Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 160
Văn bản gốc(Tây Tạng)
Trang 13 / 19 (50.000 ký tự/trang)
དི་མེད་པའོ། ། གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས་མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ་ཞེས་བྱ་བ་ནི་འདིར་ཚིག་ལ་ནི་ཡན་ལག་ཉིད་ཀྱི་ཕྱིར་ན་འདིར་ནི་ན་སྨད་པ་ཉིད་དོ། །ཅང་མི་སྨྲ་བས་འདའ་བར་བྱེད་པ་འདི་ནི་དཔེ་ཡིན་ཏེ། ཚིག་ལས་ གཞན་པ་ཐམས་ཅད་ལ་འདིས་གོ་བར་བྱེད་པ་ལ་འཕངས་པར་རིག་པར་བྱའོ། །གང་དུ་བརྫུན་དུ་སྨྲ་བའི་ལྟུང་བྱེད་ཅེ་ན། དེའི་ཕྱིར་དེ་གཉིས་དང་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མར་གྱུར་པ་གཉིས་ལས་གཞན་པའི་བརྫུན་དུ་སྨྲ་བའོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་རྣམ་པར་བཞག་ནས་ཞེས་བྱ་ བ་ནི་འདིར་ཕམ་པར་རྒྱས་པར་བཤད་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །དེ་གཉིས་དང་ཞེས་བྱ་བ་ནི་བསྟན་མ་ཐག་པའི་ཉེས་པ་སྦོམ་པོར་འགྱུར་བ་དང་། ཉེས་བྱས་སུ་འགྱུར་བའི་བརྫུན་དུ་སྨྲ་བ་གཉིས་སོ། །བརྫུན་དུ་སྨྲ་བ་རྣམ་པ་བཞི་པོ་དེ་དག་ལས་གཞན་པའི་ལྟུང་བ་འདིར་འགྱུར་ རོ་ཞེས་བྱ་བའི་དོན་ཏོ། །སྨྲ་བར་འདོད་པ་ཉིད་ལ་འདུ་ཤེས་རྙེད་པ་ལ་བརྫུན་དུ་སྨྲ་བ་ཞེས་བྱ་བ་འདི་ཐེ་ཚོམ་མེད་པར་སྨྲ་བར་གྱུར་པ་ཉིད་ལ་འདུ་ཤེས་ཐོབ་པ་ལ་བརྫུན་དུ་སྨྲ་བ་ཡོད་པར་མི་འགྱུར་རོ་ཞེས་བྱ་བ་གང་ཞིག་ལ་དོགས་པར་གྱུར་ན། དེ་བཟློག་པའི་དོན་དུ་བརྗོད་པར་བྱ་སྟེ། སྨྲ་བའི་ཚེ་ཉིད་ན་ཡང་ འདུ་ཤེས་བྱུང་ན་དེ་ཀུན་ནས་སློང་བ་ཡིན་ནོ་ཞེས་བྱ་བ་ལ། འདུ་ཤེས་བྱུང་ན་ཞེས་བྱ་བ་ནི་གཞན་དུ་སྨྲ་བར་གྱུར་པ་ལ་ཞེས་བྱ་བའི་དོན་གྱིས་ཤེས་པར་བྱའོ། །དེ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བའོ། །ཡང་ཞེས་བྱ་བའི་སྒྲ་ནི་སྨྲ་བར་འདོད་པ་ཉིད་ལ་ཡང་ངོ་། །འདིར་གཞུང་ནི་བརྫུན་དུ་སྨྲ་བ་རྣམ་པ་གཉིས་པོ་ གང་ཞེ་ན། ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བ་ནི་འདི་སྙམ་དུ་བརྫུན་གྱི་ཚིག་སྨྲའོ་སྙམ་པ་དང་། སྨྲས་པའི་འོག་ཏུ་འདི་སྙམ་དུ་བདག་གིས་བརྫུན་གྱི་ཚིག་སྨྲས་སོ་སྙམ་པ་སྟེ། དེ་བས་ན་འདིར་བརྫུན་དུ་སྨྲ་བ་གཅིག་པུ་ཉིད་ལ་རྣམ་པ་གཉིས་ཡིན་ཏེ། རྣམ་པ་གཉིས་འདི་ལ་ཡོད་པའི་ཕྱིར་རྣམ་པ་ གཉིས་དང་ལྡན་པ་ཉིད་ཀྱིས་བརྗོད་པའོ། །གཅིག་པུ་གཅིག་གིས་ནི་མ་ཡིན་ནོ། །དེ་བས་ན་རྣམ་པ་གཉིས་དང་ལྡན་པའི་བརྫུན་དུ་སྨྲ་བ་ཉིད་བསྟན་ཏེ། དེ་ལྟར་ཡང་རྣམ་པ་གཅིག་པ་འབའ་ཞིག་གིས་བརྫུན་དུ་སྨྲ་བ་ནི་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །ངེས་པར་སྨྲ་བར་གྱུར་པ་ཉིད་ཀྱི་འདུ་ཤེས་ ཅན་གྱི་སྨྲ་བ་ཉིད་ལ་ཡང་འདི་བསྒྲུབ་པ་ཞེས་བྱ་བ་འདིའི་ཚིག་སྟེ། སྨྲ་བ་ཉིད་ཀྱི་འདུ་ཤེས་ལ་ནི་མ་ཡིན་ནོ། །འདུ་ཤེས་ལ་སྨྲ་བར་གྱུར་པ་ཉིད་ལ་ཡང་མ་གྲུབ་པ་ཞེས་བྱའོ། །འདུ་ཤེས་སྔ་མ་ལ་ནི་ཕྱི་མ་གནས་པའི་ངོ་བོ་སྟེ། ཕྱི་མ་ལ་ནི་སྔ་མས་མ་ཡིན་ནོ་ཞེས་བྱ་བའོ། །མནའ་དོར་བར་མི་བྱའོ་ཞེས་ བྱ་བ་ནི་ཕྲེན་ཚེགས་རྣམས་ལས་བཏུས་པ་ཡིན་ཏེ། ཐམས་ཅད་བདག་ལ་བདེན་པ་ལ་འཇུག་པ་མ་ཡིན་ཏེ་ཞེས་བྱ་བ་འདི་ལ་འདི་བསྟན་པ་སྟེ། གང་ཞིག་མནའ་མེད་པའོ། །དེ་བས་ན་བརྫུན་དུ་སྨྲ་བའི་ཕྱོགས་ཉིད་ཀྱི་ཕྱིར་འདི་ལ་འདིར་སྤོང་བའོ། །དེ་ལྟར་ཡང་དགེ་སློང་རྣམས་ ནི་བདེན་པར་སྨྲ་བར་འདོད་པ་ཡིན་ཏེ། རབ་ཏུ་བྱུང་བ་ཉིད་ལ་ཞེས་བྱ་བར་བརྗོད་ནས་དེ་བས་ན་དགེ་སློང་གིས་མནའ་དོར་བར་མི་བྱ་བའི་ཚིག་འདིའོ། །བརྫུན་དུ་སྨྲ་བའི་ལྟུང་བྱེད་དོ།། །།རུང་བ་མ་ཡིན་པར་བསམ་པས་གང་ཡང་རུང་བའི་སྐྱོན་ནས་སྨྲ་བར་འདོད་ནས་སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཅེས་ བྱ་བ་འཆད་པར་འགྱུར་རོ། །དེ་ལ་ཅི་ཞིག་བསྙེན་པར་མ་རྫོགས་པ་ལ་ཡང་རུང་བ་མ་ཡིན་པར་བསམ་པ་བརྗོད་པ་ཡང་འདི་ཡིན་ནམ་ཞེ་ན། དེའི་ཕྱིར་དགེ་སློང་གིའོ་ཞེས་བྱ་བ་སྨོས་ཏེ། འདིར་དགེ་སློང་ནི་ཡུལ་དུ་རྟོགས་པར་བྱ་སྟེ། དགེ་སློང་གི་ཡུལ་བརྗོད་པ་ཞེས་བྱ་བའི་དོན་ཏོ། །འོག་མ་ལ་ཡང་ངོ་ ཞེས་བྱ་བ་ནི་ཕྲ་མ་བྱེད་པའི་ལྟུང་བྱེད་ལ་ཡུལ་དགེ་སློང་ཉིད་དུ་རྟོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །སྨྲས་ན་ཞེས་བྱ་བ་ནི་བསླབ་པའི་གཞི་གཉིས་ཀ་ཡང་དགེ་སློང་གི་ཡུལ་ཁོ་ན་ལ་རིག་པར་བྱ་སྟེ། དགེ་སློང་ལ་བརྗོད་པ་ལ་ཞེས་བྱ་བའོ། །གཞན་ལ་ནི་འདི་དག་བརྗོད་པ་འམ་སྨྲས་པ་གཅིག་པུ་ལ་ གཏོགས་པའི་ཕྱོགས་ཉིད་ཀྱི་ཕྱིར་ཉེས་བྱས་སུ་རིག་པར་བྱའོ། །དག་པའི་སེམས་ཀྱིས་ཀྱང་རུང་བ་མ་ཡིན་པར་བསམ་པ་བརྗོད་པ་བྱུང་བ་ཡིན་ནོ། །དེའི་ཁྱད་པར་དུ་བྱས་པ་སྟེ། སྐྱོན་ཉིད་བརྗོད་པར་འདོད་པས་སོ་ཞེས་བྱ་བའོ། །ཚིག་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་འཇམ་པས་ཀྱང་རུང་རྩུབ་པས་ཀྱང་ རུང་ངོ་ཞེས་བྱ་བ་སྨོས་ཏེ། སྐྱོན་ལས་སྨྲ་བ་དང་བཅས་པའི་ཚིག་རྩུབ་མོ་སྨྲས་ན་དངོས་གཞིར་འགྱུར་གྱི་གཞན་ལ་ནི་ཉེས་བྱས་ཞེས་བྱ་བའོ། །དེ་ལྟར་ན་ཚིག་རྩུབ་པོ་སྨྲས་པ་ཡང་བསླབ་པའི་གཞི་འདི་དག་ཉིད་ལ་ཁོངས་སུ་བསྡུ་བ་ཉིད་ཅེས་བྱ་བ་འདིས་ཡང་དག་པར་རིག་པར་བྱའོ། །རུང་བ་མ་ཡིན་ པར་བསམ་པ་གང་ཡང་རུང་བ་སྨྲ་ནའོ་ཞེས་བྱ་བ་ནི། ཁྱོད་ནི་མཛེ་ཅན་ནོ་ཞེས་བྱ་བ་ལ་སོགས་པས་སྒྲ་ལ་ཡང་ཁྲོ་བ་པོ་ཉིད་ཅེས་བྱ་བ་ཉེ་བའི་ཉོན་མོངས་པ་ལ་སོགས་པ་སྨད་པར་བསམ་པ་གང་ཡང་རུང་བ་བརྗོད་པ་ལ་སྐྱོན་ནས་སྨྲ་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མི་དགའ་བ་ཉིད་དུ་མ་ གྱུར་ན་ཡང་ངོ་ཞེས་བྱ་བ་ལ། མི་དགའ་བ་ཉིད་ཅེས་བྱ་བ་ནི། ཁྲོས་པ་དང་འཁྲུགས་པ་དང་ཡི་ཆད་པ་དང་སྐེངས་པ་དང་ཡུལ་ཡུལ་བོར་གྱུར་པ་ཞེས་བྱ་བ་རྣམས་དང་དོན་གཅིག་གོ། །དེ་ལྟར་འདིར་གཞུང་ནི་དགེ་སློང་སྤ་བཀོང་བ་ཉིད་དུ་གྱུར་ཀྱང་རུང་ཞེས་གསུངས་པ་ཡིན་ནོ། །གཞན་རྒྱལ་རིགས་ཉིད་ དང་བྲམ་ཟེ་ཉིད་ལ་སོགས་པ་ནི་ཉེས་བྱས་སོ་ཞེས་བྱ་བ་ལ་གཞན་ཞེས་བྱ་བ་ནི། རུང་བ་མ་ཡིན་པར་བསམ་པ་ལས་གཞན་པ་སྟེ། རྒྱལ་རིགས་ཉིད་དང་བྲམ་ཟེ་ཉིད་ལ་སོགས་པ་ལ་རུང་བ་མ་ཡིན་པའི་བསམ་པས་སྨྲ་ན་ཉེས་བྱས་སོ། །སྐྱོན་ནས་སྨྲ་བའོ།། །།གང་དུ་ཕྲ་མ་བྱེད་ པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཕྲ་མ་བྱེད་འདོད་པས་ཆེ་གེ་མོ་ཞིག་ཟེར་རོ་ཞེས་སྨྲ་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་སྐྱོན་ཉིད་ཀྱང་ཡན་ལག་མ་ཡིན་ལ་རུང་བ་མ་ཡིན་པ་བསམས་པ་ཉིད་ཀྱང་བྲམ་ཟེ་ལ་སོགས་པས་སོ། །བྱེ་བྲག་ཏུ་སྨྲ་བའི་སྒྲ་ལ་ཐ་དད་པར་བྱས་པ་ཉིད་ཀྱི་ཕྱིར་དེ་བས་ན་མི་ བརྟེན་པའོ། །སྤྱིར་ཡང་ཆེ་གེ་མོ་ཞིག་ཟེར་རོ་ཞེས་བྱ་བ་བརྗོད་པ་འདི་ལ་ལྟུང་བ་ཅིར་འགྱུར་ཞེ་ན། དེའི་ཕྱིར་གལ་ཏེ་མིང་ནས་སོ་ཞེས་བྱ་བ་སྨོས་ཏེ། ཆེ་གེ་མོ་ཞིག་ཟེར་རོ་ཞེས་བྱ་བ་གལ་ཏེ་དེའི་མིང་གིས་སྨོས་པར་བྱེད་ན་གལ་ཏེ་མིང་གིས་ཆེ་གེ་མོ་དེ་ལ་བརྗོད་པར་བྱེད་ན་ཞེས་བྱ་བའི་དོན་ཏོ། ། དེ་ཡང་དགེ་སློང་ཉིད་ཡིན་ནའོ་ཞེས་བྱ་བ་ནི་གང་གི་མིང་དེས་གལ་ཏེ་བརྗོད་ན་ཞེས་བྱ་བ་སྨོས་པར་བྱད་ན་གལ་ཏེ་དེ་ལ་དགེ་སློང་ཉིད་ཡིན་ནའོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་ཉིད་མ་ཡིན་པ་ལ་གཅིག་གམ་གཉིས་པོ་དག་ལ་ཉེས་བྱས་སོ་ཞེས་བྱ་བའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །གཞན་དུ་ ནི་ཉེས་བྱས་སོ་ཞེས་བྱ་བ་ནི་གོ་བར་བྱེད་པ་མ་ཡིན་པས་རྣམ་གཅོད་ལ་རིགས་ལ་སོགས་པ་དང་ལྡན་པས་བརྗོད་པ་ལ་ཉེས་བྱས་སོ། །ཕྲ་མ་བྱེད་པའི་ལྟུང་བྱེད་དོ།། །།ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་ལ་བྱེད་པ་པོ་ཉིད་གཙོ་ཆེར་ཞེས་བྱ་བའི་དོན་ཏོ། །འདུ་ཤེས་གང་ལས་ཤེ་ན། དེའི་ཕྱིར་དགེ་ སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། རྩོད་པ་ལ་དགེ་འདུན་གྱི་ཡང་དག་པར་དགེ་འདུན་གྱིས་སོ། །དགེ་འདུན་ལ་ཡང་རྩོད་པ་ཉིད་ལ་འདུ་ཤེས་ལ་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ། །རྩོད་པའི་གཞི་ལ་རྩོད་པའི་གཞིར་འདུ་ཤེས་པ་ཞེས་བྱ་བ་ རྩོད་པའི་གཞི་ལ་འདུ་ཤེས་གང་ཞིག་རྙེད་པ་དེ་འདིས་བསྡུས་པ་ཡིན་ནོ། །རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་དགེ་སློང་ཉིད་ཡིན་ན་སྐྱོ་སྔོགས་བྱེད་པའི་དངོས་གཞིའོ། །གཅིག་གམ་གཉིས་ཀ་དག་གམ་གཞན་ཉིད་ལ་ཞེས་བྱ་བར་རིག་པར་བྱའོ། །འདིར་གཞུང་ནི་ཞུ་བ་ ལས་བཙུན་པ་དགེ་སློང་གིས་དགེ་སློང་མ་དང་རྩོད་པ་ལ་སྐྱོ་སྔོགས་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུའོ། །དེ་བཞིན་དུ་དགེ་སློང་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ལ་ཡང་རྩོད་པའི་གཞི་དགེ་སློང་གིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་དང་དགེ་ ཚུལ་དང་དགེ་སློབ་མ་དང་དགེ་ཚུལ་མ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྐྱོ་སྔོགས་སོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པར་བྱས་པ་ཉིད་དུ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ཡང་ལས་སུ་བྱས་པ་ཡང་བྱ་བ་ཉིད་ཀྱིས་ཤེས་པ་འདིར་གང་ཞིག་སྨོས་པ་དེ་འདིར་ངེས་པ་ཅན་གྱི་ཆོས་ལ་ རྗེས་སུ་བརྗོད་པའོ། །ཡང་དག་པར་བྱ་བ་འབྱུང་བ་ལ་སྐྱོ་སྔོགས་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདིར་བསྡུ་བའོ། །གང་ཟག་ཇི་ལྟ་བུ་དང་ཁ་ན་མ་ཐོ་བ་ཇི་ལྟ་བུ་ལ་འདིར་འདུ་ཤེས་ཀྱི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་གཉུག་མར་གནས་པ་དང་ལས་བྱེད་པ་དང་འདུན་པ་འབུལ་བ་རྣམས་ཁོ་ན་དངོས་ གཞིའོ་ཞེས་བྱ་བ་སྨོས་ཏོ། །དེས་འདི་རྣམས་ལ་ཡང་དག་པར་བཞག་པ་ཉིད་ལ་ངེས་པ་ཞེས་བྱ་བ་འདི་ལས་མདུན་དུ་གང་ཞིག་འདུ་ཤེས་པར་གྱུར་པ་ཉིད་ཀྱི་སྐྱོ་སྔོགས་བྱེད་པ་དེ་འདི་རྣམས་ལ་དངོས་གཞིའོ། །དངོས་གཞིའི་གནས་ལ་ཡང་གཞན་ལ་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །ཤེས་གཙོ་བོ་ཞེས་ བྱ་བ་འདི་ལ་སྤྲོས་པ་འདི་རིག་པར་བྱའོ། །ལྟ་བ་སྨྲ་བ་དང་གློ་བུར་དུ་འོངས་པ་དག་ལ་ནི་ཉེས་བྱས་ཁོ་ནའོ་ཞེས་བྱ་བ་ནི་གློ་བུར་དུ་འོངས་པ་ཉིད་ཡིན་པས་རྒྱུས་མི་ཤེས་པའི་ཕྱིར་རྩོད་པའི་གཞི་དང་བཅས་པ་ལ་འདི་ཐོག་མ་དང་བར་དང་ཐ་མར་མངོན་པར་མི་ཤེས་པའི་ལྟ་བ་སྨྲས་པ་ཉིད་ནི་སྐྱོ་སྔོགས་བྱེད་པ་འདི་ དག་གི་ལྟ་བ་སྨྲ་བར་བྱེད་པ་དག་ནི་འདི་མི་འདོད་ཅེས་བྱ་བ་ངེས་པ་འདི་དག་ལ་ཡང་དག་པར་བཞག་པ་ཉིད་ལ་ངེས་པ་མེད་ཅེས་བྱ་བ་དེའི་ཕྱིར་གང་ཞིག་རྒྱུས་མི་ཤེས་པར་འགྱུར་རོ། །སྐྱོ་སྔོགས་བྱེད་པ་དེ་བས་ན་འདི་ནི་ཉེས་བྱས་སོ། །རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་དུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་ ཡིན་ནོ་ཞེས་བྱ་བ་ནི་རྩོད་པ་གཞན་ཉིད་ཀྱིས་འདུ་ཤེས་པ་ལ་རྩོད་པ་དེ་དང་ལྡན་པ་ཉིད་དོ། །རྩོད་པ་གཞན་ཉིད་ནི་ངག་གིས་འདིའི་འདུ་ཤེས་པ་ནི་དེར་གྱུར་པ་ཉིད་ཅེས་བྱ་བའི་དོན་ཏོ། །ན་སྨད་པའི་ངོ་བོ་ལ་འདི་བསྟན་པའོ། །འདིར་རྩོད་པ་ཉིད་ཚད་མར་ཡིན་གྱི་དེའི་བྱེ་བྲག་ནི་མ་ཡིན་ནོ་ཞེས་བྱ་བ་འདིར་རྣམ་པར་ གཞག་པ་འདི་ཡིན་ནོ། །ལྟུང་བའི་ཕྱིར་རྩོད་པ་ཉིད་དུ་འདུ་ཤེས་པ་ལ་ནི་ན་སྨད་པ་མེད་དོ། །དེ་བཞིན་དུ་གཞན་ལས་ཏ་དེའི་ཕྱིར་འདི་བྱེད་པའོ། །ལས་ཀྱི་འབྲས་བུ་ལ་གནས་པ་ལ་དེ་མ་ཡིན་པ་ཉིད་ཀྱིས་ཀུན་དུ་སྤྱོད་པ་ལ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་ལས་ཀྱི་འབྲས་བུ་ལ་གནས་པ་ལ་ནི་ཤེས་པ་ལ་ སོགས་པའི་ལས་ཀྱི་འབྲས་བུ་ཐོབ་པ་ལ་ལས་ཀྱི་འབྲས་བུ་ལ་གནས་པ་དེར་གནས་པ་ཉིད་ཀྱི་ཀུན་དུ་སྤྱོད་པ་ལ་ནི་ཕྱེད་ཉིད་དོ། །ཡོངས་སུ་རྫོགས་པའི་ཀུན་དུ་སྤྱོད་པ་ཉིད་ལ་ནི་ཉེས་བྱས་སུ་འགྱུར་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་བསླབ་པ་བྱིན་པ་ལ་འདི་ སྐད་ཅེས་ཁྱོད་བསླབ་པ་པོ་མ་ཡིན་ནོ་ཞེས་བགྱིས་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྐྱོ་སྔོགས་བྱེད་པའོ།། །།འདི་ལ་བྱེད་པ་པོ་ཉིད་ནི་བུད་མེད་དོ། །ཁྱིམ་པ་མོ་ལ་སྟོན་པ་ལའོ། །སྐྱེས་པ་མེད་པར་རོ། །རེག་པའོ་ཞེས་བྱ་བ་སྔར་བསྟན་པ་དེ་ལ་ཉེ་ བར་མི་གནས་པ་ཉིད་ལ་རེག་པའི་སྐྱེས་པ་ལ་བསྟན་པའི་ལྟུང་བྱེད་གང་ལ་བྱེད་པ་པོ་ཉིད་བུད་མེད་ཡིན་ཞེ་ན། དེའི་ཕྱིར་སྟོན་པ་ལའོ་ཞེས་བྱ་བ་ནི་སྨོས་སོ། །ཅི་ཞིག་སྟོན་པ་ལ་ཞེ་ན། དེའི་ཕྱིར་ཆོས་སོ་ཞེས་བྱ་བ་སྨོས་ཏེ། གྲོང་འདིའི་ལམ་འདི་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལས་ཡང་དག་པའི་ བསམ་པས་ཆོས་ཀྱི་རྗེས་སུ་འགྲོ་བར་བྱའོ། །འདིར་བརྫུན་པའི་དངོས་པོ་ལ་ནི་སྒོ་ཡིན་ཏེ་གང་ཞིག་བུད་མེད་ལ་རང་དབང་མེད་པར་འཚེ་བའོ། །འདིའི་ཕྱིར་རང་དགར་སྨྲ་བའི་རྣམ་པས་དཔེ་ཡིན་ཏེ་ཞེས་བྱ་བ་འདི་ལ་འདིར་བསླབ་པའི་གཞི་དང་འབྲེལ་པའི་ཆོ་ག་དྲུག་པ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་བཟུང་ བའོ། །མཁས་པས་གོང་ནས་གོང་དུ་ཞེས་བྱ་བ་ལ་སོགས་པ་ཡང་འདྲི་བ་སྟེ་ཇི་ཙམ་ལས་ཤེ་ན། དེའི་ཕྱིར་ཚིག་དྲུག་པ་ལས་ལྷག་པར་རོ་ཞེས་བྱ་བ་སྨོས་སོ། །གང་ཟག་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་ལྷག་པ་ཉིད་དུ་ཤེས་པ་ལའོ་ཞེས་བྱ་བ་སྨོས་ཏེ། དོན་ཡོད་པའི་དེར་འདུ་ཤེས་པ་ལ་དངོས་གཞི་བསྟན་ པའོ། །དེར་མེད་པ་ལ་ལྟུང་བ་ཉེས་བྱས་ཞེས་བྱ་བའོ། །དེ་བས་ན་འདུ་ཤེས་འདི་ལ་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་འདི་ལས་ཤེས་པ་པོ་ཉིད་དོ། །འདིར་ཡིད་གཉིས་ཟ་ན་ནི་ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་བྱ་བས་ལྟུང་བ་རྣམ་པར་གཞག་པར་རིག་པར་བྱའོ། །ཚིག་སྔ་མ་ ལ་ནི་རྩོམ་པ་ལྔ་པ་ལས་སོ་ཞེས་བྱ་བ་ནི་ཚིག་ལྔ་པའི་ཆོས་རྩོམ་པ་ལ་ཚིག་ལྔ་ལས་ལྷག་པར་སྟོན་པ་ན་གཞན་ཐམས་ཅད་ལ་དྲུག་པ་ལས་ཞེས་བྱ་བའི་དོན་ཏོ། །དོན་ལྔ་པ་ཡོངས་སུ་རྫོགས་པ་ལ་འདིར་མང་པོ་ཉིད་དོ། །ཐམས་ཅད་དུ་དྲུག་པ་ལ་ཞེས་བྱ་བའི་འདི་རྣམ་པར་གཞག་པའོ། །ཡོངས་སུ་ རྫོགས་པ་དང་ཡོངས་སུ་མ་རྫོགས་པ་དོན་གཅིག་པ་ཆད་པ་ལ་བརྟེན་པའི་ཚིག་ནི་འདིར་ཚིག་གོ། །གནས་སྐབས་ཀྱི་དོན་བསྟན་པ་ལ་བརྗོད་པར་འདོད་པ་ལ་གཟུགས་མི་རྟག་གོ་ཞེས་བྱ་བ་འདི་ལ་ཚིག་ཉིད་དོ། །གཟུགས་ཙམ་གྱི་དོན་རྗེས་སུ་བཤད་པ་སྨྲ་བར་འདོད་པ་ལ་ཕུང་པོ་ནི་ལྔ་སྟེ། གཟུགས་ དང་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ཞེས་བྱ་བ་འདི་ཉིད་ལ་ཚིག་གོ། །འདིར་མདོར་བསྟན་པ་ལ་ནི་རྒྱས་པར་བཤད་པ་ཚད་མ་ཡིན་པའི་ཕྱིར་ཐ་མི་དད་པར་རིག་པར་བྱ་སྟེ། དཔེར་ན་ཕུང་པོ་ལྔ་ཞེས་བྱ་བ་ལྟ་བུའོ། །མཁས་པས་གོང་ནས་གོང་དུ་དྲིས་པ་གཏན་ལ་དབབ་པ་བྱས་པ་དང་། སློབ་གཉེར་བསོད་པ་དང་། ཁ་ཏོན་ཞུ་བ་དང་། དམིགས་ཀྱིས་དྲི་བ་དང་། དུས་ཁྲིམས་དབོག་པ་དང་ཡོན་བཤད་པ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མཁས་པས་གོང་ནས་གོང་དུ་དྲིས་པ་གཏན་ལ་དབབ་པ་བྱས་པ་དང་། སློབ་གཉེར་བསོད་པ་དང་། ཁ་ཏོན་ཞུ་བ་དང་། དམིགས་ཀྱིས་དྲི་བ་དང་། དུས་ ཁྲིམས་དབོག་པ་དང་། ཡོན་བཤད་པ་ལ་བརྟེན་པ་ལ་ཡང་བྱེད་པ་པོ་ཉིད་ནི་མ་ཡིན་ཏེ། དེ་ལ་ལྟུང་བ་མེད་དོ། །འདིར་རང་དང་ཉེ་བའི་གཞིར་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདིར་ཁ་ཏོན་ཞུ་བ་སྨོས་པས་ཀློག་པ་ཡང་བསྡུས་པ་ཡིན་ནོ། །བཙུན་མོ་ཕྲེང་ལྡན་མ་དང་དབྱར་ཚུལ་མ་གཉིས་ཀྱིས་ ཀློག་པའི་ཕྱིར་ཅི་བཀླགས་ལགས་སམ་ཞེས་བྱ་བ་དང་ལྷོགས་ཤིག་ཅེས་བྱ་བའི་ཚིག་གིས་སོ། །དུས་ཁྲིམས་དབོག་པ་དང་ཡོན་བཤད་པ་གཉིས་ཀྱི་གཞུང་ནི་ཞུ་བའི་གཞུང་ཁ་ཅིག་ལས་ཡོན་བཤད་པ་ལ་ལྟུང་བ་མེད་དོ། །བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་དབོག་པ་ལ་ལྟུང་བ་མེད་དོ་ ཞེས་གསུངས་པ་ཡིན་ནོ། །གནས་གཞན་དུ་ནི་སྔ་མ་མ་བྱས་པ་ཉིད་དོ་ཞེས་བྱ་བ་ལ། གནས་གཞན་དུ་ཞེས་བྱ་བ་ནི་ཁང་བཟངས་ལ་སོགས་པར་སྟོན་པ་ལ་སྔ་མ་གནས་ཁང་ལ་སོགས་པར་བྱས་པ་དང་ལྷན་ཅིག་མ་བྱས་པ་ཉིད་དེ། དེ་ལ་ལྟུང་བ་རྣམ་པར་གཞག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །སྟོན་པའོ།། །། གང་དུ་འདོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ་མཇུག་ཐོགས་སུ་སྟོན་བྱེད་དུ་གྱུར་པའི་ཆོས་དང་ཡི་གེ་ཡང་འདོན་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ལུང་ལས་གསལ་བར་གྱུར་པ་འམ་སྟོན་བྱེད་དུ་གྱུར་པ་ཉིད་ཀྱིས་མངོན་པར་འདོན་པའོ། །བསྙེན་ པར་མ་རྫོགས་པ་དང་ཅིག་ཅར་རམ་བསྙེན་པར་མ་རྫོགས་པ་ལས་གནས་ཀྱི་རྒྱུད་དུ་གྱུར་པའི་འདོན་པ་ལ་ཞེས་བྱ་བའི་དོན་ཏོ། །གནས་མ་ཡིན་པ་ལ་ཡང་སྟོན་བྱེད་དུ་འགྱུར་ཏེ། དེ་འདི་ལྟ་སྟེ་དཔེར་ན་འཕོང་གི་རིག་བྱེད་དེ་དེ་གསལ་བའི་དོན་དུ་ཆོས་ཞེས་བྱ་བའི་ཚིག་སྨོས་པ་ཡིན་ནོ། །སྟོན་བྱེད་དུ་ གྱུར་པ་ལས་བྱུང་བ་ལ་མཉམ་པར་སྦྱོར་བ་གཞན་ལས་ཡི་གེ་མ་ཡིན་པར་བྱས་པའི་ཆོས་དང་ལྡན་པ་དོན་ལ་ཆོས་སུ་འགྱུར་ཏེ། དེ་བསལ་བའི་སྟོན་བྱེད་དུ་གྱུར་པ་ཞེས་བྱ་བའི་ཚིག་གོ། །དེ་ལྟར་གཉིས་ཀ་ཡང་ཆོས་འཇིག་པའོ། །གང་ཅུང་ཟད་བློ་ལ་ཉེ་བར་སོན་པ་ཞེས་བྱ་བ་འདི་ལ་བཏགས་པའོ། ། སྟོན་བྱེད་དུ་གྱུར་པ་ལ་ཡང་འདི་ཡོངས་སུ་གྲུབ་པའི་སྐྱོན་དུ་གྱུར་པ་སྟེ་གཞན་ལ་ནི་མ་ཡིན་ནོ། །སྟོན་བྱེད་དུ་གྱུར་པའི་དོན་ལ་ཡང་སྟོན་བྱེད་དུ་གྱུར་པ་གནས་ཡིན་ཏེ་དེར་གྱུར་པའོ། །དེ་ལ་གནས་ནི་ཡང་དག་པའི་གནས་ཏེ། དེའི་རྒྱུ་ནི་བརྗོད་པར་འདོད་པའི་དོན་སྟོན་པའི་ཕྱིར་རབ་ཏུ་རྒྱས་པའི་ངོ་བོས་ཚིག་ དང་ངག་གི་རྒྱུན་གྱིས་གནས་པའོ། །དེ་ལྟ་བུར་གྱུར་པའི་དོན་འདོན་པ་ལ་ལྟུང་བྱེད་དོ། །ཆོས་ལ་ཞེས་བྱ་བ་ནི་མིང་དང་ཚིག་གི་བདག་ཉིད་སངས་རྒྱས་ཀྱིས་གསུངས་པ་འམ་དེའི་ཉན་ཐོས་ཀྱིས་བཤད་པའོ། །ཡི་གེ་ཡང་ཞེས་བྱ་བ་ནི་ཡིག་འབྲུ་ཙམ་ཡང་ངོ་། །འདིར་དེ་ལས་གཞན་པའི་འདོན་པ་ ལ་རྩོམ་པ་གཅིག་པུར་འགྱུར་བ་ཉིད་ཀྱི་ཕྱིར་ལྟུང་བ་གཅིག་པུ་ཉིད་དོ། །དེ་ལྟར་ཡང་ཚིག་ཅིག་ཅར་བརྗོད་ན་ལྟུང་བྱེད་དོ། །ཚིག་སོ་སོར་བརྗོད་ན་ལྟུང་བྱེད་དོ། །ཅིག་ཅར་ཡི་གེ་བརྗོད་ན་ལྟུང་བྱེད་དོ། །མཇུག་ཐོགས་སུ་ཡི་གེ་བརྗོད་ན་ལྟུང་བྱེད་དོ་ཞེས་བྱ་བ་ལན་ཅིག་བརྩམ་པར་བྱས་ནས་ཚིག་ཅིག་ ཅར་དང་། ལྷག་པའི་ཚིག་དང་ཅིག་ཅར་ཡི་གེ་དང་། ཡི་གེ་ལྷག་པར་རྗོད་པར་བྱེད་ན་ལྟུང་བྱེད་ཅེས་བྱ་བའོ། །དེ་ལྟར་བསྡུས་ནས་ལྟུང་བྱེད་ལ་གཅིག་པ་ཉིད་གསུངས་སོ། །ཧ་ཅང་ཐལ་བ་ལ་དམིགས་ཀྱིས་བསལ་བའི་ཕྱིར་མི་འདོད་བཞིན་དུ་གྲུབ་པ་ནི་མ་གཏོགས་སོ་ཞེས་ བྱ་བ་སྨོས་ཏེ། དེ་ལྟར་ཡང་གཞུང་ནི་ལྡབ་ལྡིབ་ཅན་དང་སྨྲ་མྱུར་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་འདིས་འདི་བསྡུས་པ་ཡིན་ནོ། །རྗེས་སུ་ཉན་དུ་གཞུག་པར་བྱ་བ་འདོན་པ་ཡང་ངོ་ཞེས་བྱ་བ་ནི་མ་གཏོགས་སོ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་ཉན་དུ་གཞུག་པར་བྱ་བ་ནི་གང་ཞིག་ཅིག་ཅར་རམ་ ཐོག་མར་བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་དེ་ཁྲེལ་དང་བཅས་པ་ཉིད་དོ། །དེ་ལྟར་ངེས་པར་སྦྱོར་བ་ལ་དོགས་པ་དང་བཅས་པར་ཅིག་ཅར་རམ་འདས་པར་བྱས་ནས་འདོན་པ་ལ་ཡང་དག་པར་གནས་པ་སྟེ་རྒྱུད་པ་དེ་ལྟ་བུས་ནི་མ་ཡིན་ནོ། །ཁ་ཏོན་ཞུ་བ་དང་སློབ་གཉེར་བསོད་པ་དང་། དམིགས་ ཀྱིས་འདྲི་བ་ཡང་ངོ་ཞེས་བྱ་བ་ཡང་མ་གཏོགས་སོ་ཞེས་བྱ་བར་སྦྱར་རོ། །ཐོག་མར་བཟུང་ཏེ་རང་དགར་འདོན་པ་ལ་རྒྱུད་པ་འདི་ཡང་དག་པར་གནས་པའོ། །དེ་ལ་ཁ་ཏོན་ཞུ་བ་ཞེས་བྱ་བ་ནི་སྔར་སྟོན་པ་མི་བརྗེད་པར་བྱ་བའི་ཕྱིར་སྦྱོར་བའོ། །སློབ་གཉེར་བསོད་པ་ཞེས་བྱ་བ་ནི་སྔར་བསྟན་པ་ལ་བཟུང་ བ་ཡོངས་སུ་རྫོགས་པར་ཟློས་ཤིང་འཆད་པར་འགྱུར་རོ། །དམིགས་ཀྱིས་འདྲི་བ་ཞེས་བྱ་བ་ནི་ཕྱོགས་འགའ་ཞིག་དྲན་པར་བྱ་བའི་ཕྱིར་རམ་ཐེ་ཚོམ་བཅད་པའི་ཕྱིར་ཀུན་ནས་འཛིན་པར་བྱེད་པའོ། །འདོན་པའི་ལྟུང་བྱེད་དོ།། །།དགེ་སློང་དང་དགེ་སློང་མ་སྡིག་ཅན་དག་ཁྱིམ་དུ་སོ་སོར་གོ་བར་ བྱེད་པ་བསྐོ་བར་བྱའོ། །ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པས་ཚེ་དང་ལྡན་པ་དག་ཉོན་ཅིག ཁྱིམ་རྣམས་སུ་ཁྱིམས་སུན་འབྱིན་པར་བྱེད་པ་དང་། གནས་རྣམས་སུ་གནས་སུན་འབྱིན་པར་བྱེད་པ་དག་ཡོད་དེ། འདི་ལྟ་སྟེ་དཔེར་ན་འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བའི་འཁོར་ལོ་ མི་བཟད་པ་བབ་ན་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་ཆུད་ཟ་བ་དང་ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་དང་བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི་རིགས་དམར་པོ་ཞེས་བྱ་བ་བྱུང་ན་འདི་ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་ཆུད་ཟ་བ་དང་ཚུལ་མ་ཡིན་པས་མ་རུང་བར་གྱུར་པ་ལྟ་ བུ་དག་ཡོད་ཀྱི་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །འདི་ལྟར་དགེ་སློང་འདི་དང་དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱི་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་རྣམས་ལ་ལྟོས་ཤིག་ ཅེས་སྨྲ་བར་བྱའོ། །མི་སྤྲོ་ན་གསོལ་བར་བྱའོ་ཞེས་བྱ་བ་ནི་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་དང་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པ་མི་སྤྲོ་ན་ཐམས་ཅད་ཀྱིས་དགེ་སློང་དང་དགེ་སློང་མ་འདི་གཉིས་སྡིག་ཅན་ཡིན་ནོ་ཞེས་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་ཞེས་བྱ་བ་དེའི་དོན་དུ་གསོལ་བར་བྱའོ། །ཤེས་ གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །འདུ་ཤེས་གང་ལ་ཞེ་ན། དེའི་ཕྱིར་ཉན་པ་པོ་མི་ཤེས་པ་ཉིད་དང་བསྙེན་པར་མ་རྫོགས་པ་ཉིད་དག་དང་ལྡན་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཉན་པ་པོ་བསྙེན་པར་མ་རྫོགས་པ་ཉིད་ལ་ཕམ་པ་དང་དགེ་འདུན་ལྷག་མའི་ལྟུང་བ་གང་ཡིན་པ་ དེ་འདི་ལས་ཤེས་པ་ཡིན་ཏེ། དེ་ལ་ཡང་ཉན་པ་པོས་མི་ཤེས་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་རྗེས་སུ་བསྒྲུབས་ན་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྨྲས་ནའོ་ཞེས་བྱ་བ་སྨོས་སོ། །བརྗོད་པར་བྱ་བ་ཅི་ཞིག་སྨྲས་པས་ཤེ་ན། དེའི་ཕྱིར་ཕམ་པར་འགྱུར་བ་དང་ དགེ་འདུན་ལྷག་མ་དག་སོ་སོར་ཡང་རུང་བསྡུས་པ་ཡང་རུང་ངོ་ཞེས་བྱ་བ་སྨོས་སོ། །དོན་དུ་མ་ཉིད་ལ་ཚིག་ཐ་དད་པ་མེད་དོ་ཞེས་བྱ་བ་ནི་དེའི་ཕྱིར་བསྡུས་པ་དེ་ཉིད་ལ་ལྟུང་བ་གཅིག་ཉིད་ཡིན་ཏེ་ཚིག་གཅིག་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན་འདིས་སྲོག་ཆགས་ལྔ་བསད་དོ་ཞེས་བྱ་བ་ལ་དོན་ལྔ་པོ་འདི་ རྣམས་ལ་གནས་གཅིག་ཏུ་ཅིག་ཅར་བརྫུན་དུ་སྨྲ་བས་བརྫུན་དུ་སྨྲ་བའོ། །འདི་དག་ལས་གཞན་པའི་ཁ་ན་མ་ཐོ་བ་བརྗོད་པ་ནི་འདིའི་རྗེས་སུ་འབྲང་བས་ཉེས་བྱས་ཡིན་པར་རིག་པར་བྱའོ། །བརྗོད་པར་བྱེད་པ་ཇི་ལྟ་བུ་ལ་ཞེ་ན། དེའི་ཕྱིར་བསྐོ་བ་མ་བྱས་པ་ལའོ་ཞེས་བྱ་བ་སྨོས་ཏེ། བརྗོད་པའི་ཕྱིར་གང་ ལ་བསྐོ་བ་མ་བྱས་པ་དེ་ལའོ། །ཅི་གནས་སྐབས་ཐམས་ཅད་ལའམ་ཞེ་ན། དེའི་ཕྱིར་དགེ་འདུན་ལ་མ་གསོལ་བ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་ལ་བརྗོད་ནས་དེའི་ཕྱིར་གསོལ་བ་ལ་ནི་བརྗོད་ཀྱང་ལྟུང་བ་མེད་དོ། །བདེན་པར་སྨྲས་པ་ལ་འདི་ཞེས་བྱ་བར་རིག་པར་བྱ་སྟེ། བརྫུན་དུ་སྨྲ་ན་ནི་ལྟུང་བ་ གཞན་རྣམ་པར་གཞག་པའི་ཕྱིར་རོ། །གནས་ངན་ལེན་པ་བརྗོད་པའོ། །སྨྲ་བའི་ཕམ་པར་འགྱུར་བ་ལ་ཆོ་ག་གང་ཡིན་པ་དེ་ཉིད་མི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དོ། །དེའི་ཕྱིར་དེའི་ཆོ་ག་ཡོད་པ་ཁས་བླངས་ནས་བྱེ་བྲག་སྨོས་པ་ནི་བདེན་པ་ཉིད་ནའོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་རྣམ་ པར་མ་བཞག་ནས་ཡོད་པ་འམ་མེད་པའི་བླ་མའི་བདག་ཉིད་ཀྱིས་མིའི་ཆོས་ཀྱི་རིགས་པ་ཉིད་བརྗོད་ན་ཞེས་བྱ་བའི་དོན་ཏོ། །གང་ཟག་ཅི་འདྲ་བ་ལ་བརྗོད་ན་ཞེ་ན། དེའི་ཕྱིར་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་བདེན་པ་མཐོང་བ་ལྟ་བ་ཕུན་ སུམ་ཚོགས་པ་ལ་བརྗོད་ན་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །འཕྱ་བ་ཡོངས་སུ་བསལ་བའི་དོན་དུ་འདི་བཏགས་པའོ། །ལྟ་བ་ཕུན་སུམ་ཚོགས་པ་ལས་གླགས་ཡོད་པ་མ་ཡིན་ནོ། །དེ་བས་ན་རིགས་པའི་ངོ་བོ་ཉིད་ཀྱི་རྣམ་པར་ངེས་ནས་བདེན་པ་མཐོང་བའི་ཚིག་བྱས་སོ། །ཁྱིམ་པའི་ མདུན་དུ་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ་ཞེས་བྱ་བ་ནི་འདུལ་བའི་དོན་ཉིད་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཕྲན་ཚེགས་དག་ལས་རྟོགས་པར་བྱའོ། །དགེ་སློང་མས་སྟོན་པའི་སྤྱན་སྔར་མི་བྱའོ་ཞེས་བྱ་བ་ནི་སྤྱན་སྔར་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །རྣམ་པ་འདི་གཉིས་ ནི་ཕྲན་ཚེགས་ལས་འབྱུང་ངོ་། །མིའི་ཆོས་བླ་མ་བརྗོད་པའོ། །གལ་ཏེ་བསྟན་པ་ཉིད་དུ་དགོས་ན་གསོལ་བ་སྔར་བཏང་བའི་དོན་བྱའོ་ཞེས་བྱ་བ་ནི་གསོལ་བ་བྱས་ནས་སྦྱིན་པར་བྱའོ། །འདིས་ནི་མི་གཡོ་བར་འགྱུར་རོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །གང་ལ་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་ ཞེ་ན། དེའི་ཕྱིར་དད་པ་ཕུལ་བ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཡང་དག་པར་རུང་བར་བྱས་ནས་ཞེས་གསུངས་པ་ཡིན་ནོ། །ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ཁ་ཅིག་གིས་བྱས་པ་སྟེ། དེ་ནི་ཉམས་པར་ཡང་དག་པར་རིག་པར་བྱའོ། །མི་སྲིད་པ་ཉིད་ཀྱི་ཕྱིར་བསྐྱེད་པས་བྱས་པའི་གྲོགས་ དང་ས་དག་གིས་འཕགས་པའི་རྫས་ཀྱི་ཕྱིར་ལེགས་པར་རུང་བ་ཉིད་ལ་སྐྱེ་བ་ཉིད་ཡན་ལག་ཉིད་དུ་སོང་ནས་གནས་པར་བྱེད་ཅེས་བྱ་བའོ། །འདིར་འདི་ཙམ་གྱི་དོན་ཉིད་ཀྱི་ཕྱིར་རོ། །རྣམ་པར་འབྱེད་པ་ལས་ཡང་དག་པར་རུང་བར་བྱ་སྟེ་ཞེས་བྱ་བའི་འདོད་པ་བྱིན་ནས་སོ། །ཅི་ཞིག་བྱས་ན་སྐུར་པ་འདེབས་པའི་ལྟུང་ བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གིས་དགེ་འདུན་གྱི་ཟས་ཀྱི་རྙེད་པ་མ་ཡིན་པ་དགེ་སློང་གིས་གང་ཟག་ལ་ལོག་པར་བསྔོས་པ་ཡང་དག་པ་མ་ཡིན་པའི་དོན་ཉིད་གཞན་ལ་ཡང་མིང་མ་སྨོས་པར་བརྗོད་ན་ཡང་ངོ་ཞེས་བྱ་བ་སྨོས་ཏེ། ཡང་དག་པ་མ་ཡིན་པའི་དོན་ཉིད་ཡོད་པ་ལ་ཟས་ཀྱི་རྙེད་པ་མ་ཡིན་པ་ ལས་གཞན་དགེ་སློང་གི་དགེ་འདུན་གྱི་རྙེད་པ་ལ་དགེ་སློང་གིས་གང་ཟག་ལ་ལོག་པར་བསྔོས་པ་ཉིད་ཀྱིས་བརྗོད་པ་ལ་གཞན་ལ་ཡང་མིང་མ་སྨོས་པ་ཞེས་བྱ་བའི་དོན་ཏོ། །གང་ཟག་ལ་ཞེས་བྱ་བ་ནི་འདིར་དགེ་སློང་ངམ་ཁྱིམ་པ་གཞན་ཡང་གང་ཟག་གི་སྒྲས་བཟུང་བ་ཤེས་པར་བྱའོ། །བདག་ཉིད་ གཅིག་པུ་མ་ཡིན་ནོ། །འདིར་གཞན་བརྗོད་པ་ཚད་མ་གཉིས་ཀྱིས་མ་རྙེད་པ་བདག་ཉིད་མ་ཡིན་པ་དང་དགེ་སློང་ལ་སྔོ་བར་བྱེད་ཅེས་བྱ་བ་བརྫུན་དུ་སྨྲ་བས་གཞན་ལ་བརྗོད་པ་ཉིད་ཀྱི་ཕྱིར་རོ། །བཟུང་ནས་མི་སྦྱིན་པ་དག་ལ་ཡང་མངོན་པར་བརྗོད་པ་འདི་ནི་ཤིན་ཏུ་སྡིག་ཆེ་བར་ཤེས་པར་བྱའོ། །འདིར་ ཁ་ཅིག་ནི་བདག་ཉིད་ལ་གང་ཟག་གིས་བསྔོ་བར་བྱ་ཞེས་བྱ་བའི་མདོ་བྱེད་པ་ཡིན་ནོ། །འདིའི་རྣམ་པར་འབྱེད་པ་ནི་བདག་ཉིད་ལ་གང་ཟག་གིས་བསྔོ་བར་བྱ་ཞེས་བྱ་བ་བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་སོ་ཞེས་བྱ་བ་དེ་ནི་མི་རིགས་ཏེ་ཇི་ལྟར་བཤེས་ངོར་ཞེས་བྱ་བ་འདི་དང་འགལ་བའི་ཕྱིར་རོ། ། ཞུ་བ་ལས་ཀྱང་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་འདི་སྐད་ཅེས། ཚེ་དང་ལྡན་པ་བདག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་བསྔོས་པ་གང་ཟག་ལ་སྔོ་བར་བྱེད་དོ་ཞེས་ཟེར་ན་ཞེས་གསུངས་ཏེ། དགེ་འདུན་གྱི་རྙེད་པར་བསྔོས་པ་དག་གིས་ཤེས་པ་ཡིན་ནོ། །ཇི་ལྟར་ བཤེས་ངོར་བྱས་པའི་དགེ་སློང་རྣམས་ཀྱིས་སྔོ་བར་བྱེད་ཅེས་གསུངས་སོ། །ཡི་གེ་གཞན་ལས་ཤེས་པ་འདིར་རྟགས་ནི་བསྔོ་བར་བྱ་ཞེས་གསུངས་པའོ། །རིང་དུ་མ་འབྲེལ་བ་ཉིད་དགེ་སློང་གི་དགེ་འདུན་ལས་ཟས་ཀྱི་རྙེད་པ་མ་ཡིན་པ་ཞེས་བྱ་བའོ། །ཟས་ཀྱི་ཡིན་པར་གྱུར་པའི་དགེ་འདུན་གྱིས་རྙེད་ པ་ལ་དགེ་སློང་རྣམས་ཀྱི་ཡང་དགེ་འདུན་གང་ཡིན་པ་སྟེ། གཞན་རྣམས་ནི་མ་ཡིན་ནོ། །འདིར་ཟས་ཀྱི་རྗེས་སུ་འབྲངས་པས་འདི་ལ་ཉེས་བྱས་སུ་རྟོགས་པར་བྱའོ། །རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་རྣམ་པ་གཉིས་ཏེ། གོས་ཀྱི་རྙེད་པ་དང་ཟང་ཟིང་གི་རྙེད་པའོ། །དོན་འདི་ལ་ནི་གོས་ཀྱི་རྙེད་པ་མངོན་ པར་འདོད་པ་ཞེས་བྱ་བ་འདི་འདིར་ཟས་མ་ཡིན་པའི་ཚིག་གི་གཞུང་སྟེ། འདིར་གཞུང་ནི་ལོག་པར་བསྔོས་པ་ཉིད་ཀྱིས་ཞེས་བྱ་བ་སྟེ། ཆོས་ཀྱིས་ཇི་ལྟར་བཤེས་ངོར་མ་བྱིན་ཞེས་བྱ་བའོ། །གཞན་ཡང་འདིར་གཉིས་ཀ་འདོད་པ་ལ་སོགས་པ་ལོག་པའི་རྣམ་པ་ཡོད་དེ། དེ་ དམིགས་ཀྱིས་བསལ་བ་ལ་ཉེས་པ་མེད་པའམ། ན་སྨད་པ་ཉིད་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་བྱེ་བྲག་མེད་པར་གསུངས་སོ། །ཅི་ཞིག་གིས་དམིགས་ཀྱིས་བསལ་བ་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་གིས་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་འདིར་སྔོ་བར་བྱེད་ཅེས་བྱ་བ་མདོ་ལས་མང་པོ་ཚིག་ གིས་རེ་རེ་བཞིན་དུ་ཡང་བརྗོད་པ་ལ་འདིར་ལྟུང་བ་ཡིན་ཏེ། ཅིག་ཅར་མང་པོ་རྣམས་བརྗོད་པ་ལ་ཇི་ཙམ་དུ་སྐུར་པ་གདབ་པར་བྱ་བའི་ལྟུང་བ་རྣམས་དེ་ཙམ་ཡིན་ནོ་ཞེས་བྱ་བ་འདིར་གཅིག་པའི་ཚིག་གིས་འདིར་བསྟན་པར་རིག་པར་བྱའོ། །གཞན་ལ་ཡང་ཞེས་བྱ་བ་ནི་སྐུར་པ་གདབ་པར་བྱ་བ་ཐོབ་པ་ འབའ་ཞིག་ཏུ་མ་ཟད་ཀྱི་ཉན་པ་པོ་གཞན་ལ་ཡང་གོ་བར་བྱེད་ན་འདིར་དངོས་གཞི་སྟེ། འོན་ཀྱང་གང་ཡང་རུང་བའི་མིའི་འགྲོ་བར་གཏོགས་པ་ལ་ཞེས་བྱ་བའི་དོན་ཏོ། །འདི་ལ་སྟེར་བར་འདོད་ན་བརྫུན་དུ་སྨ་བ་ལ་དངོས་གཞིའོ། །མི་སྟེར་བར་འདོད་ན་ཉེས་བྱས་སོ། །གཉིས་ཀའི་བརྫུན་དུ་མི་སྨྲ་བ་ལ་ ལྟུང་བ་མེད་དོ། །ལོག་པ་ཉིད་དུ་ཤེས་བཞིན་དེ་མ་ཡིན་པ་ལ་སྟེར་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་འདིར་རྣམ་པར་གཞག་པ་འདི་རིག་པར་བྱའོ། །མིང་མ་སྨོས་པར་ཞེས་བྱ་བ་ནི་མིང་མ་ཡིན་པར་བཟུང་བ་ཉིད་ལ་ཡང་འདིར་དངོས་གཞི་ཁོ་ན་ཞེས་བྱ་བའི་དོན་ཏོ། །བརྗོད་ན་ཡང་ངོ་ཞེས་བྱ་བ་ནི་ཡོངས་ སུ་བསྔོ་བ་ཉིད་ཀྱིས་སོ། །ཡང་དག་པ་མ་ཡིན་པའི་དོན་ཉིད་ཅེས་བྱ་བ་འདི་ནི་དངོས་གཞིའོ། །སྐུར་པ་འདེབས་པའི་ལྟུང་བྱེད་དོ།། །།ཁྱད་དུ་གསོད་པའི་ལྟུང་བྱེད་སྨྲ་བར་འདོད་ནས་འདུལ་བ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། འདུལ་བ་དང་ཡང་དག་པར་ལྡན་པའི་སོ་སོར་ཐར་པའམ། དེ་རྣམ་ པར་འབྱེད་པ་ལ་སོགས་པར་གཏོགས་པ་ལའོ། །ཕྲན་ཚེགས་དང་སིལ་བུ་དང་གླེང་གཞི་རྣམས་སམ་གཞི་རྣམས་ལ་འདུལ་བའི་མ་མོ་འམ། འདུལ་བའི་དཀའ་འགྲེལ་ལམ་འདུལ་བ་དྲུག་པ་འམ་གཅིག་ལས་འཕྲོས་པ་འམ་འདུལ་བ་མ་མོ་ལ་ཡང་དག་པར་གནས་པ་བརྗོད་པ་གང་ཡིན་པ་ལ་བརྙས་ཐབས་ སུ་གྱུར་པ་ན་ཁྱད་དུ་གསོད་པའི་ལྟུང་བྱེད་ཅེས་བྱ་བའི་དོན་ཏོ། །འདིར་བརྙས་ཐབས་ཀྱི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་ཤེས་པར་བྱའི་འདོན་པའི་བྱེ་བྲག་ལས་ནི་མ་ཡིན་ཏེ། གཅིག་ཏུ་འདོན་པ་ལ་ངག་རྣམས་ཐམས་ཅད་ལ་ལྟུང་བ་གཅིག་ཉིད་དེ་གཞན་ལ་ནི་གཞན་ཞེས་བྱ་བ་ཆ་ཤས་དང་རྒྱུད་དང་སྔགས་ དང་སོ་སོར་ཐར་པའི་མདོ་འདོན་པ་ལས་ཕམ་པའི་ཆོས་བཞི་འདོན་པར་གྱུར་པ་རྣམས་ལ་བརྗོད་པར་བྱ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་འདིར་སོ་སོར་ཐར་པའི་མདོ་ལས་གསུངས་པ་ནི་འདུལ་བ་ལྷག་མ་རྣམས་ཀྱི་དཔེ་ཙམ་དུ་ཟད་དེ། ཇི་སྲིད་དུ་དགེ་སློང་གིས་འདུལ་བ་དང་ལྡན་པ་གང་ཇི་ཙམ་ བརྗོད་པ་ལ་བརྙས་ཐབས་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་རྣམ་པར་འབྱེད་པ་ལས་གསུངས་པའི་ཕྱིར་རོ། །མདོ་སྡེ་ལས་ནི་ཉེས་བྱས་ཞེས་བྱ་བ་ནི་འདུལ་བ་དང་ལྡན་པ་ལས་གཞན་པའི་མདོ་སྡེ་མངོན་པ་དང་འདུལ་བའི་མདོ་དག་གི་རྣམ་པར་འབྱེད་པ་ཉིད་ཀྱི་ཕྱིར་འདི་ལས་ལྷག་པ་མེད་པ་ཞེས་བྱ་ བ་འདིར་རྗེས་སུ་འགྲོ་བའོ། །ཁྱད་དུ་གསོད་པའོ།། །།ལག་གི་བླས་མཆོད་རྟེན་དང་དགེ་འདུན་གྱི་དོན་དུ་ཤིང་ལྗོན་པར་བཅད་པར་བྱའོ་ཞེས་བྱ་བ་སྟེ། ཇི་ལྟར་ཞེ་ན། དེའི་ཕྱིར་དེའི་མདུན་རོལ་དུ་ཉི་མ་བདུན་ནམ་བརྒྱད་དག་ནས་དེའི་དྲུང་དུ་དཀྱིལ་འཁོར་དང་དྲི་དང་མེ་ཏོག་དང་མར་མེ་དང་གཏོར་མ་ སྦྱིན་པ་དང་རྒྱུན་ཆགས་གསུམ་གདོན་པ་དང་སྦྱིན་པ་བཤད་པ་དག་བྱས་ནས། ལྷ་གང་དག་ཤིང་ལྗོན་པ་འདི་ལ་གནས་པ་དེ་དག་གནས་གཞན་ཚོལ་ཅིག །ཤིང་ལྗོན་པ་འདིས་མཆོད་རྟེན་ནམ་དགེ་འདུན་གྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བརྗོད་ནས་སྨྲ་བ་པོས་ཤེས་པར་གྱིས་ཤིག་ཅེས་སོ་ཞེས་བྱ་བ་ སྨོས་ཏེ། དེའི་མདུན་རོལ་དུ་ཞེས་བྱ་བ་ནི་གཅོད་པའི་མདུན་རོལ་དུ་སྦྱིན་པ་བཤད་པར་བྱས་ནས་ཞེས་བྱ་བ་ནི་ཐམས་ཅད་དེ་ན་གནས་པའི་ལྷ་ལ་བརྟེན་པར་བྱས་ནས་ཞེས་བྱ་བ་དོན་གྱིས་ཤེས་པར་བྱའོ། །མཆོད་རྟེན་ནམ་ཞེས་བྱ་བ་ནི་མཆོད་རྟེན་གྱི་དོན་ཉིད་ལ་མཆོད་རྟེན་པ་ཞེས་བྱ་བ་བརྗོད་པར་བྱའོ། ། དགེ་འདུན་གྱི་ཞེས་བྱ་བ་ནི་དགེ་འདུན་གྱི་དོན་ཉིད་ལ་ཞེས་བྱ་བ་ནི་བརྗོད་པར་བྱའོ། །གལ་ཏེ་མེ་འབྱུང་བའམ་ཁྲག་འཛག་པ་འམ་ཡལ་ག་འགུལ་བའམ་ལོ་མ་ལྷགས་པ་ལ་སོགས་པ་རྣམ་པར་འགྱུར་བ་སྟོན་ན། དེས་ཞིང་ལ་སྦྱིན་པ་དང་སེར་སྣ་དག་གི་བསྔགས་པ་དང་བསྔགས་པ་མ་ཡིན་པ་བརྗོད་པར་བྱའོ་ ཞེས་བྱ་བ་ལ། ཞིང་དང་ལྷན་ཅིག་ཏུ་སྦྱིན་པ་ནི་ངེས་ཞིང་ལ་སྦྱིན་པའོ། །ཞིང་ནི་སངས་རྒྱས་དང་དགེ་འདུན་གྱི་བདག་ཉིད་ལ་བསྔགས་པ་བརྗོད་པར་བྱའོ། །སྦྱིན་པ་ལ་ཡང་སེར་སྣའི་བསྔགས་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །མི་གཏོང་ན་གཅད་པར་མི་བྱའོ་ཞེས་བྱ་བ་ ན་དེ་ལྟར་བྱས་ཀྱང་མེ་འབྱུང་བ་ལ་སོགས་པའི་རྣམ་པར་འགྱུར་བས་མི་གཏོང་ན་གཅད་པར་མི་བྱའོ། །ཤེས་གཙོ་བོའོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །མ་ཉམས་པ་ཉིད་ལའོ་ཞེས་བྱ་བ་སྟེ། གང་དུ་ཡིན་ཞེ་ན། དེའི་ཕྱིར་ས་བོན་དང་ཁྱེའུ་ཁ་འཐོན་པ་རུང་བ་དག་གིའོ་ཞེས་བྱ་བ་ སྨོས་ཏེ། ས་བོན་རུང་བར་མ་བྱས་པ་དང་། ཁྱེའུ་ཁ་འཐོན་པ་ལ་ཞེས་བྱ་བའི་དོན་ཏོ། །འདིར་རྩྭ་ལ་སོགས་པ་སྐྱེ་བ་ཁྱེའུ་ཁ་འཐོན་པ་ཞེས་བྱ་བར་བརྗོད་དོ། །རུང་བར་མ་བྱས་པ་ཞེས་སྨོས་པས་ནི་རུང་བར་བྱས་པ་ཉིད་ཡོད་ཀྱང་ས་བོན་ཉིད་ལ་ལྟུང་བ་མེད་ཅེས་བྱ་བར་རིག་པར་བྱའོ། །འདིར་ཅི་ཞིག་ རྗེས་སུ་བསྒྲུབ་ན་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཐ་ན་རྩ་རྒྱུན་ཡན་ཆད་ཉམས་པར་བྱས་ནའོ་ཞེས་བྱ་བ་སྨོས་ཏེ། ཡན་ཆད་ཀྱི་སྒྲས་ནི་མངོན་པར་ཁྱབ་པར་བྱས་པའི་དོན་ལའོ། །ཐ་ན་རྩ་རྒྱུན་གྱི་ཡན་ཆད་ཀྱི་ས་བོན་འདི་དག་ལ་ཁྱེའུ་ཁ་འཐོན་པ་སྟེ། གང་ཡང་རུང་བ་དག་ ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཤིང་ལྗོན་པའི་རྩ་རྒྱུན་འབྱིན་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་ཉམས་པ་དང་གཅོད་པ་དང་རུང་བ་ལ་སོགས་པ་ཉིད་ཀྱིས་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཇི་ལྟར་ཡང་རུང་ངོ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་བསྟན་ པའི་ཕྱིར་སྤྲུལ་པས་ཀྱང་ངོ་ཞེས་བྱ་བ་སྨོས་སོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ཤིང་ཏོག་རྣམས་སྤྲུག་ཅིང་གློག་པར་བགྱིད་ན་ལྟུང་བ་ཅིར་འགྱུར། གལ་ཏེ་ཤིང་ཏོག་སྨིན་པ་དག་ཡིན་ན་ནི་ཉེས་བྱས་སོ། །ཇི་སྟེ་མ་སྨིན་པ་དག་ཡིན་ན་ནི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །རྩ་བ་དང་འདམ་རྫབ་ དང་ས་རྡུལ་ལ་སོགས་པ་དག་གིས་མནན་པས་ཀྱང་ངོ་ཞེས་བྱ་བ་ལ། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རན་ནམ་འདམ་རྫབ་བམ་ས་རྡུལ་གྱིས་ཤིང་ལྗོན་པ་ཉམས་པར་གྱུར་ཅིག །རྣམ་པར་ཉམས་པར་གྱུར་ཅིག་ཅེས་གནོན་པར་བགྱིད་ཅིང་རྩྭ་སྔོན་པོ་ས་རྡུལ་ལམ་ཕྱེ་མའམ་གཞན་གང་ཡང་རུང་བས་ འགེབས་པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་སྦྱོར་བ་ཙམ་ལ་དགོངས་ནས་ཤིང་ལ་སོགས་པ་མནན་པ་ལ་སོགས་པ་ལ་ཉེས་བྱས་ཀྱི་ཚིག་གོ། །འདིར་འདམ་རྫབ་ཀྱི་ཚིག་གིས་བཟུང་བའོ། །ཁུ་ཚན་ལ་སོགས་པས་ཀྱང་ངོ་ཞེས་བྱ་བ་ལ། ཁུ་ཚུན་ཞེས་བྱ་ བ་ནི་འུ་ཤ་ཞེས་བྱ་བ་ལ་སོགས་པ་ཁུ་བ་ཚབ་གཏོར་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་འཆག་པ་དང་ཡལ་ག་ལ་སོགས་པ་འདྲེན་པ་དང་དཀྱིལ་འཁོར་དང་སྐྱང་ནུལ་ལ་སོགས་པ་དག་ཀྱང་བསྡུའོ། །འདིར་གཞུང་ནི་དགེ་སློང་གིས་སྔོའི་ཕྱོགས་སུ་འུ་ཤ་ཚ་བ་འཐོར་ཞིང་སྙིང་པོ་འཐོར་བར་བྱེད་ན་ ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རླུང་དང་ཉི་མ་ལ་འཇོག་པས་ཀྱང་ངོ་ཞེས་བྱ་བ་ལ་འདིར་གཞུང་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་སློང་མས་ས་བོན་གྱི་རིགས་ལྔ་པོ་འདི་དག་ཉམས་པར་གྱུར་ཅེས་རླུང་དང་ཉི་མ་ལ་འཇོག་པར་བྱེད་ན་གལ་ཏེ་ས་བོན་རྣམ་པར་ཉམས་པ་ནི་ལྟུང་བྱེད་དོ། ། ཇི་སྟེ་རྣམ་པར་མ་ཉམས་ན་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ས་གཞི་སྐམ་པོར་ཡང་ངོ་ཞེས་བྱ་བ་ལ་འདིར་གཞུང་ནི་དགེ་སློང་གིས་ས་བོན་གྱི་རིགས་ལྔ་པོ་དག་ཉམས་པར་གྱུར་ཅིག་ཅེས་ས་གཞི་སྐམ་པོར་འཇོག་པར་བྱེད་ན་གལ་ཏེ་ས་བོན་ཉམས་ན་ནི་ལྔར་འགྱུར་རོ། །གལ་ཏེ་རྣམ་པར་མ་ཉམས་ ན་ནི་ཉེས་བྱས་ལྔར་འགྱུར་ཞེས་གསུངས་པ་ཡིན་ནོ། །བསམ་པ་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་དེར་འདུན་པས་སོ་ཞེས་བྱ་བ་སྨོས་ཏེ། ཉམས་པར་འདུན་པས་སོ། །ཅི་རང་ཁོ་ནས་སམ་ཞེ་ན། དེའི་ཕྱིར་རང་ངམ་གཞན་གྱིས་ཀྱང་རུང་ངོ་ཞེས་བྱ་བ་སྨོས་སོ། །འདིར་གནས་སྐབས་གང་ལ་ཁ་ན་མ་ཐོ་བ་ཇི་ལྟ་ བུ་དག་ཉམས་པ་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཉམས་པར་འགྱུར་ཞེ་ན་དངོས་གཞི་དག་གོ་ཞེས་བྱ་བ་སྨོས་ཏེ། ཉམས་པར་གྱུར་པ་ནི་དངོས་གཞིའི་ལྟུང་བ་དག་ཀྱང་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གཅིག་གི་དབང་གིས་ས་བོན་མང་པོ་དག་ཉམས་པར་བྱེད་ན་ཅི་གཅིག་གམ་མང་པོ་ལ་ཡིན་ཞེ་ན། དེའི་ཕྱིར་ཉམས་པར་བྱ་བའི་གྲངས་དག་གིའོ་ཞེས་བྱ་བ་སྨོས་ཏེ། ཉམས་པར་བྱ་བ་འདི་རྣམས་ལ་གྲངས་ཡོད་པས་ཞེས་བྱ་བ་འདིར་བསྡུའོ། །ཇི་ལྟར་ཉམས་པར་བྱ་བ་དག་གི་གྲངས་ཀྱིས་ལྟུང་བ་རྣམ་པར་གཞག་པར་བསྟན་ཅིང་། སྡོང་པོ་དང་ཡལ་ག་དང་འདབ་མ་ལས་གྲངས་རྣམ་པར་གཞག་པར་ བྱ་འམ་ཞེ་ན། དེའི་ཕྱིར་སྡོང་བུ་ལས་སོ་ཞེས་བྱ་བ་སྨོས་ཏེ། སྡོང་བུ་རྩ་བ་ལས་ཤིང་ལྗོན་པ་གཅོད་པར་བྱེད་ན་ཡང་ཡལ་ག་ཕྲ་མོ་དང་འདབ་མ་དུ་མ་ཉིད་ཡོད་དུ་ཟིན་ཀྱང་ལྟུང་བ་གཅིག་ཁོ་ནར་འགྱུར་ཏེ། དེ་བཞིན་དུ་ཡལ་ག་དག་རང་གི་སྡོང་བུ་ལས་བཅད་པ་ལ་ཡལ་ག་ཕྲ་ མོ་དང་འདབ་མ་མང་པོ་ཉིད་ཡོད་པ་དང་། ཡལ་ག་ཕྲ་མོ་དག་རང་གི་སྡོང་པོ་ལས་བཅད་པ་ལ་འདབ་མ་མང་པོ་ཉིད་ཡོད་པ་དང་། འདབ་མ་དག་རང་གི་སྡོང་བུ་ལས་བཅད་པ་ལས་འདབ་མ་བདུན་པ་ལྟར་འདབ་མ་མང་པོ་ཉིད་ཡོད་པ་དང་། ཨེ་རན་ཏའི་འདབ་མ་ལྟར་ཡལ་ག་མང་པོ་ཉིད་ཡོད་དུ་ཟིན་ ཀྱང་དེ་ལྟ་མོད་ཀྱི་ལྟུང་བྱེད་གཅིག་ཁོ་ནར་འགྱུར་རོ། །སྡོང་བུ་ཞེས་བྱ་བ་ནི་འདིར་འོག་མའི་ཆའི་དཔེ་ཡིན་ཏེ། དེ་ལྟ་བས་ན་འདབ་མའི་ཡལ་ག་བཅད་པ་དང་། ལྕུག་མའི་མགོ་ལྕོགས་བཅད་ན་ཡང་འདིར་དངོས་གཞི་སྟོན་པ་ཉིད་དོ། །སྡོང་བུའི་ངོས་ནས་འདབ་མ་ལ་ཅུང་ཟད་བརྩེགས་པ་དང་། འདབ་ མའི་རིམ་པ་ནས་ཅུང་ཟད་བརྩེགས་པ་ནི་སྦྱོར་བའི་ཉེས་བྱས་ཏེ། དངོས་གཞིའི་ནི་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་ཤིང་ལྗོན་པ་གཅིག་སྦྱོར་བ་གཅིག་གིས་བཅད་ན་ཉེས་བྱས་གཅིག་དང་ལྟུང་བྱེད་གཅིག །དགེ་སློང་གིས་ཤིང་ལྗོན་པ་གཅིག་སྦྱོར་བ་གཉིས་ ཀྱིས་གཅོད་ན་ཉེས་བྱས་གཉིས་དང་ལྟུང་བྱེད་གཅིག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྐྱེ་བའི་ཕྱིར་མདོ་རྣམ་པར་བཤད་ནས་མདོ་དེ་ཉིད་ལས་ས་བོན་གྱི་ཕྱིར་འདི་ལྟར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན་གང་ཞིག་ཉམས་པར་བྱ་བའི་གྲངས་དག་གིའོ་ཞེས་སྨོས་པས་གཞན་ས་བོན་དུ་གྱུར་པ་ གང་ཕྱོགས་གཅིག་པ་དེ་བས་ན་མ་ཡིན་ཞེས་སྨོས་པ་ནི་སྡོང་བུ་ལས་ཞེས་བྱ་བ་སྨོས་སོ། །སྡོང་བུ་ཐམས་ཅད་ལ་གཅིག་པ་ཉིད་མངོན་པར་བརྟེན་པས་འདིར་གཟུགས་ཐམས་ཅད་སྡོང་བུ་ཉིད་ཀྱིས་བརྗོད་པར་རིག་པར་བྱ་སྟེ། རྩ་བ་དང་འབྲས་བུ་དག་ལ་ནི་འདི་མེད་པ་མ་ཡིན་ནོ། །དེ་བས་ན་འདི་དག་ ལ་འདིས་མ་བསྡུས་པ་ཉིད་ནི་མ་ཡིན་ནོ། །གཟུགས་ཐ་དད་པ་རྣམས་ལ་སྦུབས་དང་ཡལ་ག་དག་ལ་འདི་གནས་པའོ། །གང་ཞིག་ཐོ་གུ་དང་རྩེ་མོ་དག་ལའོ། །དེ་ལས་བྱུང་བའི་འབྲས་བུ་རྣམས་ལ་གཅིག་པ་ཉིད་དུ་མངོན་པར་བརྟེན་པ་ལ་བྱས་པ་ཉིད་དེ་ཕྱོགས་གཅིག་ཏུ་གྱུར་པའི་ས་བོན་ཉམས་པས་ས་ བོན་ཉམས་པ་མ་ཡིན་ནོ། །དེ་བས་ན་ས་བོན་གྱི་ཕྱོགས་གཅིག་ཉམས་པ་ལ་ཡང་དངོས་གཞི་སྟེ། ཐམས་ཅད་ཉམས་པ་ཉིད་ནི་མ་ཡིན་ནོ། །སྦྱོར་བ་ལ་ནི་ཉེས་བྱས་དག་ཏུའོ་ཞེས་བྱ་བ་ནི་སླར་ཅི་ཞིག་ཉམས་པར་བྱ་བའི་གྲངས་ཀྱིས་འདི་རྣམས་ཀྱི་ཐ་དད་པ་ཡིན་ནམ་མ་ཡིན་ཞེ་ན། དེའི་ཕྱིར་འདི་ལ་བསྣུན་པ་ རེ་རེ་ལས་དེ་ཐ་དད་པ་ཡིན་གྱི་དངོས་པོ་ལས་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་སྦྱོར་བ་ལའོ། །དེ་ཞེས་བྱ་བ་ནི་བསྣུན་པ་ལའོ། །བསྣུན་པ་རེ་རེ་ལ་དེ་ཐ་དད་པ་སྟེ། དངོས་པོ་ཐ་དད་པ་ལས་ནི་མ་ཡིན་ནོ། །བསྣུན་པ་ཇི་སྙེད་པ་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་དག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། བཏོན་ན་བསྐྱེད་པར་བྱ་བ་ཉིད་ཡིན་དུ་ཟིན་ཀྱང་མཐའ་ཉིད་དེ་ཞེས་བྱ་བ་ནི་ཤིང་ལྗོན་པ་ལ་སོགས་པ་རང་གི་གནས་ནས་བཏོན་པ་གང་ཡིན་པ་དེ་ལ་མཐའ་ཉིད་དེ་སྐྱེར་རུང་བའི་ཆོས་ཉིད་ཡོད་དུ་ཟིན་ཀྱང་ཉམས་པ་ལས་སྐྱེ་བ་ཉིད་དེ། དེའི་ཚེ་ཉམས་པ་ལས་ཞེས་བྱ་བའི་དོན་ཏོ། །སྐྱེར་མི་རུང་བ་ཉིད་ཡོད་ཀྱང་ སྔར་གྱི་རྣམ་པ་ཉིད་ཀྱིས་སོ་སོར་བརྗོད་པ་ལ་འདི་ཉེ་བར་མ་སོན་པར་གྱུར་པ་དང་རོ་ཉིད་དུ་གྱུར་པའི་བྱེ་བྲག་ཡོད་དེ་ཞེས་བྱ་བ་ཤེས་བཞིན་པའོ། །སྐྱེར་རུང་བ་ཉིད་ལ་ནི་རྙེད་པ་ཉིད་ཡོད་དུ་ཟིན་ཀྱང་རོ་ཉིད་དུ་གྱུར་པའི་བྱེ་བྲག་མེད་དོ་ཞེས་བྱ་བ་ཡིན་ལ་ངེས་པར་ཐིམ་པ་ཡིན་ནོ། །དེ་བས་ན་འདིར་མདོ་འདི་བྱས་པའོ། །ཉ་ ལྕིབས་དང་ཉ་ཚང་དག་ཆུ་ནས་བཏོན་པ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། ཉ་ལྕིབས་དང་ཉ་ཚང་དག་ཆུ་ནས་བཏོན་པ་ནི་དེ་ཉིད་དོ། །ཆུ་ནས་འདི་དག་ལ་བཏོན་པ་དང་རྗེས་སུ་བཟུང་བ་དེ་ལ་དེའི་ཚེ་ན་གཅོད་པ་ཞེས་བྱ་བའོ། །དེའི་ཚེ་ན་འདི་དག་ལ་རོ་ཉིད་ཁས་བླངས་པའོ། །གང་ཞིག་སླར་བཅུག་པ་དག་ལ་དེ་ལྟ་ཉིད་དུ་རྗེས་སུ་འཇུག་པས་དེ་ ཡང་ས་བོན་ཉིད་ལ་རྗེས་སུ་འཇུག་པ་ཉིད་ཀྱིས་ཉ་ལྕིབས་དང་ཉ་ཚང་དག་ལ་གང་ཞིག་ས་དང་མ་འབྲེལ་པས་ཆུའི་སྟེང་དུ་སྐྱེས་པ་དེ་ལ་འདི་བཤད་པའོ། །ཚི་གུ་མ་བཅོམ་པར་རིལ་མིད་བྱེད་པ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་ཚི་གུ་མ་བཅོམ་པ་ཞེས་བྱ་བ་ནི་སོ་རྣམས་ཀྱིས་དུམ་བུར་མ་བྱས་པ་ལ་གང་ཞིག་རིལ་མིད་བྱེད་པ་ནི་ཟ་བར་བྱེད་ པ་ལ་ཕྱེད་ཅེས་བྱ་བའི་ཚིག་སྨོས་པས་ནི་ཉེས་བྱས་ཡིན་པར་གོ་བར་བྱེད་དོ། །ཕྱེད་ཀྱི་ཚིག་གིས་ཐམས་ཅད་དུ་ལྟུང་བ་གཅོད་པར་གྱུར་པའི་ཉེས་བྱས་སྟོན་པར་བྱེད་པའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རྒྱ་ཤུག་གི་ཚི་གུ་མ་བཅོམ་པར་རིལ་མིད་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་ གསུངས་པ་ཡིན་ནོ། །འདི་ནི་ཚི་གུ་མ་བཅོམ་པ་ལྟར་ཉམས་པར་བྱེད་པ་དང་རིལ་མིད་བྱེད་པ་ཞེས་བྱ་བ་འདི་ལ་དོན་བྱས་པ་ཉིད་བཏབ་པ་དག་ལྟར་ལྟོར་བཅུག་པ་ལ་འདིར་བློས་ཡིན་གྱི་ཉམས་པའི་དོན་དུ་གཞག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྟོ་བ་དང་འབྲེལ་པར་ཉམས་པ་ལ་ འདིར་ལྟུང་བ་རྣམ་པར་གཞག་པར་མི་བྱ་བ་སྟེ། གང་ལ་འདིར་ཉམས་པའི་བློས་འབྱུང་བར་གྱུར་པ་དེ་ལ་དངོས་གཞིའི་ལྟུང་བ་བྱུང་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །གལ་ཏེ་འདི་བཅད་པར་གྱུར་ན་ལེགས་སོ་ཞེས་སྨྲས་ན་བཏོན་པའི་འོ་ཞེས་བྱ་བ་ལ། བཏོན་པའི་འོ་ཞེས་བྱ་བ་ནི་བཏོན་པའི་ཕྱེད་ ཅེས་བྱ་བར་སྦྱར་རོ། །ལེགས་སོ་ཞེས་བྱ་བའི་བརྗོད་པ་འདི་ནི་བཏོན་པའི་ཕྱེད་ལ་འདི་ལྟར་བརྗོད་ཅིང་གཅོད་པར་བྱེད་ན་དངོས་གཞིའི་མཐའ་ཅན་གྱི་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་གིས་འདི་སྐད་ཅེས་འདིས་ཤིང་ལྗོན་པ་འདི་གཅད་པར་གྱུར་ན་ ལེགས་སོ་སྟེས་སོ་ཞེས་མཆི་ཞིང་དེས་འགུམས་པར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །རྫུ་འཕྲུལ་གྱིས་ན་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་འདི་ནི་རྣམ་པར་རོལ་པ་ཙམ་ཡིན་ཏེ་བྱ་བའི་ངོ་བོ་འཇུག་པ་འདི་མ་ཡིན་ཞེས་བྱ་བ་འདིས་ཤེས་པའོ། །འདིར་གཞུང་ནི་ཞུ་བ་ ལས་བཙུན་པ་རེ་ཞིག་དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་ལྗོན་པ་འགུམས་པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ས་བོན་ལ་ས་བོན་གཞན་ཉིད་དུ་འདུ་ཤེས་པ་ལ་འདི་དེ་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་རྩ་བའི་ས་བོན་ལ་སོགས་པ་ལ་སྡོང་བུའི་ས་ བོན་ཉིད་དུ་འདུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་དེ་ཕྱེད་ཉིད་ནི་མ་ཡིན་ནོ། །འདིར་སྐྱོན་ནི་མཚུངས་ཏེ་སྲོག་གཅོད་པ་ལྟར་ན་སྨད་པ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་ལ་ཡང་ཆོ་ག་འདི་རྣམ་པར་གནས་པ་ཡིན་ཏེ། དེ་ཡང་འདིར་ས་བོན་ཉིད་ཀྱིས་བརྗོད་པར་རྟོགས་པར་བྱའོ། །འདིར་ནི་རྩ་བ་ལ་སོགས་ པའི་ས་བོན་ཉིད་ཡོད་པ་ཡིན་ཏེ། དེ་བས་ན་ས་བོན་སྐྱེ་བ་དག་ལ་ཡང་ཕན་ཚུན་ཉིད་དུ་ཕྱིན་ཅི་ལོག་སྟེ། འདི་ནི་དངོས་གཞིའི་ཁ་ན་མ་ཐོ་བ་སྟེ་མ་སྨད་པ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཤུན་པ་དང་ཕྲི་དང་འདབ་མ་སྐྱ་བོ་དང་། མེ་ཏོག་ཁ་བྱེ་བ་དང་འབྲས་བུ་སྨིན་པ་རྣམས་ནི་ཕྱེད་ཤི་བ་ཉིད་དུ་རྗེས་སུ་ཐ་སྙད་ གདགས་སོ་ཞེས་བྱ་བ་ནི་ཤུན་པ་དང་ཕྲི་དང་འདབ་མ་སྐྱ་བོ་དང་མེ་ཏོག་ཁ་བྱེ་བ་དང་། འབྲས་བུ་སྨིན་པ་དང་ཞེས་བྱ་བས་བསྡུ་བའོ། །དེ་རྣམས་ནི་ཕྱེད་ཤི་བ་ཉིད་ཅེས་བྱ་བ་འདི་ལྟུང་བ་ན་སྨད་པ་ཉིད་དེ་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །འདིར་རབ་ཏུ་གྲགས་པ་ལ་བློ་ལྟུང་བ་ནི་རྗེས་སུ་ཐ་སྙད་གདགས་པའོ། ། འདི་རྣམས་ལ་ཕྱེད་ཤི་བ་ཉིད་ནི་རབ་ཏུ་གྲགས་པ་ཁོ་ན་ཉིད་དེ་འདིར་སྟོན་བྱེད་ཀྱི་རྒྱུ་བཙལ་བར་བྱ་བ་ནི་མ་ཡིན་ཏེ་ཞེས་བྱ་བ་འདི་ལས་འདི་ཡང་དག་པར་བསྟན་པའོ། །དེ་དག་གི་རྩ་བར་གྱུར་པ་རང་བཞིན་ལས་མ་ཕྱེ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་རང་བཞིན་ལས་ཕྱེ་བ་བྲལ་བ་དེ་ནི་འོག་ནས་ཤུན་ པ་ལ་སོགས་པ་རྣམས་ལ་རྩ་བར་གྱུར་པ་དེ་ནི་ཕྱེད་ཤི་བ་ཉིད་དུ་རྗེས་སུ་ཐ་སྙད་གདགས་པ་མ་ཡིན་ཏེ། དེ་བས་ན་ཕྱོགས་ལས་འདི་རྣམས་སེལ་བར་བྱེད་པ་ལ་དངོས་གཞི་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིར་ཤུན་པའི་གཞུང་ནི་ཤུན་པ་འཆུ་བར་བྱེད་ཅིང་སྙིང་པོ་དང་འབྲེལ་བ་འཆུ་བར་བྱེད་ན་ལྟུང་བྱེད་ དུ་འགྱུར་རོ། །སྙིང་པོ་དང་མ་འབྲེལ་པ་འཆུ་བར་བྱེད་ན་ནི་ཉེས་བྱས་སུ་འགྱུར་ཞེས་གསུངས་པ་ཡིན་ཏེ། ཕྲི་དང་འདབ་མ་སྐྱ་བོ་དང་མེ་ཏོག་ཁ་ཕྱེ་བ་དང་། འབྲས་བུ་སྨིན་པ་རྣམས་ལ་ཡང་འདི་ཉིད་རྣམ་པར་གཞག་གོ་ཞེས་བྱ་བ་ཐམས་ཅད་ལས་གསུངས་སོ། །འདབ་མ་དང་འབྲས་བུ་དག་ལ་འཇུག་ པས་འཆུ་བ་ནི་དེ་དག་ཉིད་དང་ལྷན་ཅིག་ཆོས་མཚུངས་པ་ཡིན་ཏེ་སྨིན་པ་རྣམས་ཀྱི་ནི་སྨིན་པ་ཉིད་ཡིན་ལ་མ་སྨིན་པ་རྣམས་ཀྱི་ནི་མ་སྨིན་པ་ཉིད་ཡིན་ཏེ། དེ་དག་ཉིད་ཀྱི་ཕྱོགས་གཅིག་གྱུར་པ་ཉིད་ཡིན་པར་རིག་པར་བྱའོ། །གང་ཞིག་མེ་ཏོག་འཆུ་བའི་ངོ་བོ་ནི་མེ་ཏོག་ལ་འཇུག་པ་དེ་ལ་མེ་ཏོག་ཉིད་དེ་འཇུག་ པར་གྱུར་པ་ཉིད་ནི་མ་ཡིན་ནོ། །དེ་བས་ན་འོག་ནས་གང་ཞིག་འདི་དག་ལ་དེ་ནི་འདི་རྣམས་ལ་འདིར་འཇུག་པ་འདི་བརྗོད་པར་རིག་པར་བྱའོ། །འདིར་གཞུང་ནི་ཞུ་བ་ལས་ཅིག་ཅར་འབྱུང་སྟེ་འཆུ་བ་གཅོད་ན་ཉེས་བྱས་སོ། །ཕ་བོང་གི་དྲེག་པ་འཆུ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་འཆུ་ བ་ཞེས་བྱ་བའི་སྒྲས་ནི་ཨུཏྤ་ལ་ལ་སོགས་པ་ཁ་བྱེ་བའི་འཆུ་བ་དང་། འདབ་མའི་འཆུ་བ་བསྡུས་པ་རིག་པར་བྱའོ། །འདིར་ཕ་བོང་གི་དྲེག་པ་ཞེས་བྱ་བ་ནི་རྡོའི་དྲེག་པ་ཡིན་པར་རིག་པར་བྱའི་སྲུ་སྲུ་ནི་མ་ཡིན་ནོ། །ས་བོན་གྱི་ཁམས་བཏབ་པ་རྩ་བ་མ་སྐྱེས་པ་ནི་ཕྱེད་སྐྱེད་པ་ཉིད་དུའོ་ཞེས་བྱ་བ་ནི་ས་ བོན་གྱི་ཁམས་བཏབ་པ་ལ་ད་དུང་རྩ་བ་མ་སྐྱེས་པ་ཉིད་དུ་རྗེས་སུ་ཐ་སྙད་གདགས་ཏེ། དེ་ལ་ནི་འདིར་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ། །ས་འབུས་པ་དང་ཤ་མོ་དང་ཤ་བལ་དང་སྣོད་དང་གོས་ལ་སོགས་པའི་རླམ་རྣམས་ནི་ཕྱེད་སྐྱེས་པ་ཉིད་དུའོ་ཞེས་བྱ་བ་ནི་རྗེས་སུ་ཐ་སྙད་གདགས་སོ་ ཞེས་བྱ་བར་སྦྱར་རོ། །སྣོད་དང་གོས་ལ་སོགས་པ་རྣམས་ཀྱི་རླམ་གྱི་སྒྲ་དང་འབྲེལ་པ་ཡིན་གྱི། སྔ་མ་རྣམས་ཀྱིས་ཀྱང་མ་ཡིན་ནོ། །འུ་ཤའི་ཁུ་ཚན་ལ་སོགས་པ་དབོ་བ་དང་འཆག་པ་དང་ཡལ་ག་ལ་སོགས་པ་འདྲེན་པ་དང་། དཀྱིལ་འཁོར་དང་སྐྱང་ནུལ་དག་ལ་དེ་དག་གི་བསམ་པ་ཉིད་ལ་ནི་ ལྟུང་བ་མེད་དོ་ཞེས་བྱ་བ་ནི་དབོ་བ་ལ་སོགས་པའི་བསམ་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །མ་ཉམས་པའི་འདུན་པས་ལྟུང་བ་མེད་པ་ཉིད་དེ་ན་སྨད་པ་ནི་མ་ཡིན་ཞེས་བྱ་བ་འདི་བསྟན་པའི་དོན་དུ་མདོ་འདི་ཡིན་ནོ། །རྟེན་ཉིད་ཀྱིས་ཡིན་ཏེ་དེ་བས་ན་འདིར་ལྟོས་པས་བསྲེག་པར་བྱ་བ་དང་འཐག་པར་བྱ་བ་ཉིད་ ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདིར་ལྟུང་བ་མེད་པར་ཤེས་པའོ། །ཕོངས་པའི་ཚེ་རྩྭ་ཀུ་ཤ་ལ་སོགས་པས་བཅིངས་པ་དེས་མི་ཐར་ན་བཅད་ན་ཡང་ངོ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་ལྟུང་བ་མེད་དོ་ཞེས་བྱ་བ་འདིའི་རྗེས་སྙེགས་པའི་དོན་དུའོ། །རྩྭ་ཀུ་ཤ་ལ་སོགས་པས་ཞེས་བྱ་བ་ནི་འདིར་གཞུང་ནི་སིལ་བུ་ དག་ལས་གླེང་གཞིའི་དབང་གིས་རྩྭ་ཀུ་ཤ་རྣམས་ཉིད་ལ་འདི་གསུངས་ཏེ། སེམས་ཅན་གྱི་གྲངས་ལས་གཞན་ཐམས་ཅད་ལ་གཅོད་པར་བྱེད་པ་ལ་རྣམ་པར་གཞག་པ་བྱ་བ་ནི་སོགས་པའི་ཚིག་གོ། །ཕོངས་པའི་ཚེ་ན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གནས་སྐབས་ཐོབ་པ་ཡོད་པ་ལའོ། །འདིར་ གང་གིས་གཅོད་ན་རྗེས་སུ་བསྒྲུབ་པར་གྱུར་པ་ལ་ལྟུང་བ་མེད་དོ་ཞེ་ན། དེའི་ཕྱིར་བཅིངས་པ་ཞེས་བྱ་བ་སྨོས་སོ། །གང་གིས་བཅིངས་པ་ཞེ་ན། དེས་ཞེས་བྱ་བ་སྨོས་ཏེ། གང་ལ་གཅོད་པ་འདི་བཤད་པ་རྫས་གང་ཉིད་ཀྱིས་བཅིངས་པ་རྫས་དེ་ཉིད་བརྗོད་པ་ལ་ལྟུང་བ་འདི་མེད་པ་ཡིན་གྱི་གནས་སྐབས་ཐམས་ ཅད་དུ་ནི་མ་ཡིན་ཏེ། འོན་ཀྱང་མི་ཐར་ན་བདག་གམ་གཞན་ལ་འགྲོ་བ་པོ་མེད་པས་སོ། །དུ་མ་ཉིད་ཡིན་ན་དེ་ལས་གཅིག་གིས་སོ་ཞེས་བྱ་བ་ནི་གང་གི་ཕྱིར་མི་ཐར་ན་ཆོ་ག་འདི་ཡིན་པ་དེ་བས་ན་དུ་མ་ཉིད་དུ་བཅིངས་པ་ལ་དེ་གཅིག་གིས་གཅད་པར་བྱའི་གཞན་གྱིས་ནི་མ་ཡིན་ནོ། །ས་བོན་གྱི་ཆོས་མེད་ པ་ནི་ཉེས་པ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མ་སྦས་པ་ཉིད་ཀྱི་ཕྱིར་འདི་ལ་ལྟུང་བར་བྱས་པ་ཉིད་ནི་གང་གིས་སམས་པ་དེའི་དོན་དུ་ས་བོན་གྱི་ཆོས་མེད་པ་ཉིད་འདི་རུང་བ་ལྔ་པོ་རྣམས་གསུངས་པ་གང་ཡིན་པ་དེའི་བསྡུ་བའོ། །བྱིན་ལེན་མ་བྱས་པའི་ཁ་ཟས་ཀྱི་ལྟུང་བ་དང་འབྲེལ་པ་ལས་འདི་དང་པོའི་རུང་བ་ཞེས་ བྱ་བ་དོན་འདིར་ཕྲན་ཚེགས་རྣམས་ལས་ས་བོན་མེད་པ་ཉིད་འབྲེལ་པ་ལས་ཞེས་བྱ་བ་ལ་སོགས་པ་བླངས་པ་ཞེས་བྱ་བའི་མཐར་ཐུག་པར་གྲངས་སོ། །སྨན་གྱི་གཞི་ལས་ཡང་དག་པ་ཉིད་དུ་གྲངས་པ་ཞེས་བྱ་བ་ལ་སོགས་པ་སྲིད་པ་ལྡང་བ་ཞེས་བྱ་བའི་མཐར་ཐུག་པར་གྲངས་པ་དང་། སྨན་གྱི་གཞི་ཞུ་བ་ ལས་བྱས་པ་ཉིད་ཅེས་བྱ་བ་ལ་སོགས་པ་བཟའ་བར་བྱ་ཞེས་བྱ་བའི་མཐར་ཐུག་པར་གྲངས་པ་དང་། ཕྲན་ཚེགས་ལ་སོགས་པ་ལས་ཐ་མི་དད་པ་མ་ཡིན་པ་ཞེས་བྱ་བར་གྲངས་སོ། །མེས་རེག་པ་དང་མཚོན་དང་སེན་མོ་དང་ནེ་ཙོ་དག་གིས་རྨ་ཕྱུང་བ་དང་རྙིངས་པ་དང་ཕྱུང་བ་དང་བཀྲུམ་པ་དང་བཀས་པ་ དང་བཅད་པ་ལྟ་བུ་དག་ནི་རུང་བའོ་ཞེས་བྱ་བ་ནི་གཞན་རྣམས་ཀྱིས་རྨ་ཕྱུང་བ་ནི་རྨ་ཕྱུང་བ་མ་ཡིན་པ་མ་ཡིན་ཏེ། དེ་བས་ན་མཚོན་ལ་སོགས་པས་བརྒྱབ་པ་ནི་འདིར་དཔེར་རྟོགས་པར་བྱའོ། །དེ་ལས་གཞན་པ་རྨ་བྱུང་བ་མ་ཡིན་པ་ནི་ཤིང་ཏོག་ལ་སོགས་པ་ལ་སེན་མོ་དང་ནེ་ཙོས་རྨ་ཕྱུང་བ་སྟེ། གྲགས་པ་ཉིད་ ཀྱི་ཕྱིར་དང་བརྩལ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་གྲགས་པར་བྱ་དཀའ་བ་ཉིད་མ་ཡིན་པའི་ཕྱིར་མ་བྱས་པ་ཇི་ལྟ་བ་བཞིན་དུ་འདི་རྣམས་ལ་དཔེ་ཉིད་ཀྱིས་བསྟན་པའོ། །ཕྱུང་བ་ཞེས་བྱ་བ་ནི་ཕྱུང་བ་སྟེ། འདིར་དེ་ནི་བརྟགས་པ་གཞན་གྱིས་རུང་བར་བྱ་བ་ལ་ལྟོས་མི་དགོས་ཏེ། ཕྱུང་བ་ཉིད་ཁོ་ན་འདིར་རུང་ བར་བྱས་པས་ཉིད་ཅེས་བྱ་བ་འདིར་རྟོགས་པར་བྱའོ། །འདི་བཀྲུམ་པར་བྱེད་པ་ནི་བཀྲུམ་པའི་ཚིག་གིས་བཟུང་ངོ་། །བཀས་པ་སྟེ་ཞེས་བྱ་བ་ནི་གས་པར་གྱུར་པ་སྟེ། རང་གས་པ་ཉིད་གང་ཡིན་པ་དེ་ནི་རུང་བ་ཉིད་མ་ཡིན་ཏེ། རྣམ་པར་མི་འགྱུར་བར་གྱུར་པ་ཉིད་ཀྱི་ཕྱིར་རོ། །བཅད་པ་ཞེས་བྱ་བ་ནི་ བརྔས་པ་སྟེ། གནས་ལས་བསལ་བའི་དོན་དུ་གཅོད་པ་གང་ཡིན་པ་འདི་ནི་དེའི་དོན་ཏོ། །བཟའ་བའི་དོན་དུ་འཐད་པ་བྱས་པ་ཉིད་ལ་རྨ་བྱུང་བ་ནི་འདི་ཡིན་ཏེ། དེ་ནི་སྔར་བཟུང་བ་སྟེ། དེ་ལྟ་བུར་གྱུར་པ་མ་ཡིན་པ་ཞེས་བྱ་བར་གང་གིས་བསམ་པ་དེའི་དོན་དུ་ཚིག་འདིའོ། །རུང་བར་བྱེད་པ་ན་ས་བོན་མ་ ཡིན་པ་ཉིད་དུ་གྱུར་གྱི་བར་དུ་ལྟོས་པར་བྱ་བ་མི་དགོས་པ་ཉིད་དོ་ཞེས་བྱ་བ་ནི་རུང་བར་བྱེད་པ་ན་ཇི་སྲིད་དུ་ས་བོན་མ་ཡིན་པ་ཉིད་དུ་གྱུར་གྱི་བར་དེ་སྲིད་དུ་འདི་ལ་ལྟོས་པ་འདི་མི་བྱ་ཞེས་བྱ་བའི་དོན་ཏོ། །དེ་རེག་པའི་མེ་ཞེས་བྱ་བ་ལ་སོགས་པས་བསལ་བའི་དོན་ཉིད་ཤེས་པ་ཡིན་ཏེ་དེ་བས་ན་ མདོ་འདི་བྱས་སོ། །འདི་ལ་རླངས་པ་ནི་མེ་མ་ཡིན་ནོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་རུང་བ་ལའོ། །རླངས་པ་ནི་མེ་ཁོ་ན་ཉིད་དེ་རླངས་པས་ཀྱང་མེས་རེག་པ་ལ་རུང་བ་ཉིད་སྐྱེས་པ་ཞེས་བྱ་བ་དེའི་འདི་བྱེད་པའོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་དགེ་སློང་དག་ས་བོན་གྱི་རིགས་མ་ཚོས་པ་ཞེས་བྱ་ བ་ཡོད་པས་དེའི་ཕྱིར་རླངས་པས་བརླན་པ་དེ་བཟའ་བར་རྗེས་སུ་གནང་གིས་འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འབྲས་བུ་དག་མེས་རུང་བར་བྱ་བ་ལ་སྤྱིའི་ཚོམས་ནི་གཙོ་ཆེར་བྱ་བ་ཡང་དག་པའི་གྲངས་ཉིད་དོ་ཞེས་བྱ་བ་ལ་འདིར་གཞུང་ནི་དགེ་སློང་དག་རྒུན་འབྲུམ་མེས་སྤྱིར་རེ་རེ་ནས་རུང་བར་བྱེད་ པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་སྤྱིའི་ངོ་བོ་གཙོ་བོར་བྱེད་པའི་ཡང་དག་པ་ཉིད་ཀྱི་གྲངས་དང་ལྡན་པ་སྟེ་སྤྱི་ལ་རུང་བ་ཉིད་ཡིན་པར་སྣང་ངོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་གཅིག་ནས་ནི་ཕྱིའི་རུང་བར་མི་འབྱུང་ངོ་ཞེས་བྱ་བ་ནི་རུང་བ་དག་བྱས་པ་ཞེས་བྱ་བ་རུང་བ་འདི་ལའོ། །དེ་བས་ན་ སྤྱི་ལ་ངོས་ཐམས་ཅད་ལ་མེས་རེག་པར་རིགས་པ་ཞེས་བྱ་བའི་དོན་ཏོ། །ཕྱོགས་གཉིས་སམ་གསུམ་རྣམས་སུ་རེག་པར་བྱའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །དགེ་སློང་གིས་རུང་བ་དག་བྱས་པ་ཉིད་ནི་བྱས་པ་ཡིན་ནོ་ཞེས་བྱ་བ་ལ། འདིར་གཞུང་ནི་བཙུན་པ་རེ་ཞིག་དེ་དག་གིས་ཞུགས་ཀྱིས་ས་མ་སེན་ མོས་སམ་མཚོན་གྱིས་ས་བོན་གྱི་རིགས་ལྔ་པོ་དག་རུང་བར་བགྱིད་ན་རུང་བར་བགྱིས་པ་ཞེས་བགྱི་འམ། ཉེ་བ་འཁོར་རུང་བར་བྱས་པ་ཞེས་བྱ་སྟེ། ཉེ་བ་འཁོར་མེས་རུང་བར་བྱས་པ་མ་གཏོགས་པ་ལྷག་མ་རྣམས་ནི་བཟར་རུང་སྟེ་བཟའ་བར་བྱ་བ་དག་ཡིན་ནོ། །གང་རུང་བར་བྱེད་ན་ས་བོན་གྱི་ཚོགས་ འཇོམས་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཉམས་པར་གྱུར་པའི་རུང་བའི་དབང་དུ་བྱས་ནས་གང་རུང་བར་བྱེད་ན་ཞེས་བྱ་བའི་ཚིག་རིག་པར་བྱའོ། །གང་འདིར་ཉེ་བ་འཁོར་མེས་རུང་བར་བྱས་པ་མ་གཏོགས་པ་ཞེས་གསུངས་པ་དེས་ནི་མེར་རུང་བར་བྱ་བ་མ་གསུངས་པ་ཡིན་ཏེ། འཚེད་ པ་མ་ཡིན་ནོ་ཞེས་བྱ་བ་མདོ་འདིས་རིག་པར་བྱའོ། །དགེ་སློང་གིས་བཙོས་པའི་དབང་དུ་བྱས་པ་འདིར་བཟའ་བར་བྱ་བ་ཉིད་ལ་རྒྱུ་རྣམ་པར་གནས་པ་ཡིན་ཏེ། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་དོན་འདི་མདོར་བྱས་པའོ། །ས་རུང་བ་མ་ཡིན་པར་ཡང་ངོ་ཞེས་བྱ་བ་ནི་རུང་བ་རྣམས་ཀྱིས་བྱས་པ་ཉིད་ནི་བྱས་པ་ ཉིད་དོ། །ཞག་བདུན་པ་དང་འཚོ་བའི་བར་བཅང་བ་ཆུ་གྲང་མོས་མ་གཏོར་བར་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། དེར་རུང་བར་བྱ་བ་དང་འབྲེལ་པ་ཡིན་པས་འདིའི་ཚིག་བྱས་པའོ། །རུང་བ་ལ་ནི་འདིར་མ་གཏོར་བ་ཉིད་ཇི་ལྟར་མེ་ལ་སོགས་པས་དེ་བཞིན་དུ་འདི་ལ་ཡང་གང་གི་ཚེ་དེའི་ཉེས་བྱས་ཉིད་ལ་རུང་བ་ ཉིད་དེ་བཟའ་བའི་དུས་ཉིད་ལ་ནི་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱའོ། །འདིར་གཞུང་ནི་བཙུན་པ་གང་ཞིག་ལྟུང་བ་བརྒྱད་པོ་འདི་རྣམས་ཙོ་ཙའི་འབྲས་བུ་ལས་བྱུང་བ་དང་ཆུ་ཤིང་གི་འབྲས་བུ་ལས་བྱུང་བ་དང་རྒྱ་ཤུག་གི་ལས་བྱུང་བ་དང་འབྲ་གོ་ལས་བྱུང་བ་དང་རྩུབ་འགྱུར་ལས་བྱུང་བ་དང་། རྒུན་དང་ ཨུ་དུམ་བཱ་ར་ལས་བྱུང་བ་དང་ནྱ་གྲོ་དྷ་ལས་བྱུང་བ་དང་ཁྱབ་གནས་ལས་བྱུང་བ་གང་དག་ལགས་པ་དེ་རྣམས་རྩ་བའི་ཁུ་བ་འམ་སྡོང་བུའི་ཁུ་བ་འམ་འདབ་མའི་ཁུ་བ་འམ་མེ་ཏོག་གི་ཁུ་བ་དང་བསྲེས་ཤིང་འཚལ་ཞིང་སྦྱར་ན་རུང་ངམ། གལ་ཏེ་སྐྱུར་བ་དང་། མྱོས་པར་མི་འགྱུར་བ་དང་། མི་བསྐ་བ་དག་ཡིན་ ན་བཏུང་དུ་རུང་ངོ་། །དེ་ལས་ལྷག་པར་ཆུས་བཏབ་པ་དག་ནི་ཞག་བདུན་པ་འམ་འཚོ་བའི་བར་དུ་བཅང་བ་དག་ཡིན་ནོ་ཞེས་གསུངས་པའི་ཚིག་གིས་སོ། །ཐུན་ཚོད་དུ་རུང་བ་ཡང་དེ་མ་ཐག་པའི་མི་བྱའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་ཆུ་གྲང་མོས་སོ། །འདི་ལ་གཞན་གྱི་དུས་མ་ཡིན་པ་ལས་མ་ བྱས་པ་ལ་བྱས་པ་ཉིད་དོ། །མར་བསྲུབ་པའི་ཚེ་དང་འབྲི་མར་འཚིར་བའི་ཚེ་ན་ཡང་ཆུ་གྲང་མོས་གདབ་དགོས་མོད་གྱི། འོན་ཀྱང་མར་དང་མར་ནག་པོ་དག་གིས་རུང་བར་བྱས་པ་ཉིད་དོ། །ཀུན་སློང་ལ་འདི་དགོས་པས་འདི་དག་གྲུབ་པ་ལ་རུང་བ་འདི་ལ་བྱས་པ་ཉིད་ཀྱི་ཕྱིར་བུ་རམ་ཡང་མེས་བསྐོལ་ བ་ན་ཆུ་གྲང་མོས་གདབ་པར་བྱ་བ་ཡིན་མོད་ཀྱི། དེའི་ཚེ་ན་ཆུས་བཏབ་པ་དེས་རུང་བར་བྱས་པ་ཉིད་དུ་མི་ཆུད་དོ། །ཞག་བདུན་པ་ལ་མེས་རུང་བར་བྱ་བ་མི་སྲིད་དེ་འདིར་གཞུང་ནི་དེ་ལ་ཉམས་སུ་མ་གྲུབ་པ་དང་། མངོན་སུམ་མ་ཡིན་པར་ཐོས་པར་འཕྱ་ཡང་རུང་ཞེས་བྱ་བ་འདིའི་རྗེས་སུ་སྙེགས་ པའི་ཕྱིར་རོ། །འདིར་གཞུང་ནི་ཚེ་དང་ལྡན་པ་ཉེ་དགའ་དང་ལྷན་ཅིག་ཏུ་འདུ་འཛིའི་གཏམ་གྱི་ཕྱིར་འཁོད་པ་ན་ཚེ་དང་ལྡན་པ་གྱད་བུ་ནོར་ཕྱོགས་དེར་སོང་ངོ་ཞེས་གསུངས་པ་ཡིན་ནོ། །གཞོགས་འཕྱས་ཞེས་བྱ་བ་ནི་གང་གི་དོན་དུ་འཕྱ་བ་དེའི་མིང་ནས་འབྱིན་པ་ནི་མ་ཡིན་ ཞེས་བྱ་བའི་དོན་ཏོ། །ལྟུང་བ་ཇི་ལྟ་བུ་དང་ཁ་ན་མ་ཐོ་བ་ཇི་ལྟ་བུ་ལ་འདིར་འདི་རྣམས་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན་བགྲངས་པ་ལ་ནི་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ། མངོན་སུམ་དུ་འཕྱ་བ་དང་གཞོགས་འཕྱས་བྱེད་པ་འཕངས་པ་ཉིད་ཀྱིས་གལ་ཏེ་འདི་བགྲང་བར་གྱུར་ཅིག་འཕྱ་བ་དང་གཞོགས་འཕྱས་བྱེད་ན་དེ་ ནས་གང་ཟག་འདི་ལ་དངོས་གཞིའི་བྱེད་པ་པོ་ཉིད་དོ། །མ་བགྲངས་པ་ལ་གཞན་དུ་ཉེས་བྱས་ཀྱིའོ་ཞེས་བྱ་བའི་དོན་ཏོ། །ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པ་ལ་ནི་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི་ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པའི་གང་ཟག་ལ་བསྐུལ་བ་དྲན་པ་བྱ་བ་ལ་སོགས་པས་ ཅུང་ཟད་ཙམ་ཡང་བརྗོད་པར་མི་བྱའོ། །གཞན་ལ་འཕྱ་བ་དང་གཞོགས་འཕྱས་བྱེད་པའི་རྣམ་པས་གང་ཞིག་བརྗོད་པ་དེ་འདིར་བསྡུས་པ་ཡིན་ནོ། །ཞེ་སྡང་བར་གྱུར་པ་དེ་རང་གིས་ལས་སུ་བསྐོ་བར་མི་བྱའོ་ཞེས་བྱ་བ་ནི་ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པའི་གང་ཟག་གང་ཡིན་པ་དེ་ཞེ་སྡང་བར་ གྱུར་ཅིང་མི་དགའ་བར་གྱུར་ན་དེ་དགེ་འདུན་གྱིས་ལས་སུ་བསྐོ་བར་མི་བྱ་སྟེ་བརྒྱུད་པས་ནི་བསྐོ་བར་བྱའོ། །འཕྱ་བའོ། །གླེང་བར་གཏོགས་པའི་བསྒོ་བ་ཚིག་གིས་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་དང་། གང་ཟག་བསྟན་པ་རྣམས་ལ་ངོར་འཕྱ་བ་དང་། ཟུར་གྱིས་གཞོགས་འཕྱས་ བྱེད་པ་གསོལ་བར་མི་བགྲང་བར་མི་བྱའོ་ཞེས་པ་ནི་གླེང་བར་གཏོགས་པའི་བསྒོ་བའི་ཚིག་གིས་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་དང་། གང་ཟག་བསྟན་པ་རྣམས་ལ་ངོར་འཕྱ་བ་དང་ཟུར་གྱིས་གཞོགས་འཕྱས་བྱེད་པ་དང་ཞེས་བྱ་བའི་བསྡུ་བའོ། །ཟས་ལ་བསྐོ་བ་ལ་སོགས་པའི་གང་ ཟག་རྣམས་བཤད་ཟིན་ཏོ། །ད་ལྟར་བྱུང་བ་ལ་འདི་ནི་ངེས་པར་བྱེད་པ་སྟེ། བགྲང་བར་བྱ་བ་ནི་ངེད་ཀྱིས་ཁྱོད་ཀྱི་སྤྱོད་པ་དམ་པ་མ་ཡིན་པ་འདི་འདྲ་བར་ཤེས་ཏེ། ཁྱོད་གང་ཟག་སྤྱོད་པ་དམ་པ་མ་ཡིན་པ་དང་ལྡན་པ་དེ་ལྟ་བུ་དག་གི་ནང་དུ་བཅུག་གོ་ཞེས་ཁྲེལ་མེད་པ་རྣམ་པ་དེ་ལྟ་བུ་ཉིད་ཀྱི་གྲངས་སུ་དེ་དག་ བགྲང་བའོ། །དེ་བས་ན་དེ་དག་བགྲང་བ་ལ་བཏང་སྙོམས་བྱ་བ་ཉིད་ནི་མ་ཡིན་ནོ། །གླེང་བར་གཏོགས་པ་ནི་ཚིག་ཏུ་གྱུར་པ་གོ་བར་བྱེད་པའོ། །གླེང་བར་གཏོགས་པའི་བསྒོ་བ་གླེང་བ་པོས་བྱ་བའི་དྲི་བ་ཞེས་བྱ་བའི་དོན་ཏོ། །རྣ་ལ་གཟོན་པ་ནི་རྣམ་པ་གཉིས་དག་གིས་ཏེ། ཚིག་གིས་ལེན་འདེབས་པ་ ལ་སོགས་པས་གང་ཞིག་བཟློག་པ་དང་ཅང་མི་སྨྲ་བའི་ངོ་བོས་སོ། །དེ་ལ་གླེང་བར་གཏོགས་པའི་གང་ཞིག་གླེང་བ་དང་འབྲེལ་བའི་བསྒོ་བ་རྣ་ལ་གཟོན་པར་བྱེད་པ་དེ་ནི་འདིར་རྣ་ལ་གཟོན་པ་པོར་རིག་པར་བྱའོ། །གང་ཞིག་ཅང་མི་སྨྲ་བའི་ཚུལ་གྱིས་རྣ་ལ་གཟོན་པར་བྱེད་པ་དེ་ནི་ཅང་མི་སྨྲ་བའི་ཚུལ་གྱིས་ རྣ་ལ་གཟོན་པའོ། །གང་ཟག་བཅུ་གཉིས་གསུངས་པ་དེ་རྣམས་ལ་གང་ཞིག་མངོན་སུམ་དུ་འཕྱ་བར་བྱེད་པ་དེ་ནི་གང་ཟག་བརྗོད་པ་ལ་མངོན་སུམ་དུ་འཕྱ་བར་བྱེད་པའོ། །འདིར་མངོན་སུམ་གྱི་སྒྲས་ནི་མིང་ནས་འབྱིན་པའོ། །གང་ཟག་འདི་རྣམས་ཉིད་ནི་ཟུར་གྱིས་གཞོགས་འཕྱས་བྱེད་པས་གང་ གིས་སྐུལ་བར་བྱེད་པས་དེ་ནི་ཟུར་གྱིས་གཞོགས་འཕྱས་བྱེད་པས་སོ། །གང་ཞིག་གོ་བར་བྱེད་པ་ནི་འདིར་འཕྱ་བའོ། །མིང་ནས་མི་འབྱིན་པ་ཉིད་ཀྱིས་འཕངས་པའོ། །འདི་རྣམས་ནི་གསོལ་བའི་ལས་ཀྱིས་བགྲང་བར་བྱའོ། །བསྒོ་བ་རྣ་ལ་གཟོན་པ་ཉིད་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་ཉིད་དང་ མངོན་སུམ་དུ་འཕྱ་བར་བྱེད་པ་དང་། ཟུར་གྱིས་གཞོགས་འཕྱས་བྱེད་པ་འཕངས་པ་ཉིད་ཀྱིས་གྲངས་ཇི་ལྟ་བ་བཞིན་དུའོ། །ཅི་ཞིག་བྱས་ན་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་ནའོ་ཞེས་བྱ་བ་སྨོས་སོ། །བསམ་པ་ཇི་ལྟ་བུས་ཤེ་ན། འདུན་པས་སོ་ཞེས་ བྱ་བ་སྨོས་སོ། །རྣ་ལ་གཟོན་པར་འདུན་པ་སྟེ་གཞན་དུ་ན་ལྟུང་བ་མེད་ཅེས་བྱ་བ་འདིར་རྣམ་པར་གཞག་པའོ། །ཇི་ལྟར་ཞེ་ན་དེའི་ཕྱིར་གཞན་བརྗོད་པས་སོ་ཞེས་བྱ་བ་སྨོས་ཏེ། བསྒོ་བ་མ་ཡིན་པ་དང་འདྲ་བའི་དོན་གྱི་ཚིག་གིས་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཡོངས་སུ་མ་བཟུང་བའི་ཕྱིར་འདིར་ཐམས་ཅད་ དུ་དགེ་སློང་གིས་བསྒོ་བ་ཐམས་ཅད་དུ་རྣ་ལ་གཟོན་པ་ལ་ཐ་ན་འགྲོ་བ་ཡོངས་སུ་འདྲི་བའི་བདག་ཉིད་ཅན་ལ་དངོས་གཞི་ཞེས་བྱ་བ་རྟོགས་པར་བྱའོ། །དེ་ལྟར་ཡང་གཞུང་ནི་འདི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་ཇི་ཙམ་དུ་གཞན་འདྲི་བ་ལ་ལན་འདེབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ པ་ཡིན་ནོ། །གཞན་འདྲི་བ་ལ་དོན་གཞན་བརྗོད་པ་ནི་གཞན་བརྗོད་པའོ། །རྟོག་པ་ཡོད་པ་ལ་དོན་གཞན་གྱིས་ནི་དངོས་ཏེ། དེ་ལྟར་ཡང་གཞུང་ནི་ཞུ་བ་ལས། དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་འམ། མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་མཐའ་གཞན་དང་ གཞན་བརྗོད་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཅང་མི་སྨྲ་ན་ཉེས་བྱས་སོ་ཞེས་བྱ་བ་ནི་ཅང་མི་སྨྲ་བས་དགེ་སློང་གིས་བསྒོས་པ་རྣ་ལ་གཟོན་ལ་ཉེས་བྱས་སོ། །མི་དྲན་ནོ་ཞེ་ན་ཡང་ངོ་ཞེས་བྱ་བ་ནི་བརྗོད་པ་འདི་ཉིད་དེ་དང་འབྲེལ་པ་ཉིད་ཡིན་ཏེ། གཞན་དོན་ལ་ནི་མ་ཡིན་ཏེ་དེ་བས་འདི་ན་སྨད་པའོ། །འདིར་ གཞུང་ནི་ཞུ་བ་ཁ་ཅིག་ལས་མི་དྲན་ནོ་ཞེས་ཟེར་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་བརྗོད་པར་བྱ་བ་སྡུག་བསྔལ་བར་གྱུར་པ་ཡིན་ན་མེད་དོ་ཞེས་བྱ་བ་ནི་སྡུག་བསྔལ་བར་གྱུར་པའི་རྒྱུ་ཡིན་ན་གཞན་བརྗོད་ཀྱང་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་འདི་ལྟར་ཡིན་ན། དེའི་ཕྱིར་གསད་ པར་བྱ་བ་མཐོང་ངམ་ཞེས་འདྲི་བ་ལ་རེ་ཞིག་མེ་འདེ་ཤིག་སྐོམ་འཐུངས་ཤིག་ངལ་སོས་ཤིག །ནམ་མཁའ་མཐོང་ངོ་སེན་མོ་མཐོང་ངོ་། །དོན་དམ་པར་ན་སེམས་ཅན་ནམ་གསད་པར་བྱ་བ་མ་མཐོང་ངོ་ཞེས་བྱ་བ་སྨྲས་ན་ལྟུང་བ་མེད་དོ་ཞེས་བྱ་བའོ། །གང་དུ་ཆེ་བཞི་ཉིད་བྱ་དགོས་པར་འགྱུར་བའི་གནས་དེར་བསྟེན་ པར་མི་བྱའོ་ཞེས་བྱ་བ་ནི་གླེང་གཞི་དག་ལས་ཆོ་ག་གཉིས་པ་འདི་དེ་ལྟ་བུའི་འདྲི་བའི་ཕྱོགས་ཀྱི་ཕྱིར་འདིར་ཡང་དག་པར་ཞུགས་པའོ། །གནོད་པའི་སྒོ་མ་བཅད་པས་ཆེ་བཞིའི་དབྱེ་བར་མི་བྱའོ་ཞེས་བྱ་བ་ནི་ཆང་བ་ལ་སོགས་པ་གནོད་པར་སྒོ་མ་བཅད་པ་གང་གིས་ཞེས་བྱ་བ་འདིར་བསྡུ་བའོ། །གསད་ པ་དང་བཅིང་བ་ལ་སོགས་པ་དག་གིས་གཞན་ལ་གནོད་པ་དག་གི་སྒོ་ནི་སྒོ་སྟེ། སྒོ་གང་གིས་གནོད་པ་དེའི་བཅད་པ་ནི་བཅད་པ་མ་བྱས་པར་ཆེ་བཞིའི་དབྱེ་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དོ།། །།ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལ་བ་དང་སྔས་དང་གོར་བུ་ཞེས་ བྱ་བ་ནི་གནས་མལ་ལོ་ཞེས་བྱ་བ་ལ། སྟན་ནང་ཚངས་ཅན་ཞེས་བྱ་བ་ནི་རས་བལ་ཅན་ནོ། །ལ་བ་ཞེས་བྱ་བ་ནི་བལ་ལས་བྱས་པའི་གོས་སྤུ་དང་བཅས་པའོ། །གོར་བུ་ཞེས་བྱ་བ་ནི་སྟན་ཟླུམ་ལ་སོགས་པའོ། །འདི་ནི་མཚོན་པ་ཙམ་དུ་ཟད་དེ་དྲེའུ་རྔོག་དང་དབྱམ་པོ་དང་བེའུ་རས་ལ་སོགས་པ་ཡང་འདིས་དྲངས་ པའོ། །འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ནི་དེའི་ཉེན་ཀོར་རོ་ཞེས་བྱ་བ་ནི། གནས་མལ་འདུག་པའི་ཕྱོགས་ནས་བརྩམས་ཏེ། འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ན་གནས་མལ་དེའི་ཉེན་ཀོར་ཡིན་ནོ། །བསྐོར་བ་ལ་ནི་སྒོ་ཁང་ནས་སོ་ཞེས་བྱ་བ་ནི་གཙུག་ལག་ཁང་དང་ཁང་ཁྱིམ་རྩིག་པ་ལ་སོགས་པས་ བསྐོར་བ་ལ་ནི་སྒོ་ཁང་ནས་བརྩམས་ནས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དེའི་ཉེན་ཀོར་ཡིན་ནོ། །འདིར་གཞུང་ནི་མ་མོ་ལས། དགེ་སློང་གིས་ཕྱི་རོལ་དུ་བླ་གབ་མེད་པར་གནས་མལ་བཤམས་ནས་སྒོ་ཁང་གི་ཕྱི་རོལ་ནས་འདོམ་བཞི་བཅུ་རྩ་དགུ་ཕན་ཆད་དུ་འགྲོ་བར་མི་བྱའོ། །གལ་ཏེ་འགྲོ་ན་འགལ་ ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་འདའ་བའི་ཕྱིར་བརྗེད་པས་ཀྱང་འགྲོ་བ་དང་ནང་དུ་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་ལ་སོགས་པས་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་གནས་མལ་དེ་ལས་འདའ་བའི་དོན་དུ་བརྗེད་པས་ཀྱང་རུང་མ་བརྗེད་པས་བློ་སྔོན་དུ་བཏང་བས་ ཀྱང་གནས་འདི་ལས་འགྲོ་བ་གང་དག་ཡིན་པའོ། །འདིར་གཞུང་ནི་གལ་ཏེ་དེ་ལས་ལམ་ཁར་དྲན་ཞིང་ཞེས་བྱ་བ་ལས་ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་དང་། ཡི་གེ་ཁ་ཅིག་ལས་གང་ཞིག་ཐོག་མ་དང་ཐ་མར་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་ལ་སོགས་ པས་ལྐོག་ཏུ་གྱུར་པ་གཉིད་ལོག་གམ་སྙོམས་པར་ཞུགས་ན་ཞེས་གསུངས་པ་ཡིན་ནོ། །སྤྱིར་ཡང་འདིར་གཞུང་ཡོད་དེ་བླ་གབ་མེད་པར་ཉེ་བར་བཞག་ཅིང་ཉེ་བར་འཇོག་ཏུ་བཅུག་ནས་མ་བསྡུས་ཤིང་བསྡུས་པ་མ་བྱས་པར་གཙུག་ལག་ཁང་དུ་འཇུག་ཅིང་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་དུ་ གསུངས་པ་ཡིན་ནོ། །དེར་ཡང་གཉིད་ལོག་པ་ལ་སོགས་པ་ནི་མཚོན་པ་ཙམ་ཡིན་ཏེ་ཞེས་བྱ་བ་ཤེས་ཤིང་སོགས་པའི་སྒྲ་འདི་མཛད་དོ། །འདིར་སྙོམས་པར་ཞུགས་པའི་ཚིག་གིས་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་ལ་གནས་པ་འམ། འདིར་དེའི་དོན་དུ་གནས་པས་ངེས་པར་འབྱུང་ བ་ཞེས་བྱ་བ་བསྟན་པར་རིག་པར་བྱའོ། །ཁ་ན་མ་ཐོ་བ་འདིའི་རྒྱུར་གྱུར་པ་ལྐོག་ཏུ་གྱུར་པ་ནི་རྣམ་པ་གཉིས་སོ། །ལྐོག་ཏུ་གྱུར་པ་ནི་ཅིའི་དུས་ཅན་ཏེ། ཁ་ན་མ་ཐོ་བ་གང་ལ་རྒྱུ་ཅི་ཡིན་ཞེ་ན། དེའི་ཕྱིར་ཕན་ཕུན་གྱི་མདུན་རོལ་དུ་ནི་སྦྱོར་བའོ་ཞེས་བྱ་བ་སྨོས་ཏེ། གནས་མལ་དེ་ ཕན་ཕུན་དུ་གྱུར་པའི་མདུན་རོལ་དུ་ནི་སྦྱོར་བའོ། །ཕན་ཕུན་དུ་གྱུར་པ་དང་འདས་པ་ནི་མཐའོ་ཞེས་བྱ་བ་ལྐོག་ཏུ་གྱུར་པ་དང་འགྲོ་བ་ཕན་ཕུན་དུ་གྱུར་པ་ཡོད་པ་ལ་གནས་མལ་གྱི་མཐའི་མཐའ་ནི་དངོས་གཞི་ཞེས་བྱ་བའི་དོན་ཏོ། །གཞུང་ནི་རྣམ་པར་འབྱེད་པའི་ཡི་གེ་ཁ་ཅིག་ ལས་དགེ་འདུན་གྱི་གཙུག་ལག་ཁང་ནས་འགྲོ་བ་ལ་ཡང་ཕན་ཕུན་དུ་གྱུར་ཅིང་ཁྲི་འམ་ཁྲིའུ་འམ་སྟན་ནང་ཚངས་ཅན་ནམ་ལ་བའམ། སྔས་བླ་གབ་མེད་པར་ཉེ་བར་བཞག་ཅིང་ཉེ་བར་འཇོག་ཏུ་བཅུག་ནས་མ་བསྡུས་ཤིང་བསྡུ་བ་མ་བྱས་པར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་བྱེད་ན་ཕན་ཕུན་དུ་མ་ གྱུར་ན་ནི་ཉེས་བྱས་སུ་འགྱུར་རོ། །ཕན་ཕུན་དུ་གྱུར་ན་ནི་ལྟུང་བྱེད་ཅེས་གསུངས་སོ། །གཞན་དུ་ཡང་མཚོན་པ་ཉིད་ཀྱི་ཕྱིར་གཉིད་ལོག་པ་དང་སྙོམས་པར་འཇུག་པ་དག་ལ་འདི་ཐོབ་པའོ། །གང་གི་ཕྱིར་དེ་ལྟར་ལྐོག་ཏུ་གྱུར་པ་ལས་འབྱུང་བར་བྱ་བ་མ་ཡིན་ནོ། །ཕན་ཕུན་དུ་གྱུར་ན་ཡང་ དངོས་གཞི་ལ་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་འདིར་གྲངས་པ་ཉིད་ནི་འདི་ལ་མི་འགྱུར་རོ། །དེ་བས་ན་འདིར་འགྲོ་བ་ལ་མངོན་པར་འབྲེལ་པ་དང་མཚམས་ལས་འདས་ན་ཕན་ཕུན་དུ་གྱུར་པ་ཡོད་པས་ཀྱང་མཐའ་ཁོ་ནའོ། །བསྡུ་བ་བྱས་སམ་བྱེད་དུ་བཅུག་པ་ལ་ནི་དེ་དག་ མི་འབྱུང་ངོ་། །གང་གིས་གནས་མལ་བསྡུ་བར་བྱས་སམ་བྱེད་དུ་བཅུག་པ་དེ་ལ་འདི་དག་སྦྱོར་བ་མཐའ་དག་ནི་འདི་དག་མ་ཡིན་ནོ། །བཅོལ་བའི་དགེ་སློང་ཡོད་པ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི་དེས་བླ་གབ་མེད་པར་བཞག་པའམ་འཇོག་པར་བྱེད་པའི་གནས་མལ་དེ་ལ་གཏམ་རྗེས་སུ་བསྒྲུབ་པ་དག་ གིས་དགེ་སློང་ལ་བཅོལ་བར་སྦྱོར་བ་མཐའ་དེ་དག་འབྲས་བུ་དང་བཅས་པའི་འདི་བཅོལ་བ་ལ་ཁས་བླངས་པའི་བསྒྲུབ་པ་ལ་བཟུང་བ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །ཉམ་ང་བ་ལ་དང་ཕྲད་པ་ལ་ཡང་མི་འབྱུང་ཞེས་བྱ་བ་ནི་སྦྱོར་བ་དང་མཐའ་དེ་དག་མི་འབྱུང་ངོ་། །སྤྱོད་པ་ནི་བྱེད་པ་དང་ འདྲའོ་ཞེས་བྱ་བ་ནི། གཞན་གྱིས་བཏིང་བ་ལ་གདིང་བར་བྱེད་པ་དང་། བཟུང་བ་ལ་འདིར་ལོངས་སྤྱོད་པ་བཟུང་བར་ཤེས་པར་བྱ་བའི་དོན་ཏོ། །གཉིས་ཀ་ཅིག་ཅར་ལོངས་སྤྱོད་པ་ལས་ནི་ཕྱིས་ལངས་པས་བྱ་བ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་གནས་མལ་བསྡུ་བ་ལའོ། །གལ་ཏེ་མཉམ་དུ་ན་གཞོན་ པས་སོ་ཞེས་བྱ་བ་ནི་གལ་ཏེ་གཉིས་ཀ་མཉམ་དུ་ལངས་པར་གྱུར་ན་གཞོན་པ་ཤོས་ཀྱིས་གནས་མལ་བསྡུ་བར་བྱ། མཉམ་པ་ཉིད་ཡིན་ན་ནི་གཉིས་ཀས་སོ་ཞེས་བྱ་བ་ནི། ལོ་གྲངས་མཉམ་པ་ཉིད་ཡིན་ན་གཉིས་ཀས་བྱ་བ་དང་ལྡན་པ་ཉིད་ཡིན་ནོ། །བཅོལ་བ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་བརྗོད་པ་ལ་ བཅོལ་བའི་གནས་དང་ངོ་བོ་བརྗོད་པར་བྱ་སྟེ་ངོ་ཚ་བ་མེད་པ་དང་ནད་དང་བཅས་པ་དང་རྒས་པ་དང་ན་བ་དང་བསྙེན་པར་མ་རྫོགས་པ་རྣམས་ལ་འདི་བཅོལ་བར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། འདི་ཞེས་བྱ་བ་གནས་མལ་གྱི་གྲོང་དུ་ཞུགས་པ་ལའོ། །གཙུག་ལག་ཁང་འདི་རེ་ཞེས་སམ་ ལྟོས་ཤིག་ཅེ་འམ། གནས་མལ་འདི་རེ་ཞེ་འམ་སྡུས་ཤིག་ཅེ་འམ། སྒོ་ལྕགས་ཆུག་ཅིག་ཅེས་བྱ་བ་ལྟ་བུ་ནི་བཅོལ་བ་དག་ཡིན་ནོ་ཞེས་བྱ་བ་ལ་ཅེས་བྱ་བའི་སྒྲ་ནི་རྣམ་པར་འབྱེད་པའི་དོན་ཏེ། འདི་ལྟ་བུའི་རྣམ་པར་འབྱེད་པ་ཅན་བཅོལ་བ་དག་ཅེས་བྱ་བ་འདིའི་དོན་ཏོ། །གང་ཡང་རུང་བའི་དབྱེ་བས་ རྟོགས་པར་བྱས་པའི་བཅོལ་བ་ཉིད་ཅེས་བྱ་བ་ཡང་དག་པར་བསྟན་པའི་དོན་དུ་འདིར་རྣམ་པ་ལྔ་བཟུང་ངོ་། །ཕན་ཕུན་དུ་གྱུར་པ་ལས་མདུན་རོལ་དུ་ཞེས་བྱ་བ་བརྗོད་པའི་ཕན་ཕུན་དུ་གྱུར་པ་ལ་ངོ་བོ་བརྗོད་པར་བྱ་སྟེ། ཕན་ཕུན་ནི་རྣམ་པ་གསུམ་སྟེ། རླུང་གིས་བཟློག་པ་དང་། ཆར་པས་རིམ་པ་ གཞན་སླེབས་པ་དང་། སྲིལ་ལ་སོགས་པས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཀྱང་གི་སྒྲས་ནི་རིམ་པ་གཞན་སླེབས་པ་ཞེས་བྱ་བ་དྲང་བའི་དོན་དུའོ། །སྦྱོར་བ་དང་མཐའ་གཉིས་ཀྱི་ངོ་བོ་བསྟན་ནས་འདིར་ཁ་ན་མ་ཐོ་བ་ཇི་ལྟ་བུ་དང་། གང་གིས་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར་དེ་ལ་དགེ་འདུན་གྱི་མལ་ ཆ་དང་སྟན་ཉིད་རང་ངམ་བསྐོས་པས་བླ་གབ་མེད་པར་བཞག་པར་བྱས་པ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རང་ངམ་ཞེས་བྱ་བ་ནི། རང་གིས་བྱས་པ་ཉིད་དམ་བསྐོས་པས་སོ། །གང་ལ་ཡིན་ཞེ་ན། དེའི་ཕྱིར་བཞག་པ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཞེས་བྱ་བ་དང་སྦྱར་བས་གནས་ལ་ བཞག་པ་དེ་ལ་ཞེས་བྱ་བ་ཤེས་པ་ཡིན་ནོ། །བྱེད་པ་པོ་དག་ཅེས་བྱ་བ་ནི། གནས་མལ་ཉིད་ཅེས་བྱ་བ་ལ་སོགས་པའི་ཡན་ལག་རྣམས་ནི་ཁ་ན་མ་ཐོ་བ་ལའོ། །གནས་སྐབས་གང་ལ་ཇི་ལྟ་བུའི་ཁ་ན་མ་ཐོ་བ་ལ་བྱེད་པ་པོ་རྣམས་ཡིན་ཞེ་ན། དེའི་ཕྱིར་མཐར་ཐུག་ན་དངོས་གཞིའོ། །སྦྱོར་བ་ལ་ནི་ ཉེས་བྱས་ཀྱིའོ། །རེ་ཞིག་གི་དུས་སུ་གཞན་འ