Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 162
Văn bản gốc(Tây Tạng)
Trang 1 / 26 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། བི་ན་ཡ་སཱུ་ཏྲ་ཊཱི་ཀ །བོད་སྐད་དུ། འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ ལོ། །འདུལ་བ་རྒྱ་མཚོའི་གཏིང་དང་ཕ་རོལ་བརྙེས་གྱུར་ཅིང་། །དྲི་མ་མེད་རྒྱུ་མཐའ་དག་རྫོགས་པའི་དགོངས་ལྡན་པ། །འཇིག་རྟེན་འདྲེན་པ་མ་ལུས་མཆོག་ལ་ཕྱག་འཚལ་ཏེ། ། འདུལ་བའི་མདོ་ཡི་དེ་ཉིད་རྣམ་པར་དབྱེ་བར་བྱ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་བྱ་བ་མདོ་དང་པོ་འདིས་ནི། འདུལ་བའི་མདོའི་འགྲེལ་པ་དང་། བརྗོད་ པར་བྱ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་བརྗོད་དེ། འདི་ལྟར་རྟོག་པ་སྔོན་དུ་གཏོང་བ་དག་ནི་འབྲེལ་པ་མེད་པ་དང་། བརྗོད་པར་བྱ་བ་མེད་པ་དང་། དགོས་པ་མེད་ པའི་ཚིག་ཀྱང་ཁས་མི་ལེན་ན། བསྟན་བཅོས་ལ་སོགས་པ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་འདུལ་བའི་མདོ་འདི་ལ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་ཕྱིར་བརྗོད་ པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པར་དོགས་པ་སྤང་བའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་ དགོས་པའི་ཡང་དགོས་པ་བསྟན་ཏོ། །དེ་ལྟར་ན་འདིས་བཞི་པོ་བསྟན་ཏེ། ཁ་ཅིག་ནི་མངོན་སུམ་དུའོ། །ཁ་ཅིག་ནི་བརྒྱུད་པས་སོ། །དེ་ལ་འདིར་བརྗོད་པར་བྱ་བ་ནི། ཆོས་འདི་པ་དག་གི་ཚུལ་ཁྲིམས་ཏེ། ཚུལ་ ཁྲིམས་ནི་ཚུལ་ཁྲིམས་སོ། །དེ་ལྟ་བས་ན་ཚུལ་ཁྲིམས་ཞེས་བྱ་བའི་སྒྲ་སྨོས་པ། བརྗོད་པར་བྱ་བ་བསྙད་པ་ཡིན་ནོ། །འདིར་དགོས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚུལ་ཁྲིམས་བསྟན་པ་སྟེ། དེ་ ཡང་མདོ་འདིས་རྗོད་པར་བྱེད་དོ། །དེ་ལྟ་བས་ན་མདོ་འདི་ནི་ཐབས་ཡིན་ལ། ཚུལ་ཁྲིམས་བསྟན་པ་ནི་ཐབས་ལས་བྱུང་བ་ཡིན་ནོ། །ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ། །འབྲེལ་ པ་ནི་ཤུགས་ཀྱིས་སྨོས་ཏེ། འདི་ལྟར་ཚུལ་ཁྲིམས་རྟོགས་པར་བྱ་བའི་ཕྱིར་མདོ་རྩོམ་པ་ན་དོན་གྱིས་མདོ་ནི་ཐབས་ཉིད་ཡིན་པར་སྨོས་པའི་ཕྱིར་རོ། །ཐབས་མེད་པར་འཇུག་པ་མི་སྲིད་པས་དེའི་ཕྱིར་འབྲེལ་པ་ནི་དོན་ གྱིས་བསྟན་པ་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། འདིར་ཚུལ་ཁྲིམས་ནི་བརྗོད་པར་བྱ་བ་ཡིན་ལ། ཚུལ་ཁྲིམས་བསྟན་པ་ནི་དགོས་པ་ཡིན་ཏེ། འདུལ་བའི་མདོ་འདིས་ཚུལ་ཁྲིམས་སྟོན་པར་བྱེད་པས་ན། འདུལ་བའི་མདོ་ནི་དགོས་པ་དེའི་ཐབས་ ཡིན་ནོ། །དེ་ལྟར་ན་འདུལ་བའི་མདོ་དང་དགོས་པ་གཉིས་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ཏེ། རྒྱུ་དང་འབྲས་བུའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་ཚུལ་ཁྲིམས་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་མདོ་འདི་བརྩམས་སོ་ཞེས་བྱ་བར་གནས་སོ། ། བརྒྱལ་ལ་ལ་ཞིག་ཚུལ་ཁྲིམས་ཡོངས་སུ་ཤེས་པ་དེས་ཅི་བྱ་སྟེ། དེ་ནི་བྱ་རོག་གི་སོ་བརྟག་པ་དང་འདྲ་བར་གང་ཡང་དགོས་པ་མེད་དོ་ཞེས་རྒོལ་ན། དེའི་ཕྱིར་དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། དེ་ཡང་ངེས་པར་འབྱུང་བ་ཞེས་སྨོས་པས་བསྟན་ཏོ། །ངེས་པར་འབྱུང་བ་ནི་ མྱ་ངན་ལས་འདས་པ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཚུལ་ཁྲིམས་འདི་ནི་ངེས་པར་འབྱུང་བའི་ཕྱིར་བསྟན་པ་ཡིན་པས། དེའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པས་མྱ་ངན་ལས་འདས་པ་ཡང་དག་པར་འཐོབ་པར་འགྱུར་རོ། །འོ་ན་ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམས་ འཇོམས་པ་ཡིན་ན། ཇི་ལྟར་ཚུལ་ཁྲིམས་ཀྱིས་དེ་ཡང་དག་པར་འཐོབ་པར་འགྱུར་ཞེ་ན། བདེན་མོད་ཀྱི་འོན་ཀྱང་ཚུལ་ཁྲིམས་ལ་བརྟེན་ནས་ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམས་སྤོང་བར་འགྱུར་ཏེ། དེའི་ཕྱིར་མདོ་སྡེ་ལས་ཀྱང་ཚུལ་ཁྲིམས་ལ་གནས་ཚུལ་ཁྲིམས་ལ་བརྟེན་ནས་ འཕགས་པའི་བདེན་པ་བཞི་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་གསུངས་སོ། །འདིར་དགོས་པ་ནི་ཚུལ་ཁྲིམས་བསྟན་པའོ་ཞེས་སྨྲས་ན། འོ་ན་རྣམ་པར་འབྱེད་པ་ལ་སོགས་པའི་གཞུང་གིས་ཚུལ་ཁྲིམས་དེ་བསྟན་ཟིན་པས། དེའི་ཕྱིར་མདོ་འདི་བརྩམ་ པར་མི་བྱ་བ་ཁོ་ནའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་གཞུང་གཞན་གྱིས་དེ་བསྟན་མོད་ཀྱི། འོན་ཀྱང་གཞུང་རྒྱས་པ་ཉན་པས་འཇིགས་པ་རྣམས་ཀྱི་དོན་དང་། རྣམ་པར་འབྱེད་པ་ལ་སོགས་པ་དེ་དག་ཉིད་ཡང་དག་པར་བསྟན་པར་བྱ་བ་གཞན་དག་གིས་ཕྱིར་ལོག་པར་རྣམ་པར་ འཆད་པ་བསལ་བའི་དོན་དུ་སློབ་དཔོན་གྱིས་བརྩམས་སོ། །དེ་ལྟ་བས་ན་བརྗོད་པར་བྱ་བ་དང་། དགོས་པའི་ཡང་དགོས་པ་ནི་ཚུལ་ཁྲིམས་དང་ངེས་པར་འབྱུང་བའི་སྒྲ་གཉིས་ཀྱིས་གོ་རིམས་བཞིན་དུ་མངོན་སུམ་དུ་བསྟན་ལ། འབྲེལ་པ་དང་དགོས་པ་ནི་ ཤུགས་ཀྱིས་བསྟན་ཏེ། ཚུལ་ཁྲིམས་བསྟན་པའི་དོན་དུ་མདོ་བརྩམ་པའི་ཕྱིར་རོ། །དབང་དུ་བྱ་སྟེ་ཞེས་བྱ་བའི་སྒྲ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱ་བ་ཉིད་ཀྱི་བར་སྟོན་ཏེ། དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །ཡན་ལག་གི་དོན་ཡང་བརྗོད་པར་བྱ་སྟེ། ངེས་པར་འབྱུང་བའི་ ཚུལ་ཁྲིམས་ཞེས་བྱ་བ་ནི། ངེས་པར་འབྱུང་བའི་ཕྱིར་ཚུལ་ཁྲིམས་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་སོ། །འབྱུང་བ་ཞེས་བྱ་བའི་སྒྲ་འདི་ནི་དོན་མང་པོ་ཞིག་ལ་ཡང་མཐོང་སྟེ། འདི་ལྟ་སྟེ། རྐང་གིས་འགྲོ་བ་ལ་གྲོང་དུ་བྱུང་བ་དང་། གྲོང་ཁྱེར་དུ་འབྱུང་བ་ཞེས་བྱ་བ་ལྟ་བུའོ། །བཞོན་ པའི་དོན་ལ་ཡང་མཐོང་སྟེ། འདི་ལྟ་སྟེ་དཔེར་ན། གླང་པོ་ཆེས་འབྱུང་བ་དང་། རྟས་འབྱུང་བ་ཞེས་བྱ་བ་ལྟ་བུའོ། །ལམ་ལ་ཡང་འབྱུང་བ་ཞེས་བྱ་སྟེ། དེ་ནས་འབྱུང་བའི་ཕྱིར་རོ། །ཐོབ་པར་བྱ་བ་ལ་ཡང་འབྱུང་བ་ཞེས་བྱ་སྟེ། འབྱུང་བ་ནི་ཐེབ་པར་བྱ་བའོ་ཞེས་ཟེར་བའི་ཕྱིར་རོ། ། དེ་དག་ལས་འདིར་ནི་འབྱུང་བའི་སྒྲ་ཐོབ་པར་བྱ་བ་ཁོ་ནར་བཟུང་སྟེ། ངེས་པར་ཞེས་བྱ་བའི་སྒྲ་སྨོས་པའི་ཕྱིར་རོ། །ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཕྱིར་མི་ལྡོག་པ་ཐོབ་པར་བྱ་བ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ ཟག་པ་མེད་པའི་ལམ་མི་གཟུང་ཞེ་ན། གཙོ་བོ་མ་ཡིན་པའི་ཕྱིར་རོ། །ལམ་ནི་གཙོ་བོ་མ་ཡིན་ཏེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དོན་དུ་ཡིན་པའི་ཕྱིར་རོ། །གཙོ་བོ་དང་གཙོ་བོ་མ་ཡིན་པ་གཉིས་ནི། གཙོ་བོ་ལ་འབྲས་བུར་ཡིད་ཆེས་སོ་ཞེས་ཟེར་བའི་ཕྱིར་ རོ། །མྱ་ངན་ལས་འདས་པ་ནི་དོན་དམ་པར་གཙོ་བོ་ཡིན་ཏེ། དགེ་བ་དང་རྟག་པའི་ཕྱིར་རོ། །དེ་ལྟ་བས་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡང་དག་པར་ཐོབ་པའི་གནས་སྐབས་གང་ཡིན་པ་དེ་ནི། ངེས་པར་འབྱུང་བའི་སྒྲར་བརྗོད་དེ། འདི་ལྟར་དེ་གཅིག་པུ་ ཕྱིར་མི་ལྡོག་པ་ཁོ་ན་ཡིན་གྱི། མུ་སྟེགས་བྱེད་ཀྱིས་ཀུན་ནས་བརྟགས་པ་གཞན་ནི་མ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཞེས་བྱ་བ་ནི། སྤོང་བ་བདུན་ཞེས་བྱ་བའི་ཚུལ་ཁྲིམས་འཁོར་དང་བཅས་པ་སྟེ། གང་ནས་འདུལ་བའི་མདོ་འདི་བཏུས་པའི་འདུལ་བ་མཐའ་དག་བཤད་ པའོ། །འདིར་འདུལ་བ་ཞེས་བྱ་བ་ཡང་རྣམ་པར་འབྱེད་པ་ལ་སོགས་པ་དག་ཡིན་པར་བལྟ་སྟེ། དེས་བྱ་བ་དང་བྱ་བ་མ་ཡིན་པ་ཉེ་བར་སྟོན་པས་སློབ་མ་རྣམས་འདུལ་ཞིང་རྗེས་སུ་སྟོན་པར་བྱེད་པས་འདུལ་བའོ། །དབང་དུ་བྱ་སྟེ་ཞེས་བྱ་བའི་སྒྲ་ནི་དབང་དུ་བྱ་བའི་དོན་ཏོ། །འདི་ ལྟར་ཨ་ཐ་ཞེས་བྱ་བའི་སྒྲ་ནི་བཀྲ་ཤིས་པ་ལ་སོགས་པ་དག་ལ་ཡང་འབྱུང་མོད་ཀྱི། དབང་དུ་བྱ་བ་སྟེ་ཞེས་བྱ་བའི་སྒྲས་བྱེ་བྲག་ཏུ་ངེས་པར་གཞག་སྟེ། འདི་ནི་དབང་དུ་བྱ་བའི་དོན་ཡིན་གྱི་གཞན་གྱི་དོན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་ཨ་ཐ་ཞེས་བྱ་བའི་སྒྲ་ནི་བཀྲ་ ཤིས་པའི་དོན་དུ་ཡང་མཐོང་སྟེ། འདི་ལྟ་སྟེ་དཔེར་ན། བཀྲ་ཤིས་པ་འདི་ལས་ཡུན་རིང་དུ་འཚོ་བ་དང་མཐུན་པའི་བརྗོད་ལེའུ་རྣམ་པར་བཤད་པར་བྱའོ་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་ཏུ་ཚིག་གི་ཕྲད་ཀྱི་དོན་དུ་ཡང་སྦྱོར་ཏེ། དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་ དུས་ཀྱི་ཚེ་དེ་ཉིད་ན་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་ཏུ་དེ་མ་ཐག་པའི་དོན་ཏེ། འདི་ལྟ་སྟེ་དཔེར་ན། དེས་དེ་མ་ཐག་ཏུ་སོམ་ཉི་ཐམས་ཅད་རྣམ་པར་བཅད་ནས་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཁ་ཅིག་ཏུ་ནི་དབང་དུ་བྱ་བའི་དོན་ཏེ། འདི་ལྟ་སྟེ་དཔེར་ན་སྒྲའི་རྗེས་སུ་བསྟན་པའི་ དབང་དུ་བྱའོ་ཞེས་བྱ་བ་ལྟ་བུའོ། །འདིར་ཡང་ཨ་ཐ་ཞེས་བྱ་བའི་སྒྲ་སློབ་དཔོན་གྱིས་དབང་དུ་བྱ་བའི་དོན་ཁོ་ནར་སྦྱར་ཏེ། རང་གི་བཤད་པ་ལས་དེ་ལྟར་རྣམ་པར་བཤད་པའི་ཕྱིར་རོ། །དབང་དུ་བྱ་སྟེ་ཞེས་བྱ་བ་ནི་དབང་དུ་བྱ་བ་སྟེ། མདོ་རེ་རེ་ལ་ཡང་ངེས་པར་འབྱུང་བའི་ཚུལ་ཁྲིམས་ ཞེས་བྱ་སྟེ། ཉེ་བར་གནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། དགེ་འདུན་ཐམས་ཅད་འདུས་པ་ན་ཞེས་བྱ་བ་ལ་སོགས་པའི་མདོ་དེ་བརྗོད་ནས། དེ་མ་ཐག་ཏུ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཞེས་བྱ་བ་འདི་དང་སྦྱར་བར་བྱས་ཏེ། ཚུལ་ ཁྲིམས་འདི་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རབ་ཏུ་འབྱུང་བ་དང་། རྫོགས་པར་བསྙེན་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་བྱ་བ་དེ་བརྗོད་ནས་ངེས་ པར་འབྱུང་བའི་ཚུལ་ཁྲིམས་ཞེས་བྱ་བ་འདི་ཡང་བརྗོད་པར་བྱ་བ་དང་། མི་རུང་བ་དང་། མཐུན་རྐྱེན་ལ་རུང་བ་དང་འགལ་བ་ནི་རུང་བ་མ་ཡིན་པར་བསྡུའོ། །ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ་ཞེས་བྱ་བའི་བར་དེ་དག་བརྗོད་ནས། ངེས་པར་འབྱུང་བའི་ཚུལ་ ཁྲིམས་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། །འདི་སྐད་བསྟན་ཏེ། མདོའི་ཚིག་ཡོངས་སུ་རྫོགས་ཀྱི་བར་དུ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཞེས་བྱ་བ་འདིའི་དབང་དུ་བྱས་པར་རིག་པར་བྱའོ། །དེ་ལྟར་ན་མདོ་འདིའི་སྤྱིའི་དོན་འདི་འབྱུང་སྟེ། ངེས་པར་འབྱུང་བའི་ཚུལ་ ཁྲིམས་ཞེས་བྱ་བའི་སྒྲ་ནི་མདོ་རེ་རེ་ལ་ཡང་ཉེ་བར་གནས་ཏེ། འདུལ་བའི་མདོ་མཐའ་དག་གི་དགོས་པ་དང་བརྗོད་པར་བྱ་བ་དང་། འབྲེལ་པ་དང་། དགོས་པའི་ཡང་དགོས་པ་བསྟན་པའི་ཕྱིར་རོ། །དབང་དུ་བྱས་ཏེ་ཞེས་བྱ་བའི་སྒྲ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་ བྱ་བ་སྟེ། བྱ་བ་ཞེས་བྱ་བར་སྟོན་ཏོ། །དེ་ལྟར་རེ་ཞིག་མདོ་དང་པོས་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་དག་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འཐོབ་པའི་དོན་ཉིད་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་བསྟན་ནས། ད་ནི་དང་པོར་རབ་ཏུ་འབྱུང་བའི་གཞི་ བརྗོད་པར་བྱ་སྟེ། བསླབ་པའི་གཞི་རྣམ་པར་གཞག་པ་མཐའ་དག་ནི་རབ་ཏུ་བྱུང་བ་རྣམས་ཁོ་ནའི་ཡིན་པར་གསུངས་ཀྱི་ཁྱིམ་པ་རྣམས་ཀྱི་མ་ཡིན་པའི་ཕྱིར་རོ། །སྤོང་བ་བདུན་ཞེས་བྱ་བ་སོ་སོར་ཐར་པའི་སྡོམ་པ་ཡང་དེ་དག་ཁོ་ནའི་ཡིན་ནོ། །འདུལ་བ་གཞི་ལས་ཀྱང་དང་པོར་རབ་ཏུ་འབྱུང་ བའི་གཞི་བསྟན་པས་འདིར་ཡང་དེ་ཁོ་ན་བཞིན་དུ་སྟོན་ཏོ། །དེ་ཡང་སྔོན་གྱི་ཆོ་ག་དང་ད་ལྟར་གྱི་ཆོ་གའི་དབྱེ་བ་རྣམ་པ་གཉིས་ཏེ། རེ་ཞིག་སྔོན་གྱི་ཆོ་ག་ཇེ་བཤད་པར་བྱ་སྟེ། དང་པོར་བསྟན་པའི་ཕྱིར་དང་། བརྗོད་པར་བྱ་བ་ཉུང་བའི་ཕྱིར་རོ། །ད་ལྟར་གྱི་ཆོ་ག་བས་སྔར་བསྟན་པ་དང་། མཁན་པོ་དང་སློབ་དཔོན་གྱིས་གནང་བ་བས་སྔར་བཤད་པས་ན། དེའི་ཕྱིར་སྔོན་གྱི་ཆོ་ག་ཞེས་བྱ་སྟེ། དེ་གཉིས་མེད་པར་ཡང་སྔོན་རབ་ཏུ་འབྱུང་བ་དང་། རྫོགས་པར་བསྙེན་པའི་ཆོ་ག་འབྱུང་བས་དེའི་ཕྱིར་སྔོན་གྱི་དུས་ན་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་ཅིག་ཅར་མགོ་མཉམ་དུ་རྫོགས་ པར་འགྱུར་ཏེ། མདོ་མཛད་པས་ཀྱང་དོན་དེ་ཉིད་ཡང་དག་པར་བཟུང་ནས། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་བྱས། རྒན་རིམས་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ཙོག་ཙོག་པོར་འདུག་ཅིང་གསོལ་བ་བཏབ་པར་གྱུར་པ་གསུམ་དང་། གསོལ་བ་དང་བཞིའི་ ལས་ཀྱིས་ཅིག་ཅར་རབ་ཏུ་འབྱུང་བ་དང་། རྫོགས་པར་བསྙེན་པ་ཉེ་བར་བསྒྲུབས་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་གའོ་ཞེས་བྱ་བ་སྨྲས་སོ། །དགེ་འདུན་ཐམས་ཅད་ཅེས་བྱ་བའི་ཚིག་ནི་དཀྱིལ་འཁོར་བ་ཕྱོགས་གཅིག་གི་དགེ་འདུན་འདུས་པ་དགག་པའི་དོན་ཏོ། །འདི་སྐད་བསྟན་ཏེ། མཚམས་དེ་ན་དགེ་སློང་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ལས་ཀྱི་གནས་དེར་ལྷགས་པ་ཡིན་པས། དེའི་ཕྱིར་དགེ་འདུན་ཐམས་ཅད་ཅེས་བྱའོ། །འདུས་པ་ན་ཞེས་བྱ་བ་ནི་ཚོགས་པ་ནའོ། །ཆ་ལུགས་འདི་བཞིན་བྱས་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དང་རྫོགས་པར་བསྙེན་པར་འདོད་ པ་དེས་ཆ་ལུགས་འདི་བཞིན་བྱས་པ་དེ། ཆ་ལུགས་འདི་བཞིན་བྱས་པ་དེ་ནི་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་འདོད་པ་ཡིན་ནོ། །ཆ་ལུགས་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་རྟགས་སོ། །འདི་བཞིན་བྱས་ཞེས་བྱ་བ་ནི། རྫོགས་པར་བྱས་པ་སྟེ། རབ་ཏུ་འབྱུང་བ་དང་རྫོགས་ པར་བསྙེན་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་སྐྲ་དང་ཁ་སྤུ་དག་བྲེགས་ཤིང་ཆོས་གོས་གསུམ་བགོས་པར་གྱུར་པ་དེའི་ཚེ་ན་ཆ་ལུགས་འདི་བཞིན་བྱས་ཞེས་བྱའོ། །ཆ་ལུགས་འདི་བཞིན་བྱས་པའི་གང་ཟག་དེ་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་རབ་ ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་ཉེ་བར་བསྒྲུབས་པར་གྱུར་པ་ཞེས་བྱ་བ་བྱེད་པའི་ཚིག་དེ་དང་འདིར་སྦྱར་རོ། །རྒན་རིམས་ལ་ཞེས་བྱ་བ་ནི་དགེ་འདུན་ལ་རབས་གཉིས་ཏེ། གཞོན་རིམས་དང་རྒན་རིམས་ཡོད་པས། དགེ་སློང་རྒན་པ་རྣམས་ཀྱི་རབས་ནི་རྒན་རིམས་ཏེ་དེར་ཕྱག་འཚལ་ ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱག་འཚལ་ཏེ་ཞེས་བྱ་བ་ནི། ཡན་ལག་ལྔས་ཕྱག་འཚལ་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །སུ་ལ་ཞེ་ན་རྒན་རིམས་ལ་ཞེས་བྱ་བར་སྦྱར་རོ། །ཐལ་མོ་སྦྱར་ཞེས་བྱ་བ་ནི། དེ་ལ་ཐལ་མོ་སྦྱར་བའི་ཚུལ་དང་ལྡན་པ་སྟེ། ཐལ་མོ་སྦྱར་བ་ དེ་ཉེ་བར་བསྒྲུབས་པར་གྱུར་ཞེས་བྱ་བ་དེ་དང་འདིར་སྦྱར་རོ། །ཙོག་ཙོག་པོར་འདུག་ཅིང་ཞེས་བྱ་བ་ལ། ཙོག་པུར་འདུག་པ་ནི་ཙོག་ཙོག་པོར་འདུག་པ་སྟེ། དེ་སྟན་ལ་མི་འདུག་གོ། །ཐམས་ཅད་དུ་ཡང་རྒན་རིམས་ལ་ཞེས་བྱ་བར་སྦྱར་རོ། །གསོལ་བ་བཏབ་པར་གྱུར་པ་ཞེས་ བྱ་བ་ལ། གསོལ་བ་ཉིད་གསོལ་བ་བཏབ་པའོ། །གསོལ་བ་བཏབ་པ་གང་ལ་ཡོད་པ་དེ་གསོལ་བ་བཏབ་པར་གྱུར་པ་སྟེ། གསོལ་བ་བཏབ་པར་གྱུར་པའི་གང་ཟག་དེ་ཉེ་བར་བསྒྲུབས་པར་གྱུར་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་གསོལ་བ་བཏབ་པར་གྱུར་ཞེ་ན། སྨྲས་པ། རབ་ཏུ་འབྱུང་ བ་དང་རྫོགས་པར་བསྙེན་པར་རོ། །ཇི་ལྟར་ཞེ་ན། གསུམ་དང་ཞེས་བྱ་སྟེ། གལ་ཏེ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་བྱ་བའི་ཕྱིར་ལན་གསུམ་གསོལ་བར་བྱེད་ན་དེའི་ཚེ་ན་དེ་གསོལ་བ་བཏབ་པར་གྱུར་པ་ཡིན་ནོ། །འདིར་གསོལ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་ དུ་གསོལ། བདག་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་རབ་ཏུ་འབྱུང་དུ་གསོལ། རྫོགས་པར་བསྙེན་པར་མཛད་དུ་ གསོལ། ཞེས་བྱ་བ་ཡིན་ཏེ། སྔགས་འདིས་ལན་གསུམ་གསོལ་བ་བཏབ་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །གསོལ་བ་དང་བཞིའི་ལས་ཀྱིས་ཞེས་བྱ་བ་ནི། ལས་གང་ལ་གསོལ་བ་དང་བཞི་ཡོད་པ་དེ་གསོལ་བ་དང་བཞིའི་ལས་སོ། །འདི་སྐད་བསྟན་ཏེ། ལས་གང་ལ་ལས་བརྗོད་ པ་གསུམ་དང་གསོལ་བ་དང་བཞིའི་ལས་བྱེད་པ་དེ་ནི་གསོལ་བ་དང་བཞིའི་ལས་ཡིན་ནོ། །བརྗོད་པ་ཞེས་བྱ་བ་ནི་ཚིག་ཏུ་བརྗོད་པའི་དོན་ཏེ། ཟློས་ཞེས་བྱ་བའི་ཐ་ཚིག་གོ། །ཅིག་ཅར་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་ཞེས་བྱ་བ་ལ། ཅིག་ཅར་ཞེས་བྱ་བའི་སྒྲ་ནི་འདིར་དུས་ གཅིག་ཏུ་ཞེས་བྱ་བའི་ཐ་ཚིག་ཡིན་ནོ། །འདི་སྐད་བསྟན་ཏེ། དུས་མཉམ་དུ་ཅིག་ཅར་དུས་གཅིག་ཁོ་ནར་དེ་གཉིས་ཀ་ཉེ་བར་བསྒྲུབས་པར་གྱུར་པ་སྟེ། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་རྫོགས་པར་བྱས་པར་གྱུར་པ་ཡིན་གྱི་རིམ་གྱིས་ནི་མ་ཡིན་ནོ། །ཅིག་ཅར་ཞེས་བྱ་བའི་ སྒྲ་འདིར་དུས་གཅིག་ལ་བྱའོ་ཞེས་བྱ་བ་དེ་ཅི་ལས་རིག་པར་བྱ་ཞེ་ན། སྔགས་ཀྱི་ཚིག་ལས་ཏེ་འདི་ལྟར་སྔགས་ལས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་ རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱི་མིང་འདི་ཞེས་བགྱི་བ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་མཛད་ན་ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་ གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་མཛད་པ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ ཏོ་ཞེས་འདོན་པའི་ཕྱིར་རོ། །སྔགས་འདི་ལ་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་མཛད་ལགས་ཏེ་ཞེས། དེ་གཉིས་སྨོས་པ་གང་ཡིན་པ་དེ་འདིར་ཁུངས་ཡིན་པར་རིག་པར་བྱའོ། །ལྟ་བུ་ནི་སྔོན་གྱི་ཆོ་གའོ་ཞེས་བྱ་བ་ལ། ལྟ་བུ་ནི་ཞེས་བྱ་བའི་སྒྲ་ནི་རྣམ་པའི་ཚིག་ ཡིན་ཏེ་སྔོན་གྱི་ཆོ་གའི་རྣམ་པ་ནི་དེ་ལྟ་བུར་རིག་པར་བྱའི། རྣམ་པ་གཞན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་གྱི་ཆོ་ག་ཞེས་བྱ་བ་ནི། ད་ལྟར་གྱི་ཆོ་ག་བས་སྔར་ཆོ་ག་རིགས་ལ་རྣམ་པ་གཞན་དེ་ལྟ་བུ་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ལ་ལ་དག་འདི་སྐད་ཅེས་ གལ་ཏེ་སྔོན་གྱི་ཆོ་གས་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་འགྱུར་བའི་རྒྱུའི་དངོས་པོ་འགྲུབ་པར་འགྱུར་ན་ནི་ད་ལྟར་གྱི་ཆོ་གས་ཅི་བྱ། གལ་ཏེ་ད་ལྟར་གྱི་ཆོ་ག་ཁོ་ནས་རྒྱུའི་དངོས་པོ་འགྲུབ་པར་འགྱུར་ན་ཡང་སྔོན་གྱི་ཆོ་གས་ཅི་བྱ་སྟེ། གཅིག་ཁོ་ནས་བྱས་པའི་ཕྱིར་རོ་ཞེ་ ན། དེ་ལ་ཉེས་པ་མེད་དེ་གཉི་ག་ཡང་རྒྱུའི་དངོས་པོ་འགྲུབ་པར་འགྱུར་བ་ཡིན་མོད་ཀྱི། འོན་ཀྱང་འདུལ་བའི་སེམས་ཅན་གྱི་བྱེ་བྲག་ལས་ཆོ་ག་གཉིས་རྣམ་པར་གཞག་སྟེ། འདི་ལྟར་དང་པོ་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ཀྱི་ཚེ་ན་ནི་སེམས་ ཅན་རྒྱུད་རྣམ་པར་དག་པ་ཤ་སྟག་འབྱུང་བས་འདུལ་བའི་རིམ་པ་ལ་མི་ལྟོས་ཤིང་། མཁན་པོ་དང་སློབ་དཔོན་ལ་སོགས་པ་ལ་མ་ལྟོས་པར་ཡང་ཚེགས་ཆུང་ངུ་ཁོ་ནས་བཅོམ་ལྡན་འདས་ཀྱི་བཀའ་རྫོགས་པར་བྱེད་པ་དང་། དེ་དག་བསོད་ནམས་བྱས་པ་ཡིན་པས་ནད་མེད་པ་དང་། ཇི་སྟེ་དེ་དག་ལ་ནད་ཅིག་བྱུང་དུ་ཟིན་ན་ཡང་དེ་དག་གི་ནད་གཡོག་ལ་སོགས་པ་རྙེད་པར་འགྱུར་རོ། །ད་ལྟར་ནི་དེ་ལྟ་བུའི་རྒྱུད་རྣམ་པར་དག་པ་དག་མེད་པས་དེས་ན་ད་ལྟར་གྱི་ཆོ་ག་རྣམ་པར་གཞག་གོ། །དེ་ལྟར་ན་འདིར་སྤྱིའི་དོན་འདི་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ དང་པོ་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ན་དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་ཀྱིས་སྔར་བསྟན་པའི་ཆོ་གས་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་འདོད་པ་ལ་སྔར་བསྟན་པའི་བྱེ་བྲག་གིས་བྱེ་བྲག་ཏུ་བྱས་ཤིང་ཅིག་ཅར་རབ་ཏུ་འབྱུང་བ་དང་རྫོགས་པར་ བསྙེན་པར་བྱེད་དེ། སྔགས་ཀྱི་ཚིག་གཅིག་གིས་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་གྱི་ཆོ་ག་དགོས་པ་དང་བཅས་པ་རྣམ་པར་བཤད་ཟིན་ཏོ། །དེ་ལྟར་སྔོན་གྱི་ཆོ་ག་དགོས་པ་དང་བཅས་པར་བསྟན་ནས། ད་ནི་ད་ལྟར་གྱི་ཆོ་ག་བཤད་པར་བྱ་སྟེ། རབ་ཏུ་འབྱུང་ བ་དང་རྫོགས་པར་བསྙེན་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་བྱ་བ་ནི། གནས་པ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དག་ཡོད་ཀྱི། མི་གནས་པ་ལ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་གི་ཕྱིར་གནས་པ་ལ་ ཞེ་ན། རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དེའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་ཞེས་བྱ་བར་སྦྱར་རོ། །གང་གི་ཕྱིར་རབ་ཏུ་འབྱུང་བར་འདོད་པའམ་རྫོགས་པར་བསྙེན་པར་འདོད་པ་དེ་རབ་ཏུ་འབྱུང་བའམ་རྫོགས་པར་བསྙེན་པ་འཐོབ་པར་བྱའོ་ ཞེས་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་གནས་པ་ཡིན་ཏེ། དེའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སུ་ལ་གནས་པ་ལ་ཞེ་ན། དགེ་སློང་འགའ་ཞིག་ལ་ཞེས་བྱ་བ་སྨྲས་ཏེ། མིང་མ་བསྟན་པ་ལའོ། །དེས་འདི་སྐད་སྟོན་ཏེ། གང་ཁོ་ན་ལ་གནས་ཏེ་རབ་ཏུ་འབྱུང་ བ་དེ་ཁོ་ན་ལ་གནས་ཏེ། རྫོགས་པར་བསྙེན་པར་ངེས་པ་མ་ཡིན་གྱི། འདི་ལྟར་འདོད་པས་འཇུག་པར་རིག་པར་བྱ་སྟེ། དེའི་ཕྱིར་འགའ་ཞིག་ལ་ཞེས་བྱ་བའི་ཚིག་སྨོས་སོ། །རྣམ་པ་གང་གིས་གནས་པ་ལ་ཞེ་ན་དེའི་ཕྱིར་མཁན་པོ་ཉིད་དུ་ཞེས་བྱ་བ་སྨྲས་ཏེ། མཁན་པོའི་ དངོས་པོ་ནི་མཁན་པོ་ཉིད་དེ། མཁན་པོ་ཉིད་དེ་ཉིད་དུ་ཞེས་བྱ་བའི་ཐ་ཚིག་གོ། །གནས་པ་ལའོ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་འདོད་པའམ། རྫོགས་པར་བསྙེན་པར་འདོད་པ་ནི་གནས་པ་ཞེས་བྱ་སྟེ། དེའི་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དག་ནི་གཞན་ལ་རག་ ལས་པའི་ཕྱིར་དང་། དེའི་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་མཁན་པོ་དང་འབྲེལ་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། ད་ལྟར་གྱི་ཆོ་ག་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་འདོད་པས། རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དེའི་ཕྱིར་དགེ་སློང་འགའ་ ཞིག་ལ་མཁན་པོ་ཉིད་དུ་གནས་ན་དེ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དག་ཡོད་ཀྱི། ཇི་ལྟར་སྔོན་གྱི་ཆོ་ག་ལ་དགེ་སློང་འགའ་ལ་ཡང་མི་གནས་པ་ལ་ཡང་ཡོད་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་འབྱུང་བ་སྨོས་པས་དགེ་ཚུལ་གྱི་སྡོམ་པ་ ཡང་གནས་པ་ལ་ཡོད་པར་བསྟན་པ་ཡིན་ཏེ། དགེ་ཚུལ་གྱི་སྡོམ་པ་ཡང་རབ་ཏུ་འབྱུང་བ་ལ་གནས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་རབ་ཏུ་འབྱུང་བ་ནི་མཁན་པོ་ཁོ་ན་ལས་འགྱུར་ལ། དགེ་ཚུལ་གྱི་སྡོམ་པ་ནི་གཞན་ལས་ཐོབ་པ་ཁོ་ན་ཡིན་ནོ། །མཁན་པོར་འགྱུར་ བས་རབ་ཏུ་འབྱུང་བར་འདོད་པ་ཆོ་ག་གང་གིས་ཡོངས་སུ་གཟུང་བར་བྱ་བའི་ཆོ་ག་དེ་བསྟན་པའི་ཕྱིར། དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ་ཞེས་བྱ་བ་སྨྲས་ཏེ། གནས་ཀྱིས་རབ་ཏུ་འབྱུང་བར་འདོད་པ་དེ་ལ་བར་ཆད་ཡོད་དམ་ མེད་ཅེས་དྲིས་ནས། གལ་ཏེ་དེ་ལ་བར་ཆད་ཀྱི་ཆོས་དེ་དག་མེད་ན་དེའི་ཚེ་ཡོངས་སུ་དག་པ་ཡིན་པས་རབ་ཏུ་འབྱུང་བར་འདོད་པས་ཡོངས་སུ་དག་པ་དེ་ལ་ཁོ་བོས་ཁྱོད་རབ་ཏུ་འབྱུང་ངོ་ཞེས་སྐབས་དབྱེའོ་ཞེས་བྱ་བར་སྦྱར་རོ། །སུས་སྐབས་དབྱེ་ ཞེ་ན། དང་པོའི་མཁན་པོ་ཉིད་ཀྱིས་ཞེས་བྱ་བ་སྨྲས་ཏེ། དགེ་ཚུལ་གྱི་མཁན་པོ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །དགེ་ཚུལ་གྱི་མཁན་པོ་ཉིད་ནི་གཞན་གྱི་མཁན་པོ་ཉིད་པས་དང་པོ་ཡིན་པའི་ཕྱིར་རོ། །འདིར་བར་ཆད་ཅེས་བྱ་བ་ནི། མ་བསད་པ་ལ་སོགས་པ་ ཡིན་པར་འདོད་དེ། རབ་ཏུ་འབྱུང་བ་ལ་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ། །དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ་ཞེས་བྱ་བས་ནི། འདི་སྐད་བསྟན་ཏེ། གལ་ཏེ་རབ་ཏུ་འབྱུང་བར་འདོད་པ་ཞིག་འོང་ཞིང་རབ་ཏུ་འབྱུང་བར་གསོལ་ན། དེའི་ཚེ་དགེ་སློང་དེས་དེ་ ལ་བར་ཆད་རྣམས་དྲི་བར་བྱ་སྟེ། གལ་ཏེ་བར་ཆད་དེ་དག་མེད་ན་དེའི་འོག་ཏུ་ཡོངས་སུ་དག་པ་དེ་ལ་དང་པོའི་མཁན་པོ་ཉིད་ཀྱི་སྐབས་དབྱེའོ། །དེ་སྐད་དུ་གཞུང་ལས་ཀྱང་འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་བར་ཆད་ཀྱི་ཆོས་རྣམས་དྲིས་ ནས་གཟུང་བར་བྱའོ་ཞེས་གསུངས་སོ། །སྡོམ་པ་རྣམས་སྦྱིན་པའི་གོ་རིམས་བསྟན་པའི་ཕྱིར། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་དག་གིས་སྔ་མར་རྫོགས་པར་མ་བསྙེན་པ་ལ་ཕྱི་མ་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་ སློང་ཉིད་དེ་དག་གི་ཚིག་སྔ་མ་སྔ་མ་གང་དང་གང་ཡིན་པ་དེར་རྫོགས་པར་མ་བསྙེན་པ་ཞེས་བྱ་བ་ཡང་དག་པར་ཐོབ་པའི་གང་ཟག་ལ་ཚིག་ཕྱི་མ་ཕྱི་མ་མི་བྱའོ་ཞེས་སྟོན་ཏོ། །འདི་སྐད་བསྟན་ཏེ། ཇི་སྲིད་དུ་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་མི་བྱེད་པ་དེ་སྲིད་དུ་དགེ་ཚུལ་གྱི་སྡོམ་པ་ སྦྱིན་པར་མི་བྱ་ལ། དེ་བཞིན་དུ་ཇི་སྲིད་དུ་དགེ་ཚུལ་གྱི་སྡོམ་པ་སྦྱིན་པར་མི་བྱེད་པ་དེ་སྲིད་དུ་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བསྟན་ཏོ། །དེ་ནི་རྣམ་པར་གཞག་པ་བསྟན་པ་ཡིན་གྱི་འབྱུང་བའི་རྒྱུ་བསྟན་པ་ནི་མ་ཡིན་ཏེ། འདི་ལྟར་དགེ་བསྙེན་གྱི་སྡོམ་པ་མེད་པར་ཡང་དགེ་ཚུལ་ གྱི་སྡོམ་པ་ཡང་དག་པར་ལེན་ན་རུང་བ་ཉིད་ཡིན་ལ། དེ་བཞིན་དུ་དགེ་ཚུལ་གྱི་སྡོམ་པ་མེད་པར་ཡང་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་ན་རུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ན་གོ་རིམས་འདིས་ནི་སྡོམ་པ་ཐམས་ཅད་ཀྱི་ཡང་དག་པར་བླང་བར་བསྟན་པ་ཡིན་ཏེ། འདི་ལྟར་ བཙུན་པ་ཁྱིམ་པ་རབ་ཏུ་བྱུང་བ་ཞིག་རྫོགས་པར་བསྙེན་པར་བགྱིད་ན། རྫོགས་པར་བསྙེན་ཞེས་བགྱིའམ། རྫོགས་པར་མ་བསྙེན་ཞེས་བགྱི། ཉེ་བ་འཁོར་རྫོགས་པར་བསྙེན་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འདིར་གལ་ཏེ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མ་སྐྱེས་པ་ལ་དགེ་ སློང་གི་སྡོམ་པ་མི་འབྱུང་བར་འགྱུར་ན། གཙུག་ལག་དེ་དོན་མེད་པར་འགྱུར་རོ། །དགེ་བསྙེན་གྱི་སྡོམ་པ་མེད་པར་ཡང་དགེ་ཚུལ་གྱི་སྡོམ་པ་སྐྱེ་བའི་ཁུངས་ཀྱང་དེ་ཉིད་ཡིན་ཏེ། དེ་ལྟ་བས་ན་མདོ་འདི་ནི་རྣམ་པར་གཞག་པ་བསྟན་པ་ཙམ་ཡིན་ནོ། །སྔར་དཀོན་མཆོག་གསུམ་ལ་སྐྱབས་ སུ་འགྲོ་བར་བྱ་ཞིང་ཕྱིས་སྡོམ་པ་ཡང་དག་པར་བླང་བར་བྱའོ་ཞེས་བསྟན་པའི་ཕྱིར། སྐྱབས་སུ་འགྲོ་བར་ཁས་བླང་བའི་ཚིག་རྩོམ་པ་དང་། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླང་བའི་ཚིག་བྱའོ་ཞེས་བྱ་བ་སྨྲས་ཏེ། སྐྱབས་ཞེས་བྱ་བ་ནི་འདིར་ཐར་པ་དང་། ལམ་ཐོབ་ པར་བྱ་བའི་རྟེན་དུ་གྱུར་པ་ནི་དཀོན་མཆོག་གསུམ་ཞེས་བྱ་བའི་དངོས་པོའོ། །སྐྱབས་སུ་འགྲོ་བ་ཞེས་བྱ་བ་ནི། སྐྱབས་དེ་ལ་སྐྱབས་སུ་འགྲོ་བ་སྟེ། སྐྱབས་སུ་འཇུག་པའོ། །སྐྱབས་སུ་འགྲོ་བ་དེ་ཁས་བླང་བ་ཞེས་བྱ་བ་ནི། ཁས་ལེན་པའོ། །ཚིག་ཅེས་བྱ་བ་ནི། སྐྱབས་སུ་འགྲོ་བར་ཁས་ བླང་བ་དེ་སྒྲུབ་པར་བྱེད་པ་སྟེ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་བྱ་བ་ལ་སོགས་པའོ། །རྩོམ་པ་ཞེས་བྱ་བ་ནི། སྐྱབས་སུ་འགྲོ་བར་ཁས་བླང་བའི་ཚིག་དེ་ཉིད་དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླང་བའི་ཚིག་གང་ཡིན་པའི་རྩོམ་པ་ཡིན་ཏེ། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླང་བའི་ཚིག་གི་རྩོམ་པ་སྐྱབས་སུ་འགྲོ་བར་ཁས་བླང་བའི་ཚིག་དེ་བྱའོ། །དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་ཅེས་བྱ་བ་ནི། དགེ་བསྙེན་གྱི་དངོས་པོ་དང་དགེ་ཚུལ་གྱི་དངོས་པོ་སྟེ། དེ་གཉིས་ཁས་བླང་བ་དེའི་ཚིག་དེ་ཡང་བྱའོ། །འདི་སྐད་བསྟན་ ཏེ། གང་ལ་ལ་ཞིག་དགེ་བསྙེན་དང་དགེ་ཚུལ་དང་སྡོམ་པ་ལེན་པར་འདོད་པ་དེས་དང་པོར་ཇེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་ཁས་བླང་བར་བྱའོ། །དེའི་འོག་ཏུ་དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དུ་ཁས་བླང་བའི་ཚིག་བྱའོ། །དེ་ལྟར་གཞུང་འདི་སྣང་སྟེ། བཙུན་པ་ དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། ། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ་ཞེས་བྱ་བའི་ཚིག་འདི་ལན་གསུམ་དུ་བརྗོད་པར་བྱ་བ་དང་། དགེ་ཚུལ་ཉིད་དུ་ཁས་བླང་བའི་དུས་ན་ཡང་དེ་བཞིན་དུ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་ རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་བཙུན་པས་གཟུང་དུ་གསོལ་ཞེས་བརྗོད་ནས། རྣམ་ གྲངས་ཐ་མ་ལ་བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་པར་བྱའོ། །དེ་ལ་ཁ་ཅིག་ན་རེ་སྐྱབས་སུ་འགྲོ་བ་ཉི་ཚེ་ལན་གསུམ་བརྗོད་ནས། དེའི་འོག་ཏུ་བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བྱ་བ་དང་། བདག་ཇི་སྲིད་ འཚོའི་བར་དུ་དགེ་ཚུལ་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་ཀྱང་ཟེར་ཏེ། དེ་ནི་འཁྲུལ་པ་ཡིན་པར་རིག་པར་བྱའོ། །མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས་སྐྱབས་སུ་འགྲོ་བས་མྱ་ངན་ལས་འདས་པ་བསམ་པ་བརྟན་པོ་སྒྲུབ་པར་བྱེད་དེ། ཇི་ལྟར་ཞེ་ན། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་ལམ་ཉེ་བར་སྟོན་པར་མཛད་པ་ལ་ཡང་དག་པར་རྟེན་པར་བྱེད། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་ཡང་དག་པར་རྟེན་ པར་བྱེད། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ཟླ་གྲོགས་ལ་ཡང་དག་པར་རྟེན་པར་བྱེད་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་ནི་སུ་ཡང་སྐྱབས་སུ་འགྲོ་བ་འགྲུབ་པར་མི་བྱེད་དོ། །རྫོགས་ པར་བསྙེན་པའི་དུས་ན་ནི་རྫོགས་པར་བསྙེན་ཞེས་བྱ་བའི་སྒྲ་ཁོ་ན་ལས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་རྟོགས་པར་བྱ་སྟེ། འདི་ལྟར་རྫོགས་པར་བསྙེན་པ་ཞེས་བྱ་བ་ལ་རྫོགས་པ་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་དངོས་པོ་ལ་བྱ་སྟེ། མྱ་ངན་ལས་འདས་པ་ཡང་དེ་ལྟ་བུའི་རང་ བཞིན་ཡིན་ནོ། །བསྙན་པ་ཞེས་བྱ་བའི་སྒྲ་ནི་ཉེ་བའི་ཚིག་ཡིན་ཏེ་དེའི་ཕྱིར་བསམ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང་ཉེ་བར་གྱུར་པ་ནི་རྫོགས་པར་བསྙེན་པ་ཡིན་ནོ། །དེ་བས་ན་མྱ་ངན་ལས་འདས་པའི་བསམ་པ་ཁོ་ནས་སྡོམ་པ་སྐྱེའི་གཞན་གྱིས་མ་ཡིན་ནོ། །ཡང་དག་པར་ལེན་པས་བྱ་བ་ འདི་དག་ཐམས་ཅད་བྱ་སྟེ། དེ་ཡང་གཞན་གྱིས་བརྗོད་པ་ན་ལེན་པས་བཟླས་པར་བྱའོ། དེ་ནི་བསླབ་པ་ཡིན་པར་རིག་པར་བྱའོ། །བྱིན་པ་བླང་བ་ནི་མ་ཡིན་ཏེ། སྡོམ་པ་ནི་རང་གི་སེམས་ལ་རག་ལས་པའི་ཕྱིར་རོ། །གཞན་ཡང་སྦྱིན་པར་བྱེད་པ་ལས་ལེན་པས་སྡོམ་པ་གང་དང་གང་གནོད་པའི་སྡོམ་པ་དེ་དང་ དེ་རྒྱུན་ཆད་པའི་སྐྱོན་དུ་ཡང་འགྱུར་ཏེ། དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དག་ནི་རེ་རེར་ཟད་པའི་ཕྱིར་རོ། །གལ་ཏེ་དེ་ལ་བྱིན་པར་གྱུར་ན་རང་གི་རྒྱུད་ལས་རྒྱུན་ཆད་པར་འགྱུར་བ་ཞིག་ན། དེ་ལྟར་ཡང་མ་ཡིན་ཏེ། དེ་ལྟ་བས་ན་བྱིན་པ་བླང་བ་ནི་མ་ཡིན་ནོ། །དེ་ལྟར་དགེ་བསྙེན་ཉིད་ དང་དགེ་ཚུལ་ཉིད་དུ་ཁས་ལེན་དུ་བཅུག་ནས་དེའི་འོག་ཏུ་ཅི་བྱ་ཞེ་ན། དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ་ཞེས་བྱ་བ་སྨྲས་ཏེ། དེའི་འོག་ཏུ་ཞེས་བྱ་བ་ནི། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླང་བའི་ཚིག་བརྗོད་མ་ཐག་པ་དེའི་འོག་ཏུའོ། །བསླབ་པ་བརྗོད་པ་ཞེས་བྱ་ བ་ནི། བསླབ་པའི་བརྗོད་པ་ནི་བསླབ་པ་བརྗོད་པ་སྟེ། དགེ་བསྙེན་རྣམས་ཀྱི་ནི་ལྔའོ། །དགེ་ཚུལ་རྣམས་ཀྱི་ནི་བཅུའོ། །འདི་སྐད་བསྟན་ཏེ། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ། བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་སློབ་དཔོན་གྱིས་གཟུང་དུ་གསོལ། ཞེས་བྱ་བའི་ཚིག་དེའི་འོག་ཏུ་དེ་གཉིས་ཉིད་ལ་བསླབ་པའི་གཞི་གང་དག་ཡིན་པ་དེ་དག་བརྗོད་པར་བསྟན་པར་བྱའོ། །ཇི་ལྟར་དེ་ཇི་བྱ་བའི་ཚུལ་གྱིས་འདི་དང་འདི་སྤོང་ངོ་ཞེས་སམ། འོན་ཏེ་དགག་པའི་ཚུལ་གྱིས་འདི་དང་འདི་མི་བྱའོ་ཞེས་ཤེ་ན་དེའི་ཕྱིར། ཁས་བླང་བའི་ ཚུལ་གྱིས་བྱའོ་ཞེས་བྱ་བ་སྨྲས་ཏེ། བྱ་བའི་ཚུལ་གྱིས་སོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ལ་སོགས་པའི་རྩོམ་པས། དགེ་བསྙེན་ལ་ནི་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ་ཞེས་བྱ་བ་ནས་དེ་བཞིན་དུ་འབྲུའི་ཆང་དང་ བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ལྔ་པོ་དག་བརྗོད་པར་བྱའོ། །དེ་བཞིན་དུ་དགེ་ཚུལ་ལ་ནི་སྲོག་གཅོད་པ་ལ་སོགས་པ་ནས། གསེར་དངུལ་ལེན་པ་ལས་སླར་ལྡོག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་བཅུ་པོ་དག་གོ། །གང་གིས་ དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབ་པར་བྱ་ཞིང་དགེ་བསྙེན་ཉིད་ཀྱི་འོག་ཏུ་ཡང་གང་གིས་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། རང་གི་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། རང་གིས་ཞེས་བྱ་བ་ནི། མཁན་པོས་ཏེ་རབ་ ཏུ་འབྱུང་བ་ནི་མཁན་པོ་ཁོ་ནའི་དབང་དུ་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱིས་ཀྱང་དང་པོ་ཁོ་ནར་ཁོ་བོས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་སྐབས་ཕྱེ་བས། དེའི་ཕྱིར་མཁན་པོ་རང་གིས་རབ་ཏུ་འབྱུང་བར་འདོད་པ་དེ། དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་པ་དགེ་བསྙེན་གྱི་སྡོམ་པ་བྱིན་ནས་དེའི་འོག་ཏུ་དགེ་སློང་ལ་གཏད་པར་ བྱའོ། །ཇི་ལྟ་བུ་ཞིག་ལ་ཞེ་ན། ཞུ་བ་ལ་སྟེ། གོ་བར་བྱེད་པ་ལའོ། །སུ་ལ་ཞུ་བ་ལ་ཞེ་ན། དགེ་འདུན་ལ་སྟེ་དགེ་སློང་གི་དགེ་འདུན་ལ་ཞུ་བ་ལའོ། །འདི་སྐད་བསྟན་ཏེ། ཇེ་དང་པོ་ཁོ་ནར་མཁན་པོས་རབ་ཏུ་འབྱུང་བར་འདོད་པ་ལ་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱའོ། །དེའི་འོག་ཏུ་གང་གིས་ དེ་ཞུ་བར་བྱེད་པའི་དགེ་སློང་ལ་གཏད་པར་བྱ་སྟེ། འདི་དགེ་འདུན་ལ་ཞུས་ཤིག་ཅེས་བྱ་བའི་ཚིག་གིས་བཀྲི་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གཞུང་ལས་ཀྱང་དེའི་འོག་ཏུ་གང་གིས་དེ་ཞུ་བར་བྱེད་པའི་དགེ་སློང་ལ་གཏད་པར་བྱའོ་ཞེས་འབྱུང་ངོ་། །འདིར་ཞུ་བས་ཅི་ཞིག་བྱ་ཞེ་ན། ཞུ་བས་ཀྱང་ ཅི་ཡོངས་སུ་དག་གམ་ཞེས་དྲིས་ལ་དག་ན་ཞུ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཅི་ཡོངས་སུ་དག་གམ་ཞེས་བྱ་བ་ནི་ཅི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་བྱ་བའོ། །དེ་སྐད་དུ་གཏོད་པར་བྱེད་པ་རབ་ཏུ་འབྱུང་བར་འདོད་པ་དེའི་མཁན་པོ་ལ་དྲིས་ལ་དག་ན་རབ་ཏུ་འབྱུང་བར་འདོད་པ་དེ་དགེ་འདུན་ལ། དགེ་ འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ཅན་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་གིས་ཞུ་བར་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་ཞུ་བ་དེས་རབ་ཏུ་འབྱུང་བར་འདོད་པའི་ མཁན་པོ་ལ། ཅི་རབ་ཏུ་འབྱུང་བར་འདོད་པ་འདི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་དྲི་བར་བྱ་ཞིང་། གལ་ཏེ་མཁན་པོ་འདི་སྐད་དུ་ཡོངས་སུ་དག་གོ་ཞེས་ཟེར་ན། དེ་ཡོངས་སུ་དག་པ་ཁོ་ན་ཡིན་པས་དགེ་སློང་ཞུ་བས་དེའི་ཚེ་རབ་ཏུ་འབྱུང་བར་འདོད་པ་ཡོངས་སུ་དག་པ་དགེ་འདུན་ ལ་ཞུ་བར་བྱའོ་ཞེས་བསྟན་ཏོ། །དགེ་འདུན་ཇི་ལྟར་གནས་པ་ལ་ཞུ་བར་བྱ་ཞེ་ན། ཐམས་ཅད་འདུས་པ་ལ་ཡང་རུང་། གནས་ཁང་སོ་སོ་ན་འཁོད་པ་ལ་ཡང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། ཐམས་ཅད་འདུས་པ་ལ་ཞེས་བྱ་བ་ནི། དགེ་འདུན་ཐམས་ཅད་འདུས་པ་ལ་སྟེ། ཐམས་ཅད་འདུས་པ་དེས་ གནས་པའི་དགེ་འདུན་ལའོ། །གནས་ཁང་སོ་སོ་ཞེས་བྱ་བ་ནི་གནས་ཁང་སོ་སོ་ན་གནས་པས་འཁོད་པ་ལའོ། །གཉིས་ཀར་ཡང་རུང་ཞེས་བྱ་བའི་སྒྲ་ནི། རྣམ་པ་གཉིས་ཀར་ཡང་བསྟན་པའི་ཐ་ཚིག་སྟེ། རྣམ་པ་འདིས་ཞུར་ཡང་རུང་ལ། རྣམ་པ་འདིས་ཞུ་བར་ཡང་རུང་བའོ། །འདི་སྐད་བསྟན་ ཏེ། གང་གི་ཚེ་དགེ་འདུན་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་པར་གྱུར་པ་དེའི་ཚེ་ཞུར་ཡང་རུང་། ཡང་ན་གང་གི་ཚེ་དགེ་འདུན་དུ་གྱུར་པའི་དགེ་སློང་དག་རང་རང་གི་གནས་ཁང་ན་གནས་པའི་ཚེ། གནས་ཁང་སོ་སོར་སོང་སྟེ། དེ་དག་གི་མདུན་དུ་ཞུར་ཡང་རུང་ངོ་ཞེས་བསྟན་ཏོ། །གཙུག་ལག་ ཁང་ཁྱིམ་སོ་སོ་ན་འཁོད་པ་ལ་ཞེས་འབྱུང་བའི་ཚིག་གང་ཡིན་པ་དེ་ནི་གནས་ཁང་སོ་སོ་ན་འཁོད་པ་ལ་ཞེས་བྱ་བའི་ཚིག་འདི་ཉིད་ཡིན་ནོ། །གང་དག་གི་མདུན་དུ་ཞུ་བར་བྱ་བ་དེ་དག་གི་ཆོ་ག་གང་ཡིན་པ་དེ་བསྟན་པའི་ཕྱིར་རོ། །ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ན་འོ་ཞེས་བརྗོད་པར་བྱའོ་ཞེས་ བྱ་བ་སྨྲ་བ་སྟེ། ཐམས་ཅད་ཀྱིས་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་མ་ལུས་པ་ཐམས་ཅད་ཀྱིས་སོ། །གལ་ཏེ་ཡོངས་སུ་དག་ནའོ་ཞེས་བྱ་བ་ནི། གལ་ཏེ་རབ་ཏུ་འབྱུང་བར་འདོད་པ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་པར་གྱུར་ན་དེའི་ཚེ་རབ་ཏུ་འབྱུང་ བར་བྱའོ་ཞེས་བྱ་བའོ། །བརྗོད་པར་བྱའོ་ཞེས་བྱ་བ་ནི། སྨྲ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞུས་པའི་འོག་ཏུ་རབ་ཏུ་འབྱུང་བར་འདོད་པས་མཁན་པོར་གསོལ་བར་བྱའོ་ཞེས་བྱ་བས་ནི། འདི་སྐད་བསྟན་ཏེ། ཞུས་མ་ཐག་ཁོ་ནར་རབ་ཏུ་འབྱུང་བར་འདོད་པས་མཁན་པོར་གསོལ་བའི་སྔགས་སློབ་ དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱིས་སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་རབ་ཏུ་འབྱུང་བར་བགྱིའོ་ཞེས་བྱ་བ་ལ་སོགས་པས། མཁན་པོར་གསོལ་བ་བྱ་སྟེ། བཅོལ་བར་བྱའོ། །མཁན་པོས་ཀྱང་ རབ་ཏུ་འབྱུང་བར་འདོད་པའི་གཙུག་ཕུད་མ་གཏོགས་པ་སྐྲ་དང་ཁ་སྤུ་བྲེག་པར་བྱའོ་ཞེས་བྱ་བ་ནི། མཁན་པོས་རབ་ཏུ་འབྱུང་བར་འདོད་པའི་གཙུག་ཕུད་མ་གཏོགས་པ་གཙུག་ཕུད་གཞག་སྟེ། སྐྲ་དང་ཁ་སྤུ་དག་བྲེག་པར་བྱ་བཀྱེར་བར་བྱ་བའོ། །འདི་སྐད་བསྟན་ཏེ། མཁན་པོས་རབ་ཏུ་འབྱུང་ བར་འདོད་པའི་གཙུག་ཕུད་ནི་དྲི་བའི་ཕྱིར་གཞག་པར་བྱ། སྐྲ་དང་ཁ་སྤུ་དག་ནི་བྲེག་པར་བྱའོ། །གལ་ཏེ་མཁན་པོས་བསྐོས་པའི་འདྲེག་མཁན་གྱི་སྐྲ་དང་ཁ་སྤུ་དག་འདྲེག་པར་བྱེད་ན་དེ་ལྟ་ན་ཡང་ཉེས་པ་མེད་དོ། །གཙུག་ཕུད་མ་གཏོགས་པ་ཞེས་བྱ་བ་ནི། སྐྲ་དང་ཁ་སྤུ་བྲེག་པ་གང་ལ་གཙུག་ཕུད་ མེད་པ་དེ་ནི། གཙུག་ཕུད་མ་གཏོགས་པ་སྐྲ་དང་ཁ་སྤུ་བྲེག་པ་སྟེ། གཙུག་ཕུད་གཞག་སྟེ། སྐྲ་དང་ཁ་སྤུ་བྲེག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཙུག་ཕུད་བཞག་པའི་དགོས་པ་ནི་རབ་ཏུ་འབྱུང་བར་འདོད་པ་འདི་རབ་ཏུ་འབྱུང་བར་ངེས་པ་ཡིན་ནམ་མ་ཡིན་ཞེས་དྲི་བས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། ། དེའི་གཙུག་ཕུད་གང་གི་ཚེ་བྲེག་པར་བྱ་ཞེ་ན། གཙུག་ཕུད་བྲེག་གོ་ཞེས་དྲིས་ནས་སྟེར་ན་དེའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱུང་བར་འདོད་པ་དེ་ལ་ཅི་གཙུག་ཕུད་བྲེག་གམ་ཞེས་དེ་སྐད་དྲི་བར་བྱ་ཞིང་། གལ་ཏེ་དྲིས་པས་དེ་རབ་ཏུ་འབྱུང་བར་འདོད་པས་བྲེག་ཏུ་སྟེར་ན་དེའི་ཚེ། སྟེར་བ་ཡིན་པས་གཙུག་ཕུད་དེ་ བྲེག་པར་བྱའོ། །རབ་ཏུ་འབྱུང་བར་འདོད་པ་དེ་ལྟར་སྐྲ་དང་ཁ་སྤུ་བྲེག་པས་ཁྲུས་བྱའོ་ཞེས་བྱ་བ་ནི། དུས་དང་མཐུན་པའི་ཆུས་བཀྲུ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུས་བྱས་པའི་འོག་ཏུ་མཁན་པོས་གོས་ངུར་སྨྲིག་དག་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ཁྲུས་བྱས་པའི་འོག་ཏུ་མཁན་པོས་རབ་ཏུ་འབྱུང་བར་ འདོད་པ་དེ་ལ་རབ་ཏུ་འབྱུང་བའི་ཚུལ་དང་མཐུན་པའི་ཚོན་གྱིས་ཁ་བསྒྱུར་བའི་གོས་དག་སྦྱིན་པར་བྱའོ། །རབ་ཏུ་འབྱུང་བར་འདོད་པ་དེས་ཀྱང་རྐང་པ་གཉིས་ལ་གཏུགས་ཏེ་བླང་བར་བྱའོ་ཞེས་བྱ་བ་ནི། ཕྱག་འཚལ་ཏེ་གོས་དེ་དག་བླང་བར་བྱའོ། །དེའི་འོག་ཏུ་མཁན་པོས་བསྐོན་པར་བྱའོ་ཞེས་བྱ་བ་ནི། མཁན་པོ་རང་གིས་རབ་ཏུ་འབྱུང་བར་འདོད་པ་དེ་ལ་གོས་དེ་དག་བསྐོན་པར་བྱ་དགབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བསྐོན་པ་ན་མཁན་པོས་རབ་ཏུ་འབྱུང་བར་འདོད་པ་དེའི་མཚན་མ་ཚོར་བར་བརྟག་གོ་ཞེས་བྱ་བ་ནི། ཟ་མ་དང་། མ་ནིང་དང་མཚན་མེད་དང་མཚན་གཉིས་པའི་སྐྱོན་ཡོངས་སུ་སྤངས་པའི་ ཕྱིར་རོ། །མ་ཚོར་བར་ཞེས་བྱ་བ་ནི། ཅི་ནས་ཀྱང་རབ་ཏུ་འབྱུང་བར་འདོད་པ་དེས་བདག་གི་མཚན་མཁན་པོས་མཐོང་ངོ་སྙམ་དུ་མི་ཤེས་པ་དེ་ལྟར་བརྟག་པར་བྱའི། སྒྲེན་མོར་ཕྱུང་སྟེ་ནི་མ་ཡིན་ནོ། །རབ་ཏུ་བྱུང་བའི་དུས་ཁོ་ནར་མཚན་བརྟག་པར་ངེས་པ་ནི་མ་ཡིན་ཏེ། འདི་ལྟར་གང་ཚུན་ཆད་ཁོ་བོས་ཁྱོད་ རབ་ཏུ་དབྱུང་ངོ་ཞེས་མཁན་པོ་ཉིད་དུ་ཁས་བླངས་པ་དེ་ཚུན་ཆད་ནས་བསྐོན་པ་ན་ཞེས་སྨྲས་པའི་བར་དག་གཟུང་ངོ་། །མཁན་པོ་རང་ཁོ་ནས་ངེས་པར་བྱ་བ་ཡང་མ་ཡིན་ཏེ། གལ་ཏེ་དགེ་སློང་ཡིད་ཆེས་པས་ལས་དེ་བྱས་པ་དེ་ལས་མཁན་པོས་ཐོས་པར་གྱུར་ན་ཡང་ལས་དེ་མཁན་པོ་ཉིད་ཀྱིས་བྱས་པ་ཡིན་ པར་ཁོང་དུ་ཆུད་པར་བྱའོ། །སྐྱབས་སུ་འགྲོ་བ་རྩོམ་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་རབ་ཏུ་འབྱུང་བར་འདོད་པ་ཟ་མ་ལ་སོགས་པའི་སྐྱོན་དང་བྲལ་བར་ཤེས་ནས། དེའི་འོག་ཏུ་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱ་ཐོབ་པར་བྱའོ། །ཇི་ལྟར་ཉེ་བར་བསྒྲུབ་པར་བྱ་ཞེ་ ན། སྐྱབས་སུ་འགྲོ་བ་རྩོམ་པས་ཏེ། རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པ་དེའི་དང་པོ་རྩོམ་པ་དེ་ནི་སྐྱབས་སུ་འགྲོ་བ་རྩོམ་པའོ། །འདི་སྐད་བསྟན་ཏེ། དང་པོར་སྐྱབས་སུ་འགྲོ་བ་སྦྱིན་པར་བྱ་ཞིང་ཕྱིས་རབ་ཏུ་འབྱུང་བ་ཡང་དག་པར་ལེན་དུ་གཞུག་སྟེ། མཁན་པོས་འདི་ལྟར་སྦྱིན་པར་བྱ་སྟེ། མཁན་པོ་ དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་ འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཤཱཀྱ་སེང་གེ་ཤཱཀྱའི་རྒྱལ་པོ་ཤཱཀྱའི་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ་ ཞེས་བྱ་བའི་སྔགས་ཀྱིས་སྦྱིན་པར་བྱའོ། །འདིར་རབ་ཏུ་འབྱུང་བའི་རྟགས་ཞེས་བྱ་བ་ནི་སྐྲ་བྲེགས་པ་ལ་སོགས་པ་དགེ་སློང་གི་ཆ་ལུགས་ལ་བྱའོ། །རྣམ་པ་གཞན་ཉེ་བར་བསྟན་པའི་ཕྱིར། གསོལ་བའི་འོག་ཏུའང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པ་ཞེས་བྱ་བར་སྦྱར་རོ། ། རུང་ངོ་ཞེས་བྱ་བའི་སྒྲ་ནི་ལུགས་ཐ་དད་པར་རྟོག་པའི་དོན་ཏོ། །འདུལ་བ་འཛིན་པ་ཁ་ཅིག་འདི་ལ་ཐ་དད་པར་རྟོག་པ་སྟེ། མཁན་པོར་གསོལ་བའི་མོད་ཁོ་ན་ལ་སྐྲ་དང་ཁ་སྤུ་མ་བྲེགས་པར་རབ་ཏུ་དབྱུང་བར་བྱ་སྟེ། འདི་ལྟར་དཔེར་ན་དགེ་ཚུལ་ཉིད་རབ་ཏུ་བྱུང་བ་ཁོ་ན་ལ་བྱེད་པ་དེ་བཞིན་དུ་སྐྲ་དང་ཁ་སྤུ་ བྲེག་པ་དང་། ངུར་སྨྲིག་སྦྱིན་པ་དང་བསྐོན་པ་ཡང་རབ་ཏུ་འབྱུང་བ་ཁོ་ནའི་ཚུལ་ཡིན་པས། དེའི་ཕྱིར་མཁན་པོར་གསོལ་བའི་མདོ་ཁོ་ན་ལ་རབ་ཏུ་དབྱུང་བར་བྱ་ཞིང་ཕྱིས་སྐྲ་དང་ཁ་སྤུ་བྲེག་པ་ལ་སོགས་པ་བྱའོ་ཞེས་ཟེར་རོ། །དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་ལ་གཏད་པར་བྱའོ་ཞེས་བྱ་བ་ ནི། མཁན་པོས་རབ་ཏུ་ཕྱུང་བའི་གང་ཟག་དེའོ། །དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི། གང་གིས་དེ་ལ་དགེ་ཚུལ་གྱི་སྡོམ་པ་སྦྱིན་པར་བྱེད་པ་སྟེ། དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའོ། །དགེ་སློང་ལ་ཞེས་བྱ་ བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་རྫོགས་པར་བསྙེན་པའི་དགེ་སློང་དེ་ལའོ། །གཏད་པར་བྱའོ་ཞེས་བྱ་བ་ནི། སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ངང་ཚུལ་ཅན་གྱི་རྐྱེན་གྱི་གཞིས་དེ་སྟོན་ཏེ། གལ་ཏེ་དགེ་སློང་དེ་དགེ་ཚུལ་གྱི་སྡོམ་པ་སྦྱིན་པར་ནུས་པ་ཡིན་ནའོ། །ཅི་ཡོངས་ སུ་དག་གམ་ཞེས་དྲིས་ནས་དག་ན་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། དགེ་ཚུལ་ཉེ་བར་སྒྲུབ་པར་བྱེད་པས་འདི་བྱ་བའོ། །ཅི་ཡོངས་སུ་དག་གམ་ཞེས་བྱ་བ་ནི། ཅི་འདི་ལ་བར་ཆད་ཀྱི་ཆོས་རྣམས་མེད་དམ་ཞེས་བྱ་བའི་ཐ་ཚིག་གོ། །དྲིས་ནས་ཞེས་བྱ་བ་ནི། གཏོད་པར་བྱེད་པའི་དགེ་སློང་དེ་ལ་དྲིས་ནས་སོ། ། གལ་ཏེ་དེ་འདི་སྐད་ཅེས་འདི་ནི་དག་གོ་ཞེས་ཟེར་ན་དེའི་ཚེ་གང་ཟག་དེ་དག་པ་ཡིན་པས་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱའི། མ་དག་ན་ནི་མི་བྱའོ། །དེ་ནི་སློབ་དཔོན་ཡིན་ནོ་ཞེས་བྱ་བ་ནི། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་དེ་ནི་དགེ་ཚུལ་དེའི་སློབ་དཔོན་ཡིན་ཏེ། དཔེར་ན་རབ་ཏུ་ འབྱུང་བ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་མཁན་པོ་ཡིན་པ་དང་འདྲའོ། །གསང་སྟེ་སྟོན་པ་དང་ལས་བྱེད་པ་དང་གནས་སྦྱིན་པ་དང་ཀློག་པ་ཡང་ངོ་ཞེས་བྱ་བ་ལ། གསང་སྟེ་སྟོན་པར་བྱེད་པས་ན་གསང་སྟེ་སྟོན་པའོ། །རྫོགས་པར་བསྙེན་པའི་ཚེ་ན་གསོལ་བ་དང་བཞིའི་ལས་བྱེད་པས་ན་ལས་ བྱེད་པའོ། །གནས་སྦྱིན་པར་བྱེད་པས་ན་གནས་སྦྱིན་པའོ། །ཀློག་ཏུ་འཇུག་པས་ན་ཀློག་པ་སྟེ་གསང་སྟེ་སྟོན་པ་དང་ལས་བྱེད་པ་དང་གནས་སྦྱིན་པ་དང་ཀློག་པ་ཡང་དེ་དག་ཉིད་དོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི། གོང་དུ་མདོ་ལས་སྨོས་པའི་སློབ་དཔོན་ཞེས་བྱ་བའི་སྒྲ་དང་སྦྱར་བར་བྱ་བའི་དོན་ཏེ། དེ་འབའ་ཞིག་སློབ་དཔོན་མ་ཡིན་གྱི། འདི་དག་ཀྱང་སློབ་དཔོན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་ལྔ་སྨྲས་ན་ད་གནས་སྐབས་གང་ལ་སློབ་དཔོན་ཉིད་དག་ཏུ་འགྱུར་བར་བརྗོད་པར་བྱ་ཞེ་ན་དེའི་ཕྱིར་རོ། །དོན་གྲུབ་ན་གྱུར་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དོན་གྲུབ་ན་ཞེས་བྱ་བ་ནི། དོན་གང་གིས་ སློབ་དཔོན་ཉིད་དུ་འགྱུར་བའི་དོན་དེ་ཡོངས་སུ་མཐར་ཐུག་པར་གྱུར་ན་སྟེ། དོན་དགོས་པ་དེ་གྲུབ་པ་ཡོངས་སུ་རྫོགས་ནའོ། །གྱུར་པ་ཉིད་དོ་ཞེས་བྱ་བ་ནི། སློབ་དཔོན་ཉིད་དུ་གྱུར་པ་ཉིད་དོ། །ཇི་ལྟར་གང་ལ་ལ་ཞིག་དགེ་ཚུལ་གྱི་སྡོམ་པ་སྦྱིན་པར་བྱེད་པ་དེ་དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་དེ་ཉིད་དང་། ཅིག་ ཅར་དུ་དགེ་ཚུལ་གྱི་སློབ་དཔོན་དུ་ཡང་གྱུར་པར་རིག་པར་བྱ་བ་དེ་བཞིན་དུ། གསང་སྟེ་སྟོན་པའི་དགོས་པ་ཡོངས་སུ་རྫོགས་ན། གསང་སྟེ་སྟོན་པའི་སློབ་དཔོན་ཉིད་དུ་གྱུར་པ་ཡིན་ནོ། །དེ་བཞིན་དུ་ལས་བྱེད་པ་དགེ་སློང་གི་སྡོམ་པ་སྦྱིན་པར་བྱེད་པ་དེ་སྐད་ཅིག་གང་ལ་དགེ་སློང་གི་སྡོམ་པ་སྐྱེ་བ་དེ་ཉིད་དང་། ཅིག་ཅར་དུ་ལས་བྱེད་པའི་སློབ་དཔོན་ཉིད་དུ་གྱུར་པར་རིག་པར་བྱའོ། །གནས་སྦྱིན་པའི་སློབ་དཔོན་ཉིད་ནི་སྐྱ་རེངས་ཤར་བའི་དུས་ན་སློབ་དཔོན་ཉིད་དུ་འགྱུར་བ་ཡིན་ནོ། །ཀློག་པའི་སློབ་དཔོན་ནི་མཚན་ཉིད་ཐ་དད་པར་བརྗོད་པར་བྱ་སྟེ། ཚིགས་སུ་བཅད་པ་གཅིག་ལན་གསུམ་ བཀླགས་པ་ལ་སོགས་པས་སོ། །ཅི་མཁན་པོ་ཉིད་ཀྱང་དོན་གྲུབ་ན་གྱུར་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཇི་ལྟར་ཞེ་ན། མཁན་པོར་གསོལ་བ་ཁས་བླངས་པ་ན་དེར་གྱུར་ཏོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་མཁན་པོར་གསོལ་བ་དེའི་ཚེ་ན་ཁས་བླངས་པ་དམ་བཅས་པ་གསུམ་པ་ལའོ། །གང་ཞིག་ཁས་ བླངས་པ་ན་ཞེ་ན། དེའི་ཕྱིར་མཁན་པོར་ཞེས་བྱ་བ་སྨྲས་སོ། །དེར་གྱུར་ཏོ་ཞེས་བྱ་བ་ནི། མཁན་པོ་ཉིད་དེར་གྱུར་པ་སྟེ་ཡིན་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྲིད་དུ་དགེ་ཚུལ་དུ་མི་བྱེད་པའམ་ཇི་སྲིད་དུ་རྫོགས་པར་བསྙེན་པར་མི་བྱེད་ཀྱི་བར་དུ་མི་འགྱུར་བ་མ་ཡིན་གྱི། མཁན་པོར་ ཁས་བླངས་པའི་དུས་ཁོ་ནའོ། །དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་ལ་སོགས་པའི་དོན་གྲུབ་ན་སློབ་དཔོན་ཉིད་ལ་སོགས་པར་གྱུར་པ་ཉིད་དོ་ཞེས་སྨྲས་ན། གང་གི་དོན་དུ་གྲུབ་པ་ཡིན་ཞེ་ན། དེའི་ཕྱིར་བརྗོད་པ། ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བརྗོད་པ་ ཞེས་བྱ་བ་ནི། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པ་ལ་སོགས་པའི་དོན་རྗོད་པར་བྱེད་པས་བརྗོད་པ་སྟེ། ཚིག་གང་ལ་དོན་དེ་ཡང་དང་ཡང་དུ་རྗོད་པར་བྱེད་ཟློས་པར་བྱེད་པ་དེ་ནི་འདིར་བརྗོད་པ་ཞེས་བྱའོ། །བརྗོད་པ་དེ་ལ་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པ་ལ་སོགས་པའི་དོན་གྲུབ་པ་ཉིད་དེ། དེའི་དབང་གིས་ ན་སློབ་དཔོན་ཉིད་ལ་སོགས་པ་དག་གྲུབ་པ་ཡིན་ནོ། །བརྗོད་པ་གསུམ་ཡོད་པ་ལས་བརྗོད་པ་གང་གི་བརྗོད་པའི་ཆ་གང་ལ་ཞེ་ན། དེའི་ཕྱིར་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་ཞེས་བྱ་བ་སྨྲས་ཏེ། ཐ་མ་ཕྱི་མའི་བརྗོད་པ་གང་ཡིན་པ་བརྗོད་པ་ཐ་མ་གང་ཡིན་པ་དེའི་ཆ་གསུམ་པ་གང་ཡིན་པའི་ཆ་ གསུམ་པ་དེ་ལ་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པ་ལ་སོགས་པའི་དོན་གྲུབ་པ་ཉིད་དུ་རིག་པར་བྱའོ། །འདི་སྐད་བསྟན་ཏེ། བརྗོད་པ་ཁོ་ན་ལ་དོན་དེ་ཡོངས་སུ་རྫོགས་པར་གྱུར་ན་འོན་ཀྱང་བརྗོད་པ་གང་ལ་དང་། བརྗོད་པའི་ཆ་གང་ལ་མི་ཤེས་པས་དེའི་ཕྱིར་བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་གང་ ཡིན་པ་དེ་ལ་ཞེས་དེ་སྐད་བྱའོ། །སྔར་བསྟན་པའི་དོན་དཔེས་བསྟན་པའི་ཕྱིར། དཔེར་ན་གཞན་བརྗོད་པའི་དུས་ན་དགེ་ཚུལ་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། གཞན་ཞེས་བྱ་བའི་སྒྲ་ནི། འདིར་དགེ་སློང་གང་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པ་དེ་ལ་བྱའོ། །བརྗོད་པའི་དུས་ན་ཞེས་བྱ་བ་ནི། ཉེ་བར་སྒྲུབ་པར་བྱེད་པ་གཞན་དེ་བརྗོད་པའི་དུས་གང་ཡིན་པ་ན་སྟེ། དགེ་ཚུལ་གྱི་སྡོམ་པ་སྦྱིན་པའི་དུས་ནའོ། །དུས་དེ་ན་དགེ་ཚུལ་ཉིད་དུ་གྲུབ་ཅིང་། དགེ་ཚུལ་དུ་བྱེད་པའི་ཐ་ཚིག་སྟེ། དགེ་ཚུལ་གྱི་སྡོམ་པ་ཞེས་བྱ་བ་དེ་གྲུབ་པ་ཉིད་དུ་རིག་པར་བྱ་བ་བཞིན་ནོ། །དུས་དེ་ཡང་གང་ཡིན་ པར་ཤེས་པར་བྱ་ཞེ་ན། བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་ཞེས་བྱ་བའི་འོག་ཏུ་སློབ་དཔོན་གྱིས་ཞེས་བྱ་བའི་སྒྲ་བརྗོད་པའི་གོང་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་དེའི་འོག་ཏུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་པར་བྱའི། བཙུན་པས་གཟུང་དུ་གསོལ་ཞེས་ བརྗོད་པར་མི་བྱའོ། །ཅི་མཁན་པོ་ཉིད་དུ་གྲུབ་པའི་དོན་ཀྱང་དེ་ཁོ་ན་བཞིན་དུ་ཁོང་དུ་ཆུད་པར་བྱ་འམ་ཞེ་ན། འདིར་ཐ་མ་ལ་མཁན་པོའི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། གྲུབ་པ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །འདིར་ཞེས་བྱ་བ་ནི། གཞན་བརྗོད་པའི་དུས་ནའོ། །ཐ་མ་ལ་ཞེས་བྱ་བ་ནི། རྣམ་གྲངས་ ཐ་མ་གང་ཡིན་པ་ལ་སྟེ། དེས་ན་ཁས་བླངས་པའི་བདག་ཉིད་ཀྱི་མཁན་པོའི་དོན་དུ་གྲུབ་པ་ཉིད་དེ། དེའི་ཚེ་འདི་སྐད་ཅེས་མཁན་པོ་མཁན་པོས་རབ་ཏུ་འབྱུང་བ་དང་། རྫོགས་པར་བསྙེན་པར་བགྱིའོ་ཞེས་བརྗོད་པར་བྱའི། བཙུན་པ་མཁན་པོས་ཤེའམ། སློབ་དཔོན་མཁན་པོས་ཞེས་མི་བྱའོ། ། ཐམས་ཅད་དུ་ཡང་གསུམ་པའི་དོན་གྱི་མཚམས་ཁོ་ནས་ཁོང་དུ་ཆུད་པར་བྱའི་ཡི་གེའི་ཚད་ལས་ནི་མ་ཡིན་ནོ། །འདི་ལྟར་དགེ་ཚུལ་གྱི་སྡོམ་པ་མ་སྦྱིན་པའི་དུས་ན་དོན་གྱི་མཚམས་གཉིས་ཏེ། སྐྱབས་སུ་འགྲོ་བ་དང་། དགེ་ཚུལ་ཉིད་དུ་ཁས་བླང་པ་ཡིན་མོད་ཀྱི། འོན་ཀྱང་ཆ་གསུམ་དུ་བྱ་བར་ནུས་ ཏེ། སྐྱབས་སུ་འགྲོ་བ་ནི་ཆ་གཅིག་གོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་ཞེས་བྱ་བ་ནི་ཆ་གཉིས་པའོ། །སློབ་དཔོན་གྱིས་གསོལ་ཞེས་བྱ་བ་ནི་ཆ་གསུམ་པའོ། །བརྗོད་པ་ཐ་མ་ཡོངས་སུ་མ་རྫོགས་མོད་ཀྱི། འོན་ཀྱང་ཆ་གསུམ་པའི་དོན་ལས་མ་ལུས་པར་གྲུབ་པ་ཉིད་དེ། བྱ་བ་ཕལ་ཆེར་ བྱས་པའི་ཕྱིར་རོ། །ལས་ཐམས་ཅད་ལ་ཡང་ཆོ་ག་འདི་བཞིན་བལྟ་བར་བྱའོ། །གནས་སྦྱིན་པ་དང་ཀློག་པ་གཉིས་ཀྱི་དོན་གྲུབ་པ་ཉིད་ནི་གཞན་དུ་བསྟན་པའི་ཕྱིར། གནས་སྦྱིན་པ་ནི་ཞག་གཅིག་གནས་ཉིད་ཀྱི་ཕྱིར་ཉེ་བར་གནས་པ་མཐར་ཐུག་ནའོ་ཞེས་བྱ་བ་ལ་སོགས་ པ་སྨྲས་ཏེ། གནས་སྦྱིན་པ་དང་ཀློག་པའི་སློབ་དཔོན་ཉིད་གཉིས་ཀྱི་རྒྱུའི་དོན་གྲུབ་པ་ཉིད་ནི་བརྗོད་པ་གསུམ་པའི་ཆ་གསུམ་པ་ལ་མ་ཡིན་མོད་ཀྱི་འོན་ཀྱང་གནས་སྦྱིན་པ་ནི་གང་གི་ཚེ་མཐར་ཐུག་པ་མཐར་ཕྱིན་ཅིང་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་ནའོ། །ཞག་གཅིག་ཅེས་བྱ་བ་ནི། ཉིན་མཚན་ གཅིག་གོ། །གནས་ཉིད་ཀྱི་ཕྱིར་ཉེ་བར་གནས་པ་ཞེས་བྱ་བ་ནི། གནས་སྦྱིན་པའི་སློབ་དཔོན་ལ་གནས་ཉིད་ཀྱིས་གནས་སུ་འཛིན་པ་ཉིད་ཀྱི་ཕྱིར་ཉེ་བར་གནས་པའོ། །མཐར་ཐུག་ནའོ་ཞེས་བྱ་བ་ནི། གནས་སྦྱིན་པ་དེའི་མཐར་ཐུག་པའོ། །འདི་སྐད་བསྟན་ཏེ། གང་གི་ཚེ་གནས་སྦྱིན་པའི་སློབ་དཔོན་དང་ མཚམས་གཅིག་ཏུ་གནས་སུ་འཛིན་པས་ཉིན་ཞག་གཅིག་ལྷན་ཅིག་གནས་པར་བྱེད་ན་དེའི་ཚེ་གནས་སྦྱིན་པའི་མཐར་ཐུག་པ་ཉིད་ཡིན་ཏེ། དེ་ལྟར་གཞུང་ལས་ཀྱང་གནས་སྦྱིན་པའི་སློབ་དཔོན་གང་ཞེ་ན། གང་གི་དྲུང་དུ་ཞག་གཅིག་ཙམ་གནས་པས་བསྟེན་པ་ཡང་ཡིན་ནོ་ཞེས་གསུངས་སོ། །ཀློག་ པ་ནི་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་ནའོ་ཞེས་བྱ་བ་ནི། ཀློག་པའི་བསམ་པས་གང་ལས་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་ན་དེའི་ཀློག་པའི་མཐར་ཐུག་པ་ཡིན་ནོ། །འདི་སྐད་བསྟན་ཏེ། གང་ལས་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཀླགས་ན་དེ་ནི་ཀློག་པའི་སློབ་ དཔོན་ཡིན་པར་བལྟ་བར་བྱ་སྟེ། ཀློག་པའི་མཐར་ཐུག་པ་ཡང་དེ་ཡིན་པར་རིག་པར་བྱའོ། །གཙུག་ལག་ལས་ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བཟུང་བའོ་ཞེས་བྱ་བའི་ཚིག་དེ་ལྟ་བུ་སྣང་བ་ལ། བཟུང་བ་ཞེས་བྱ་བའི་སྒྲ་ནི་འདི་ལྟར་རྣམ་པར་བཤད་ པར་བྱ་སྟེ། ཀློག་པའི་སློབ་དཔོན་གྱིས་སྨྲས་པ་ཟློས་པར་བྱེད་པས་རྗེས་སུ་ཟློས་པ་ནི་བཟུང་བ་མ་ཡིན་ནོ། །སློབ་དཔོན་གྱིས་ཇི་སྐད་མདོར་བྲིས་པའི་ཚིག་འདི་ནི་བཅོམ་བརླག་པའི་གཞུང་ལས་འབྱུང་ངོ་། །ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་ན་ཀློག་པའི་མཐར་ཐུག་པ་ཡིན་པར་སྨྲས་ན། དེ་ ལྟ་ན་གྱི་ན་ལན་གསུམ་བཟླས་པ་ཡང་སློབ་དཔོན་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། ཀློག་པའི་བསམ་པ་མེད་པས་བརྗོད་པ་ནི་ཀློག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྟེ། གལ་ཏེ་ཀློག་པའི་བསམ་པ་མེད་པས་ལན་སྟོང་རྗོད་པར་བྱེད་དུ་ཟིན་ཀྱང་དེ་ཀློག་པ་མ་ཡིན་པ་ཁོ་ན་སྟེ། དཔེར་ན་ཁ་ཏོན་ཙམ་ཟློས་པ་བཞིན་ནོ། ། དེའི་ཕྱིར་ཀློག་པའི་བསམ་པ་མེད་པས་བརྗོད་པ་སློབ་དཔོན་ཉིད་དུ་མི་འགྱུར་རོ། །ཁ་ཏོན་ལ་སོགས་པ་ནི་གོམས་པར་བྱ་བའི་བསམ་པ་ཡིན་པའི་ཕྱིར་དང་། ཀློག་པ་ནི་མ་བཟུང་བ་འཛིན་པའི་ཚུལ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཁ་ཏོན་ལ་སོགས་པ་ནི་ཀློག་པ་ཉིད་ཀྱང་མེད་ན་སློབ་དཔོན་ཉིད་དུ་འགྱུར་ བལྟ་ཡོད་རེ་སྐན། སློབ་དཔོན་དང་མཁན་པོ་དག་ཏུ་འགྱུར་བ་སྨྲས་ནས། གང་གི་ཚེ་གྱུར་པ་ན་དེ་གཉིས་ཀྱི་མིང་ནས་ཇི་ལྟར་བརྗོད་པར་བྱ་ཞེ་ན། དེ་གཉིས་ལ་གཞན་དུ་ཉེ་བར་མི་བརྗོད་དོ་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་དང་མཁན་པོ་དེ་གཉིས་ལ་སློབ་དཔོན་དང་མཁན་པོའི་སྒྲ་མ་གཏོགས་པ་རྣམས་གཞན་ དུ་ཉེ་བར་མི་བརྗོད་དོ། །ཉེ་བར་བརྗོད་པའི་ཚིག་ནི་ཉེ་བར་བརྗོད་པ་སྟེ། ཉེ་བར་ཞེས་བྱ་བའི་སྒྲ་ནི་ཁད་ཉེ་བའི་ཚིག་ཡིན་པའི་ཕྱིར་རོ། །དེ་བས་ན་སློབ་དཔོན་དང་མཁན་པོ་གཉིས་ཀྱི་མིང་ཚེ་དང་ལྡན་པ་དང་བཙུན་པ་དང་གནས་བརྟན་ཞེས་བྱ་བའི་སྒྲ་གཞན་དུ་བརྗོད་པར་མི་བྱ་སྟེ། འདི་ལྟར་སློབ་དཔོན་ལ་ ཡང་སློབ་དཔོན་ཁོ་ན་ཞེས་བརྗོད་པར་བྱ། མཁན་པོ་ལ་ཡང་མཁན་པོ་ཁོ་ནར་རོ། །དེ་གཉིས་ལ་ཉེ་བའི་ཚིག་དང་བྲལ་བར་ཡང་རྣམ་པ་ཐམས་ཅད་དུ་གཟུང་བར་མི་བྱའོ། །རྒན་པ་ལ་ཡང་ཉེ་བའི་ཚིག་དང་བྲལ་བར་མིང་མི་གཟུང་སྟེ། གཞི་དེ་ཉིད་ཀྱི་ཕྱིར་རོ། །གཞན་ལ་མི་བྱའོ་ཞེས་བྱ་བ་ནི། སློབ་ དཔོན་མཁན་པོ་གཉིས་ལས་གཞན་པའི་གང་ཟག་སློབ་དཔོན་དང་མཁན་པོ་མ་ཡིན་པ་ལ་སློབ་དཔོན་དང་མཁན་པོའི་སྒྲ་དག་ཏུ་ཉེ་བར་བརྗོད་པར་མི་བྱའོ། །མཁན་པོ་ལ་མཁན་པོའི་སྒྲར་ཉེ་བར་བརྗོད་པར་བྱའོ་ཞེས་བསྟན་ན། དེ་ལྟར་ན་སློབ་དཔོན་བཞིན་དུ་མཁན་པོ་ལ་ཡང་མཁན་པོའི་སྒྲ་འབའ་ཞིག་གིས་ ཉེ་བར་བརྗོད་པ་འཐོབ་པོ་ཞེ་ན་དེའི་ཕྱིར། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བ་དང་བཅས་པར་མ་སྨྲས་པར་མཁན་པོའི་མིང་མི་གཟུང་ངོ་ཞེས་བྱ་བ་སྨྲས་ཏེ། མཁན་པོའི་མིང་བཟུང་བ་ན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བའི་ཚིག་དེ་དང་བཅས་པར་མ་སྨྲས་པར་མཁན་པོ་ཞེས་བྱ་ བའི་སྒྲ་ཉེ་བར་བརྗོད་པ་ཉི་ཚེས་མཁན་པོའི་མིང་མི་གཟུང་ངོ་། །འདི་སྐད་བསྟན་ཏེ། དོན་གྱི་སླད་དུ་ཞེས་བྱ་བ་དགོས་པའི་དབང་དུ་མཁན་པོའི་མཚན་ནས་ཞེས་བྱ་བ་མཁན་པོའི་མིང་ནས་སྨོས་ཏེ་ཞེས་བྱ་བ་བརྗོད་དེ། ཚིག་དེ་དང་བཅས་པ་ཞེས་བྱ་བ་ཚིག་དེའི་མཇུག་ཐོགས་སུ་མཁན་ པོའི་སྒྲ་ཉེ་བར་བརྗོད་པས་མཁན་པོའི་མིང་ཉེ་བར་བརྗོད་དེ་གཟུང་བར་བྱའི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བའི་ཚིག་མ་སྨྲས་པར་མཁན་པོ་ཞེས་བྱ་བའི་སྒྲ་ཙམ་ཉེ་བར་བརྗོད་པས་མཁན་པོའི་མིང་མི་གཟུང་ངོ་། །བཅས་པར་ཞེས་བྱ་བ་སྨོས་པ་ནི། བར་དུ་ཆད་པ་སྤང་བའི་དོན་ཏེ། ཚིག་སྔ་ མ་དང་འབྲེལ་བར་མཁན་པོའི་མིང་གཟུང་བར་བྱ་བའི་བར་དུ་ཆད་ནས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་ཆོ་གའོ་ཞེས་བྱ་བ་ནི། དགེ་ཚུལ་ཉིད་ཐོབ་པར་བྱ་བའི་ཆོ་གའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་ཚུལ་ཉིད་དུ་ཆོ་ག་རྣམ་པར་བཤད་ནས། ད་ནི་རྫོགས་ པར་བསྙེན་པའི་ཆོ་ག་བརྗོད་པར་བྱ་སྟེ། དགེ་འདུན་ལས་རྫོགས་པར་བསྙེན་པར་བྱའོ་ཞེས་བྱ་བ་ནི། དགེ་འདུན་ཁོ་ན་ལས་རྫོགས་པར་བསྙེན་པར་འགྱུར་གྱི། ཇི་ལྟར་རབ་ཏུ་འབྱུང་བ་དང་དགེ་ཚུལ་ཉིད་གང་ཟག་ཁོ་ན་ལས་འགྱུར་བ་ལྟར་གང་ཟག་ལས་ནི་མ་ཡིན་ནོ། །ཐབས་གང་གིས་དགེ་འདུན་ ལས་རྫོགས་པར་བསྙེན་པར་འགྱུར་ཞེ་ན། མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པས་ལས་བྱེད་པ་དང་གསང་སྟེ་སྟོན་པའི་དགེ་སློང་ལ་གསོལ་བ་གདབ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པ་ཞེས་བྱ་བ་ནི། རྫོགས་པར་བསྙེན་པའི་མཁན་པོ་ཉིད་དུ་ཉེ་བར་གནས་པ་སྟ་གོན་དུ་གྱུར་ པའི་དགེ་སློང་སྟེ། དེ་ཉིད་ཀྱིས་ལས་བྱེད་པ་ལ་གསོལ་བ་གདབ་པ་བཅོལ་བར་བྱ་ཞིང་། གསང་སྟེ་སྟོན་པའི་དགེ་སློང་ལ་ཡང་གསོལ་བ་གདབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་ཞེས་སྨོས་པ་ནི། གསང་སྟེ་སྟོན་པའི་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། ལས་བྱེད་པ་ནི་ལས་ཡོངས་སུ་བརྗོད་པས་དགེ་ སློང་ཉིད་ཡིན་པར་གྲུབ་པའི་ཕྱིར་རོ། །གསོལ་བ་གདབ་པའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། མཁན་པོར་གསོལ་བ་བྱའོ་ཞེས་བྱ་བ་སྨྲས་ཏེ། རྫོགས་པར་བསྙེན་པར་འདོད་པས་དགེ་འདུན་གྱི་དབུས་དེ་ཉིད་དུ་མཁན་པོར་གསོལ་བ་བྱའོ། །མཁན་པོར་གསོལ་བའི་འོག་ཏུ་མཁན་པོས་ཅི་ཞིག་བྱ་ཞེ་ན། དེ་རང་ གིས་དེ་ལ་ཆོས་གོས་གསུམ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ཞེས་བྱ་བ་ནི། མཁན་པོ་ལ་སྙེགས་ཏེ། འདས་མ་ཐག་ཏུ་བསྟན་པའི་ཕྱིར་རོ། །འོ་ན་རང་གིས་ཞེས་བྱ་བ་སྨོས་མི་དགོས་ཏེ། དེས་དེ་ལ་ཆོས་གོས་གསུམ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་འདི་ཉིད་ཀྱང་དོན་རྟོགས་པའི་ཕྱིར་ རང་གིས་ཞེས་བྱ་བ་སྨོས་ཅི་དགོས་ཤེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། རང་གིས་ཞེས་སྨོས་པ་ནི་བཅོལ་བའི་ཆོ་ག་སྤང་བའི་ཕྱིར་ཏེ། འདི་ལྟར་དཔེར་ན་སྐྲ་བྲེག་པ་དང་མཚན་བརྟག་པ་ལ་སོགས་པ་དག་གཞན་གྱིས་བྱེད་ན་ཡང་ཉེས་པ་མེད་པ་ལྟ་བུ་ཆོ་ག་མ་ངེས་པ་ནི་བཅོལ་བའི་ཆོ་ག་ཞེས་བྱའོ། །འདིར་ནི་ཆོས་གོས་བྱིན་ གྱིས་བརླབ་པ་མཁན་པོ་ཉིད་ཀྱིས་རང་གིས་བྱ་བ་ཡིན་གྱི་གཞན་བྱེད་དུ་མི་གཞུག་པ་དེའི་དོན་དུ་རང་གིས་ཞེས་བྱ་བའི་སྒྲ་ཉེ་བར་བརྗོད་པ་བྱས་སོ། །དེ་ལ་ཞེས་བྱ་བ་ནི། རྫོགས་པར་བསྙེན་པར་བྱ་བ་ལའོ། །དེ་ལྟར་ན་འདིར་མདོའི་དོན་འདི་འབྱུང་སྟེ། མཁན་པོ་དེ་རང་གིས་རྫོགས་པར་བསྙེན་པར་བྱ་བ་དེ་ལ་ཆོས་ གོས་གསུམ་དྲས་ཤིང་དྲུབས་ཟིན་པ་དེ་ཡོད་ཅིང་བདོག་པའམ། མེད་ཅིང་མི་བདོག་ན་གཞན་ལ་རྒྱུ་ཡང་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་བརླབས་པའི་འོག་ཏུ་བསྐོན་པར་བྱ་སྟེ། ཆོས་གོས་བྱིན་གྱིས་བརླབ་པ་ནི་ཆ་ལུགས་ཀྱི་དོན་དུ་ཡིན་པའི་ཕྱིར་རོ། །ལྷུང་བཟེད་ཀྱང་མི་ཆུང་ངམ་མི་ཆེའམ་མི་སྐྱའམ་ ཞེས་དགེ་འདུན་ལ་བསྟན་ནས་སོ་ཞེས་བྱ་བ་ལ། ལྷུང་བཟེད་ཀྱང་དགེ་འདུན་ལ་བསྟན་ནས་ཞེས་བྱ་བའི་ཀྱང་ཞེས་བྱ་བ་ནི། དེ་རང་ཁོ་ནས་དེ་ཡང་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའོ། །དགེ་འདུན་ལ་ལྷུང་བཟེད་བསྟན་པ་ཅིའི་ཕྱིར་བྱ་ཞེ་ན། དེའི་ཕྱིར་མི་ཆུང་ངམ་ཞེས་བྱ་བ་ལ་སོགས་པ་སྟེ། བྱིན་གྱིས་ བརླབ་ཏུ་རུང་བའི་ལྷུང་བཟེད་གསུམ་ལས་མི་ཆུང་ངམ་ཞེས་བྱ་བ་མི་དམན་ནམ་ཞེས་བྱ་བའི་ཐ་ཚིག་གོ། །མི་ཆེའམ་ཞེས་བྱ་བ་ནི། ཚད་གསུམ་པོ་དག་ལས་བོང་ཚོད་མ་ལྷག་གམ་ཞེས་བྱ་བའོ། །མི་སྐྱའམ་ཞེས་བྱ་བ་ནི། ལྷུང་བཟེད་དཀར་པོར་མ་གྱུར་ཏམ་ཞེས་བྱའོ། །ལྷུང་བཟེད་ནག་པོ་ཞེས་གསུངས་པ་ གང་ཡིན་པ་དེ་ནི་སྐྱ་བ་ལ་སོགས་པར་ཐལ་བ་ཡོངས་སུ་སྤང་བའི་ཕྱིར་ཉེ་བར་བསྟན་པ་ཡིན་ཏེ། ཆུང་བ་ཉིད་ལ་སོགས་པའི་སྐྱོན་དང་ལྡན་པ་ལ་ནི་བྱིན་གྱིས་བརླབ་པ་མི་འཆགས་པའི་ཕྱིར་རོ། །ལྷུང་བཟེད་བསྟན་པའི་འོག་ཏུ་དགེ་སློང་དེ་དག་གིས་ཇི་སྐད་བརྗོད་པར་བྱ་ཞེ་ན། ཐམས་ཅད་ཀྱིས་དེ་ལྟ་བུ་ཉིད་མ་ཡིན་ཏེ། ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱ་བ་སྨྲས་ཏེ། ཐམས་ཅད་ཀྱིས་ཞེས་བྱ་བ་སྨོས་པ་ནི། དགེ་སློང་འདུས་པ་རྣམས་མ་ལུས་པ་བསྟན་པའི་ཕྱིར་རོ། །དེ་ལྟ་བུ་ཉིད་ཅེས་བྱ་བ་ནི། དེ་ལྟ་བུའི་དངོས་པོ་སྟེ་ཆུང་བ་ཉིད་ལ་སོགས་པའི་སྐྱོན་དང་ལྡན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུ་ ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི། དེ་ལྟ་བུའི་དངོས་པོ་མ་ཡིན་པ་སྟེ། ཆུང་བ་ཉིད་ལ་སོགས་པའི་སྐྱོན་དང་བྲལ་བ་ཉིད་དོ། །དེ་ལྟར་ན་འདིར་མདོའི་དོན་འདི་འབྱུང་སྟེ། གལ་ཏེ་ལྷུང་བཟེད་དེ་ཆུང་བ་ཉིད་ལ་སོགས་པའི་སྐྱོན་དང་བྲལ་བ་ཡིན་ཞིང་། ཚད་དང་ལྡན་པ་དང་ལེགས་པར་ཁ་བསྒྱུར་བ་ལ་སོགས་པའི་ཡོན་ ཏན་དང་ལྡན་པ་ཡིན་ན། དེའི་ཚེ་དགེ་སློང་ཐམས་ཅད་ཀྱིས་ལྷུང་བཟེད་བཟང་ངོ་ཞེས་བྱ་བ་ལྷུང་བཟེད་མཛེས་སོ་ཞེས་བརྗོད་པར་བྱའོ། །ལྷུང་བཟེད་བསྟན་པའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། བཀར་ནས་ལས་བྱེད་པས་གསང་སྟེ་སྟོན་པ་གང་ཡིན་ཞེས་བྱ་བས་སྨྲར་བཅུག་སྟེ། སྤྲོ་བ་བྱས་ནས་དགེ་འདུན་ལ་གསོལ་ བ་བྱའོ་ཞེས་བྱ་བ་སྨྲས་ཏེ། བཀར་ནས་ཞེས་བྱ་བ་ནི། རྫོགས་པར་བསྙེན་པར་བྱ་བ་དེ་དཀྱིལ་འཁོར་བའི་གནས་ནས་ཕྱིར་ཕྱུང་ནས་ཏེ། ཐག་ཇི་སྲིད་དུ་དགར་བར་བྱ་ཞེ་ན། གསང་སྟེ་སྟོན་པའི་ཕྱིར་ལས་གང་བྱེད་པ་དེ་མི་ཐོས་པ་དེ་སྲིད་དུའོ། །དེའི་འོག་ཏུ་ལས་བྱེད་པས་སུ་ཡིན་ཞེས་བྱ་བ་ལ་སོགས་པའི་ ལས་བྱའོ། །དེ་ཡང་ལས་ཀྱི་ཆོ་ག་ལས་ཁོང་དུ་ཆུད་པར་བྱ་སྟེ། དེ་ལས་ཀྱང་དེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་ཐལ་མོ་སྦྱོར་དུ་བཅུག་ནས། ཚོགས་ལ་མངོན་པར་ཕྱོགས་པར་གཞག་པར་བྱའོ་ཞེས་འབྱུང་ངོ་། །དེའི་འོག་ཏུ་ལས་བྱེད་པས་སྨྲ་བར་བྱའོ། །གང་ཡིན་ཞེས་བྱ་བ་དེ་ནི། སྔགས་ཀྱི་ཚིག་གི་ཡི་གེ་དང་པོ་བླངས་པ་ཡིན་ཏེ། མཁན་པོ་མིང་འདི་ཞེས་བྱ་བས་ནི་མིང་འདི་ཞེས་བྱ་བའི་གསང་སྟེ་སྟོན་པར་གསོལ་བ་གདབ་པ་གང་ཡིན་ཞེས་བྱ་བའི་སྔགས་དེས་གསང་སྟེ་སྟོན་པ་བཙལ་བར་བྱའོ། །དེའི་འོག་ཏུ་གསང་སྟེ་སྟོན་པས་བདག་མིང་འདི་ཞེས་བྱ་བའོ་ཞེས་བརྗོད་པར་བྱའོ། ། དེ་ལྟར་ལས་བྱེད་པས་གསང་སྟེ་སྟོན་པ་དེ་སྨྲར་བཅུག་པའི་ཚིག་གི་ལན་འདེབས་སུ་བཅུག་སྟེ་དེའི་འོག་ཏུ་ལས་བྱེད་པས་གསང་སྟེ་སྟོན་པ་དེ་ཉིད་སྤྲོ་བར་བྱ་བའི་ཕྱིར། སྤྲོ་བར་བྱས་ནས་ཞེས་བྱ་བ་སྨྲས་ཏེ། གསང་སྟེ་སྟོན་པ་དེ་ཉིད་དོ། །མིང་འདི་ཞེས་བྱ་བ་ཁྱོད་མཁན་པོ་མིང་འདི་ཞེས་བྱ་བས་མིང་འདི་ཞེས་བྱ་ བ་ལ་གསང་སྟེ་སྟོན་པར་སྤྲོ་འམ་ཞེས་བྱ་བའི་སྔགས་ཀྱིས་སོ། །ཆོ་ག་བཤད་པ་འདི་ནི་ཐམས་ཅད་དུ་ཡང་དུས་དང་པོར་བྱ་བ་ཡིན་ནོ། །དེ་དང་དེ་ལྟར་བྱས་ནས་དེའི་འོག་ཏུ་ལས་བྱེད་པས་གསང་སྟེ་སྟོན་པ་དེ་དགེ་འདུན་ལ་གསོལ་བ་བྱའོ་ཞེས་བྱ་བ་གོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་འདིར་མདོའི་ དོན་འདི་འབྱུང་སྟེ། རྫོགས་པར་བསྙེན་པར་འདོད་པ་ཐ་དད་པར་གནས་པ་ལས་བཀར་ནས། མིང་འདི་ཞེས་བྱ་བས་མིང་འདི་ཞེས་བྱ་བའི་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་གང་ཡིན་ཞེས་དུས་སྔར་བྱ་བ་བྱས་ནས། དེའི་འོག་ཏུ་དགེ་འདུན་ལ་གསང་སྟེ་སྟོན་པ་གསོལ་བ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ། དགེ་འདུན་ལ་གསོལ་བའི་འོག་ཏུ་གསང་སྟེ་སྟོན་པས་རྫོགས་པར་བསྙེན་པར་འདོད་པ་ལྐོག་ཏུ་རྗེས་སུ་སྟོན་པར་བྱ་སྟེ། དེའི་ཕྱིར་ཁྱོད་ཉོན་ཅིག་ཅེས་བྱ་བས་ལྐོག་ཏུ་རྗེས་སུ་བསྟན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གསང་སྟེ་སྟོན་པས་བྱ་བ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ ལྐོག་ཏུ་རྗེས་སུ་བསྟན་པ་ནི་དེའི་ལས་ཡིན་པའི་ཕྱིར་རོ། །ཁྱོད་ཉོན་ཅིག་ཅེས་བྱ་བས་ཞེས་བྱ་བའི་ཚིག་དང་པོས་ནི་སྔགས་མཐའ་དག་ལེན་པར་བྱེད་དེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས་འདི་ནི་བྱུང་བའི་དུས་ཏེ་ཞེས་བྱ་བ་ལ་སོགས་པའོ། །རྗེས་སུ་བསྟན་པའི་འོག་ཏུ་གསང་སྟེ་ སྟོན་པས་རྫོགས་པར་བསྙེན་པར་འདོད་པ་ལ་བརྗོད་པར་བྱ་བ་མ་བོས་ཀྱི་བར་དུ་མ་འོང་བར་སྡོད་ཅིག་ཅེས་སྨྲས་ནས་རྗེས་སུ་བསྟན་ན་ཞེས་བྱ་བས་དགེ་འདུན་ལ་ཡོངས་སུ་དག་པས་ཏེ་ཅི་མཆི་ཞིག་གམ་ཞེས་བྱ་བས་འོང་བར་ཞུ་བར་བྱའོ་ཞེས་བྱ་བ་ནི། མ་བོས་ཀྱི་བར་དུ་ཞེས་བྱ་བ་མ་སྦྲན་གྱི་བར་དུ་ཁྱོད་རེ་ ཞིག་དགེ་འདུན་གྱི་ནང་དུ་མ་འོང་བར་སྡོད་ཅིག་ཅེས་རྫོགས་པར་བསྙེན་པར་འདོད་པ་དེ་ལ་སྨྲས་ནས་ཞེས་བྱ་བ་བསྒོ་ནས་གསང་སྟེ་སྟོན་པས་རྒན་རིམས་ལ་འདི་སྐད་དུ་རྗེས་སུ་བསྟན་ན་ཞེས་བྱ་བ་བརྗོད་པར་བྱ་སྟེ། དེ་ཡང་སྔགས་ཀྱི་ཚིག་བླངས་པ་ཡིན་ཏེ། དེའི་ཕྱིར་ཞེས་བྱ་བས་ཞེས་བྱ་བའི་སྒྲ་ཉེ་བར་བརྗོད་པར་བྱ་ སྟེ། སྔགས་ཀྱི་ཚིག་དེ་ཉིད་ཀྱི་ཕྱོགས་གཅིག་སྨོས་པའི་ཐ་ཚིག་གོ། །དགེ་འདུན་ལ་རྫོགས་པར་བསྙེན་པར་འདོད་པའི་ཡོངས་སུ་དག་པ་གོ་བར་བྱས་ཏེ་ཞེས་བྱ་བ་གང་གིས་ཤེ་ན། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གིས་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་ བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ན་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སོ། །དེ་ལྟར་ན་འདིར་མདོའི་དོན་འདི་འབྱུང་སྟེ། གསང་སྟེ་སྟོན་པས་རྫོགས་པར་བསྙེན་པར་འདོད་པ་ལ་རྗེས་སུ་བསྟན་ པའི་འོག་ཏུ་མ་བོས་མ་སྦྲན་གྱི་བར་དུ་ཐ་དད་པར་གནས་པའི་ནང་དུ་མ་འོང་བར་ཕྱོགས་འདི་ཉིད་དུ་རེ་ཞིག་སྡོད་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་དགེ་འདུན་ལ་རྫོགས་པར་བསྙེན་པར་འདོད་པའི་ཡོངས་སུ་དག་པ་གོ་བར་བྱ་སྟེ། བདག་གིས་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་ བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ན་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སོ། །ཡོངས་སུ་དག་པ་གོ་བར་བྱས་ནས་ཀྱང་ཅི་མཆི་ཞིག་གམ་ཞེས་བྱ་བས་འོང་བ་ཞུ་བར་བྱའོ་ཞེས་བྱ་བ་ནི། ཅི་མཆི་ཞིག་གམ་ཞེས་བྱ་བའི་ཞུ་བ་འདིས། རྫོགས་པར་བསྙེན་པར་བྱ་བ་དེའི་འོང་བ་ དགེ་འདུན་ལ་ཞུ་བར་བྱའོ། །གསང་སྟེ་སྟོན་པའི་ལས་རྫོགས་སོ།། །།བམ་པོ་གཉིས་པ། འོང་བ་ཞུས་པའི་འོག་ཏུ་དགེ་འདུན་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ། ཐམས་ཅད་ཀྱིས་ཞེས་བྱ་བ་ནི། ལན་མེད་པ་མ་ཡིན་པར་ བསྟན་པའི་ཕྱིར་རོ། །གལ་ཏེ་ཡོངས་སུ་དག་ནའོ་ཞེས་བྱ་བ་ནི། གལ་ཏེ་རྫོགས་པར་བསྙེན་པར་བྱ་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་ནའོ་ཞེས་བྱ་བའི་སྒྲ་ནི་བརྗོད་མ་ཐག་པ་དེ་ཉིད་ལ་སྙེགས་པའི་དོན་ཏེ། དེ་ཁོ་ན་སྐད་བརྗོད་པར་བྱའི་ལྷག་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བརྗོད་ པར་བྱའོ་ཞེས་བྱ་བ་ནི། སྨྲ་བར་བྱ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་དགེ་འདུན་གྱིས་གནང་སྟེ། རྫོགས་པར་བསྙེན་པར་འདོད་པ་དགེ་འདུན་གྱི་ནང་དུ་ཞུགས་པ་དེ་ཉིད་ལས་བྱེད་པ་ཅི་ཞིག་བྱ་ཞེ་ན། ལས་བྱེད་པས་རྫོགས་པར་བསྙེན་པར་གསོལ་དུ་གཞུག་གོ་ཞེས་བྱ་བ་སྨྲས་ཏེ། ལས་བྱེད་པས་ རྫོགས་པར་འདོད་པ་རྫོགས་པར་བསྙེན་པར་བྱ་བའི་ཕྱིར། གསོལ་དུ་གཞུག་གོ་ཞེས་བྱ་བ་གསོལ་བ་བྱེད་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །གསོལ་བའི་འོག་ཏུ་དགེ་འདུན་ལ་གོ་བར་བྱ་སྟེ། དེའི་ཕྱིར་དགེ་འདུན་ལ་གསོལ་ནས་བར་ཆད་དྲི་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ ལ་གསོལ་ནས་ཞེས་བྱ་བ། བར་ཆད་དྲི་བའི་ཕྱིར་དགེ་འདུན་ལ་གསོལ་བ་བྱས་གོ་བར་བྱས་ནས་སོ། །ཇི་ལྟར་བར་ཆད་དྲི་བར་བྱ་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས་འདི་ནི་བྱུང་བའི་དུས་དེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སོ། །བར་ཆད་དྲིས་པའི་འོག་ཏུ་ རྫོགས་པར་བསྙེན་པ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། ལས་བྱེད་པས་རྫོགས་པར་བསྙེན་པར་འདོད་པ་དེ་གསོལ་བ་དང་བཞིའི་ལས་ཀྱིས་རྫོགས་པར་བསྙེན་པ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ཡང་དག་པར་ཐོབ་པར་བྱའོ། །རབ་ཏུ་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྫོགས་པར་བསྙེན་པ་ཉེ་བར་ བསྒྲུབ་པའི་འོག་ཏུ་དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ་ཞེས་བྱ་བ་ནི། གང་གི་ཚེ་རྫོགས་པར་བསྙེན་པར་གྱུར་པ་དེ་མ་ཐག་ཏུ་དགེ་སློང་གང་ཡང་རུང་བས་གྲིབ་མ་གཞལ་བར་བྱ་ཞིང་། གྲིབ་མ་དེའི་ཚོད་རྫོགས་པར་བསྙེན་པའི་གང་ཟག་ད་ལྟར་གྲིབ་མ་འདི་ཙམ་དུ་གྱུར་ཏོ་ཞེས་རིག་པར་བྱའོ་ཞེས་བྱ་བ་གོ་བར་ བྱའོ། །གཞལ་བ་དེ་ཡང་ཅི་ཞིག་གིས་བྱ་ཞེ་ན། དེ་ནི་ཐུར་མ་སོར་བཞི་པས་བཟང་ངོ་ཞེས་བྱ་བ་སྨྲས་ཏེ། གྲིབ་མ་གཞལ་བ་དེ་ནི་ཐུར་མ་སོར་བཞིའི་ཚད་ཙམ་གྱིས་གཞལ་ན་བཟང་ངོ་ཞེས་བྱ་བ་སླའོ་ཞེས་བྱ་བར་རིག་པར་བྱའོ། །རྐང་པ་ལ་སོགས་པས་ནི་བུལ་བར་འགྱུར་གྱི་ཐུར་མས་ནི་མྱུར་ ཏེ། དེའི་ཕྱིར་དེ་ཉིད་ཀྱིས་གཞལ་ན་བཟང་གི་གཞན་གྱིས་ནི་མི་བཟང་ངོ་། །མིང་མ་གྲགས་པ་གཞན་གྱི་ཐ་སྙད་བསྟན་པའི་ཕྱིར། དེ་ནི་སྐྱེས་བུ་ཉིད་ཅེས་ཐ་སྙད་དུ་བྱའོ་ཞེས་བྱ་བ་སྨྲས་ཏེ། བཟང་ངོ་ཞེས་བྱ་བར་འགྱུར་རོ། །ཐུར་མ་དེའི་ཐ་སྙད་ནི་སྐྱེས་བུ་ཉིད་ཅེས་བརྗོད་པར་བྱ་སྟེ། དེ་ལ་ཐུར་ མས་གཞལ་བའི་གྲིབ་མ་དེ་ཇི་ཙམ་དུ་གྱུར་པ་དེ་ཙམ་ལ་གྲིབ་མ་སྐྱེས་བུའི་ཚད་ཅེས་བརྗོད་པར་བྱའོ། །གྲིབ་མ་འབའ་ཞིག་རིག་པར་བྱ་བ་མ་ཡིན་གྱི་གཞན་ཡང་ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པ་དང་ཞེས་བྱ་བ་ལ། ཉིན་མཚན་ཞེས་བྱ་བ་ནི། ཉིན་པར་དང་མཚན་མོའོ། །དེའི་ཆ་ནི་སྔ་དྲོ་ དང་གུང་དང་ཕྱི་འབྲེད་དང་། ཐུན་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ཡང་རིག་པར་བྱའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི། གུང་ལ་སོགས་པ་དེ་དག་ཉིད་དུ་བཟུང་ངོ་། །དུས་ཚོད་ཀྱང་ངོ་ཞེས་བྱ་བ་ལ། དུས་ཚོད་ཅེས་བྱ་བ་ནི། དུས་ཀྱི་བྱེ་བྲག་ཡིན་པར་རིག་པར་བྱའོ། །ཀྱང་ངོ་ཞེས་བྱ་བ་ནི་ རིག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འོ་ན་དུས་ཚོད་དེ་དག་དུ་ཡོད་ཅེ་ན། དེ་དག་ནི་ལྔའོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་མདོ་གོང་མ་ལ་དུས་ཚོད་ཅེས་བྱ་བའི་སྒྲ་ཐ་མ་གཅིག་གི་ཚིག་ཏུ་སྦྱར་མོད་ཀྱི། འདིར་རྣམ་པར་དབྱེ་བ་ཡོངས་སུ་སྦྱར་ཏེ། ཐ་མ་མང་པོའི་ཚིག་ཏུ་སྦྱར་བར་བྱའོ། །དུས་ ཚོད་དེ་དག་ནི་ལྔའོ་ཞེས་བྱ་བར་རིག་པར་བྱའ