོ་ཡིན་ལ། གཞོན་རབས་ནས་རྗེས་སུ་མི་མཐུན་པས་བགྲངས་ཏེ། རྒན་པ་ཐ་མར་བྱས་ན་དེ་ལ་ཡང་ཤི་བའི་ཡོ་བྱད་སྣ་གཅིག་དང་པོར་སྦྱིན་དགོས་པས། དེ་ལྟར་ན་རྒན་པ་དང་གསར་བུ་གཉི་ག་དང་པོ་ཞེས་བྱ་སྟེ། དེ་ནི་དང་པོ་དང་ཐ་མས་བྱིན་གྱིས་བརླབ་པར་བྱ་བ་ཡིན་ནོ། །གང་ན་བྱིན་གྱིས་
བརླབ་པ་བྱ་བ་འདུག་པ་དེ་ནི་མཚམས་སུ་གཏོགས་པ་རྣམས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། གནས་གང་ན་བྱིན་གྱིས་བརླབ་པར་བྱ་བའི་དངོས་པོ་འདུག་པ་དེའི་མཚམས་སུ་གཏོགས་པའི་རབ་ཏུ་བྱུང་བ་རྣམས་ནི་དེ་བྱིན་གྱིས་རློབ་པར་བྱེད་པ་ཡིན་ཏེ། དེ་དག་གི་དངོས་པོ་དེ་བྱིན་གྱིས་བརླབ་པར་
བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་ཤི་བའི་གནས་ཉིད་ནི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི། ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པར་བྱ་བ་འདི་ལས། ཤི་བའི་གནས་ཉིད་ནི་རྒྱུ་མ་ཡིན་ཏེ། འདིར་ཤི་བ་དེའི་དབང་གིས་མཚམས་དེ་ན་གནས་པའི་དགེ་སློང་རྣམས་ཀྱིས་གནས་གཞན་ན་ཤི་བའི་ཡོ་བྱད་འདུག་པ་བྱིན་
གྱིས་བརླབ་ཏུ་མི་རུང་བ་ཉིད་ཡིན་ལ། གནས་གཞན་དུ་ཤི་བ་དེའི་ཡོ་བྱད་མཚམས་འདི་ན་འདུག་པ་ནི་མཚམས་འདི་ན་གནས་པའི་དགེ་སློང་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་རུང་བ་ཉིད་དོ། །མཚམས་ཀྱི་བར་ན་འདུག་པ་ལ་ལུས་སམ་གཞན་གྱིས་རེག་པས་ཇི་ཙམ་ནོན་པ་དེར་གཏོགས་པ་རྣམས་སོ་ཞེས་བྱ་བ་ལ།
མཚམས་ཀྱི་བར་ཞེས་བྱ་བ་ནི། མཚམས་གཞན་དང་གཞན་གྱི་བར་རོ། །དེ་དག་ན་བྱིན་གྱིས་བརླབ་པར་བྱ་བ་འདུག་པ་ནི་མཚམས་ཀྱི་བར་ན་འདུག་པའོ། །མཚམས་ཀྱི་བར་ན་འདུག་པའི་ཤི་བའི་ཡོ་བྱད་དེ་ལ་ཤི་བ་དེའི་ལུས་ཀྱིས་རེག་གམ་ཁྲི་དང་ཁྲིའུ་ལ་སོགས་པ་གཞན་གྱིས་རེག་པའི་ཤི་བའི་ཡོ་བྱད་
བྱིན་གྱིས་བརླབ་པར་བྱ་བ་དེས་མཚམས་ཇི་ཙམ་ནོན་ཅིང་ཁྱབ་པའི་མཚམས་དེར་གཏོགས་པའི་དགེ་སློང་རྣམས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ཏེ། མཚམས་དེ་ན་གནས་ཤིང་འཁོད་པ་དེ་དག་གིས་བྱིན་གྱིས་བརླབ་པར་བྱའི། མཚམས་གཞན་ན་གནས་པ་དག་གིས་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་ལ་ནི་

བྱིན་གྱིས་བརླབ་པར་བྱ་བའི་རྫས་ཀྱི་དབང་གིས་རྣམ་པར་གཞག་གི་ཤི་བའི་རོའི་དབང་གིས་མ་ཡིན་ནོ། །གང་ན་ནོར་དང་འདྲ་བ་དེ་འདུག་པ་དེའི་ཁོངས་སུ་ཡོ་བྱད་གཏོགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མཚམས་གང་ན་ནོར་དང་འདྲ་བ་དེ་འདུག་པའི་མཚམས་དེའི་ཁོངས་སུ་ཤི་བའི་ཡོ་བྱད་མཚམས་
གཞན་ན་འདུག་པ་ཡང་གཏོགས་པས། དེས་ན་མཚམས་གང་ན་ནོར་དང་འདྲ་བ་དེ་འདུག་པའི་མཚམས་དེའི་ཁོངས་སུ་གཏོགས་པའི་དགེ་འདུན་གྱིས་མཚམས་དེ་ཉིད་ཀྱི་ནང་དུ་ནོར་དང་འདྲ་བ་དེ་བྱིན་གྱིས་བརླབས་ན་ཤི་བའི་ཡོ་བྱད་མཚམས་གཞན་ན་འདུག་པའི་ཆོས་གོས་དང་ཆོས་གོས་མ་ཡིན་པ་སྣང་བ་
དང་མི་སྣང་བ་ཐམས་ཅད་བྱིན་གྱིས་བརླབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ནོར་དང་འདྲ་བར་ཞེས་བྱ་བ་ནི། ཁྱིམ་པའམ་རབ་ཏུ་བྱུང་བ་གང་གི་ལག་ཏུ་གཞག་ཤིང་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པར་བྱ་བ་གཞག་པའི་ཁྱིམ་པའམ་རབ་ཏུ་བྱུང་བ་དེ་ལ་བྱ་སྟེ། དེ་ནི་ནོར་དེའི་དངོས་པོ་དང་འདྲ་བའམ་
དེའི་གཟུགས་བརྙན་ནམ། དེའི་རིང་ལུགས་ལྟ་བུ་ཡིན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། འདི་ལྟར་གནས་གཞན་ན་ནོར་དང་འདྲ་བའི་གང་ཟག་དེ་འདུག་ན། དེས་གཞན་ཤི་བའི་ནོར་བྱིན་གྱིས་བརླབ་པར་བྱ་བ་དག་གནས་གཞན་དུ་བཞག་ཏུ་ཟིན་ཀྱང་ནོར་དང་འདྲ་བའི་གང་ཟག་དེ་འདུག་པའི་གནས་དེ་
ཉིད་ན་བྱིན་གྱིས་བརླབ་པར་བྱ་བའི་ནོར་དེ་ཡང་འདུག་པ་ཉིད་དང་འདྲ་བར་བསྟན་པར་བྱ་སྟེ། དེས་ན་གནས་གང་ན་ནོར་དང་འདྲ་བའི་གང་ཟག་དེ་འདུག་པའི་གནས་དེ་ཉིད་དུ་ནོར་དང་འདྲ་བའི་གང་ཟག་དེ་ཉིད་བྱིན་གྱིས་བརླབས་ན། དེས་གཞན་ཤི་བའི་ཡོ་བྱད་ཆོས་གོས་དང་ཆོས་གོས་མ་ཡིན་པ་སྣང་བ་
དང་མི་སྣང་བ་གནས་གཞན་དུ་གཞག་པ་ཐམས་ཅད་བྱིན་གྱིས་བརླབ་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེའི་ནོར་དང་འདྲ་བས་གཞན་ན་འདུག་པ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རྣམས་ཀྱིས་ནོར་དང་འདྲ་བའི་གང་ཟག་དྲུང་ན་འདུག་པས་གཞན་ཤི་བའི་ཡོ་བྱད་དེ་ལ་གཞག་པ་ཐག་
རིང་པོ་ན་འདུག་པ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱ་བའོ། །འདིའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་གྲེ་སྐྱེས་གུམ་པར་གྱུར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་

བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ཀུན་དགའ་བོ་ནོར་དང་འདྲ་བས་དགེ་སློང་གྲེ་སྐྱེས་གུམ་པའི་རྫས་བགོ་བར་བགྱི་བ། གུམ་པའི་ཡོ་བྱད་ཆོས་གོས་དང་ཆོས་གོས་མ་ལགས་པ་གདའ་བ་དང་མི་གདའ་བ་བྱིན་གྱིས་བརླབ་བོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་
ཡིན་ནོ། །བསྐུར་པ་བསྐུར་པར་བྱ་བ་མ་སྤངས་པ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། བསྐུར་བའི་དངོས་པོ་གང་ཡང་རུང་བ་གང་ལ་བསྐུར་བར་བྱ་བའི་གང་ཟག་དེས་མ་སྤངས་པ་ནི་དེ་ཉིད་ཡིན་ཏེ། བསྐུར་བར་བྱ་བའི་དབང་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་སྐུར་བར་བྱེད་པས་བསྐུར་བར་བྱ་བ་ལ་
དངོས་པོ་ཞིག་སྐུར་བར་བྱེད་ཅིང་། བསྐུར་བར་བྱ་བ་དེས་ཀྱང་དངོས་པོ་དེ་སྤོང་བར་མི་བྱེད་ན། དངོས་པོ་དེ་བསྐུར་བར་བྱ་བ་དབང་བར་རིག་པར་བྱའོ། །དེ་ན་སྐབས་དེར་སྐུར་བ་བྱེད་པ་དང་བསྐུར་བར་བྱ་བ་གཉི་ག་ཤི་བར་གྱུར་ན་དངོས་པོ་དེ་སྐུར་བར་བྱེད་པ་ཉིད་ཤི་བའི་ཡོ་བྱད་དུ་འགྱུར་རོ། །སྤངས་པ་ནི་
སྐུར་བར་བྱེད་པ་ཉིད་ཀྱིའོ་ཞེས་བྱ་བ་ནི། བསྐུར་བར་བྱ་བའི་གང་ཟག་དེས་སྤངས་པ་ནི་སྐུར་བར་བྱེད་པ་ཉིད་ཀྱི་རྒྱུད་དུ་དབང་བ་ཡིན་པར་རིག་པར་བྱ་སྟེ། དེས་ན་སྐབས་དེར་སྐུར་བར་བྱེད་པ་དང་བསྐུར་བར་བྱ་བ་གཉི་ག་ཤི་བར་གྱུར་ན་དངོས་པོ་དེ་སྐུར་བར་བྱེད་པ་ཉིད་ཀྱི་ཤི་བའི་ཡོ་བྱད་དུ་འགྱུར་རོ། །དེས་སྤངས་
ན་ཡང་ངོ་ཞེས་བྱ་བ་ནི། སྐུར་བར་བྱེད་པ་དེས་དངོས་པོ་དེ་སྤངས་ན་ཡང་འོན་ཀྱང་དངོས་པོ་དེ་སྐུར་བར་བྱེད་པ་དེ་ཉིད་དབང་བར་འགྱུར་རོ། །འདི་སྐད་བསྟན་ཏེ། སྐུར་བར་བྱེད་པས་བསྐུར་བར་བྱ་བ་ལ་བསྐུར་བའི་དངོས་པོ་དེ་བསྐུར་བར་བྱ་བ་དེས་སྤངས་པར་གྱུར་པ། སྐུར་བར་བྱེད་པ་དེས་ཐོས་ནས་དེས་ཀྱང་
བདག་གིས་སྔར་སྤངས་ཟིན་པ་འདིས་བདག་ལ་ཅི་ཞིག་བྱ་ཞེས་ཡང་སྤངས་པར་གྱུར་དུ་ཟིན་ཀྱང་། དངོས་པོ་དེ་སྐུར་བར་བྱེད་པ་ཉིད་དབང་ངོ་། །དེས་ན་སྐབས་དེར་སྐུར་བར་བྱེད་པ་དང་བསྐུར་བར་བྱ་བ་གཉི་ག་ཤི་བར་གྱུར་ན་དངོས་པོ་དེ་སྐུར་བར་བྱེད་པ་ཉིད་ཀྱི་ཤི་བའི་ཡོ་བྱད་དུ་འགྱུར་རོ། །འདིར་གཞུང་ནི་
དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་ནས། གང་ལ་བསྐུར་བ་དེས་སྤངས་ནས་གང་གིས་བསྐུར་བ་དེས་ཀྱང་སྤངས་ན། གང་ལ་བསྐུར་བ་དེ་ཡིར་བྱིན་གྱིས་རློབ་པ་ནི་བྱིན་གྱིས་མ་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེ་ཡི་ཕྱིར་བྱིན་གྱིས་རློབ་པར་བྱེད་ན་ནི་བྱིན་གྱིས་བརླབས་པ་ཡིན་ཏེ།

ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། དེ་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ཉིད་ཀྱིས་སྐུར་བར་བྱེད་པ་དེ་ཉིད་ཀྱིར་བྱིན་གྱིས་བརླབས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱི་རོལ་དུ་ཡང་མཚམས་ཀྱི་ནང་དུ་འདུ་ཤེས་པ་དག་གིས་འབའ་ཞིག་གིས་བྱིན་གྱིས་རློབ་པ་མི་
འཆགས་སོ་ཞེས་བྱ་བ་ནི། མཚམས་ཀྱི་ཕྱི་རོལ་དུ་མཚམས་ཀྱི་ནང་དུ་འདུ་ཤེས་པའི་གང་ཟག་རྣམས་ཀྱིས་འབའ་ཞིག་གིས་ཞེས་བྱ་བ་མི་མཐུན་པ་དག་གིས་བྱིན་གྱིས་རློབ་པར་བྱེད་ན་མི་འཆགས་སོ། །ཡང་ཞེས་བྱ་བའི་སྒྲས་ནི་མཚམས་ཀྱི་ནང་དུ་ཡང་མི་འཆགས་ཏེ། འབའ་ཞིག་གིས་བྱིན་གྱིས་
རློབ་པ་ནི་མི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། མཚམས་ཀྱི་ཕྱི་རོལ་ལམ་མཚམས་ཀྱི་ནང་དུ་འདུ་ཤེས་པའི་གང་ཟག་རྣམས་ཀྱིས་མི་མཐུན་པས་བྱིན་གྱིས་རློབ་པ་མི་འཆགས་ན། མཚམས་ཀྱི་ཕྱི་རོལ་དུ་འདུ་ཤེས་པ་དག་གིས་ལྟ་མི་འཆགས་པ་སྨོས་ཀྱང་ཅི་དགོས་ཏེ་མི་འཆགས་
པ་མི་བྱའོ་ཞེས་སྤྱིར་བསྟན་པ་དེས་འདི་ལ་ཉེས་བྱས་སུ་ཤེས་པར་བྱའོ། །ཡིད་གཉིས་ཟ་ན་ཡང་ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་སྤྱིར་བསྟན་པ་དེས་དེ་ལ་ཡང་ཉེས་བྱས་སུ་འགྱུར་བར་ཤེས་པར་བྱའོ། །ཕྱི་རོལ་དུ་མཚམས་ཀྱི་ནང་དུ་འདུ་ཤེས་པའམ། ཡིད་གཉིས་ཟ་བས་རྐུ་སེམས་ཀྱིས་བྱིན་
གྱིས་རློབ་པར་བྱེད་ན། རྐུ་སེམས་དེ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །མཚམས་ཀྱི་ནང་དུ་རྐུ་སེམས་ཀྱིས་བྱིན་གྱིས་རློབ་པར་བྱེད་ན། བརྐུས་པའི་མདུན་རོལ་དུ་དེ་ལ་ཡང་ཉེས་པ་སྦོམ་པོར་འགྱུར་རོ། །བརྐུས་པ་ཉིད་ན་ནི་དངོས་པོ་ལས་རྣམ་པར་གཞག་གོ། །དབྱུང་བ་དང་རིམ་གྲོ་དང་ཆོས་མཉན་པ་དང་ཡོན་
བཤད་པ་མ་བྱས་པར་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་བྱ་བ་ནི། མཚམས་དེར་ཤི་ན་ཤི་བའི་རོ་དབྱུང་བ་ལ་སོགས་པ་མ་བྱས་པར་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པར་མི་བྱའོ། །ལྷུང་བཟེད་དང་ཆོས་གོས་ཁྱིམ་གཞན་ན་འདུག་པ་ཉིད་ནི་ཁྱིམ་བདག་གིས་གང་ལ་བྱིན་པ་དེ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི།
གལ་ཏེ་ཤི་བའི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཁྱིམ་པ་གཞན་ན་འདུག་པར་གྱུར་ན་དེ་དག་ནི་ཁྱིམ་བདག་དེས་རབ་ཏུ་བྱུང་བ་གང་ལ་བྱིན་པའི་རབ་ཏུ་བྱུང་བ་དེ་དབང་བ་ཉིད་ཡིན་ནོ། །གལ་ཏེ་དབང་ཞིང་དེས་ཕོངས་པ་ཡིན་ནོ་ཞེས་བྱ་བ་ནི། ཁྱིམ་བདག་དེས་རབ་ཏུ་བྱུང་བ་གང་ལ་བྱིན་པའི་རབ་ཏུ་བྱུང་

བ་དེ་ཡང་གལ་ཏེ་མཚན་མཐུན་པ་ཞེས་བྱ་བ་ལ་སོགས་པ་རྣམས་པ་ལྔར་སྨོས་པ་དག་གིས་དབང་བ་ཉིད་ཡིན་ཞིང་ལྷུང་བཟེད་ལ་སོགས་པའི་དངོས་པོ་དེས་ཀྱང་ཕོངས་པ་ཡིན་ན་དེས་དེའི་ཚེ་བླང་བར་བྱའོ། །གལ་ཏེ་ཁྱིམ་བདག་སྦྱིན་པའི་ཕྱིར་འཇུག་པར་མི་བྱེད་ན་དེའི་ཚེ་སུ་དབང་བ་ཉིད་
ཡིན་ཞེ་ན་དེའི་ཕྱིར། སྦྱིན་པར་མི་བྱེད་ན་བསླངས་པ་དང་ལྡན་པའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་དབང་ཞིང་དེས་ཕོངས་པར་ཞེས་བྱ་བར་སྦྱར་བར་རིག་པར་བྱའོ། །ཁྱིམ་བདག་གི་རང་དགར་སྦྱིན་པར་མི་བྱེད་ན་དེའི་ཚེ་དེ་དབང་ཞིང་དེས་ཕོངས་པའི་རབ་ཏུ་བྱུང་བ་གང་གིས་ཁྱིམ་བདག་དེ་ལ་བསླངས་པ་དང་
ལྡན་པ་དེ་དབང་བ་ཉིད་ཡིན་ནོ། །ཅིག་ཅར་བསླངས་ན་ནི་སྤྱིར་དབང་ངོ་། །མཐར་གྱིས་ན་དང་པོའོ་ཞེས་བྱ་བ་ནི། མཐར་གྱིས་སློང་ན་དང་པོར་གང་གིས་བསླངས་ན་དེར་དབང་བ་ཉིད་ཡིན་ནོ། །གལ་ཏེ་ལེན་པ་མེད་དམ་ལེན་པ་ཡོད་ཀྱང་རུང་སྟེ། ཁྱིམ་བདག་གིས་གང་ཟག་གང་ལ་ཡང་བྱེ་བྲག་ཏུ་མ་བྱས་
པར་སུ་ཁྱེར་བ་ཁྱེར་ཅིག་སྙམ་དུ་བོར་བར་གྱུར་ན་དེ་ལ་སུ་དབང་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་མེད་པ་ཉིད་ཡིན་ཞིང་མ་བསྔོས་པར་པོར་ན་སོང་བ་དང་ལྡན་པའོ་ཞེས་བྱ་བ་སྨྲས་ཏེ། ལེན་པ་མེད་ཅིང་གང་ཟག་ལ་བྱེ་བྲག་ཏུ་མ་བསྔོས་པར་བོར་ན་དེའི་ཚེ་དང་པོར་དེར་སོང་བ་ནི་སོང་བ་དང་ལྡན་པ་ཞེས་བྱ་བ་སྟེ། དེ་
དབང་བ་ཉིད་ཡིན་ནོ། །དེའི་ཕྱིར་དེ་ནི་མཐར་གྱིས་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་མཐར་གྱིས་སློང་བ་ལ་དང་པོར་གང་གིས་བསླངས་པ་དབང་བ་དང་འདྲ་བར་འདིར་ཡང་དེ་བཞིན་ནོ། །བུ་ལོན་པ་བྱུང་བ་ན་དེ་ལ་གཞལ་བར་བྱ་བའི་ཚད་ཀྱི་ཤི་བའི་ཡོ་བྱད་དེ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་
ཏེ་ཤི་བའི་འོག་ཏུ་བུ་ལོན་པ་བྱུང་ན་དེའི་ཚེ་བུ་ལོན་པ་དེ་ལ་ཤི་བ་དེས་གཞལ་བར་བྱ་བའི་རྫས་ཀྱི་ཚད་ཀྱི་ཤི་བའི་ཡོ་བྱད་བུ་ལོན་པ་དེ་དབང་བ་ཉིད་ཡིན་ནོ། །མ་བགོས་པར་བྱུང་ན་དེ་ལ་གཞལ་བར་བྱ་བ་ཉིད་ཡིན་གྱི་བགོས་པའི་འོག་ཏུ་བྱུང་ན་ནི་དེ་ལ་མི་གཞལ་བར་བྱ་བ་ཉིད་དོ་སྙམ་དུ་དོགས་པ་བསལ་བའི་
ཕྱིར་བགོས་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། གཞལ་བར་བྱ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །དེ་དང་ལྷན་ཅིག་རྣམ་པར་གཞག་པ་དེ་ལ་སྦྱིན་པར་བྱ་བ་ཉིད་དམ་བླང་བར་བྱ་བ་ཉིད་གང་ཡིན་པ་སྟེ། དེ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཤི་བ་དེ་དང་བུ་ལོན་དེད་པ་དང་བུ་ལོན་འཇལ་བར་ལྷན་ཅིག་རྣམ་པར་གཞག་པ་

ཞེས་བྱ་བ་མངོན་སུམ་དུ་འཐམས་པ་དགེ་སློང་གིས་བུ་ལོན་དེད་པ་ལ་ཕར་གཞལ་བར་བྱ་བའི་རིན་དང་། བུ་ལོན་འཇལ་བ་ལས་དགེ་སློང་གིས་ཚུར་བླང་བར་བྱ་བའི་སྤུ་གྱུར་པ་གང་ཡིན་པ་དེ་ཉིད་གཞལ་བ་དང་བླང་བར་བྱའི། ཤི་བ་དེས་བུ་ལོན་དད་པ་ལས་རྫས་གང་བླངས་པ་དང་བུ་ལོན་འཇལ་བ་ལ་གང་
གཏད་པ་དེ་ཉིད་དངོས་སུ་གཞལ་ཞིང་བླང་བར་མི་བྱ་བའོ། །དཔེར་ན་ཤི་བས་ཚོང་བ་ལས་རས་ཡུག་ཆེན་བླངས་ཏེ་རིན་སྦྱིན་པར་བྱའོ་ཞེས་འཐམས་པ་ལ་ནི་རིན་སྦྱིན་པར་བྱའི། རས་ཡུག་ཆེན་དངོས་སྦྱིན་པར་མི་བྱ་བ་དང་། ཐག་པ་ལ་རས་ཡུག་ཆེན་གྱི་དོན་དུ་རྒྱུ་སྤུན་གཏད་པ་ལས་ནི་རས་ཡུག་ཆེན་བླང་
བར་བྱའི། རྒྱུ་སྤུན་བླང་བར་མི་བྱ་བ་ལྟ་བུའོ། །འདིར་གཞུང་ནི་དགེ་སློང་དག་གིས་ཕྲ་བ་བཀུག་པ་དང་། དེ་ན་རེ་འཕགས་པ་དག་བདག་གིས་དེ་ལ་སྦོམ་པོར་དབུལ་བར་བགྱི་བ་ལགས་སོ་ཞེས་ཟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་དགེ་སློང་ཤི་བས་ཅི་འདྲ་བ་གཏད་པས་དགུག་
པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བུ་ལོན་ཆགས་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ནི། ཤི་བ་ལ་བུ་ལོན་ཆགས་པ་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བུ་ལོན་ཆགས་པ་ཉིད་དུ་མི་འགྱུར་བ་སྟེ། ཚངས་པ་མཚུངས་པར་སྤྱོད་པ་དག་གིས་རང་གི་
ལྷུང་བཟེད་དང་ཆོས་གོས་ཀྱིས་ཤི་བ་དེའི་བུ་ལོན་གཞལ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་ལྔ་བཅུ་གསུམ་པ། ལག་གི་བླས་དཀོན་མཆོག་གི་བླངས་པ་ཉིད་ཡིན་ན་དེའི་ཇི་སྙེད་པ་དེ་སྙེད་མཉམ་པར་བསབ་པོ་ཞེས་བྱ་བ་ནི། གང་ཟག་ལག་གི་བླས་དཀོན་མཆོག་གསུམ་གྱི་
དཀོར་བླངས་ཤིང་ཁྱེར་བ་ཉིད་ཡིན་ན། དཀོན་མཆོག་དེའི་དཀོར་ཇི་སྙེད་བླངས་པ་དེ་སྙེད་ལག་གི་བླ་དེའི་ཤི་བའི་ཡོ་བྱད་ལས་ཆ་མཉམ་པར་བྱས་ཏེ། དཀོན་མཆོག་ལ་དབུལ་ཞིང་དཀོར་བསབ་པར་བྱའོ། །འདི་ལྟར་གཙུག་ལག་ལས། གལ་ཏེ་དགེ་འདུན་གྱི་ནི་མཆོད་རྟེན་གྱིར་བྱེད། མཆོད་རྟེན་གྱི་ནི་དགེ་
འདུན་གྱིར་བྱེད་ཅིང་དེ་བཞིན་དུ་ཆོས་ཀྱི་ཡང་འདྲེས་པར་བྱེད་ན། དེའི་ལྷུང་བཟེད་དང་ཆོས་གོས་ལས་ཆ་གསུམ་དུ་བྱས་ཏེ། ཇི་སྙེད་བླངས་པ་དེ་སྙེད་དེར་དབུལ་ཞིང་ལྷག་མ་དགེ་འདུན་ལ་དབུལ་ལོ་ཞེས་གསུངས་མོད་ཀྱི། དེ་ནི་ཐ་མལ་པའི་ཤེས་པས་གཟུང་བར་དཀའ་ལ། འདི་ལ་ལྷག་པར་ཕུལ་བ་ཡང་ཉེས་

པ་མེད་པས། དེའི་ཕྱིར་ཐམས་ཅད་འགེད་ལ་རག་གོ། །ལག་གི་བླ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་འདི་ལྟར་གཞན་དག་གིས་བརྐུས་ན་དེ་དག་ལ་ཡང་དེ་བཞིན་བྱར་རུང་ངོ་། །ལག་གི་བླ་ཞེས་བྱ་བ་ནི། ལས་སར་པ་ལ་སྦྱོར་དུ་འཇུག་པས་ལག་གི་བླ་ཞེས་བྱའོ། །ནད་གཡོག་དང་བཅས་པ་
ཉིད་ཡིན་ན་ཡོ་བྱད་དྲུག་དེ་དབང་བ་ཉིད་ཡིན་པས་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གལ་ཏེ་ཤི་བ་དེ་ནད་གཡོག་དང་བཅས་པ་ཉིད་ཡིན་ན། ཤི་བ་དེའི་ཡོ་བྱད་དྲུག་ནི་ནད་གཡོག་དེ་དབང་བ་ཉིད་ཡིན་པས། དགེ་སློང་རྣམས་ཀྱིས་བྱིན་གྱིས་མི་བརླབ་པར་བྱ་བ་ཉིད་ཡིན་ནོ། །ཡོ་བྱད་དྲུག་ནི་ཆོས་
གོས་གསུམ་དང་སྟན་དང་ལྷུང་བཟེད་དང་ཆུ་ཚགས་སོ། །དེ་ནི་རབ་དང་འབྲིང་དང་ཐ་མ་དང་བཅས་པ་ལས་སོ་ཞེས་བྱ་བ་ནི། དེ་དབང་བ་ཉིད་དོ་ཞེས་བྱ་བར་སྦྱར་ཏེ། ནད་གཡོག་དེ་ལ་ཡོ་བྱད་དྲུག་པོ་དག་ལས་ཁ་ཅིག་ནི་དགེ་སྦྱོང་གི་ཡོ་བྱད་དང་འཚོ་བའི་ཡོ་བྱད་རབ་ལས་སྦྱིན་པར་བྱའོ། །ཁ་ཅིག་ནི་འབྲིང་།
ཁ་ཅིག་ནི་ཐ་མ་དང་ལྡན་པ་ལས་སྦྱིན་པར་བྱའོ། །དུ་མ་ཉིད་ཡིན་ན་དེ་ཐུན་མོང་ངོ་ཞེས་བྱ་བ་ནི། ནད་གཡོག་གཉིས་སམ་གསུམ་མམ་མང་པོ་ཉིད་ཡིན་ན་ཡོ་བྱད་དྲུག་པོ་དེ་དེ་དག་ནི་ཐུན་མོང་ཡིན་ནོ། །དེའི་དོན་དུ་སོང་བ་ཉིད་ཡིན་ལ་ནད་པ་ཤི་ན་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ནད་གཡོག་ནད་པ་དེའི་
དོན་དུ་གཞན་དུ་སོང་བ་ཉིད་ཡིན་ལ། ཕྱི་ནས་ནད་པ་ཤི་བར་གྱུར་ན་ཡང་ཡོ་བྱད་དྲུག་པོ་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་ནད་པའི་ཕྱིར་ནད་གཡོག་གཞན་དུ་སོང་བར་གྱུར་ན་དེ་ལྟ་ན་ཡང་ཡོ་བྱད་དྲུག་པོ་སྦྱིན་པར་བྱ་བ་ཉིད་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྫས་དེ་མི་དབང་བ་ལ་ནི་དེ་མི་
སྦྱིན་ནོ་ཞེས་བྱ་བ་ནི། ཤི་བའི་རྫས་དེ་མི་དབང་བ་ཁྱིམ་པ་ལ་སོགས་པའི་གཡོག་ལ་ནི་ཡོ་བྱད་དྲུག་པོ་དེ་མི་སྦྱིན་པའོ། །འདིར་གཞུང་ནི་བཙུན་པ་བྲོ་གཡོག་ཁྱིམ་པ་ལགས་ན། དེ་ལ་བྲོ་གཡོག་གི་ཆོས་གོས་སྩལ་བར་བགྱིའམ། བཀའ་སྩལ་པ་མི་བྱའོ། །དེ་བཞིན་དུ་ནད་གཡོག་དགེ་སློང་མ་དང་དགེ་
སློབ་མ་དང་དགེ་ཚུལ་མ་ལ་ཡང་མི་སྦྱིན་ནོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །གང་ན་མཚན་མི་མཐུན་པ་དག་འབའ་ཞིག་ཡོད་ལ་མཚན་མཐུན་པ་དག་མེད་པ་དེར་ནི་མཚན་མི་མཐུན་པ་དག་ལ་ཡང་སྦྱིན་པར་བྱ་བ་ཉིད་ཡིན་ཏེ། དེ་དག་དེ་དབང་བའི་ཕྱིར་རོ། །གཞན་དུ་གནས་པར་ཁས་བླངས་པ་ལ་མི་སྦྱིན་པར་མི་

བྱའོ་ཞེས་བྱ་བ་ནི། ནད་གཡོག་གནས་གཞན་དུ་གནས་པར་ཁས་བླངས་པ་ལ་ཡོ་བྱད་དྲུག་པོ་དག་མི་སྦྱིན་པར་མི་བྱ་ཞིང་སྦྱིན་པར་བྱ་སྟེ། འདི་ལྟར་གཞན་དུ་གནས་པར་ཁས་བླངས་པ་ནི་མི་སྦྱིན་པའི་རྒྱུ་མ་ཡིན་པའི་ཕྱིར་རོ། །འདི་ལ་བསྙེན་པར་མ་རྫོགས་པ་ནི་ཐམས་ཅད་དབང་བ་ཉིད་དོ་ཞེས་བྱ་བ་ནི། ཤི་བའི་ཡོ་བྱད་
བགོ་བ་འདི་ལ་བསྙེན་པར་མ་རྫོགས་པ་ནི་སོ་སོའི་སྐལ་བའི་ཆ་ཐམས་ཅད་བསྙེན་པར་རྫོགས་པ་དང་མཉམ་པར་དབང་སྟེ། དབྱར་གྱི་རྙེད་པ་ལ་སོགས་པ་གཞན་དག་ལ་སུམ་ཆ་དབྲི་བ་ལྟ་བུ་མ་ཡིན་ནོ། །ནད་པས་སྨྲས་པ་སྦྱིན་པ་ཕྲི་ཡང་ཇི་སྐད་སྨྲས་པ་བཞིན་དུ་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ནད་པས་ནད་གཡོག་
གམ་གཞན་གང་ལ་སྨྲས་པའི་གང་ཟག་དེས་སྦྱིན་པ་ཕྲི་ཡང་ནད་པས་ཇི་སྐད་སྨྲས་པ་ཁོ་ན་བཞིན་བྱ་དགོས་སོ། །ཇི་སྐད་བསྟན་ཏེ། གལ་ཏེ་ནད་པ་གང་ཟག་འགའ་ཞིག་ལ་དངོས་པོ་འགའ་ཞིག་བྱིན་ཅིག་ཅེས་ནད་གཡོག་གམ་གཞན་ལ་གཏད་པ་ལས་ནད་གཡོག་གམ་གཞན་དེས་ཕྲིར་ཟིན་ཀྱང་དེ་ལྟར་མི་བྱ་བར་
སྔར་ནད་པས་བསྒོ་བ་ཁོ་ན་བཞིན་དུ་བྱ་དགོས་ཏེ་ཤི་བས་སྔར་ལྟོས་པ་མེད་པར་བྱིན་ཟིན་པའི་ཕྱིར་རོ། །ཤི་བ་ཉིད་ཀྱི་དུས་ན་རྫས་ཉིད་སྒྲུབ་པ་ལ་ནི་ནོར་བདག་མི་དབང་ངོ་ཞེས་བྱ་བ་ནི། ནད་པས་བདག་ཤི་བར་གྱུར་ན་དེའི་འོག་ཏུ་གཟོད་རྫས་འདི་ཉིད་གང་ཟག་ཆེ་གེ་མོ་ཞིག་ལ་སྦྱིན་པར་གྲུབ་པ་ལ་ནི་ཤི་བ་དེ་ནོར་
བདག་ཏུ་མི་འགྱུར་བས་ནོར་དེ་དེ་ལ་མི་སྦྱིན་པར། དགེ་འདུན་གྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་བདག་ཤི་བར་གྱུར་ན་དེའི་ཚེ་ཆེ་གེ་མོ་ཞིག་ལ་བདག་གི་རྫས་འདི་སྦྱིན་པར་བྱ་ཞེས་ཟེར་བའི་རབ་ཏུ་བྱུང་བ་ནི་ནོར་དེའི་བདག་པོར་མི་འགྱུར་ཏེ། ཤི་བའི་ནོར་དེ་རབ་ཏུ་བྱུང་བ་གཞན་
དབང་བས་དེ་དག་གིས་དེ་བྱིན་གྱིས་བརླབ་པར་བྱ་བ་ཉིད་ཡིན་ནོ། །ཁྱིམ་ན་གནས་པ་ནི་དབང་ངོ་ཞེས་བྱ་བ་ནི། ཁྱིམ་པ་ནི་གལ་ཏེ་བདག་ཤི་བར་གྱུར་ན་དེའི་འོག་ཏུ་གཟོད་རྫས་འདི་ཉིད་གང་ཟག་ཆེ་གེ་མོ་ཞིག་ལ་སྦྱིན་པར་བསྒྲུབ་ན། དེ་ཤི་བའི་ཚེ་ཡང་ནོར་དེའི་བདག་པོར་འགྱུར་རོ། །འདིར་གཞུང་ནི་
ཕྲན་ཚེགས་དག་ལས་ཁྱིམ་པ་དག་ནི་ལྟོས་པ་དང་བཅས་པས་དུས་བྱེད་པ། རབ་ཏུ་བྱུང་བ་དག་ནི་ལྟོས་པ་མེད་པས་དུས་བྱེད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བས་ན་ཁྱིམ་པ་ནི་ལྟོས་པ་དང་བཅས་པའི་ཕྱིར་དབང་ལ། རབ་ཏུ་བྱུང་བ་ནི་ལྟོས་པ་མེད་པའི་ཕྱིར་མི་དབང་ངོ་། །ཁྱིམ་པས་བུ་དང་ཆུང་མ་

ཕུལ་ནས་ཤི་ན་ཅི་བདེར་བྱའོ་ཞེས་བྱ་བ་ནི། ཁྱིམ་པས་དགེ་འདུན་ལ་བུ་དང་ཆུང་མ་ཕུལ་ནས་ཁྱིམ་པ་ཉིད་ཤི་ན་དེའི་བུ་དང་ཆུང་མ་དག་ཅི་བདེར་བྱ་སྟེ། བདག་གིར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གླང་པོ་ཆེ་དང་རྟ་དང་བོང་བུ་དང་དྲེའུ་དང་གོ་ཆ་རྣམས་ནི་རྒྱལ་པོ་ལ་དབུལ་ལོ་ཞེས་བྱ་བ་ནི།
གླང་པོ་ཆེ་ལ་སོགས་པ་ནི་རྒྱལ་པོ་ལ་དབུལ་ལོ། །དབྱིག་དང་གསེར་དང་གཞན་བྱས་པ་དང་མ་བྱས་པ་རྣམས་ནི་གསུམ་ལའོ་ཞེས་བྱ་བ་ནི་དབུལ་ལོ་ཞེས་བྱ་བར་སྦྱར་ཏེ། དབྱིག་དང་གསེར་དང་དེ་དག་ལས་གཞན་པ་ཟངས་ཀྱི་རང་བཞིན་ལ་སོགས་པ་བརྡུངས་སུ་བྱས་པ་དང་མ་བྱས་པ་རྣམས་ནི་དཀོན་མཆོག་
གསུམ་ལ་དབུལ་ལོ། །རིན་པོ་ཆེ་རྣམས་ཀྱང་ཞེས་བྱ་བ་ནི། ནོར་བུ་དང་བཻ་ཌཱུརྱ་དང་དུང་གཡས་སུ་འཁྱིལ་བ་ལ་སོགས་པ་དག་ཀྱང་དཀོན་མཆོག་གསུམ་ལ་དབུལ་ལོ། །མུ་ཏིག་རྣམས་ནི་གལ་ཏེ་གཞན་ཡོད་ན་དེའི་སྐལ་བས་སམ་ལྷག་པ་ཉིད་ཡིན་ན་ཡང་རུང་གལ་ཏེ་མེད་ཀྱང་དེ་བཞིན་དུ་སངས་རྒྱས་ལའོ་
ཞེས་བྱ་བ་ནི། མུ་ཏིག་རྣམས་ནི་གལ་ཏེ་མུ་ཏིག་ལས་གཞན་པ་བཻ་ཌཱུརྱ་ལ་སོགས་པའི་རིན་པོ་ཆེ་ཡོད་ན་དཀོན་མཆོག་གསུམ་པོ་དག་ལས་སངས་རྒྱས་དེའི་སྐལ་བས་མུ་ཏིག་རྣམས་བརྗེས་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །སངས་རྒྱས་ཉག་གཅིག་གི་སྐུ་སྐལ་གྱི་རིན་པོ་ཆེ་གཞན་དག་པས་མུ་
ཏིག་རིན་ཆེ་བའི་ཕྱིར་མུ་ཏིག་ལྷག་པ་ཉིད་ཡིན་ཡང་རུང་སྟེ། དེ་ལྟ་ན་ཡང་མུ་ཏིག་དེ་དག་ཐམས་ཅད་སངས་རྒྱས་ལ་དབུལ་ལོ། །གལ་ཏེ་མུ་ཏིག་ལས་གཞན་པའི་རིན་པོ་ཆེ་མེད་ན་ནི་དེ་བཞིན་དུ་སྐྱིན་པ་མེད་ཀྱང་བླ་སྟེ། དཀོན་མཆོག་གསུམ་ཆར་གྱི་སྐུ་སྐལ་གྱི་མུ་ཏིག་ཐམས་ཅད་སངས་རྒྱས་ཉག་གཅིག་ལ་
དབུལ་ལོ། །ཚོན་རྩི་ཆེན་པོ་རྣམས་ཀྱང་ངོ་ཞེས་བྱ་བ་ནི། གང་ཀུས་དང་མཚལ་དང་མཐིང་ཤུན་ལ་སོགས་པ་ཡང་སངས་རྒྱས་ལ་དབུལ་ལོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དེ་དག་ནི་བཏགས་ཏེ་དྲི་གཙང་ཁང་གི་ཞལ་ཞལ་དུ་བྱའོ་ཞེས་བྱ་བ་ནི། སངས་རྒྱས་ལ་ཕུལ་
བའི་མུ་ཏིག་དེ་དག་ནི་བཏགས་ཏེ་དྲི་གཙང་ཁང་གི་ཞལ་ཞལ་དུ་བྱའོ། །དེ་མ་ཡིན་པ་སངས་རྒྱས་ཀྱི་ནི་སྐུ་གཟུགས་དང་དྲི་གཙང་ཁང་དང་མཆོད་རྟེན་གྱི་ཡོ་བྱད་དུ་བྱའོ་ཞེས་བྱ་བ་ནི། མུ་ཏིག་མ་ཡིན་པ་སངས་རྒྱས་ཀྱི་སྐུ་སྐལ་གྱི་རིན་པོ་ཆེ་གཞན་ནི་སྐུ་གཟུགས་ལ་སོགས་པའི་ཡོ་བྱད་དུ་སྦྱར་བར་བྱའོ། །ཆོས་

ཀྱིས་ནི་སངས་རྒྱས་ཀྱི་བཀའ་བྲི་བ་དང་སེང་གེའི་ཁྲི་དག་གིའོ་ཞེས་བྱ་བ་ན