Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 162
Văn bản gốc(Tây Tạng)
Trang 25 / 26 (50.000 ký tự/trang)
ྲ་ལས་སངས་རྒྱས་ཀྱི་འབའ་ཞིག་ལ་འབུལ་བར་མ་ཟད་གྱི་ཞེས་བྱ་བར་ཤེས་སོ། །སྦྱིན་པར་བྱེད་པར་མངོན་པར་ མ་དད་ན་མགོ་ལོགས་སམ་རྐང་པ་ལོགས་སུ་བྱའོ་ཞེས་བྱ་བ་ནི། དྲི་དང་ཕྲེང་བ་རྒྱུ་དེ་དག་མཆོད་རྟེན་ལ་དབུལ་བར་སྦྱིན་པར་བྱེད་པ་མངོན་པར་མ་དད་ན་རང་གི་མགོ་ལོགས་ཀྱི་སྔས་སམ་རྐང་པ་ལོགས་ཀྱི་རྟེན་མར་བཞག་པར་བྱའོ། །ཇི་ལྟར་ཞེ་ན་དེའི་ཕྱིར། སྒོའི་བྱང་ཐད་མ་ཡིན་ པར་རོ་ཞེས་བྱ་བ་སྨྲ་སྟེ། སྒོའི་བྱང་ཐད་མ་གཏོགས་པར་རོ། །གཞི་གང་ལ་དེ་ཉིད་བཞག་པར་བྱ་ཞེ་ན། དེའི་ཕྱིར། རྩིག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རྩིག་པའི་ངོས་སུའོ། །དྲི་ལས་དམིགས་ཀྱིས་བསལ་བར་གྱུར་བ་ཕྲེང་བ་རྒྱུའི་ཆོ་ག་གཞན་བརྗོད་པར་བྱ་སྟེ། དེར་ཁབ་ བམ་ཚེར་མ་བཙུགས་པ་ལ་ཕྲེང་བ་རྒྱུ་དག་བཅང་བར་བྱའོ་ཞེས་བྱ་བ་ནི། རྩིག་ངོས་བརྟན་པ་དེར་ཁབ་བམ་ཚེར་མ་བཙུགས་པ་ལ་ཕྲེང་བ་རྒྱུ་དེ་དག་བཅང་བར་བྱའོ། །མིག་ལ་ཕན་པའི་དྲི་ཞིམ་པོ་དུས་དུས་སུ་བསྣམ་པར་བྱའོ་ཞེས་བྱ་བ་ནི། མིག་ལ་ཕན་པ་མིག་སྨན་ག་པུར་དང་ ཨུཏྤ་ལ་སྔོན་པོ་ལ་སོགས་པ་དྲི་ཞིམ་པོ་དག་དུས་དུས་སུ་སྣར་བསྣམ་པར་བྱ་བ་སྟེ། རྟག་ཏུ་ནི་མ་ཡིན་ནོ། །བྲམ་ཟེའི་སྲད་བུ་ཐོགས་པ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། བྲམ་ཟེའི་སྲད་བུ་ཞེས་བྱ་བ་མཆོད་སྦྱིན་དག་བྱེད་སྲད་བུའི་སེ་རལ་ཕྲེང་ཐག་ཐོགས་པ་བསྟེན་པར་མི་བྱ་བའོ། ། སྔགས་སྐུད་ཀྱང་ངོ་ཞེས་བྱ་བ་ཡང་། སྔགས་སྐུད་ཐོགས་པ་ཡང་བསྟེན་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ནད་པ་ནི་མ་གཏོགས་སོ་ཞེས་གསུངས་པས་དེའི་ཕྱིར་གནས་གར་གདགས་པའི་བྱེ་བྲག་བསྟན་པའི་ཕྱིར། གསོ་བའི་ཕྱིར་ནི་དཔུང་པ་གཡོན་པར་རོ་ ཞེས་བྱ་བ་སྨྲས་ཏེ། གསོ་བའི་ཕྱིར་ནི་ཚོན་སྣ་ལྔའི་སྔགས་སྐུད་ཐོགས་པ་ཡང་བསྟེན་པར་བྱའོ། །ལག་པ་གཡོན་པའི་གྲུ་མོའི་གོང་གི་དཔུང་པར་གདགས་པར་བྱའོ། །གར་བབ་བབ་ཏུ་མི་དོར་རོ་ཞེས་བྱ་བ་ནི། སོས་པར་གྱུར་ན་སྔགས་སྐུད་དེ་གར་བབ་བབ་ཏུ་དོར་བར་མི་བྱའོ། ། གལ་ཏེ་ལྷག་མ་དང་བཅས་པར་གྱུར་ན་ཆོས་གོས་ཀྱི་མཐའ་མའམ་སྐ་རགས་ལ་གདགས་སོ་ཞེས་བྱ་བ་ནི། གལ་ཏེ་ནད་ཀྱི་ལྷག་མ་དང་བཅས་པར་གྱུར་ན་སྔགས་སྐུད་དེ་ཆོས་གོས་ཀྱི་གྲྭའམ་སྐ་རགས་ལ་གདགས་པར་བྱའོ། །གལ་ཏེ་མ་གྱུར་ན་ཀ་བའམ་རྩིག་པའི་གསེབ་ཏུ་ གཞུག་གོ་ཞེས་བྱ་བ་ནི། གལ་ཏེ་ནད་ཀྱི་ལྷག་མ་དང་བཅས་པར་མ་གྱུར་ན་སྔགས་སྐུད་དེ་ཀ་བའི་གསེབ་བམ་རྩིག་པའི་གསེབ་ཏུ་གཞུག་པར་བྱའོ། །གར་དང་གླུ་དང་རོལ་མོ་ཀུན་དུ་སྤྱད་པར་མི་བྱའོ་ཞེས་བྱ་བ་ལ། གར་ནི་བྲོ་གར་རོ། །གླུ་ནི་གླུ་དབྱངས་སོ། །རོལ་མོ་ནི་ཕེག་ རྡོབ་ལ་སོགས་པ་སྟེ། དེ་དག་ཀུན་དུ་སྤྱད་པར་མི་བྱ་བའོ། །བསླབ་པར་མི་བྱའོ་ཞེས་བྱ་བ་ནི། གར་ལ་སོགས་པའོ། །བཟླས་པར་མི་བྱའོ་ཞེས་བྱ་བ་ནི། གར་ལ་སོགས་པ་ལུས་ཀྱིས་བཟླས་པར་མི་བྱའོ། །བལྟ་བའི་ཕྱིར་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། གར་ལ་ སོགས་པ་ལའོ། །དགེ་སློང་མ་ཀུན་དུ་གར་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི། དགེ་སློང་མ་དང་ལྷན་ཅིག་ཀུན་དུ་གར་བྱེད་དུ་མི་གཞུག་པ་སྟེ། ཀུན་དུ་གར་བྱེད་པ་ཞེས་བྱ་བ་ནི། ཚོམ་བུ་ཚོམ་བུར་བྲོ་གར་བྱེད་པ་སྟེ། ཚོམ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྟོན་པའི་ ཡོན་ཏན་ཡང་དག་པར་བསྒྲགས་པ་དང་རྒྱུན་ཆགས་གསུམ་པ་གདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ་ཞེས་བྱ་བ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཡང་དག་པར་བསྒྲག་པ་སྟོད་རབས་གདོན་པ་དང་རྒྱུན་ཆགས་གསུམ་གདོན་པ་ལ་ནི་དབྱངས་ཀྱི་ང་རོས་གཏང་རག་ བྱའོ། །གཞན་གྱི་དུས་སུ་ནི་མི་བྱ་སྟེ། གླུ་རྒྱང་གི་ཁོངས་སུ་གཏོགས་པའི་ཕྱིར་རོ། །དེ་དག་དབེན་པའི་ཕྱོགས་སུ་བསླབ་པར་བྱའོ་ཞེས་བྱ་བ་ནི། དབྱངས་ཀྱི་ང་རོ་དེ་དག་དབེན་པའི་ཕྱོགས་སུ་བསླབ་པར་བྱའོ། །ཐོ་འཚམས་པ་དང་ཀུན་དུ་རྩེ་བ་དང་ཀུན་དུ་ཅ་ཅོ་འདོན་པ་དང་ རྒོད་པ་དང་དྲེགས་པ་དང་ལུས་ལ་བརྡེག་པ་དག་མི་བྱའོ་ཞེས་བྱ་བ་ལ། ཐོ་འཚམས་པ་ཞེས་བྱ་བ་ནི་གཞན་ལ་ཅོ་འདྲི་བའོ། །ཀུན་དུ་རྩེ་བ་ཞེས་བྱ་བ་ནི་འཇོ་སྒེག་བྱེད་པའོ། །ཀུན་དུ་ཅ་ཅོ་འདོན་པ་ཞེས་བྱ་བ་ནི་སྒྲ་སྐད་ཆེན་པོ་ཉིད་འབྱིན་པའོ། །རྒོད་པ་ཞེས་བྱ་བ་ནི་ལག་པ་དང་རྐང་པ་ ལ་སོགས་པ་རྐྱོང་བའོ། །དྲེགས་པ་ཞེས་བྱ་བ་ནི་ངལ་བར་བྱེད་པའོ། །ལུས་ལ་བརྡེག་པ་ཞེས་བྱ་བ་ནི། ཕན་ཚུན་བཞད་གད་བྱ་བར་སྣུན་པ་སྟེ་དེ་དག་མི་བྱའོ། །རྒོད་པའི་བསམ་པས་ལུས་དང་ངག་གི་རྣམ་པར་འགྱུར་བ་མི་བྱའོ་ཞེས་བྱ་བ་ནི། རྒོད་པའི་བསམ་པས་ལུས་དང་ངག་ གི་རྣམ་པར་འགྱུར་བ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་ལས། ལག་འགྲོས་མཁན་རབ་ཏུ་བྱུང་བ་ཞིག་རྐང་ཁྲུས་སར་རྐང་པ་གཉིས་བཀྲུས་ནས་ཁ་ཆུས་བཀང་སྟེ་རྨ་བྱའི་འགྲོས་ཀྱིས་འདུག་པ་དང་། དྲུག་སྡེ་དག་གིས་ཁས་གླུ་བླངས་པས་རོལ་ མོའི་གླུ་བརྩམས་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱི་བསམ་པ་ཇི་ལྟ་བུས་དེ་ལྟར་བྱས་ཞེས་སྨྲས་པ་དང་། བཙུན་པ་གནས་མལ་བསྐྱབ་པའི་དོན་དུ་ཅུང་ཟད་དང་རྒོད་པའི་ བསམ་པ་ཅུང་ཟད་ཀྱིས་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བསྐྱབ་པའི་བསམ་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །རྒོད་པའི་བསམ་པས་བྱས་པ་ལ་ནི་ཉེས་བྱས་སོ། །དྲུག་སྡེ་དག་གིས་ཀྱང་གསོལ་པ། བཙུན་པ་སྨད་པའི་བསམ་པ་ཅུང་ ཟད་དག་དང་། རྒོད་པའི་བསམ་པ་ཅུང་ཟད་ཀྱིས་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨད་པའི་བསམ་པ་དག་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །རྒོད་པའི་བསམ་པས་བྱས་པ་དེ་ལ་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་ལྟུང་བ་དང་ལྟུང་བ་ མེད་པར་ཇི་ལྟར་རྣམ་པར་བཞག་སྟེ། ཅི་སེམས་རིགས་མི་མཐུན་པས་བར་དུ་ཆོད་པ་དག་ལྟུང་བ་ཐ་དད་པ་བྱེད་པ་ཉིད་ཡིན་ནམ། འོན་ཏེ་ཐམས་ཅད་གཅིག་ཏུ་བསྡུས་ནས་ལྟུང་བ་གཅིག་བྱེད་པ་ཉིད་ཡིན་ཞེ་ན། རིགས་མི་མཐུན་པས་བར་དུ་ཆོད་པ་དག་ལ་ལྟུང་བ་ གཅིག་ཏུ་བསྟན་པའི་ཕྱིར། འདྲེས་པ་ནི་ཆར་བསྡམ་མོ་ཞེས་བྱ་བ་སྨྲས་ཏེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་རྣམས་འདྲེས་ཤིང་ཕན་ཚུན་རིགས་མི་མཐུན་པས་བར་དུ་ཆོད་པ་ཉིད་ནི་ཆར་བསྡམ་པར་བྱ་སྟེ། ཉོན་མོངས་པ་ཅན་གྱི་ཆ་རྣམས་ནི་ཉོན་མོངས་པ་ ཅན་དང་ལྷན་ཅིག་བསྡམ་པར་བྱ། ཉོན་མོངས་པ་ཅན་མ་ཡིན་པའི་ཆ་རྣམས་ཀྱང་ཉོན་མོངས་པ་ཅན་མ་ཡིན་པ་དང་ལྷན་ཅིག་བསྡམ་པར་བྱ་སྟེ། རྒོད་པའི་ཀུན་ནས་བསླང་བའི་སེམས་ཐམས་ཅད་ཀྱིས་འཇུག་པ་གཅིག་ཉིད་ཡིན་པའི་ཕྱིར་ལྟུང་བ་གཅིག་གི་རྒྱུ་ཉིད་ཡིན་ནོ། །དཔེར་ན་ སྲོག་གཅོད་པ་ལ་སོགས་པ་དག་ལ་སྦྱོར་བའི་སེམས་རིགས་མི་མཐུན་པས་ཆོད་པ་རྣམས་ཀྱང་ལྟུང་བ་གཅིག་གི་རྒྱུ་ཉིད་ཡིན་པ་བཞིན་ཏེ། རིགས་མི་མཐུན་པས་ཆོད་པ་རྣམས་ཀྱང་སྦྱོར་བའི་རྒྱུན་མ་ཆད་པའི་ཕྱིར་རོ། །སྣོད་བརྒྱུད་པས་ཟས་ཀྱི་བྱ་བ་མི་བྱའོ་ཞེས་བྱ་བ་ནི། ཇི་ལྟར་ཆང་ འཐུང་བ་དག་ཕན་ཚུན་སྐོམ་སྣོད་བརྒྱུད་པས་ཆང་འཐུང་བར་བྱེད་པ་དེ་ལྟར་མི་བྱ་བའོ། །མེ་ཏོག་རྣ་རྒྱན་བརྒྱུ་བར་མི་བྱའོ་ཞེས་བྱ་བ་ནི། མེ་ཏོག་ལ་སོགས་པ་དག་གིས་རྣ་རྒྱན་བརྒྱུ་བར་མི་བྱ་བ་སྟེ། དེ་ནི་བཟོ་རྗེས་སུ་བསྒྲུབ་པ་མི་བྱའོ་ཞེས་བྱ་བའི་སྤྲོས་པ་ཡིན་ནོ། །གདགས་པར་མི་ བྱའོ་ཞེས་བྱ་བ་ནི། མེ་ཏོག་རྣ་རྒྱན་ལུས་ལ་གདགས་ཤིང་བཅང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་ཕྲེང་བ་རྒྱུ་འདོགས་པ་ཐམས་ཅད་དགག་པ་བྱས་པ་ཡིན་ནོ། །ངོ་སོ་ལས་བྱུང་བ་སྦྱིན་པར་མི་བྱའོ་ཞེས་བྱ་བ་ལ། ངོ་སོ་ལས་བྱུང་བ་ཞེས་བྱ་བ་ནི། གར་མཁན་ གྱི་ངོར་ལྟ་ལྟ་ནས་མགུ་བའི་བྱ་དགའ་སྦྱིན་པ་སྟེ་དགེ་སློང་གིས་དེ་སྦྱིན་པར་མི་བྱའོ། །མི་རིངས་པར་རྒྱུག་པར་མི་བྱའོ་ཞེས་བྱ་བ་ནི། གཏང་བ་མེད་པར་རྒྱུག་པར་མི་བྱ་བའོ། །མྱུར་བ་དང་མཆོང་བར་མི་བྱའོ་ཞེས་བྱ་བ་ལ། མྱུར་བ་ཞེས་བྱ་བ་ནི། དྲག་ཏུ་འགྲོ་བའོ། ། མཆོང་བ་ཞེས་བྱ་བ་ནི། མཆོང་ཞིང་འགྲོ་བ་སྟེ། དེ་དག་མི་བྱའོ། །བརླ་དང་ལག་པ་ཉ་ལྟར་བསྐོར་བར་མི་བྱའོ་ཞེས་བྱ་བ་ལ། བརླ་བསྐོར་བ་ཞེས་བྱ་བ་ནི། བརླ་ཡ་གཅིག་ས་ལ་ཕབ་སྟེ་ལུས་བསྐོར་བའོ། །ལག་པ་བསྐོར་བ་ཞེས་བྱ་བ་ནི་ལག་པ་ཕྱར་ཏེ་ལུས་ལ་བསྐོར་བའོ། ། ཉ་ལྟར་བསྐོར་བ་ཞེས་བྱ་བ་ནི། ཉ་ལྟར་ཕྱིས་གན་དུ་རྒྱལ་ཞིང་བསྐོར་བ་སྟེ། དེ་ལྟར་བསྐོར་བར་མི་བྱའོ། །ཆུར་གསེག་མ་གདབ་པར་མི་བྱའོ་ཞེས་བྱ་བ་ནི། ཆུའི་ནང་ན་འཕྱོ་བའི་གསེག་མ་དག་ཆུར་འདེབས་པ་སྟེ་དེ་མི་བྱ་བའོ། །ཆུར་རྫ་རྔ་ཁ་གཅིག་པ་དང་རྔ་བོ་ཆེ་ལྟར་བརྡུང་ བར་མི་བྱའོ་ཞེས་བྱ་བ་ནི། ཆུ་ལ་རྫ་རྔ་ཁ་གཅིག་པ་དང་། རྔ་བོ་ཆེ་ལྟར་བརྡུང་ཞིང་སྒྲ་དབྱུང་བར་མི་བྱ་བའོ། །རྫབ་ལ་ཕྱིལ་མོ་ཉུག་པར་མི་བྱའོ་ཞེས་བྱ་བ་ནི། རྫབ་འདྲེད་པ་ལ་ཕྱིལ་མོ་ཉུག་པར་མི་བྱ་བའོ། །གླང་པོ་ཆེའི་སྐད་དང་རྟའི་སྐད་དང་ཁྱུ་མཆོག་གི་སྐད་དང་རྨ་བྱའི་སྐད་ དང་ཁུ་བྱུག་གི་སྐད་མི་དབྱུང་ངོ་ཞེས་བྱ་བ་ནི། དེ་དག་གི་སྒྲ་སྐད་འདྲ་བའི་སྐད་དབྱུང་བར་མི་བྱ་བའོ། །ཁས་དུང་དང་སིལ་ཁྲོལ་དང་རྔ་བོ་ཆེའི་སྐད་མི་བྱའོ་ཞེས་བྱ་བ་ནི། ཁས་དུང་ལ་སོགས་པའི་སྐད་མི་བྱའོ། །ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ ཏོ།། །།ཁྲུས་བྱེད་པའི་ལྟུང་བྱེད་སྨྲ་བར་འདོད་ནས། འོག་ནས་གཞན་གྱི་དུས་སུ་ཁྲུས་བྱེད་ནའོ་ཞེས་འབྱུང་བ་གང་ལས་གཞན་ཡིན་པའི་མཚམས་བསྟན་པའི་ཕྱིར། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ལས་སོ་ཞེས་བྱ་བ་སྨྲས་ཏེ། སོ་ག་རྣམས་ ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་ལས་ཞེས་བྱ་བ་ནི། དབྱར་ཟླ་ར་བ་ཚེས་ནས་དབྱར་ཟླ་ར་བ་ཉའི་བར་གྱི་ཟླ་བ་ཕྱེད་དང་དབྱར་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཅིག་སྟེ། ཟླ་བ་ཕྱེད་དང་གཉིས་པོ་དེ་ལས་གཞན་པའི་དུས་སུའོ། །དབྱར་རྣམས་ཀྱི་དང་པོ་ལས་ཞེས་བྱ་ བ་ནི། དབྱར་གྱི་ཟླ་བ་དང་པོ་དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་ལས་གཞན་པའི་དུས་སུའོ། །སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ཟླ་བ་གཅིག་ལས་གཞན་པའི་དུས་སུ་ཁྲུས་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། ། ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ལ་ནི་ཚ་བའི་གཉེན་པོའི་ཕྱིར་ཁྲུས་བྱེད་པ་རྗེས་སུ་གནང་སྟེ། དེ་ལས་གཞན་པའི་དུས་སུ་ཡང་ཉི་མ་དེ་ལ་ཚ་བ་སྐྱེས་ན་ཁྲུས་བྱའོ། །ཅི་དགེ་སློང་ཐམས་ཅད་ལ་དེར་ཁ་ན་མ་ཐོ་བར་འགྱུར་རམ་ཞེ་ན་དེའི་ཕྱིར། གོས་མེད་པའི་ཟས་གཉིས་ པ་རྙེད་པའི་རྣམ་པ་གང་ཡིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མདོ་འདི་ནི་འདྲ་བར་བསྟན་པ་ཡིན་ནོ། །ཟས་གཉིས་པ་གང་ལ་གོས་མེད་པ་དེ་ནི་གོས་མེད་པའི་ཟས་གཉིས་པ་སྟེ། གོས་མེད་པའི་ཟས་གཉིས་པ་དེ་རྙེད་པའི་དགེ་སློང་གིས་དང་དུ་བླངས་པ་དང་ཟོས་པའི་ཁ་ན་མ་ཐོ་བ་རྣམས་ པ་ཇི་ལྟ་བུར་འགྱུར་བ་སྟེ། ན་བ་མ་ཡིན་པ་དང་ལས་མ་བྱས་པ་དང་ལམ་དུ་མ་ཞུགས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་གནས་སྐབས་གཞན་ཐམས་ཅད་ལ་བབ་པ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རམ་ཞེ་ན་དེའི་ཕྱིར། རླུང་གིས་མ་བསྐྱོད་པ་ནའོ་ ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རླུང་གིས་བསྐྱོད་པ་དང་གཡེངས་པར་མ་གྱུར་ནའོ། །འདིར་ཚད་ཅི་ཙམ་གྱིས་ན་བསྐྱོད་པ་ཉིད་ཡིན་པར་རིག་པར་བྱ་ཞེ་ན། དེའི་ཕྱིར། གོས་ཀྱི་གྲྭ་འགུལ་བ་ནི་དེའི་མཐའ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གོས་ཀྱི་མཐའ་ཞེས་བྱ་བ་གོས་ཀྱི་ཕྱོགས་གཅིག་ བསྒུལ་ཞིང་བསྐྱོད་པ་ཉིད་དེའི་མཐའ་ཡིན་ནོ། །གནས་སྐབས་དེ་དག་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་གཞན་དག་ལ་ཡང་བསྟན་པའི་ཕྱིར། ཆར་གྱིས་མ་ཕོག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་ལ་ཆར་གྱིས་མ་ཕོག་པ་དེ་ནི་ཆར་གྱིས་མ་ཕོག་པ་སྟེ། གཞན་ གྱི་དུས་སུ་ཁྲུས་བྱེད་པའོ། །ཆུས་ཕོག་པ་གང་ཡིན་པ་དེ་ནི་འདིར་ཆར་གྱིས་ཕོག་པ་ཡིན་ནོ། །ཆར་གྱིས་ཕོག་པ་འདིའི་མཐའ་གང་ཡིན་ཞེ་ན་དེའི་ཕྱིར། དེའི་ནི་ཐིགས་པ་གཉིས་ཀྱིས་ཕོག་པའོ་ཞེས་བྱ་བ་སྨྲས་ཏེ། ཆར་གྱིས་ཕོག་པ་དེའི་མཐའ་ནི་ཐིགས་པ་གཉིས་ཀྱིས་ཕོག་ པའོ། །གང་ལ་ཞེ་ན། དེའི་ཕྱིར། ལུས་ལའོ་ཞེས་བྱ་བ་སྨྲས་ཏེ། གོས་ལ་མ་ཡིན་ནོ། །འདིར་གཞུང་ནི་ཐན་ཆུའི་ཐིགས་པ་གཉིས་སམ། གསུམ་གྱིས་ལུས་ལ་ཕོག་པར་གྱུར་ན་ཞེས་གསུངས་པ་ཡིན་ནོ། །བསྒྲུབ་པའི་ཚུལ་གྱིས་ནི་འདི་སྐད་བསྟན་པ་ཡིན་ཏེ། ན་བ་དང་ལས་ བྱས་པ་དང་ལམ་དུ་ཞུགས་པ་དང་རླུང་གིས་བསྐྱོད་པ་དང་། ཆར་གྱིས་ཕོག་པའི་དགེ་སློང་ལ་ནི་གཞན་གྱི་དུས་སུ་ཁྲུས་བྱེད་པ་ལ་ཉེས་པ་མེད་དེ་དུས་ལ་བབ་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་ཞིག་རྗེས་སུ་བསྒྲུབ་ན་ཁྲུས་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། གཞན་གྱི་དུས་སུ་ ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཞག་བཅོ་ལྔའི་མདུན་རོལ་དུ་ཁྲུས་བྱེད་ནའོ་ཞེས་བྱ་བ་སྨྲས་ཏེ། གཞན་གྱི་དུས་སུ་ཞེས་བྱ་བ་ནི། སྔར་སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ཟླ་བ་གཅིག་སྟེ། ཟླ་བ་ཕྱེད་དང་གསུམ་བསྟན་པ་གང་ཡིན་པ་དེ་ལས་གཞན་གྱི་ དུས་སུའོ། །ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཞག་བཅོ་ལྔའི་མདུན་རོལ་དུ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་ཀྱིས་ཤིག་ཅེས་བཀའ་སྩལ་པ་ལས་གང་གི་ཉིན་མོ་ཁྲུས་བྱས་པར་གྱུར་པ་ནས་བརྩམས་ཏེ། ཞག་བཅུ་བཞི་ཚུན་ཆད་ཀྱི་བར་དུ་ནི་ཁྲུས་བྱར་མི་རུང་ བས་དེ་ནི་ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཡང་ཡིན་ལ། ཞག་བཅོ་ལྔའི་མདུན་རོལ་ཡང་ཡིན་པས་དེར་རོ། །ཁྲུས་བྱེད་ནའོ་ཞེས་བྱ་བ་ནི། དུས་དེར་ཁྲུས་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་ཀྱིས་ཤིག་ཅེས་གསུངས་པ་ཡང་ གང་གི་ཉིན་མོ་ཁྲུས་བྱས་པར་གྱུར་པ་དེ་ཉིད་ཀྱི་ཉིན་མོ་ཡང་ཁྲུས་གཞན་མི་བྱ་སྟེ་ཉི་མ་དེ་ཉིད་ཀྱང་ཉི་མ་གཅིག་ཏུ་བརྩི་ཞིང་དེ་ནས་བརྩམས་ཏེ་ཞག་བཅོ་ལྔའི་མདུན་རོལ་ཞག་བཅུ་བཞི་པ་ཚུན་ཆད་དུ་ཁྲུས་བྱེད་ན་ལྟུང་བྱེད་དུ་གསུངས་པ་ཡིན་ཏེ། དེ་ལྟར་བརྩིས་ན་བཅོམ་ལྡན་འདས་ ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་ཀྱིས་ཤིག་ཅེས་གསུངས་པ་གང་ཡིན་པ་དེ་དང་མཐུན་པར་འགྱུར་གྱི། གལ་ཏེ་གང་གི་ཉིན་མོ་ཁྲུས་བྱས་པར་གྱུར་པ་དེའི་ཕྱིར་དེའི་ཉིན་པར་གྱི་ཉི་མ་གང་ཡིན་པ་དེ་ནས་བགྲང་བར་རྩོམ་ན་ནི་དེའི་ཚེ་ཉི་མ་བཅུ་དྲུག་པ་ལ་ཁྲུས་བྱ་བར་འགྱུར་ཏེ། བཅོ་ལྔ་ པ་ལ་ཁྲུས་བྱའོ་ཞེས་གསུངས་པ་དང་འགལ་བར་འགྱུར་བས་དེའི་ཕྱིར་གང་གི་ཉིན་མོ་དགེ་སློང་ཁྲུས་བྱེད་པ་ན་ཁྲུས་ཟིན་པ་ནས་བརྩམས་ཏེ་དེ་ཉིད་ཀྱི་ཉིན་མོ་ཡང་ཁྲུས་གཞན་མི་བྱ་བ་ཡིན་པས་ཉི་མ་དེ་ཉིད་མ་གཏོགས་པར་དེ་ཕྱིན་ཆད་ཉི་མ་བཅོ་ལྔ་ནི་ཁྲུས་ཀྱི་ཉི་མ་མ་ཡིན་པ་ཞེས་བྱ་བ་ སྟེ། དེ་དག་ཏུ་ཁྲུས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཁྲུས་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར། དབང་བསྐུར་བས་སམ་འཇུག་པས་སོ་ཞེས་བྱ་བ་སྨྲས་ཏེ། དབང་བསྐུར་བ་ཞེས་བྱ་བ་ནི། བུམ་པ་ལ་སོགས་པས་ལུས་ཀྱི་སྟེང་ནས་དབང་བསྐུར་བའི་ཚུལ་དུ་ཆུ་བླུགས་པ་སྟེ་དེས་ བཀྲུ་བའོ། །འཇུག་པས་ཞེས་བྱ་བ་ནི། ཆུའི་ནང་དུ་ཞུགས་པ་སྟེ་དེས་བཀྲུ་བའོ། །ཆུས་ལུས་ཀྱི་ཚད་ཇི་ཙམ་དུ་ཁྱབ་ན་ཁྲུས་ཡིན་ཞེ་ན་དེའི་ཕྱིར། ལྟེ་བར་སོན་ནའོ་ཞེས་བྱ་བ་སྨྲས་ཏེ། ཆུས་ལྟེ་བར་སོན་ན་ཁྲུས་ཡིན་ནོ། །དེ་ཡང་དབང་བསྐུར་བས་སྤྱི་བོ་ནས་བརྩམས་ཏེ་ཆུས་ལྟེ་བར་སོན་པ་ དང་། འཇུག་པས་རྐང་མཐིལ་ནས་བརྩམས་ཏེ་ལྟེ་བར་སོན་པ་རྣམ་པ་གཉི་ག་ལ་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །དབང་བསྐུར་བས་མགོ་མ་གཏོགས་པ་ལག་པ་དང་རྐང་པའི་ཕྱོགས་འཁྲུ་བ་དང་། དེ་བཞིན་དུ་འཇུག་པས་ཀྱང་རྐང་མཐིལ་ལས་གཞན་པ་ལག་ངར་དང་བྱིན་པ་ལ་ སོགས་པའི་ཕྱོགས་འཁྲུ་ན་ཉེས་བྱས་སོ། །གལ་ཏེ་ལྟེ་བའི་ལྟག་ཡན་ཆད་ཉི་ཚེ་ཆུས་འཁྲུ་ཞིང་འོག་ཏུ་མ་སོན་པ་དང་། འོག་མན་ཆད་ཉི་ཚེ་ཆུས་འཁྲུ་ཞིང་ལྟག་ཏུ་མ་སོན་པ་ཡང་ཉེས་བྱས་སོ། །གལ་ཏེ་དབང་བསྐུར་བ་དང་འཇུག་པ་གཉི་གས་དུས་གཅིག་ཏུ་ཁྲུས་རྩོམ་པ་ནི་དེ་གཉིས་ ལྟེ་བའི་ཕྱོགས་སུ་གཅིག་ཏུ་ཕྲད་པར་གྱུར་པ་ལ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པ་གཅིག་ཏུ་འགྱུར་རོ། །འདི་ལྟར་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར་ལྟེ་བའི་ཕྱོགས་ཀྱི་གོང་ངམ་འོག་གི་ཆར་ཕྱིན་པ་དེ་ནི་འདིར་ལྟེ་བ་ཞེས་སྨོས་པ་ལ་དངོས་སུ་གནས་པ་ཡིན་ནོ། ། དེ་ལྟ་བས་ན་ལྟེ་བར་མ་ཕྱིན་དུ་ཟིན་ཀྱང་ཕྱོགས་བསྡོམས་ཏེ་ཆོག་པར་གྱུར་ན་ལྟུང་བྱེད་དུ་འགྱུར་ལ་གལ་ཏེ་མ་ཆོག་ན་ནི་ཉེས་བྱས་སོ། །མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། ཆུ་ལ་རེག་པའི་མདུན་རོལ་དུ་སྦྱོར་བར་བྱེད་པ་ནི་སྦྱོར་བའི་ཉེས་བྱས་ཡིན་པར་རིག་པར་བྱའོ། །ཆུ་ མ་ཡིན་པས་ཀྱང་ངོ་ཞེས་བྱ་བ་ནི། འབྲུ་མར་དང་མར་དང་ཕྲུམ་ཁུ་དང་འོ་མ་ལ་སོགས་པ་དག་གིས་ཁྲུས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ཆུ་མ་ལགས་པ་དེ་ལས་གཞན་པའི་རྫས་དེ་དག་གིས་ཁྲུས་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་ལ་དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབས་ནའོ་ཞེས་བྱ་བ་ནི། ཁྲུས་འབའ་ཞིག་ཏུ་མ་ཟད་ཀྱི། བསླབ་པའི་གཞི་ཐམས་ཅད་ལ་དུས་དག་ཡོད་དུ་ཟིན་ཀྱང་བྱིན་གྱིས་མ་བརླབས་ཤིང་མངོན་སུམ་དུ་མ་བྱས་ན་ཉེས་བྱས་སོ། །འདིར་གཞུང་ ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་དུས་བྱིན་གྱིས་མ་བརླབས་པ་དེ་ལ་ཡང་ལྟུང་བར་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ་སྦྱོར་བ་བཏང་ནས་བྱིན་གྱིས་མི་རློབ་ནའོ་ཞེས་གསུངས་པ་ཡིན་ནོ། །སྦྱོར་བ་གང་གིས་ཁྲུས་བྱ་བ་དེ་བཏང་ནས་ཡུལ་ཡོད་པ་ཡང་མངོན་སུམ་དུ་མ་བྱས་ ཤིང་བྱིན་གྱིས་མ་བརླབས་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞག་བཅོ་ལྔ་ལ་ཁྲུས་ཀྱི་ཉིན་མོ་ལ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིན་པས་དེར་ཁྲུས་བྱེད་པ་ལ་ནི་དུས་བྱིན་གྱིས་བརླབ་པར་བྱ་མི་དགོས་སོ། །དོན་གཞན་ལ་གཞོལ་བས་ཆུ་ཉམས་སུ་མྱོང་བ་ནི་ཁྲུས་མ་ཡིན་ནོ་ ཞེས་བྱ་བ་ནི། ཁྲུས་ལ་གཞོལ་བ་ཉིད་ཀྱིས་ཆུ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཁྲུས་ཡིན་གྱི། དགོས་པ་གཞན་གྱི་བསམ་པས་ཆུ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཁྲུས་མ་ཡིན་ནོ། །དེའི་ཕྱིར་མ་བསམས་པར་རྒལ་བ་དང་བརྒྱལ་བ་ལ་གདབ་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་ བ་ལ། འདིར་གཞུང་ནི་དགེ་སློང་དག་ཆུ་ཀླུང་རྒལ་བར་བྱེད་དོ་ཞེས་གསུངས་པ་དང་གཞུང་གཞན་ལས་ཀྱང་བརྒྱལ་བ་ལ་ཆུ་དབང་བསྐུར་བ་དང་། ཟམ་པ་ལས་ལྟུང་བ་མེད་དོ། །ཆུ་ཀླུང་རྒལ་བར་བྱེད་པ་དང་ཆུས་གང་བ་ལས་མཆོང་བར་བྱེད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་ པ་ཡིན་ནོ། །ཨ་སྨྲ་པ་རན་ཏའི་ཡུལ་དག་ན་ནི་འདི་མེད་པར་ཤེས་པར་བྱའོ་ཞེས་བྱ་བ་ནི། ཨ་སྨྲ་པ་རན་ཏ་ཞེས་བྱ་བའི་ཡུལ་དག་ན་ནི་ཁྲུས་ལ་ངེས་པ་ནི་མེད་པར་ཤེས་པར་བྱའོ། །འདིར་གཞུང་ནི་ཨ་སྨྲ་པ་རན་ཏའི་ཡུལ་དག་ཏུ་ཁྲུས་བྱ་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ ནོ། །དེའི་ཕྱིར་དེ་ནི་བློ་གྲོས་དེ་ཉེ་བར་བཞག་སྟེ་དུས་མ་ཡིན་པར་ཡང་ཁྲུས་བྱའོ། །ཆོ་ག་བཙན་པོ་ཡོད་ན་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི། འདི་ནི་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་ཏེ། ཆོ་ག་བཙན་པོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀས་བཅད་ པ་དམ་པོ་སྟེ། ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་གྱིས་ཤིག །དེ་ལས་འདུམས་པར་བྱས་ན་ལྟུང་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །བག་ཡངས་སུ་ཞེས་བྱ་བ་ནི་བག་ཡངས་སུ་བྱ་བའི་ཆོ་ག་སྟེ་དུས་ལ་བབ་པ་མ་གཏོགས་ཏེ་ན་བ་དུས་སོ། །ལས་དུས་སོ། །ལམ་ དུས་སོ། །རླུང་དུས་སོ། །ཆར་དུས་སོ་ཞེས་བྱ་བ་ལ་སོགས་པས་བསླབ་པའི་གཞི་གློང་ཅིང་བག་ཡངས་སུ་མཛད་པའོ། །དེ་ལྟར་ཆོ་ག་བཙན་པོ་ཡོད་ན་ཐམས་ཅད་དུ་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་ཡུལ་མཐའ་འཁོབ་ དག་ཏུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱའོ་ཞེས་གང་གསུངས་པ་དེ་ལ། བཙུན་པ་གལ་ཏེ་བཅུའི་ཚོགས་མཆིས་བཞིན་དུ་འདུལ་བ་འཛིན་པ་དང་། ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཉེ་བ་འཁོར་ བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི་ཆོ་ག་བཙན་པོ་ཡོད་ན་ནི་ན་བ་དང་ལས་དང་ལམ་དང་རླུང་དང་ཆར་དུས་སོ་ཞེས་ བྱ་བ་ལ་སོགས་པ་ལྟ་བུའོ། །ཆོ་ག་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །ཁྲུས་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། གསོད་པའི་སེམས་ཀྱིས་དུད་འགྲོ་ལ་བསྣུན་ནའོ་ཞེས་བྱ་བ་སྨྲས་ཏེ། གསོད་པའི་སེམས་ཞེས་བྱ་བ་བསད་པའི་བསམ་པས་དུད་འགྲོ་ཞེས་བྱ་བ་ཕྱུགས་ལ་སོགས་པ་ལ་བསྣུན་ནའོ་ཞེས་བྱ་བ་མཚོན་ལ་སོགས་པས་བསྣུན་ནའོ། །ཅི་བསྣུན་པའི་དུས་ཉིད་ནའམ་ཞེ་ན་དེའི་ཕྱིར། གཞི་དེས་དེའི་ཚེའམ་གཞན་གྱི་ཚེ་ཤི་ནའོ་ཞེས་བྱ་བ་སྨྲས་ཏེ། གཞི་ དེས་ཤི་ཞེས་བྱ་བ་ནི། གསོད་པའི་སེམས་ཀྱིས་བསྣུན་པའི་གཞི་དེས་སོ། །དེའི་ཚེའམ་ཞེས་བྱ་བ་ནི། བསྣུན་པའི་དུས་དེ་ཉིད་ཀྱི་ཚེ་ཤི་ནའོ། །གཞན་གྱི་ཚེ་ཤི་ནའོ་ཞེས་བྱ་བ་ནི། བསྣུན་པའི་དུས་ཀྱི་འོག་ཏུ་དུས་གཞན་གྱི་ཚེ་ཤི་ནའོ། །སྦྱོར་བ་གཅིག་གིས་བྱས་ན་ཡང་ གསད་པར་བྱ་བ་ཇི་སྙེད་པ་རེ་རེ་ལས་ལྟུང་བྱེད་རེ་རེར་འགྱུར་རོ། །ལུས་དང་དེ་དང་འབྲེལ་བ་ནི་ཐ་མི་དད་དོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་གསོད་པའི་ཕམ་པར་འགྱུར་བ་ལས་རིག་པར་བྱའོ། །སེམས་ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་ནི་ཉེས་བྱས་བྱེད་པ་ཉིད་དོ་ཞེས་བྱ་བ་ ནི། སེམས་ཅན་གྱི་གཟུགས་ཞེས་བྱ་བ་སེམས་ཅན་གྱི་དབྱིབས་རི་མོ་ལ་སོགས་པ་དངོས་སེམས་ཅན་མ་ཡིན་ཞིང་སེམས་ཅན་གྱི་གྲངས་སུ་བགྲང་བ་མ་ཡིན་པ་ལ་བསྣུན་ན་ཉེས་བྱས་བྱེད་པ་ཉིད་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་ཤིང་ལས་བྱས་པའམ་ས་ལས་བྱས་ པའི་གཟུགས་ལ་བསྣུན་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ཏེ། དུད་འགྲོའི་རྣམ་པ་ཉིད་ལ་ནི་འདིར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་ལ། གཞན་གྱི་རྣམ་པ་ཉིད་ལ་ནི་མི་གསོད་པར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་ བཤད་ཟིན་ཏོ།། །།ཇི་ཞིག་རྗེས་སུ་བསྒྲུབ་ན་འགྱོད་པ་བསྐྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཞིང་། ཕམ་པར་གྱུར་པ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་ནའོ་ཞེས་བྱ་བ་སྨྲས་ཏེ། ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ནོ་ཞེས་བྱ་བའི་ཚིག་དེ་ནི་བསྙེན་པར་རྫོགས་པའི་དངོས་པོ་མེད་པར་སྟོན་པ་ཡིན་ནོ། །ཕམ་པར་གྱུར་པ་བྱུང་ངོ་ཞེས་བྱ་བའི་ཚིག་དེ་ནི་ཉམས་པ་ཉིད་དུ་སྟོན་པ་ཡིན་ཏེ། དགེ་སློང་གང་ལ་ཚེ་དང་ལྡན་པ་ཁྱོད་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད་བྲམ་ ཟེའི་ཚུལ་ག་ལ་ཡོད་དེ། ཚེ་དང་ལྡན་པ་ནི་བྲམ་ཟེ་རབ་ཏུ་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་འགྱོད་པ་བསྐྱེད་པའོ། །དགེ་སློང་མ་ཡིན་པའི་དོན་གྱིས་ཞེས་བྱ་བ་ནི་དགེ་སློང་ཉིད་མ་ཡིན་པའི་དོན་དགོས་པའི་ཚིག་གང་ལ་ཡོད་པ་དེ་ནི་དགེ་སློང་མ་ཡིན་པའི་དོན་ཏེ། དགེ་སློང་མ་ཡིན་པ་ཉིད་གོ་བར་བྱེད་པའི་ཚིག་དེས་འགྱོད་པ་བསྐྱེད་ན་ཁ་ན་མ་ཐོ་བར་འདིར་འགྱུར་རོ། །འདིར་ལྟུང་བ་རྣམ་པར་གཞག་པའི་བསམ་པའི་དབང་གིས་ཏེ་གལ་ཏེ་མིའི་སྐྱོན་ནས་སྨྲ་བའི་བསམ་པས་གོ་བར་བྱེད་ན་ནི་དེར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །བདེ་བ་ལ་ རེག་པར་མི་གནས་པའི་བསམ་པས་གོ་བར་བྱེད་ན་ནི་འགྱོད་པ་བསྐྱེད་པ་འདིར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །སྐུར་པ་གདབ་པའི་བསམ་པས་གོ་བར་བྱེད་ན་ནི་དགེ་འདུན་ལྷག་མར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །ཐམས་ཅད་ཀྱི་བསམ་པ་ ཉིད་ཀྱིས་ན་ནི་ཐམས་ཅད་དུ་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །མིའི་སྐྱོན་ནས་སྨྲ་བ་དང་འགྱོད་པ་བསྐྱེད་པ་དང་དགེ་འདུན་ལྷག་མ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་གཅིག་གིས་ཏེ་སྡོམ་པ་ཡང་དག་པར་བླངས་པ་ནད་པ་དང་འདྲའོ། །སུ་ལ་འགྱོད་པ་བསྐྱེད་ན་ཞེ་ན་དེའི་ཕྱིར། དགེ་ སློང་མའོ་ཞེས་བྱ་བ་སྨྲས་སོ། །ཅི་བསམ་པ་གང་ཡང་རུང་བས་སམ་ཞེ་ན་དེའི་ཕྱིར། བདེ་བ་ལ་མི་རེག་པ་བསྐྱེད་པའི་སེམས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། འདི་བདེ་བ་ལ་མི་རེག་པ་ཞེས་བྱ་བ་ནི། དགེ་སློང་ལ་ཡིད་ལ་གཅགས་པ་བསྐྱེད་པ་གང་ཡིན་པ་དེ་ཡིན་པར་རིག་པར་བྱའོ། ། བཞད་གད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི་གལ་ཏེ་བཞད་གད་ཀྱིས་ཀྱང་འགྱོད་པ་བསྐྱེད་པར་བྱེད་ན་དེ་ལྟ་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཅི་འགྱོད་པ་སྐྱེད་པ་ཁོ་ནའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར། འགྱོད་པ་མ་སྐྱེས་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་དེ་འགྱོད་ པ་མ་སྐྱེས་སུ་ཟིན་ཀྱང་དེ་ལྟ་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །གཞན་གྱིས་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། དགེ་སློང་མ་ཡིན་པའི་དོན་ལས་གཞན་པ་དགེ་འདུན་ལྷག་མ་ལ་སོགས་པའི་དོན་གྱིས་འགྱོད་པ་བསྐྱེད་ན་ཉེས་བྱས་སུ་འགྱུར་རོ། །འགྱོད་པ་བསྐྱེད་པའི་ ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཇི་ཞིག་བྱས་ན་ག་ག་ཚིལ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་ལ་སོར་མོའམ་ཁུ་ཚུར་རམ་གྲུ་མོའམ་ཕྲག་པའམ་མགོའམ་གློ་འམ་རྒྱབ་བམ་རྐེད་པའམ་བརླའམ་པུས་མོའམ་བྱིན་པའམ་རྐང་པའི་མཐེ་བོང་ལ་སོགས་ པ་དག་གིས་ག་ག་ཚིལ་བྱེད་པས་རེག་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་ལ་སོར་མོ་ལ་སོགས་པ་དག་གིས་ག་ག་ཚིལ་བྱེད་པས་ཞེས་བྱ་བ་སྐྱི་གཡའ་བར་བྱེད་པས་རིག་ནའོ་ཞེས་བྱ་བ་ལུས་ཀྱི་དབང་པོ་དང་ལུས་ཀྱི་དབང་པོར་རེག་པ་དེ་གཉི་གས་ཉམས་སུ་མྱོང་ན་ཁ་ན་མ་ཐོ་བ་འདིར་འགྱུར་ རོ། །དེ་ལྟར་ཡང་འདིར་གཞུང་ནི་རང་གིའམ་གཞན་གྱིའམ་གཉི་གའི་ལུས་ཀྱི་དབང་པོ་ཉམས་པ་ཉིད་ལ་རེག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་སོགས་པ་ཞེས་བྱ་བའི་སྒྲས་ནི་རང་གི་ལུས་ཀྱི་ཡན་ལག་གཞན་དག་ཀྱང་འཕངས་པ་ཡིན་གྱི། གོས་ལ་སོགས་ པས་ནི་མ་ཡིན་ནོ། །ལུས་མ་ཡིན་པས་ལུས་མ་ཡིན་པ་ལ་རེག་པ་དང་སྐྲ་དང་སེན་མོ་དང་སོ་དག་གིས་རེག་པ་ནི་ཉེས་བྱས་སོ། །ཅི་བསམ་པ་གང་ཡང་རུང་བས་རེག་ནའམ་ཞེ་ན་དེའི་ཕྱིར། སྐྱི་གཡའ་བར་བྱེད་པའི་སེམས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། འདིར་སྐྱི་གཡའ་བ་ཞེས་བྱ་ བ་ནི་བག་འཁུམས་པར་བྱེད་པ་སྟེ་སྐྱི་གཡའ་བར་བྱེད་པ་བག་འཁུམས་པར་བྱེད་པ་འདར་བར་བྱེད་པ་ལ་སོགས་པའི་ལུས་ཀྱི་བྱ་བའི་རྣམ་པའི་བསམ་པས་ཞེས་བྱ་བའི་ཐ་ཚིག་གོ། །སྐྱི་གཡའ་བར་བྱ་བའི་བསམ་པ་མ་ཡིན་པ་ཀུན་དུ་ཆགས་པ་མེད་པའི་སེམས་ཀྱིས་རེག་པ་ལ་ནི་ལྟུང་བ་ མེད་དོ། །ཀུན་དུ་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་རེག་པ་ལ་ནི་དགེ་འདུན་ལྷག་མར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །ཞེ་སྡང་དང་ལྡན་པའི་སེམས་ཀྱིས་རེག་པ་ལ་ནི་གསོད་པ་དང་རྡེག་པར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །དེ་དག་ལས་གཞན་པའི་ཉོན་ མོངས་པ་ཅན་གྱི་སེམས་ཀྱིས་རེག་པ་ལ་ནི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེའི་ཕྱིར་རྨ་དང་སྦྲང་བུ་དང་འབྲུམ་བུ་དང་སྨེ་བ་དང་སྤུའི་ཚོམས་བསྟན་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་རེག་པ་ལ་ནི་ཁ་ན་མ་ཐོ་བ་འདིར་འགྱུར་བ་དེའི་ ཕྱིར། འདི་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རེག་བྱེད་གཅིག་གམ་དུ་མ་ཉིད་ལའོ་ཞེས་བྱ་བ་ནི། སོར་མོ་ལ་སོགས་པ་རེག་བྱེད་གཅིག་ཉིད་ཀྱང་རུང་དུ་མ་ཉིད་ཡིན་ཀྱང་རུང་སྟེ། ལྟུང་བ་གཅིག་ཁོ་ནར་འགྱུར་གྱི། འདིར་རེག་བྱེད་རེ་རེ་ལས་ལྟུང་བ་ཐ་དད་པར་དབྱེ་ བ་ནི་མེད་དོ། །འདིར་གཞུང་ནི་དགེ་སློང་གིས་སོར་མོ་གཅིག་གིས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ། །དེ་བཞིན་དུ་གཉིས་སམ་གསུམ་མམ་བཞིའམ་ལྔ་དག་གིས་ཀྱང་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ག་ག་ཚིལ་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །། བམ་པོ་སུམ་ཅུ་བཞི་པ། ཅི་ཞིག་བྱས་ན་ཆུ་ལ་རྩེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཆུའི་ཡུལ་ལ་རྩེ་བ་རྗེས་སུ་བསྒྲུབ་ནའོ་ཞེས་བྱ་བ་སྨྲས་ཏེ། ཆུའི་ཡུལ་ལ་འོག་ནས་འབྱུང་བའི་རྩེ་བ་ནི་ཞེས་བྱ་བ་དག་རྗེས་སུ་བསྒྲུབ་ཅིང་ཡོངས་སུ་རྫོགས་པར་གྱུར་ ན་འདིར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །སྤྱིར་བཤད་པ་བྱེ་བྲག་ཏུ་བསྟན་པའི་ཕྱིར། ཞུགས་ཤིང་ནུབ་པ་དང་དབྱུང་བ་དང་ངོགས་གཞན་དུ་རྒལ་བ་དང་རྒྱུན་ཕྱོགས་དང་རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བ་དང་ཆུ་ལ་རྔ་བོ་ཆེ་དང་རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པ་དང་ གསེག་མ་འཁྲབ་པ་དང་འཕེན་པ་དང་འཁོར་ཡུག་དང་རྡོ་རྗེ་དང་ཁྲོན་པ་དང་དབའ་ཀློང་དང་ཆུ་བསྲུབས་འདྲེན་པ་དག་བྱེད་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རྩེ་བའི་བསམ་པས་ཆུའི་ནང་དུ་ལྟེ་བ་མན་ཆད་ཙམ་ནུབ་པར་ཞུགས་ཤིང་ཆུའི་འོག་ཏུ་ནུབ་པར་བྱིའུ་ཟུལ་ བྱེད་པ་དང་། ཆུའི་འོག་ནས་སྟེང་དུ་འབྱུང་བ་དང་། ཆུའི་ངོགས་གཞན་ནས་གཞན་དུ་རྒལ་བ་དང་ཆུའི་རྒྱུན་ཕྱོགས་སུ་རྩོལ་བ་དང་ཆུའི་རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བ་དང་། ཆུ་ལ་རྔ་བོ་ཆེ་ནས་དབའ་ཀློང་དང་ཆུ་བསྲུབས་འདྲེན་པའི་བར་དག་བྱེད་ན་ལྟུང་བྱེད་དུ་འགྱུར་ རོ། །དབང་བསྐུར་བ་ལ་ནུབ་པ་ལ་སོགས་པ་ཡོད་པ་ལ་ནི་དངོས་གཞིར་རྣམ་པར་མི་གཞག་གོ། །གཏིང་ལ་སོགས་པར་འཇུག་པ་ལ་ནུབ་པ་ལ་སོགས་པ་ཡོད་པ་དེ་ལ་ནི་ཅི་རིགས་པར་རྗེས་སུ་བསྒྲུབ་པ་ལ་དངོས་གཞིར་འགྱུར་རོ། །བེམ་ཏོལ་གྱིས་རྡེག་ན་ཉེས་བྱས་སོ་ཞེས་བྱ་བ་ ནི། ཞུགས་ཀྱང་བེམ་ཏོལ་གྱིས་རྡེག་པ་ལ་ནི་ཉེས་བྱས་སུ་འགྱུར་རོ། །བུམ་པ་དང་ཕྲུ་བ་དང་རིལ་བ་དང་ཁ་ཕོར་དང་བུ་རམ་གྱི་ཁུ་བ་འཛག་པ་དང་སྲན་ཚོད་དང་འུ་ཤ་དང་ཐང་ཚ་བ་ཉིད་ཡོད་པ་ལ་ཡང་ངོ་ཞེས་བྱ་བ་ནི། གང་དུ་འཇུག་ཏུ་རུང་བ་དེར་ཞུགས་ཏེ་ནུབ་པ་ལ་སོགས་ པ་རྗེས་སུ་བསྒྲུབ་པ་ལ་ནི་ལྟུང་བྱེད་དུ་འགྱུར་ལ། བེམ་ཏོལ་གྱིས་རྡེག་པ་ལ་ནི་ཉེས་བྱས་སོ། །ཆུར་མ་ཞུགས་པར་རྩེ་བ་ཐམས་ཅད་ལ་ནི་ཉེས་བྱས་ཁོ་ནའོ། །བུ་རམ་གྱི་ཁུ་བ་འཛག་པ་ཞེས་བྱ་བ་ནི་གང་དུ་བུ་རམ་གྱི་ཤིང་བཙིར་བའི་ཁུ་བ་འཛག་པའོ། །ཆུ་མ་ཡིན་པ་ལ་རྩེ་བ་ ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་ཉེས་བྱས་སོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་ཏེ་ཆུ་ལས་གཞན་པའི་ཆུ་མ་ཡིན་པ་སྟེ་དེ་ལ་རྩེ་བ་ཡང་ཉེས་བྱས་སོ། །གར་གྱི་བདག་ཉིད་མ་ཡིན་པ་བོང་བ་ལ་སོགས་པ་འཕེན་པ་དང་ལུས་ཀྱི་རྩེད་མོར་གྱུར་པ་གཡོ་བའི་རྩེད་མོ་གཞན་ ཐམས་ཅད་ཉེས་བྱས་ཡིན་ནོ། །གར་གྱི་བདག་ཉིད་ནི་སྔར་གར་དང་གླུ་དང་རོལ་མོ་ཀུན་དུ་སྤྱད་པར་མི་བྱའོ་ཞེས་སྨོས་པས་བཀག་ཟིན་ཏོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་ཆབ་མ་ལགས་པ་དངོས་པོ་ལྷག་མ་ལ་རྩེ་བར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་ གསུངས་པ་ཡིན་ནོ། །དེ་ལྟ་བུ་ལ་བྱེད་དུ་བཅུག་པ་ནི་དེ་དང་འདྲའོ་ཞེས་བྱ་བ་ལ། དེ་ལྟ་བུ་ཞེས་བྱ་བ་ནི། ཆུ་ལས་གཞན་པའི་རྫས་ལ་སྟེ་དེ་ལས་གཞན་གཡོ་བ་ལ་སོགས་པ་བྱེད་དུ་བཅུག་པ་ནི་རང་གིས་བྱས་པ་དང་འདྲ་བར་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ཇི་ལྟར་ཆུ་ ལས་གཞན་པའི་རྫས་ཀྱིས་ཡུལ་ལ་རྩེ་བ་ལ་རང་བྱེད་པས་ལྟུང་བར་རྣམ་པར་གཞག་པ་བྱས་པ་བཞིན་དུ་གཞན་བྱེད་དུ་འཇུག་པ་ཡང་དེ་དང་འདྲའོ། །བྱེད་དུ་བཅུག་པ་ལ་ཡང་རྩེ་བའི་ལྟུང་བྱེད་ཀྱི་ཡུལ་དུ་གྱུར་པ་ལ་ནི་ལྟུང་བྱེད་དུ་འགྱུར་ལ། ཉེས་བྱས་ཀྱི་ཡུལ་དུ་གྱུར་པ་ལ་ནི་ཉེས་ བྱས་སུ་འགྱུར་བ་ཡིན་ཏེ། བསྙེན་པར་རྫོགས་པས་བྱེད་དུ་བཅུག་ན་བྱེད་དུ་འཇུག་པ་དང་བྱེད་པ་གཉི་ག་ལ་ཁ་ན་མ་ཐོ་བ་འདི་འདྲ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་རངས་པའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་རངས་སུ་གཞུག་པའི་བསམ་པ་ལ་ཡང་དེ་བཞིན་ནོ། ། རྩེ་བའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་རྩེར་གཞུག་པའི་བསམ་པ་ལ་ཡང་དེ་བཞིན་ནོ། །དགའ་བའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་དགར་གཞུག་པའི་བསམ་པ་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ཅི་བསམ་པ་གང་ཡང་རུང་བས་བྱེད་དམ་བྱེད་དུ་བཅུག་པ་དག་ ལ་ཁ་ན་མ་ཐོ་བ་འདིར་འགྱུར་རམ་ཞེ་ན་དེའི་ཕྱིར། རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་སོ་ཞེས་བྱ་བ་སྨྲས་ཏེ། རྒོད་པའི་སྒོ་ནས་དགའ་བ་ཉམས་སུ་མྱོང་བར་བྱའོ་སྙམ་པའི་བསམ་པས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་ དགེ་སློང་གིས་བུམ་པའི་སྦྱོར་བས་ཆུས་འཐོར་ན་ཐམས་ཅད་དུ་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་སིམ་པར་འདོད་པས་རྒལ་བ་ལ་སོགས་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་དགོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་ འདུན་པས་བྱེད་དམ་བྱེད་དུ་བཅུག་པ་ལ་ལྟུང་བ་འདིར་འགྱུར་བ་དེའི་ཕྱིར་སིམ་པར་འདོད་པས་རྒལ་བ་ལ་སོགས་པ་ནི་ལྟུང་བ་མེད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ནུབ་པ་དང་འབྱུང་བ་ལ་སོགས་པ་དག་བསྡུས་ཏེ་དེ་དག་བྱས་སམ་བྱེད་དུ་བཅུག་པ་ལ་ཡང་ལྟུང་བ་མེད་དོ། ། རྐྱལ་སློབ་བ་ཐད་ཀའམ་ལྟག་འོག་ཏུ་སྩོལ་བ་ལ་ཡང་ངོ་ཞེས་བྱ་བ་ནི། རྐྱལ་སློབ་པའི་བསམ་པས་ཐད་ཀར་རྩོལ་བ་དང་ལྟག་འོག་ཏུ་སྩོལ་བ་ལ་ཡང་ལྟུང་བ་མེད་དོ། །གྲང་བར་འདོད་པས་ཚ་བ་དག་ལ་རི་མོ་དོད་པ་ལ་ཡང་ངོ་ཞེས་བྱ་བ་ནི། གྲང་ཞིང་དད་ལས་པར་འདོད་པས་འུ་ ཤ་ལ་སོགས་པ་ཚ་བ་དག་ལས་དཀྲུགས་པ་ལ་སོགས་པས་རི་མོ་དོད་པར་བྱེད་པ་ལ་ཡང་ལྟུང་བ་མེད་པའོ། །ཆུ་ལ་རྩེ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བུད་མེད་དང་ ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ། །དུས་གང་གི་ཚེ་གཉིད་ལོག་ན་ཞེ་ན་དེའི་ཕྱིར། མཚན་མོའོ་ཞེས་བྱ་བ་སྨྲས་ཏེ། ནུབ་མོའོ། །ཅི་མཚན་མོ་ཐམས་ཅད་ཀྱི་སྐད་ཅིག་གང་ཡང་ རུང་བ་ལའམ་ཞེ་ན་དེའི་ཕྱིར། མཐར་རོ་ཞེས་བྱ་བ་སྨྲས་ཏེ། མཚན་མོའི་མཐའི་སྐད་ཅིག་ལའོ། །ཅི་མཚན་མོའི་མཐའི་མདུན་རོལ་དུ་ལྟུང་བ་མེད་དམ་ཞེ་ན་དེའི་ཕྱིར། མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། མཚན་མོའི་མཐའི་མདུན་རོལ་དུ་ནི་ཉེས་བྱས་སོ། ། འདིར་མིའི་བུད་མེད་མཐུ་མེད་པ་དང་མ་ནིང་ཕོ་དང་མ་ནིང་མོ་དང་མི་མ་ཡིན་པ་སྤྲུལ་པ་དང་དུད་འགྲོ་མཐུ་མེད་པ་ཉིད་ལ་ཡང་ཉེས་བྱས་ཡིན་ན་ཅི་བོང་ཚོད་གང་ཡང་རུང་བ་དང་ལྡན་པའི་མཐུ་མེད་པ་ལ་སོགས་པ་དག་ལ་དེར་ཤེས་པར་བྱའམ་ཞེ་ན་དེའི་ཕྱིར། བྱ་གག་གི་ཚད་ནི་དེ་བྱེད་ པ་ཉིད་ཀྱི་མཐའོ་ཞེས་བྱ་བ་སྨྲས་ཏེ། དངོས་གཞིའི་བྱེད་པ་ལས་གཞན་གང་ལ་བྱ་གག་གི་བོང་ཚོད་ཙམ་གྱི་ཚད་ཡོད་པ་དེ་ནི་བྱ་གག་གི་ཚད་དོ། །དེ་བྱེད་པ་ཉིད་ཀྱི་མཐའོ་ཞེས་བྱ་བ་ནི། ཉེས་བྱས་བྱེད་པ་ཉིད་ཀྱི་མཐའ་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། བོང་ཚོད་དེ་ཙམ་ དང་ལྷན་ཅིག་གནས་གཅིག་ཏུ་མཚན་མོ་གཉིད་ལོག་ན་ཉེས་བྱས་སུ་འགྱུར་ལ། མདུན་རོལ་དུ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་སྔངས་པར་བྱེད་པའི་ཁ་ན་མ་ཐོ་བར་འགྱུར་ཞེ་ན་དེའི་ཕྱིར། བཞད་ གད་བྱ་བར་བསམ་པས་ཀྱང་རུང་སྟེ། སྔངས་པར་འདོད་པས་འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་འཇིགས་པར་བྱེད་པ། ཆེ་གེ་མོ་ཞིག་ཅེས་དགེ་སློང་ལ། གཞན་གྱིས་ཀྱང་གོ་བར་བྱེད་ན། འཇིགས་པ་མ་སྐྱེས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། བཞད་གད་བྱ་བར་ བསམ་ཀྱང་རུང་སྟེ་ཞེས་བྱ་བ་ནི། དགོད་པའི་བསམ་པས་ཀྱང་རུང་བའོ། །ཀྱང་ཞེས་བྱ་བའི་སྒྲ་ནི་ཁྲོ་བ་སྔོན་དུ་བཏང་བས་ཀྱང་རུང་བའོ། །སྔངས་པར་འདོད་པ་ཞེས་བྱ་བ་ནི། འཇིགས་པ་བསྐྱེད་པར་འདོད་པས་སོ། །འོ་ན་སྔངས་པར་འདོད་པ་ཞེས་བྱ་བའི་བྱེ་བྲག་འདི་སྨོས་ ཅི་དགོས་ཏེ། འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་གོ་བར་བྱེད་པ་ཞེས་བྱ་བ་ཉིད་ཀྱིས་སྔངས་པར་འདོད་པས་ཞེས་བྱ་བ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། སྔངས་པར་འདོད་པ་མེད་པར་ཡང་འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ། གོ་ བར་བྱེད་པ་ཡོད་པ་ཁོ་ན་ཡིན་ཏེ། གལ་ཏེ་འདི་སྙམ་དུ་བདག་གིས་འདི་ནམ་ཡང་ལན་འགའ་ཡང་བདག་ལས་འཇིགས་པ་སྐྱེས་པར་མ་གྱུར་པའི་བྱུང་བའི་མཐའ་རྣམས་རྣམ་པ་མང་དུ་ཉམས་སུ་མྱོང་མོད་ཀྱི། འོན་ཀྱང་རེ་ཞིག་བཞད་གད་བྱས་པར་གྱུར་ཅིག་སྙམ་དུ་ སེམས་པ་ལ་ནི་སྔངས་པར་འདོད་པ་མེད་པར་ཡང་འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་གོ་བར་བྱེད་པ་ཡོད་པས་དེའི་ཕྱིར་སྔངས་པར་འདོད་པས་ཞེས་བྱ་བའི་བྱེ་བྲག་འདི་སྨོས་དགོས་སོ། །འཇིགས་པའི་རྒྱུ་ཞེས་བྱ་བ་ནི། ཡིད་དུ་མི་འོང་བ་སྟེ་དེ་ཉེ་བར་ བསྒྲུབ་པ་སྔོན་དུ་བཏང་བ་གོ་བར་བྱེད་པ་ནི། སྔངས་པར་བྱེད་པའི་ཁ་ན་མ་ཐོ་བར་འགྱུར་རོ། །གོ་བར་བྱེད་པ་རྣམ་པ་གཉིས་ཏེ་དོན་དང་གོ་བར་བྱ་བ་ལའོ། །དེ་ལ་དོན་གོ་བར་བྱེད་པ་ནི། འཇིགས་པར་བྱེད་པ་ཞེས་བྱ་བས་བསྟན་ཏོ། །ཇི་ལྟར་འཇིགས་པར་བྱེད་པ་གོ་བར་བྱེད་ཅེ་ ན་དེའི་ཕྱིར་ཆེ་གེ་མོ་ཞིག་ཅེས་སྨྲས་སོ། །གོ་བར་བྱ་བ་གང་ལ་གོ་བར་བྱེད་ཅེ་ན། དེའི་ཕྱིར་དགེ་སློང་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གཞན་ལའོ། །གཞན་གྱིས་ཀྱང་གོ་བར་བྱེད་ན་ཞེས་བྱ་བ་ནི། བདག་ཉིད་ཀྱིས་གོ་བར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ གོ་བར་བྱེད་དུ་བཅུག་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །འཇིགས་པ་མ་སྐྱེས་ཀྱང་ངོ་ཞེས་བྱ་བ་ནི། དགེ་སློང་འཇིགས་པ་མ་སྐྱེས་ཀྱང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་བ་སྟེ། ཀྱང་གི་སྒྲ་ནི་འཇིགས་པ་སྐྱེས་ནས་ཡང་ཁ་ན་མ་ཐོ་བ་ཁོ་ ནར་འགྱུར་རོ། །འཇིགས་པའི་རྒྱུ་ཅི་འདྲ་བ་ཞིག་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་གོ་བར་བྱེད་ན་ཁ་ན་མ་ཐོ་བ་ཅི་འདྲ་བར་འགྱུར་ཞེ་ན་དེའི་ཕྱིར་ཡིད་དུ་མི་འོང་བ་ལ་ནི་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། གཟུགས་མི་སྡུག་པ་ལ་སོགས་པ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་གོ་བར་བྱེད་ན་ དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ཡིད་དུ་མི་འོང་བ་དཔེས་བསྟན་པའི་ཕྱིར། འདི་ལྟ་སྟེ་དཔེར་ན། ཡི་དགས་དང་ཤ་ཟ་དང་གྲུལ་བུམ་དང་ལུས་སྲུལ་པོ་གཟུགས་ལ་བ་ནག་པོ་དང་སོལ་བ་དང་ཀ་བ་ཚིག་པ་ལྟ་བུ་སེང་གེ་དང་སྟག་དང་གུང་དང་མཚའ་དང་གཟིག་དང་ཝའི་ སྐད་ལྟ་བུ་བཤང་བ་དང་གཅི་བ་དང་ར་བ་དང་དེའི་ཟེ་བའི་དྲི་ལྟ་བུ་སེག་དང་རེ་ལྡེ་དང་ཕྱར་བའི་རེག་པ་ལྟ་བུ་དག་ཉིད་སྒྲོགས་པའོ་ཞེས་བྱ་བ་སྨྲས་ཏེ། འདི་དག་གིས་ཡི་དགས་ལ་སོགས་པའི་གཟུགས་དང་སྒྲ་དང་དྲི་དང་རེག་བྱའི་བྱེ་བྲག་བསྟན་པ་སྟེ་དེ་ལྟ་བུའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་ རེག་པ་དང་ལྡན་པའི་ཡི་དགས་ལ་སོགས་པ་འདི་ན་ཡོད་དོ་ཞེས་སྒྲོགས་ཤིང་གོ་བར་བྱེད་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ལ་བ་ནག་པོ་དང་སོལ་བ་དང་ཀ་བ་ཚིག་པ་ལྟ་བུ་ཞེས་བྱ་བའི་ཚིག་གསུམ་གྱིས་ནི་ཡི་དགས་ལ་སོགས་པའི་གཟུགས་ཀྱི་བྱེ་བྲག་བསྟན་ཏོ། །སེང་ གེ་དང་སྟག་དང་གུང་དང་མཚའ་དང་གཟིག་དང་ཝའི་སྐད་ལྟ་བུ་ཞེས་བྱ་བ་ནི། ཡི་དགས་ལ་སོགས་པའི་སྒྲའི་བྱེ་བྲག་བསྟན་ཏོ། །བཤང་བ་དང་གཅི་བ་དང་ར་བ་དང་དེའི་ཟེ་བའི་དྲི་ལྟ་བུ་ཞེས་བྱ་བ་ནི། ཡི་དགས་ལ་སོགས་པའི་དྲིའི་བྱེ་བྲག་བསྟན་ཏོ། །སེག་དང་རེ་ལྡེ་དང་ཕྱར་ བའི་རེག་པ་ལྟ་བུ་ཞེས་བྱ་བ་ནི། ཡི་དགས་ལ་སོགས་པའི་རེག་པའི་བྱེ་བྲག་བསྟན་ཏོ། །ཉིད་སྒྲོག་པའོ་ཞེས་བྱ་བ་ནི། ཡི་དགས་ལ་སོགས་པའི་བྱེ་བྲག་དེ་ལྟ་བུ་དང་ལྡན་པ་ཉིད་འདི་ན་ཡོད་དོ་ཞེས་གོ་བར་བྱེད་པའོ། །ཡིད་དུ་འོང་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། ཡིད་དུ་འོང་ བའི་རྒྱུ་ཉེ་བར་བསྒྲུབ་པ་སྒྲོགས་ན་ཉེས་བྱས་སུ་འགྱུར་བའོ། །འདིར་ཡིད་དུ་འོང་བ་དཔེས་བསྟན་པའི་ཕྱིར། འདི་ལྟ་སྟེ་དཔེར་ན། ལྷ་དང་ཀླུ་དང་དྲི་ཟ་དང་གནོད་སྦྱིན་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་གཟུགས་ནོར་ཅན་དང་ཚོང་དཔོན་དང་དེད་དཔོན་ལ་སོགས་པ་ལྟ་བུ། པི་ཝང་ལ་སོགས་པའི་སྒྲ་ལྟ་བུ་ཨ་ཀ་རུ་དང་། ཙན་དན་དང་གུར་ཀུམ་དང་ཏ་མ་ལའི་ལོ་མའི་དྲི་ལྟ་བུ་དང་དར་དང་རས་ཡུག་ཆེན་དང་བེའུ་རས་དང་དར་ལ་དང་དུ་གུ་ལའི་རས་དང་ཀོ་ཏམ་པའི་རས་ཀྱིས་རེག་པ་ལྟ་བུ་དག་ཉིད་སྒྲོགས་པའོ་ཞེས་བྱ་བ་སྨྲས་ཏེ། འདི་དག་གིས་ནི་ལྷ་ ལ་སོགས་པའི་གཟུགས་དང་སྒྲ་དང་དྲི་དང་རེག་པའི་བྱེ་བྲག་བསྟན་ཏེ། དེ་ལྟ་བུའི་གཟུགས་དང་སྒྲ་དང་དྲི་དང་རེག་པ་དང་ལྡན་པའི་ལྷ་ལ་སོགས་པ་འདི་ན་ཡོད་དོ་ཞེས་སྒྲོགས་ཤིང་གོ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ནོར་ཅན་དང་ཚོང་དཔོན་དང་དེད་དཔོན་ལ་ སོགས་པ་ལྟ་བུའོ་ཞེས་བྱ་བ་ནི། ལྷ་ལ་སོགས་པའི་གཟུགས་ཀྱི་བྱེ་བྲག་བསྟན་ཏོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རྒྱལ་པོ་དང་བློན་པོ་དག་ལྟ་བུ་ཡང་བསྡུའོ། །པི་ཝང་ལ་སོགས་པའི་སྒྲ་ལྟ་བུ་ཞེས་བྱ་བ་ནི། ལྷ་ལ་སོགས་པའི་སྒྲའི་བྱེ་བྲག་བསྟན་ཏོ། །སོགས་ པ་ཞེས་བྱ་བའི་སྒྲས་ནི་འོད་མ་དང་བ་ལ་རི་ལ་སོགས་པའི་སྒྲ་ལྟ་བུ་དག་ཀྱང་བསྡུའོ། །ཨ་ཀ་རུ་དང་ཙན་དན་དང་གུར་ཀུམ་དང་ཏ་མ་ལའི་ལོ་མའི་དྲི་ལྟ་བུ་ཞེས་བྱ་བས་ནི། ལྷ་ལ་སོགས་པའི་དྲིའི་བྱེ་བྲག་བསྟན་ཏོ། །དར་དང་རས་ཡུག་ཆེན་དང་བེའུ་རས་དང་དར་ལ་དང་ དུ་གུ་ལའི་རས་དང་ཀོ་ཏམ་པའི་རས་ཀྱི་རེག་པ་ལྟ་བུ་ཞེས་བྱ་བས་ནི། ལྷ་ལ་སོགས་པའི་རེག་པའི་བྱེ་བྲག་བསྟན་ཏོ། །ཉིད་སྒྲོགས་པའོ་ཞེས་བྱ་བ་ནི། ལྷ་ལ་སོགས་པའི་བྱེ་བྲག་དེ་ལྟ་བུ་དང་ལྡན་པ་ཉིད་འདི་ན་ཡོད་དོ་ཞེས་གོ་བར་བྱེད་པའོ། །འདིར་ ལྷ་ལ་སོགས་པ་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་དེ་ཡི་དགས་དབང་ཆེ་བར་གྲགས་པ་དག་ཀྱང་བསྡུའོ། །སྐྱོ་བར་བྱ་བའི་ཆེད་ཉིད་ནི་མ་གཏོགས་སོ་ཞེས་བྱ་བ་ནི། གལ་ཏེ་སྐྱོ་བར་བྱ་བའི་ཆེད་ཉིད་དུ་རྣམ་པ་འདི་ལྟ་བུ་དག་བྱེད་ན་དེའི་ཚེ་ཉེས་པ་མེད་དོ། །དེའི་ཕྱིར་སྐྱོ་བར་ བྱ་བའི་ཆེད་ཉིད་དུ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཀྱི་གཏམ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་སྐྱོ་བར་བྱ་བའི་ཆེད་ཉིད་མ་གཏོགས་པ་དེའི་ཕྱིར་འདི་ལ་ཡང་ལྟུང་བ་མེད་དོ་ཞེས་ཕན་པར་བསྟན་ན་སེམས་ཅན་དམྱལ་བའི་གཏམ་ ལ་སོགས་པས་འགའ་ཞིག་སྔངས་པར་གྱུར་ཀྱང་ལྟུང་བ་མེད་དོ། །སྔངས་པར་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་སྦེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རབ་ཏུ་བྱུང་བ་འདི་ལ་དབང་བའི་ལྷུང་བཟེད་དང་ཆོས་གོས་དང་དྲྭ་བ་དང་ཕོར་བུ་ དང་སྐ་རགས་ལ་སོགས་པ་དང་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ་སྦེད་དུ་བཅུག་ནའོ་ཞེས་བྱ་བར་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་རབ་ཏུ་བྱུང་བ་འདི་པ་དགེ་སློང་དང་དགེ་སློང་མ་དང་དགེ་སློབ་དང་དགེ་ཚུལ་དང་དགེ་ཚུལ་མ་ཞེས་བྱ་བའི་གང་ཟག་གང་དག་ ལ་ཡོད་པ་དེ་དག་ནི་རབ་ཏུ་བྱུང་བ་འདི་པ་ཞེས་བྱ་བའོ། །རབ་ཏུ་བྱུང་བ་འདི་པ་དེ་དག་དབང་བའི་ལྷུང་བཟེད་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཚད་དང་ལྡན་པ་རུང་བ་རང་གིས་སྦེད་དམ་གཞན་སྦེད་དུ་འཇུག་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཚད་དང་ལྡན་པ་མ་ ཡིན་པ་དང་རུང་བ་མ་ཡིན་པ་ལ་ནི་ཉེས་བྱས་སོ། །ཕན་པར་འདོད་པས་ནི་མ་གཏོགས་སོ་ཞེས་བྱ་བ་ནི། ཕན་པའི་བསམ་པས་སྦེད་དམ་སྦེད་དུ་བཅུག་པ་ལ་ནི་ལྟུང་བ་མེད་དོ། །སྦེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བྱིན་པས་ཉེ་བར་འཚོ་བའི་ ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་ལ་གོས་བླང་བ་མེད་པར་བྱིན་གྱི་དེས་གནང་བ་མེད་པར་སྤྱོད་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་དགེ་སློང་ལ་གོས་ཕྱིར་བླང་བ་མེད་པར་གཏན་བྱིན་ནས་དེའི་འོག་ཏུ་དེས་གནང་བའི་གདེང་མེད་པར་སྤྱོད་ན་ཁ་ན་མ་ཐོ་བ་འདིར་འགྱུར་ རོ། །རང་གི་བློས་ཉེ་བར་འཚོ་བ་ལས་ལྟུང་བྱེད་འདིར་འགྱུར་གྱི། གཞན་གྱི་བློས་ཉེ་བར་འཚོ་བ་ནི་མ་བྱིན་པར་ལེན་པ་དང་ལྡན་པའི་སྦོམ་པོར་འགྱུར་ཏེ། བརྙན་པ་ངེས་པར་བྱིན་པ་ཉིད་བཞིན་དུ་ཉེ་བར་སྤྱོད་ན་སྦྱོར་བ་བཞིན་ནོ་ཞེས་བྱ་བའི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་བས་ན་ང་ཉིད་ཀྱིས་ བྱིན་པ་ང་ཉིད་སྤྱོད་དོ་ཞེས་རྗེས་སུ་གནང་བ་མེད་པར་སྤྱོད་ན་ལྟུང་བྱེད་དོ། །གོས་ལས་གཞན་པའི་ཡོ་བྱད་སྤྱོད་པ་ལ་ནི་ཉེས་བྱས་སོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་གོས་མ་གཏོགས་པ་དེ་ལས་གཞན་པའི་དགེ་སློང་གི་ཡོ་བྱད་སྩལ་ནས། སླར་མ་བླངས་པར་སྤྱོད་ན་ ཉེས་བྱས་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཅི་བསམ་པ་གང་ཡང་རུང་བས་སྤྱོད་པ་ལའམ་ཞེ་ན་དེའི་ཕྱིར། གལ་ཏེ་གཞི་དེས་དགའ་བར་མི་འགྱུར་ནའོ་ཞེས་བྱ་བ་དེ་སྨྲས་ཏེ། གལ་ཏེ་བདག་གིས་སྤྱད་པའི་རྒྱུས་དགེ་སློང་གང་ལ་བྱིན་པ་དེ་དག་དགའ་བར་ འགྱུར་རོ་སྙམ་པའི་བསམ་པ་དེ་ལྟ་བུ་ཡོད་ན་ཉེས་པ་མེད་དེ་ཡིད་གཅུགས་པས་སྤྱོད་པའི་ཕྱིར་རོ། །བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྐུར་པ་འདེབས་པར་འདོད་པས་ དགེ་སློང་ལ་འདུ་ཤེས་བསྒྱུར་ཏེ། དགེ་འདུན་ལྷག་མས་སྐུར་པ་འདེབས་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལྷག་མའི་ལྟུང་བས་སྐུར་པ་འདེབས་པར་འདོད་པས་དགེ་སློང་ལ་བདེན་པའི་ཚོར་བ་སྦས་ཤིང་འདུ་ཤེས་བསྒྱུར་ཏེ་དགེ་འདུན་ལྷག་མ་བརྫུན་པས་སྐུར་པ་གོ་བར་བྱས་ན་ ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཅི་གསལ་བར་བརྗོད་པ་འབའ་ཞིག་ལའམ་ཞེ་ན་དེའི་ཕྱིར། བག་ཙམ་གྱིས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་བསླབ་པ་སྩལ་བ་ལ་བག་ཙམ་གྱི་དགེ་འདུན་ལྷག་མས་སྐུར་པ་འདེབས་ན་ལྟུང་བ་ཅིར་ འགྱུར། ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །སྐུར་པ་འདེབས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་སྨྲ་བར་འདོད་ནས། སྔར་ལམ་དུ་འགྲོ་བ་ལ་བུད་མེད་བྱེད་པ་པོ་ཉིད་དོ་ཞེས་གང་སྨོས་པ་དེ་ ལ་ཅི་གཞན་གང་ཡང་རུང་བ་ལ་བུད་མེད་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་འདོད་པས་ལམ་དུ་འགྲོ་ནའོ་ཞེས་བྱ་བ་སྨྲས་ཏེ། རང་དགར་ལམ་དུ་འགྲོ་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། གཞན་གྱི་དབང་གིས་འགྲོ་བ་ལ་ནི་མ་ཡིན་ནོ། །ལམ་ཇི་སྲིད་དུ་འགྲོ་བ་ལ་ཞེ་ན་དེའི་ ཕྱིར་རྒྱང་གྲགས་རེ་རེར་རོ་ཞེས་བྱ་བ་སྨྲས་ཏེ། རྒྱང་གྲགས་རེ་རེར་རིག་པའི་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་རང་དགར་ལམ་དུ་འགྲོ་བ་ལ་བུད་མེད་བྱེད་པ་པོ་ཉིད་ཡིན་ནོ། །དེའི་ཕྱིར། རེ་རེར་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། རྒྱང་གྲགས་ཀྱི་ཕྱེད་ཀྱི་རེ་རེར་ནི་བུད་མེད་ཉེས་བྱས་ཀྱི་བྱེད་པ་ པོ་ཉིད་ཡིན་ནོ། །ཅི་བུད་མེད་ཀྱི་གནས་སྐབས་ཐམས་ཅད་དགེ་སློང་གི་གནས་སྐབས་ཐམས་ཅད་ལ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་དེའི་ཕྱིར། བསེལ་བྱེད་པ་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བུད་མེད་དགེ་སློང་ལམ་དུ་འགྲོ་བའི་བསེལ་བྱེད་པ་ནི་མ་གཏོགས་སོ། ། ཕོངས་པ་ལ་སོགས་པར་གྱུར་པ་དེ་ལ་བསེལ་བྱེད་པ་ལ་ནི་ཉེས་པ་མེད་པར་འགྱུར་རོ། །དེས་ལམ་ནོར་བ་ལམ་དུ་འཛུད་པར་བྱེད་པ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་དེས་ལམ་ནོར་བ་ཡང་ལམ་དུ་འཛུད་པར་བྱེད་པའི་བུད་མེད་ཀྱང་མ་གཏོགས་སོ། །མི་ནུས་པ་འཁྲིད་པ་ཡང་ངོ་ ཞེས་བྱ་བ་ནི། དགེ་སློང་ལམ་དུ་འགྲོ་མི་ནུས་པ་བཀྲི་བའི་ཕྱིར་གྲོགས་བྱེད་པའི་བུད་མེད་ཀྱང་མ་གཏོགས་སོ། །བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་གྲོང་ འཇོམས་པར་བྱེད་པའི་ཆོན་རྐུན་པ་དག་གམ་ཤོ་གམ་འདྲལ་པའི་ཚོང་པ་དག་དང་ལྷན་ཅིག་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་གཞི་སྔ་མར་འདོད་པས་འགྲོ་ནའོ། །རྒྱང་གྲགས་རེ་རེར་རོ། །དེའི་ཕྱེད་རེ་རེར་ནི་ཉེས་བྱས་སོ། །བསེལ་བྱེད་པ་ནི་མ་གཏོགས་ སོ། །དེས་ལམ་ནོར་བ་ལམ་དུ་འཛུད་པར་བྱེད་པ་ཡང་ངོ་། །མི་ནུས་པ་འཁྲིད་པ་ཡང་ཞེས་ཇི་སྐད་བསྟན་པ་ཐམས་ཅད་འདིར་ཡང་སྦྱར་བར་བྱའོ། །ཟོལ་པ་དང་རྐུ་ཐབས་སུ་རབ་ཏུ་བྱུང་བ་དག་ནི་ལྷན་ཅིག་འགྲོ་བ་དག་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ལ། ཟོལ་པ་ཞེས་བྱ་བ་ནི་གཡོ་ སྒྱུས་ཐ་སྙད་བྱེད་པའོ། རྐུ་ཐབས་སུ་རབ་ཏུ་བྱུང་བ་ཞེས་བྱ་བ་ནི། རང་གི་རྟགས་བླངས་པ་སྟེ། ལས་ཉམས་སུ་མྱོང་བ་མ་ཐོབ་པའི་དགེ་སློང་དང་དགེ་ཚུལ་ལ་སོགས་པ་རབ་ཏུ་བྱུང་བའི་རྟགས་ཅན་ཐམས་ཅད་དོ། །འདིར་ཡང་འདོད་པས་ལམ་དུ་འགྲོ་ནའོ་ཞེས་བྱ་བ་ལ་སོགས་པ་སྔར་ བསྟན་པ་ཐམས་ཅད་སྦྱར་བར་བྱའོ། །རྒྱང་གྲགས་རེ་རེར་ནི་ཉེས་བྱས་སོ། །རྒྱང་གྲགས་ཕྱེད་ཕྱེད་དུ་ནི་ཉེས་བྱས་ཕྲ་མོའོ། །འདིར་གཞུང་ནི་ཞུ་བ་ལས་ཟོལ་པ་དག་དང་ཚོང་པ་རྐུན་མ་དག་དང་ལྷན་ཅིག་ལམ་དུ་འགྲོ་ན་ཉེས་བྱས་སོ། །རྐུ་ཐབས་སུ་རབ་ཏུ་བྱུང་བ་དག་དང་ལྷན་ ཅིག་ལམ་དུ་འགྲོ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན་དེའི་ཕྱིར། ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདིར་ ཡང་ཤེས་གཙོ་བོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། བསྙེན་པར་རྫོགས་པར་བྱ་བ་ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། བསྙེན་པར་རྫོགས་ པར་བྱ་བ་གང་ཡིན་པ་དེ་གལ་ཏེ་ལོ་ཉི་ཤུ་མ་ལོན་པ་ཉིད་ཡིན་ལ། དགེ་སློང་གིས་ཀྱང་ལོ་ཉི་ཤུ་མ་ལོན་པ་ཞེས་བྱ་བར་ཤེས་པར་གྱུར་ན་ཡུལ་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཡན་ལག་གང་གིས་བསྙེན་པར་རྫོགས་པར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ ཞེ་ན་དེའི་ཕྱིར། མཁན་པོ་ཉིད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་རྣམ་པར་འབྱེད་པ་ལས་ཚིག་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་མོད་ཀྱི། འོན་ཀྱང་མཁན་པོ་ལ་ནི་ལྟུང་བྱེད་དོ། །འདིར་ལྷག་མ་རྣམས་ལ་ཉེས་བྱས་སུ་འགྱུར་བར་ནི་གླེང་གཞི་དང་མོད་ ལས་ཀྱང་སྣང་ངོ་། །འདིར་གཞུང་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་རྨས་ཏེ། མཽད་གལ་གྱི་བུ་ཁྱོད་ཀྱིས་ལོ་ཉི་ཤུ་མ་ལོན་པའི་གང་ཟག་དགེ་སློང་གི་དངོས་པོའི་ཕྱིར་བསྙེན་པར་རྫོགས་པར་བྱས་པ་བདེན་ནམ། བཙུན་པ་མད་ དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨད་ནས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ཏེ། མཁན་ པོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་པའི་དབང་དུ་མཛད་ནས། འདི་བཅའ་བ་མཛད་དོ། །ཅི་ཞིག་བྱས་ནས་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། བསྙེན་པར་རྫོགས་པར་བྱས་ནའོ་ཞེས་བྱ་བ་སྨྲས་སོ། །དེས་དེ་ལ་ལོན་པ་ཉིད་མི་དྲི་བར་མི་བྱའོ་ཞེས་བྱ་བ་ནི། མཁན་པོ་དེས་བསྙེན་པར་རྫོགས་པར་བྱ་བ་དེ་ལ་ལོ་ཉི་ཤུ་ལོན་པ་ཉིད་མི་དྲི་བར་མི་བྱ་སྟེ། དྲི་བ་ཁོ་ནར་བྱའོ། །གཞན་གྱིས་ཀྱང་མི་བྱའོ་ཞེས་བྱ་བ་ནི། མཁན་པོ་ལས་གཞན་པ་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་བསྙེན་པར་རྫོགས་པར་བྱ་བ་དེ་ལོ་ཉི་ཤུ་ལོན་པ་ཉིད་མི་དྲི་ བར་མི་བྱའོ། །ངེས་པར་མི་ཤེས་པས་དེ་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བྱ་བ་དེ་ལ་ལོ་ཉི་ཤུ་ལོན་པ་ཉིད་དུ་ངེས་པར་མི་ཤེས་པར་བསྙེན་པར་རྫོགས་པར་མི་བྱའོ། །རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ ལ་ནི་བསྙེན་པར་རྫོགས་པ་འཆགས་སོ་ཞེས་བྱ་བ་ནི། གལ་ཏེ་བསྙེན་པར་རྫོགས་པར་བྱ་བ་དེ་ཡང་དག་པར་ལོ་ཉི་ཤུ་ལོན་པ་ཉིད་ཡིན་ན་ནི་དེའི་ཚེ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་མེད་དེ་འདི་ལྟར་བསྙེན་པར་རྫོགས་པར་བྱ་བ་བསྙེན་པར་རྫོགས་པར་བྱེད་པ་དག་ལོ་ཉི་ཤུ་མ་ལོན་པ་ཉིད་དུ་འདུ་ ཤེས་སམ་ཡིད་གཉིས་ཟ་ན་མ་དྲིས་སམ་མ་བརྗོད་པར་རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་མ་ལོན་པ་ཉིད་དུ་འདུ་ཤེས་སུ་ཟིན་ཀྱང་གང་ཟག་ལོ་ཉི་ཤུ་ལོན་པ་ལ་བསྙེན་པར་རྫོགས་པར་འཆགས་ཏེ། ལོ་ཉི་ཤུ་ལོན་པའི་ཞིང་ཉིད་ལ་ཉམས་པར་བྱ་བར་མི་ནུས་པའི་ཕྱིར་རོ། །ཅིག་ཤོས་ལ་ནི་ལོན་པར་འདུ་ ཤེས་པ་ཉིད་ནའོ་ཞེས་བྱ་བ་ནི། ཅིག་ཤོས་ལོ་ཉི་ཤུ་མ་ལོན་པའི་གང་ཟག་ལ་ནི་ལོ་ཉི་ཤུ་ལོན་པ་ཉིད་དུ་འདུ་ཤེས་ན་བསྙེན་པར་རྫོགས་པ་འཆགས་ཏེ་འདི་ལ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དག་ལ་ཡང་ངོ་ཞེས་བྱ་བ་ཡང་ཅིག་ཤོས་ལ་ བསྙེན་པར་རྫོགས་པར་འཆགས་སོ་ཞེས་བྱ་བར་སྦྱར་རོ། །མི་ཤེས་པ་ཞེས་བྱ་བ་ནི། ལོ་གྲངས་མི་ཤེས་པའོ། །མི་དྲན་པ་ཞེས་བྱ་བ་ནི་ལོ་ཚིགས་མི་དྲན་པའོ། །ཡིད་གཉིས་ཟ་བ་ཞེས་བྱ་བ་ནི་ལོ་ཉི་ཤུ་ལོན་ནམ་མ་ལོན་སྙམ་དུ་ཡིད་གཉིས་ཟ་བ་སྟེ་དེ་དག་ལ་ཡང་གང་ཟག་ལོ་ཉི་ ཤུ་མ་ལོན་པ་ལོ་ཉི་ཤུ་ལོན་པ་ཉིད་དུ་འདུ་ཤེས་པ་ཉིད་ཡིན་ན་གལ་ཏེ་མཁན་པོ་ལ་སོགས་པ་བསྙེན་པར་རྫོགས་པར་བྱེད་པ་དག་ལ་མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དག་ཡོད་དུ་ཟིན་ཀྱང་བསྙེན་པར་རྫོགས་པར་བྱ་བ་ལ་བསྙེན་པར་རྫོགས་པ་འཆགས་སོ། །འདི་ལྟར་ལོ་ཉི་ཤུ་ མ་ལོན་པ་ཞིང་ཉིད་ཡིན་ཞེ་ན། འདིར་རྣམ་པ་གཉིས་ཀྱི་ཞིང་ཉིད་དུ་རྣམ་པར་གཞག་སྟེ། དངོས་པོ་དང་ཡིད་གཉིས་སོ། །དེ་ལ་དངོས་པོ་ལས་ནི་ཞིང་ཉིད་དུ་རྣམ་པར་གཞག་པ་ནི་དེས་ལོ་ཉི་ཤུ་ལོན་པ་ཉིད་ཡིན་ནོ། །ཡིད་ཀྱིས་ཞིང་ཉིད་དུ་རྣམ་པར་གཞག་པ་ནི་ཡང་དག་པར་ལེན་ པར་བྱེད་པའི་ཡིད་ཀྱི་དབང་གིས་ཞིང་ཉིད་ཡིན་པ་སྟེ། གལ་ཏེ་བདག་ཉིད་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་ཡིན་པའོ། །བསམ་པའི་དབང་གིས་ཀྱང་སྡོམ་པའི་ཞིང་ཉིད་མཐོང་སྟེ། དཔེར་ན་དགེ་བའི་རྩ་བ་ཕྱིར་འབྱོར་པ་ལྟ་བུའོ། །རྐུ་ཐབས་སུ་གནས་པ་ཉིད་ཀྱང་དེ་དང་འདྲ་བ་ཉིད་ དུ་རིག་པར་བྱ་སྟེ། གལ་ཏེ་བདག་ཉིད་ཀྱི་ཆོ་ག་འཁྲུགས་པ་ལ་སོགས་པའི་ཉེས་པ་འགའ་ཞིག་གིས་སྡོམ་པ་མ་ཆགས་པ་ཉིད་དུ་ཤེས་ནས་དེའི་ཚེ་རྐུ་ཐབས་སུ་གནས་པ་ཉིད་སྐྱེ་བར་འགྱུར་ལ། གལ་ཏེ་མི་ཤེས་ན་ནི་རྐུ་ཐབས་སུ་གནས་པ་ཉིད་སྐྱེ་བར་མི་འགྱུར་ཏེ། འདི་ལྟར་རྐུ་ བའི་བསམ་པས་དགེ་འདུན་གྱི་ཁོངས་སུ་གཏོགས་པར་བྱེད་པ་མེད་པའི་ཕྱིར་རོ། །ཤེས་ན་ནི་དེ་ཞིག་གོ་ཞེས་བྱ་བ་ནི། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པས་ལོ་ཉི་ཤུ་མ་ལོན་པར་ཤེས་ན་སྔར་སྡོམ་པ་འཆགས་པ་དེ་ཞིག་གོ། །ཅི་ཆོ་ག་གཅིག་ཏུ་ཟད་དམ་ཞེ་ན། དེའི་ཕྱིར་ གལ་ཏེ་སྐྱེས་པ་ན་མ་ལོན་པའི་འོ་ཞེས་བྱ་བ་སྨྲས་ཏེ། བསྙེན་པར་རྫོགས་པའི་འོག་ཏུ་བདག་ཉིད་ལོ་ཉི་ཤུ་མ་ལོན་ནོ་སྙམ་པའི་གནས་སྐབས་དེའི་ཚེ་གལ་ཏེ་དགེ་སློང་དེས་ལོ་ཉི་ཤུ་ལོན་པར་གྱུར་ན་དེའི་ཚེ་དེའི་སྡོམ་པ་སྔར་ཆགས་པ་དེ་ཞིག་གོ། །གལ་ཏེ་ བདག་ཉིད་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་སོ་སྙམ་པའི་འདུ་ཤེས་སྐྱེས་པའི་གནས་སྐབས་དེའི་ཚེ་ན་དེས་ལོ་ཉི་ཤུ་ལོན་པར་གྱུར་ན་ནི་དེའི་སྡོམ་པ་སྔར་ཆགས་པ་དེ་མི་འཇིག་གོ། །བསམས་པ་ཙམ་གྱི་དབང་གིས་ཀྱང་སྡོམ་པ་གཏོང་བ་སྣང་སྟེ། དཔེར་ན་དགེ་བའི་རྩ་བ་ཆད་ པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ཅི་བསྙེན་པར་རྫོགས་པའི་གནས་སྐབས་ན་བདག་ཉིད་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་ཤེས་པའི་ཚེ་དེའི་གནས་སྐབས་ཕན་ཆད་ལོ་ཉི་ཤུ་ལོན་ནམ་མ་ལོན་བརྩི་བ་སྟེ། དང་པོ་མངལ་གྱི་གནས་ནས་བཙས་པ་ནས་བརྩམས་ཏེ། དེ་ཚུན་ཆད་ནས་ བརྩི་བར་བྱ་བའམ་འོན་ཏེ་དང་པོ་མངལ་དུ་ཞུགས་པ་ཚུན་ཆད་ནས་བརྩི་བར་བྱ་ཞེ་ན་དེའི་ཕྱིར། མངལ་ན་གནས་པ་དང་ཤོལ་གྱི་ཟླ་བ་དང་ཡང་བཅས་ཏེའོ་ཞེས་བྱ་བ་སྨྲས་ཏེ། མངལ་ན་གནས་པའི་ཟླ་བ་དག་དང་ཤོལ་གྱི་ཟླ་བ་ལྷག་མ་དག་དང་ཡང་བཅས་ཏེ། དེའི་ལོ་ཉི་ཤུ་ཉིད་བརྩི་བར་ བྱའོ། །བསྙེན་པར་རྫོགས་པར་འདོད་པའི་གནས་སྐབས་སུ་ནི་བརྩི་བར་མི་བྱ་སྟེ། གལ་ཏེ་བརྩི་བར་བྱེད་ན་བསྙེན་པར་རྫོགས་པ་ནི་འཆགས་ལ་བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་ བ་དེ་བཤད་ཟིན་ཏོ།། །།གང་ལ་ས་རྐོ་བའི་ཁ་ན་མ་ཐོ་བར་འགྱུར་ཞེ་ན་དེའི་ཕྱིར་རྐོའམ་རྐོར་བཅུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རང་གིས་ས་རྐོའམ་གཞན་རྐོར་བཅུག་པ་ལའོ། །རྐོ་བ་ཞེས་བྱ་བ་ནི། ས་ལ་སོགས་པ་དེ་ཙམ་ཞིག་ས་ཕྱི་མོ་ལས་ཕྲལ་ཞིང་ཐ་དད་པར་བྱས་པ་གང་ཡིན་ པའོ། །དེའི་ཕྱིར་འདིར་ནི་ལན་རེ་བཏབ་པ་ལ་སྦྱོར་བ་ཐ་དད་པར་རིག་པར་བྱ་སྟེ། འདིར་སྦྱོར་བ་ཐ་དད་པ་རེ་རེ་ལས་ལྟུང་བ་ཐ་དད་པ་རེ་རེར་རྣམ་པར་བཞག་གོ། །ཅི་ཞིག་རྐོའམ་རྐོར་བཅུག་པ་ལ་ཞེ་ན་དེའི་ཕྱིར་སའི་སའོ་ཞེས་བྱ་བ་སྨྲས་ཏེ། སའི་རང་བཞིན་གྱི་ས་ཡིན་གྱི་བྱེ་མ་དང་རྡོ་ཐལ་ རྒྱུ་དང་རྡོ་ལ་སོགས་པའི་རང་བཞིན་གྱི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དུས་ཐམས་ཅད་དུ་དེ་གཉིས་ཁ་ན་མ་ཐོ་བ་འདིར་འགྱུར་ཞེ་ན་དེའི་ཕྱིར། ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་འཛུགས་པ་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་ སློང་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་གཙུག་ལག་ཁང་ལ་སོགས་པའི་ཐིག་འདེབས་པའི་ཚེ་དུས་ལས་ཡོལ་དུ་མི་རུང་ལ་དེའི་ཚེ་ན་བསྙེན་པར་མ་རྫོགས་པ་རུང་བར་བྱེད་པའི་འོས་གཞན་མེད་ན་དེའི་ཚེ་ཐུར་མ་སོར་བཞི་ཙམ་གྱི་ཚད་ས་ལ་འཛུགས་པ་ནི་མ་གཏོགས་ཏེ། དེ་ལ་ནི་ཉེས་པ་མེད་དོ་ ཞེས་བྱ་བའི་ཐ་ཚིག་གོ། །སའི་ས་ཇི་ལྟ་བུ་ཞིག་ཁ་ན་མ་ཐོ་བ་ཇི་ལྟ་བུར་འགྱུར་ཞེ་ན་དེའི་ཕྱིར། གལ་ཏེ་རང་བཞིན་ཅན་ཡིན་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རང་བཞིན་དུ་ཆགས་པའི་ས་ཡིན་ན་དེ་རྐོས་སམ་རྐོར་བཅུག་ན་དངོས་གཞིར་འགྱུར་རོ། །རང་བཞིན་ཅན་ ཞེས་བྱ་བ་ནི་འཐས་པར་གནས་པའོ། །གལ་ཏེ་མ་ཡིན་ན་ཉེས་བྱས་སོ་ཞེས་བྱ་བ་ནི། རང་བཞིན་དུ་ཆགས་པའི་ས་མ་ཡིན་ན་དེ་རྐོས་སམ་རྐོར་བཅུག་ན་ཉེས་བྱས་ཏེ། འཐས་པ་མ་ཡིན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རང་བཞིན་ཅན་ཞེས་བྱ་བ་ནི། ཇི་ལྟ་བུ་ཞིག་ ཡིན་རང་བཞིན་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན་དེའི་ཕྱིར། སྔ་མ་ཤོས་ནི་ཟླ་བ་གསུམ་ལོན་པའི་འཐས་པའོ་ཞེས་བྱ་བ་སྨྲས་ཏེ། སྔ་མ་ཤོས་རང་བཞིན་ཅན་ཞེས་བྱ་བ་ནི་དང་པོ་འཐས་པ་ལས་ཞིག་པའི་ཡན་ལག་རྣམས་ཟླ་བ་གསུམ་ལོན་ཅིང་ཕྱིར་འཐས་ཏེ་འབྱོར་ པར་གྱུར་པ་དེའི་ཚེ་ན་རང་བཞིན་ཅན་ཞེས་བྱ་བའོ། །ཅི་དུས་ཐམས་ཅད་དུ་ཡུན་དེ་སྲིད་ཀྱིས་རང་བཞིན་ཅན་དུ་འགྱུར་རམ་ཞེ་ན་དེའི་ཕྱིར། གལ་ཏེ་ཆར་ཆུ་ཞོད་ནའོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་ནམ་ཞོད་པར་གྱུར་ཅིང་ཡང་དང་ཡང་དུ་ཆར་འབབ་པར་གྱུར་པ་དེའི་ཚེ་ན་ཟླ་བ་ གསུམ་གྱིས་ས་རང་བཞིན་ཅན་དུ་འགྱུར་རོ། །དུས་གཞན་གྱི་ཚེ་ན་ཟླ་བ་དུ་ལོན་ན་རང་བཞིན་དུ་འགྱུར་ཞེ་ན་དེའི་ཕྱིར་གཞན་གྱི་ཚེ་ན་དྲུག་གོ་ཞེས་བྱ་བ་སྨྲས་ཏེ། ནམ་ཞོད་པ་ལས་གཞན་གྱི་དུས་ཀྱི་ཚེ་ན་ནི་ཟླ་བ་དྲུག་ལོན་ན་རང་བཞིན་ཅན་དུ་འགྱུར་རོ། །རྩིག་པ་ནི་ས་ཉིད་མ་ཡིན་པར་ཤེས་ པར་མི་བྱའོ་ཞེས་བྱ་བ་ནི། རྩིག་པ་ནི་ས་ཉིད་མ་ཡིན་པར་ཤེས་པ་མི་བྱ་སྟེ་ས་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སའི་དངོས་པོ་ནི་ས་ཉིད་དོ། །འདིས་ནི་ཁང་ཐོག་ཀྱང་ས་ཉིད་ཡིན་པར་བྱས་པར་རིག་པར་བྱའོ། །ས་ཕུང་གལ་ཏེ་སྟེང་གི་ཆ་ནི་འཐས་ལ་འོག་གི་ཆའི་ ཡན་ལག་མ་འཐས་པར་གྱུར་ན་དེ་ནི་ས་ཉིད་མ་ཡིན་པར་ཤེས་པར་བྱའོ། །འཐས་པར་གྱུར་ན་ནི་དེ་ས་ཉིད་དུ་རྣམ་པར་གཞག་པ་ཁོ་ན་ཡིན་ནོ། །འདུས་པ་དག་ལ་ནི་ཤས་ཆེ་བས་མཚན་ཉིད་དག་རབ་ཏུ་དབྱེ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདི་ལྟར་ས་ལ་སོགས་པ་འདུས་པ་དག་ལ་ནི་ཤས་ ཆེ་བ་ཉིད་ཀྱིས་མཚན་ཉིད་དག་རབ་ཏུ་དབྱེ་བ་ཉིད་ཡིན་ཏེ། འདུས་པ་གང་ལ་སྲ་བ་ཉིད་ལ་སོགས་པའི་རྫས་ཀྱི་མཚན་ཉིད་གང་གི་ཤས་ཆེ་བ་ཉིད་ཡོད་པའི་མཚན་ཉིད་དེ་ཉིད་ཀྱིས་འདུས་པ་རབ་ཏུ་དབྱེ་ཞིང་བསྟན་པ་དང་ཁས་བླང་བར་བྱ་སྟེ། འདུས་པ་དེ་ལ་དེའི་ཤས་ཆེ་བའི་ཕྱིར་རོ། །དེའི་ ཕྱིར་ཉུང་ངུ་གཞན་ཡོད་པའི་རྫས་ཉིད་ལ་ནི་ཕལ་ཆེ་བ་ཉིད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་འདུས་པ་དག་ལ་ཤས་ཆེ་བས་མཚན་ཉིད་དག་རབ་ཏུ་དབྱེ་བ་ཉིད་ཡིན་པ་དེའི་ཕྱིར་རྫས་རིགས་མི་མཐུན་པ་གཞན་དང་འདྲེས་པ་ཉིད་ལ་ནི་ཕལ་ཆེ་བ་ཉིད་ལྷག་པ་ཡིན་པར་ཤེས་པར་བྱ་སྟེ། སའི་ཚོགས་བྱེ་མ་དང་ འདྲེས་པ་ལ་ཡང་ས་ཕལ་ཆེན་ས་ཉིད་ཡིན་པར་བལྟ་བར་བྱའི། འདྲེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འདིར་དེ་རྐོས་སམ་རྐོར་བཅུག་ན་དངོས་གཞིར་འགྱུར་ལ་གཞན་ལ་ནི་ཉེས་བྱས་སོ། །ཚིག་པ་ཉིད་ནི་ཉམས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ས་ཉིད་ཚིག་པ་ཉིད་ནི་ཉམས་པ་ཉིད་ ཡིན་པར་རིག་པར་བྱའོ། །ཉམས་པ་ཉིད་ལ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། ས་ཉིད་ཉམས་པ་ཉིད་ལ་ནི་ཕྱེད་ཉིད་དེ་ཉེས་བྱས་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ལས་ས་ཚིག་པ་རྐོ་ན་ཉེས་བྱས་སོ། །རྐོར་འཇུག་ན་ཉེས་བྱས་སོ། །རྣམ་པར་ཉམས་པ་ཡང་དེ་ བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །འདིར་རྣམ་པར་ཉམས་པ་ཞེས་བྱ་བ་ནི། འདམ་རྫབ་ཏུ་གྱུར་པ་ཉིད་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །ས་ཞག་དང་ངོགས་དང་རྩིག་པ་དང་དེའི་སྐྱང་ནུལ་གྲུགས་པ་དག་ཀྱང་ངོ་ཞེས་བྱ་བ་ནི། ཕྱེད་ཉིད་དོ་ཞེས་བྱ་བར་སྦྱར་རོ། །ས་ཞག་དང་ངོགས་ དང་རྩིག་པ་དང་དེའི་སྐྱང་ནུལ་དག་གལ་ཏེ་གྲུགས་པར་གྱུར་ན་དེ་དག་ནི་ཕྱེད་ཉིད་དོ། །དེའི་སྐྱང་ནུལ་ཞེས་བྱ་བའི་སྒྲས་ནི་རྩིག་པའི་སྐྱང་ནུལ་བརྗོད་དོ། །རྡོ་ཐལ་རྒྱུ་དང་བྱེ་མ་ལ་སོགས་པ་ཤས་ཆེ་བ་ཡང་ངོ་ཞེས་བྱ་བ་ཡང་ཕྱེད་ཉིད་དོ་ཞེས་བྱ་བར་སྦྱར་རོ། །རྡོ་ཐལ་རྒྱུ་ཞེས་བྱ་བའི་སྒྲས་ནི་རྡོ་རྒྱུས་ལ་ སོགས་པ་བརྗོད་དོ། །ས་གང་ལ་དེ་གཉིས་ཤས་ཆེ་བ་དེ་ནི་ཕྱེད་ཉིད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སའི་ངོ་བོ་ཉིད་མ་ཡིན་པའི་རྫས་ལྷག་མ་དག་ཀྱང་བསྡུའོ། །བྱ་བ་དག་ཀྱང་ངོ་ཞེས་བྱ་བ་ཡང་ཕྱེད་ཉིད་དོ། །དེ་གང་ཡིན་ཞེ་ན་དེའི་ཕྱིར། ཕུར་པ་འབྱིན་པ་དང་རི་མོ་འདྲེན་པ་དང་སའི་བྱེ་མ་འདྲེན་པ་ དང་ལྕི་བ་འགོགས་པ་དང་འདམ་བསྐྱོད་པ་དང་དེ་དང་འབྲེལ་བའི་ཕྲུ་བ་ལ་སོགས་པ་འདེགས་པ་དང་འཇིག་པའི་བདག་ཉིད་ཀྱི་ཚ་སྒོ་དག་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཕྱེད་ཉིད་དོ་ཞེས་བྱ་བར་སྦྱར་རོ། །ཕུར་པ་བཏབ་ན་ནི་ལྟུང་བྱེད་དུ་འགྱུར་ལ། ཕུར་པ་འབྱིན་པ་ནི་ཉེས་བྱས་སུ་འགྱུར་རོ། ། ས་ལ་མཛུབ་མོ་ལ་སོགས་པས་རི་མོ་འདྲེན་པ་དང་ལྕི་བ་འགོགས་པ་གང་ལ་སའི་ཕྱེ་མ་འདྲེན་པར་འགྱུར་བའི་ལྕི་བ་འགོགས་པ་དེ་ནི་སའི་ཕྱེ་མ་འདྲེན་པའི་ལྕི་བ་འགོགས་པ་སྟེ། དེ་དག་དང་འདམ་མེར་མེར་པོ་བསྒུལ་ཞིང་བསྐྱོད་པ་དང་འདམ་རྫབ་དང་འབྲེལ་བའི་ཕྲུ་བ་དང་བུམ་པ་ལ་སོགས་པ་ འདེགས་པ་དང་རྩིག་པ་ལ་སོགས་པ་འཇིག་ཅིང་འབྲུལ་བར་བྱེད་པའི་བདག་ཉིད་ཅན་གྱི་ཚ་སྒོའི་རྫས་ཀྱི་རང་བཞིན་གང་ཡིན་དེ་འབྲུལ་བར་བྱེད་པ་ཡང་ཉེས་བྱས་སོ། །ཅི་དགེ་སློང་གི་བསམ་པ་གང་ཡང་རུང་བས་འདིར་དེ་དག་སྤྱད་ན་ཁ་ན་ཐོ་བ་རྫོགས་པའམ་ཆུང་བར་འགྱུར་རོ་ཞེ་ན་དེའི་ཕྱིར། འདིར་ གཞིག་པའི་བློ་དང་ལྡན་ན་དེའི་འོ་ཞེས་བྱ་བ་སྨྲས་ཏེ། ཕུར་པ་འབྱིན་པ་ལ་སོགས་པའི་བྱ་བ་འདིར་དགེ་སློང་གང་ལ་ས་གཞིག་པའི་བློ་ཡོད་པ་དེ་ནི་གཞིག་པའི་བློ་དང་ལྡན་པ་སྟེ། དེ་བྱས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་ཡང་ས་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བར་ རིག་པར་བྱའོ། །འདི་ལྟར་སར་འདུ་ཤེས་པ་མེད་ན་ནི་སའི་ཡུལ་ལ་གཞིག་པའི་བློ་ཡང་མི་འབྱུང་བས་གང་ལ་གཞིག་པའི་བློ་ཡོད་པ་དེ་ལ་ནི་སར་འདུ་ཤེས་པ་ཡང་གདོན་མི་ཟ་བར་ཡོད་པར་འགྱུར་རོ། །དེའི་ཕྱིར་བགྲང་བ་དང་ཤོད་དགོད་པ་ལ་སོགས་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་ བ་ནི། གང་གི་ཕྱིར་གཞིག་པའི་བསམ་པ་མེད་པ་ལ་ལྟུང་བ་མེད་པ་དེའི་ཕྱིར་འདི་ལ་ཡང་ལྟུང་བ་མེད་དོ། །ས་རྐོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།མགྲོན་དུ་གཉེར་བ་ལ་རིང་དུ་འདུག་པའི་ལྟུང་བྱེད་སྨྲ་བར་འདོད་ནས། ཧ་ཅང་བླང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། མ་བསྟབས་པར་སློང་བ་ནི་མི་རིགས་པ་ཁོ་ན་ཡིན་པས་དེའི་ཕྱིར་འདི་ནི་བསྟབས་པའི་ཕྱིར་བྱས་པ་ཡིན་ནོ། །མགྲོན་དུ་བོས་པའི་ཁྱིམ་དུ་གདུགས་ཚོད་ལ་མ་བསྐུལ་བ་དེ་མེད་ན་འགྲོར་རུང་ངོ་ཞེས་བྱ་བ་ནི། མགྲོན་དུ་བོས་པའི་ཁྱིམ་དུ་འགྲོར་རུང་ངོ་ཞེས་བྱ་བར་སྦྱར་ཏེ། ཁྱིམ་གང་དུ་ཟས་ སྦྱར་བར་ཁས་བླངས་པའི་ཁྱིམ་དེར་ནི་མགྲོན་དུ་བོས་པའི་ཁྱིམ་སྟེ་དེར་འགྲོར་རུང་ངོ་། །སུ་ཞེ་ན་གདུགས་ཚོད་མ་བསྐུལ་བ་སྟེ། དགེ་སློང་ལ་སྦྱིན་བདག་གིས་ད་གདུགས་ཚོད་ལ་བབ་ན་གཤེགས་སུ་གསོལ་ཞེས་མ་བསྐུལ་བ་གང་ཡིན་པ་དེ་ནི་གདུགས་ཚོད་མ་བསྐུལ་བ་སྟེ། དེར་ འགྲོར་རུང་ངོ་། །གང་གི་ཚེ་ཞེ་ན་དེ་མེད་ན་སྟེ། གདུགས་ཚོད་བསྐུལ་བ་མེད་ནའོ། །འདིར་གཞུང་ནི་བདག་གིས་གདུགས་ཚོད་བསྐུལ་བར་མི་ནུས་ཀྱི་རང་གིས་དུས་ཤེས་ནས་ཤོག་ཤིག་ཅེས་གསུངས་པ་ཡིན་ནོ། །དུས་ལས་ཡོད་དུ་བྱེད་ན་རིམས་ཤིག་ཅེས་བསྒོ་བ་ཡང་ངོ་ཞེས་བྱ་བ་ཡང་། མགྲོན་དུ་བོས་པའི་ཁྱིམ་དུ་སོང་བ་ན་གདུགས་ཚོད་ཡོལ་དུ་བྱེད་ན་དགེ་སློང་རང་གིས་སྦྱིན་བདག་ལ་ད་གདུགས་ཚོད་བྲིམས་ཤིག་ཅེས་བསྐུལ་དུ་རུང་བ་ཉིད་ཡིན་པའོ། །ཚིག་འབྲུ་དེ་ཉིད་མ་ཡིན་པ་ལ་གུས་པར་མི་བྱའོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསོལ་བ་དང་བཞིའི་ལས་ལ་ སོགས་པའི་ཚིག་འབྲུ་གང་དུ་གསུངས་པ་དེ་ཉིད་མ་གཏོགས་པ་དེ་ལས་གཞན་པའི་ཚིག་འབྲུ་འཇིག་རྟེན་གྱི་ཐ་སྙད་དུ་བྱ་བའི་དོན་གྱི་སྐབས་དག་ཏུ་གསུངས་པ་གང་ཡིན་པ་དེ་ལ་གཅིག་ཏུ་འཆེལ་ཞིང་གུས་པར་མི་བྱ་སྟེ། དོན་དེ་གོ་བར་བྱ་བའི་ཚིག་འབྲུ་ཡུལ་དང་དུས་གང་དུ་གང་འཇེབས་ ཤིང་གོ་བར་འགྱུར་བའི་ཚིག་འབྲུ་གཞན་དུ་བསྒྱུར་ཏེ། སྨྲས་ཀྱང་ཉེས་པ་མེད་པའོ། །དེ་ལྟར་ཡང་འདིར་གཞུང་ནི་སྟན་དག་ཅི་བདེར་གྱིས་ཤིག །ཚེ་དང་ལྡན་པ་ཁྱེད་ཀྱི་ཅི་བདེ་ཞེས་བྱ་བ་ནི་བདག་མི་ཤེས་ཀྱི་འདི་ལྟར་སྟན་དག་ནི་ཁྱེད་ཁོ་ནའི་ཕྱིར་བཤམས་སོ་ཞེས་ཟེར་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་སྐད་ཟེར་ན་ཅི་བདེར་བྱས་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ནི་ཐ་སྙད་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་པའི་ཕྱིར་སྤྱིར་མདོར་བྱས་པ་ཡིན་ནོ། །སོ་སོར་མགྲོན་དུ་བོས་པ་བདག་གིར་བྱའོ་ཞེས་བྱ་བ་ནི། ཐ་དད་པ་མགྲོན་དུ་ བོས་པ་བདག་གིར་བྱ་བའོ། །དགེ་འདུན་སྤྱན་དྲངས་པ་ཡོད་ན་གང་ཟག་གིས་ཁས་བླང་བར་མི་བྱ་སྟེ། མགྲོན་དུ་བོས་པ་གཉི་ག་བཀག་པའི་ཕྱིར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། དགེ་འདུན་དང་བཅས་ཏེ་མགྲོན་དུ་བོས་པ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་དགེ་འདུན་སྤྱན་དྲངས་ པ་ཡོད་ན་གང་ཟག་གིས་ཀྱང་ཁས་བླངས་པ་ལ་ཉེས་པ་མེད་པའོ། །དུས་ཐམས་ཅད་དུ་ཡང་ངོ་ཞེས་བྱ་བ་ནི། དགེ་འདུན་ནམ་གང་ཟག་ཇི་སྲིད་འཚོ་བའི་བར་དུ་མགྲོན་དུ་བོས་ན་ཡང་བདག་གིར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་སུམ་ཅུ་ལྔ་པའོ། །ཅི་ཞིག་བྱས་ན་མགྲོན་དུ་ གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཚིགས་རྣམ་པར་གཞག་པ་མེད་པར་མགྲོན་དུ་གཉེར་བ་དང་ལྡན་པ་ལས་ཕྱིས་གཞན་ནམ་ཡང་དང་ཡང་དུའམ་དུས་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པར་ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ་བཤམས་པ་ཟོས་ནའོ་ཞེས་ བྱ་བ་སྨྲས་ཏེ། ཚིགས་རྣམ་པར་གཞག་པ་མེད་པར་ཞེས་བྱ་བ་ནི། སྦྱིན་པ་པོ་དང་སྦྱིན་བདག་གང་ཡིན་པས་བདག་གིས་ཁྱོད་དུས་འདི་སྲིད་དུ་མགྲོན་དུ་གཉེར་ཏོ་ཞེའམ་ཁྱོད་རྟག་ཏུ་མགྲོན་དུ་གཉེར་ཏོ་ཞེས་བྱ་བ་རྣམ་པ་དེ་ལྟ་བུས་དུས་ངེས་པར་བྱས་པའི་ཚིགས་རྣམ་པར་གཞག་པ་མེད་ པར་རོ། །མགྲོན་དུ་གཉེར་བ་དང་ལྡན་པ་ཞེས་བྱ་བ་ནི། སྦྱིན་པ་པོའམ་སྦྱིན་བདག་དེས་གང་ཟག་གམ་དགེ་འདུན་གྱི་ཁོངས་སུ་གཏོགས་པས་མགྲོན་དུ་གཉེར་བས་དགེ་སློང་འགའ་ཞིག་མགྲོན་དུ་གཉེར་བར་འགྱུར་བའི་སྦྱིན་པ་པོའམ་སྦྱིན་བདག་གང་ཡིན་པ་དེ་ནི་མགྲོན་དུ་གཉེར་བ་དང་ ལྡན་པ་ཞེས་བྱ་བ་སྟེ། དགག་པ་ཕྱེ་བ་དང་ལྡན་པའི་ཕྱིར་བཟློག་པ་བརྩལ་བ་དང་ལྡན་པ། མགྲོན་དུ་གཉེར་བ་བོས་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་པ་པོའམ་སྦྱིན་བདག་མགྲོན་དུ་གཉེར་བ་དང་ལྡན་པ་དེ་ལས་ཕྱིས་དགེ་སློང་དེས་གནས་སྐབས་ཀྱི་ཁྱད་པར་ཇི་ལྟ་བུར་གྱུར་པ་ ཞིག་ཏུ་ཟོས་ན་དེའི་ཕྱིར། ཕྱིས་གཞན་ནམ་ཡང་དང་ཡང་དུའམ་དུས་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པར་ཞེས་བྱ་བ་སྨྲས་ཏེ། སྦྱིན་པ་པོའམ་སྦྱིན་བདག་མགྲོན་དུ་གཉེར་བ་དང་ལྡན་པ་དེས་སྔར་དགེ་སློང་དེ་མགྲོན་དུ་གཉེར་བ་དང་ལྡན་པ་མ་གཏོགས་པར་དེ་ལས་གཞན་པའི་དུས་སུ་ཕྱིས་ དགེ་སློང་དེ་མགྲོན་དུ་གཉེར་བར་མ་བྱས་པ་གང་ཡིན་པ་དེ་ནི་ཕྱིས་མགྲོན་དུ་གཉེར་བ་མ་བྱས་པ་སྟེ། རྣམ་པ་གང་གིས་ཕྱིས་མགྲོན་དུ་གཉེར་བ་མ་བྱས་པར་ཤེས་ན་དེའི་ཕྱིར་གཞན་ནམ་ཡང་དང་ཡང་དུའམ་དུས་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པ་ཡིན་ནོ། །དེ་ལ་གཞན་གྱིས་མགྲོན་དུ་ གཉེར་བ་མ་བྱས་པ་ཞེས་བྱ་བ་ནི། སྔར་ཚིགས་རྣམ་པར་གཞག་པ་མེད་པར་མགྲོན་དུ་གཉེར་བ་ལས་གཞན་པའི་རྣམ་པ་གཞན་གྱིས་མགྲོན་དུ་གཉེར་བ་མ་བྱས་པའོ། །ཡང་དང་ཡང་དུ་མགྲོན་དུ་གཉེར་བ་མ་བྱས་པ་ཞེས་བྱ་བ་ནི། ཉིན་རེ་ཉིན་རེ་ཞིང་ཡང་དང་ཡང་དུ་མགྲོན་དུ་གཉེར་བ་མ་བྱས་པའོ། ། དུས་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པའོ་ཞེས་བྱ་བ་ནི། བསམ་པ་ཤས་ཆེན་པོ་ཉིད་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པའོ། །དེ་ལྟར་སྦྱིན་པ་པོའམ་སྦྱིན་བདག་གང་གིས་སྔར་མགྲོན་དུ་གཉེར་བ་དང་ལྡན་པ་དེས་