Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 160
Văn bản gốc(Tây Tạng)
Trang 14 / 19 (50.000 ký tự/trang)
དུག་པའི་བར་དུ་ཡང་དེའིའོ་ཞེས་བྱ་བ་སྨོས་ཏེ། དེའོ་ཞེས་བྱ་བ་ནི་ཉེས་བྱས་སོ། །འདིར་མཐར་ཐུག་ན་སྟེ་སྦྱོར་བ་ནི་མ་ཡིན་ནོ། །རེ་ཞིག་གི་དུས་སུ་གཞན་འདུག་པའི་དུས་ཡུན་ཅུང་ཟད་ཅིག་གོ། །འདུག་པའི་ཞེས་བྱ་བ་ནི་གནས་དེར་ འདུག་པའི་སྟེ་མཐར་ཐུག་པ་ཡང་ཉེས་བྱས་འདི་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བའི་ཡི་གེ་ཁ་ཅིག་ལས་འཆག་པའི་གནས་མལ་མནོས་པ་ལ་དགེ་སློང་རྣམས་ཀྱིས་དུས་ཅུང་ཟད་ཅིག་བླངས་ན་དགེ་འདུན་གྱིས་བཏིང་བ་དེ་ཡང་མི་སྡུད་དམ་སྡུད་དུ་མི་འཇུག་ན་ཉེས་བྱས་སོ་ཞེས་གསུངས་ པ་ཡིན་ནོ། །གང་ཟག་གི་ཡང་ངོ་ཞེས་བྱ་བ་ཡང་འདིར་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་དག་ལས་གང་ཟག་གི་གནས་མལ་ཡིན་ལ། དེ་དགེ་སློང་གིས་གདིང་དུ་བཅུག་ནས་དགེ་སློང་འདུག་པ་ལ་མ་བཅོལ་བར་དེ་ནས་འགྲོ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འོག་མ་བཞི་ལ་ཡང་ངོ་ཞེས་ བྱ་བ་ནི་གདིང་བ་དང་སྐྲོད་པ་དང་ཕྱིས་གནོན་པ་དང་རྩ་བ་འབྱུང་བ་ལ་འདུག་པ་ཞེས་བྱ་བ་དག་ལ་ཡང་གང་ཟག་གི་གནས་སུ་ནི་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་ལས་གང་ཟག་གི་གཙུག་ལག་ཁང་དུ་འདིང་ན་ཉེས་བྱས་སོ། །གང་ཟག་གནས་མལ་ནས་སྐྲོད་ན་ཉེས་བྱས་སོ། །གང་ཟག་གི་གཙུག་ ལག་ཁང་གི་ཡིན་ལ་དེར་དགེ་སློང་གིས་ཕྱིས་གནོན་བྱས་ཏེ་གནས་མལ་བཅས་ན་ཉེས་བྱས་སོ། །གང་ཟག་གི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཡང་ཐོག་བྱས་པར་ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །རེག་པར་བྱ་བ་ཉིད་མ་ཡིན་པ་ཉིད་ལ་ནི་མི་ འགྱུར་རོ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་རང་བཞིན་ཉིད་རེག་པར་བྱ་བ་མ་ཡིན་པ་ཉིད་ནི་ཉེས་བྱས་སུ་ཡང་མི་འགྱུར་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས་དགེ་སློང་འགའ་ཞིག་གིས་ཁྲིའམ་ཁྲིའུ་འམ་བླ་གབ་མ་མཆིས་པར་བཞག་སྟེ། མ་བསྡུས་སམ་སྡུད་དུ་མ་བཅུག་པར་དེ་ནས་གཞན་དུ་མཆི་ན་ ལྟུང་བ་མི་འབྱུང་བ་འགའ་མཆིས་སམ། བཀའ་སྩལ་པ་ཡོད་དེ་རིན་པོ་ཆེ་ལས་བྱས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འདིར་རེག་པར་བྱ་བ་མ་ཡིན་པ་ཉིད་རིན་པོ་ཆེ་བཟུང་བ་ལ་གཙོ་བོ་སྟེ། དེ་བས་ན་འདིར་གཞན་དུ་ཉེ་བར་བཏགས་པ་ཤེས་པར་བྱ་བ་མ་ཡིན་ནོ། །བསྡུ་བར་བྱ་བ་བཏིང་སྟེ་ བསོད་སྙོམས་ལ་ཞུགས་པ་ན། གལ་ཏེ་རླུང་དང་ཆར་པ་འོང་ན་གཙུག་ལག་ཁང་ན་འཁོད་པ་རྣམས་ཀྱིས་བསྡུ་བར་བྱའོ་ཞེས་བྱ་བ་ནི་གུས་པར་བྱ་སྟེ་ཞུགས་པ་ཕྱིར་འོང་བར་བྱའོ། །བསྡུ་བར་བྱ་བ་བཏིང་སྟེ་གནས་མལ་དང་བསོད་སྙོམས་ལ་ཞུགས་པ་དང་རླུང་དང་ཆར་འབབ་པ་མཐོང་ན་གུས་པར་བྱ་སྟེ་ མྱུར་དུ་ཕྱིར་འོང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་དོན་ལ་ཉེས་པ་མེད་པ་དང་ན་སྨད་པ་མ་ཡིན་ན་ཞེས་བྱ་བ་ནི་བསོད་སྙོམས་ཀྱི་དོན་ཉིད་དུ་ཞུགས་པ་དེ་ལ་གནས་མལ་དང་འབྲེལ་པའི་ཡོངས་སུ་རྫོགས་པ་ཉིད་ནི་ཁ་ན་མ་ཐོ་བ་ཞེས་བྱ་བའི་དོན་ཏོ། །ན་སྨད་པ་ཞེས་བྱ་བ་ལ། འདིར་གཞུང་ནི་བསྡུ་བར་བྱ་བ་བཏིང་ སྟེ་བསོད་སྙོམས་ལ་ཞུགས་པར་མི་བྱའོ། །འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་གི་ཕྱིར་འགལ་ཚབས་ཅན་བཅས་པའི་ཚིག་ནི་ཇི་ལྟར་བརྗོད་པའི་སྐྱོན་ཡོད་པ་སྟོན་པར་བྱེད་པ་སྟེ། འདི་ན་སྨད་པའི་རྒྱུ་ཡང་ཡོད་པ་མ་ཡིན་ཏེ་གང་གི་ཕྱིར་ན་སྨད་པར་འགྱུར། གལ་ཏེ་བརྗོད་པས་ལམ་རིང་དུ་འདས་སམ་ཕྱི་ནས་དྲན་པ་རྙེད་ན་ཕྱིན་ཆད་དེ་ལྟར་མི་བྱའོ་ཞེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་བརྗོད་པར་ཡང་བྱའོ་ཞེས་བྱ་བ་ནི། གལ་ཏེ་ལམ་རིང་པོར་མ་ཕྱིན་པར་སླར་དྲན་པ་རྙེད་ན་ནི་ཕྱིར་ལོག་པར་བྱའོ་ཞེས་བྱ་བ་འདིར་རྣམ་པར་གནས་པ་ཡིན་ནོ། །གལ་ཏེ་དགེ་སློང་ ལམ་ནས་ཚུར་འོང་བ་ཞིག་དང་ཕྲད་པར་གྱུར་ན་བསྡུ་བའི་ཕྱིར་དེ་ལ་བཅོལ་བར་བྱའོ། །ཁས་བླངས་པས་སོན་པ་ཉིད་ན་བྱ་བ་ཉིད་དོ་ཞེས་བྱ་བ་ནི་གནས་མལ་གྱི་གནས་སུ་སོན་པ་ཉིད་ལ་འདིར་ནི་གནས་མལ་ཡང་དག་པར་བསྒྲུབ་པ་ལ་སླར་བསྡུ་བར་བྱ་ཞེས་བྱ་བ་གང་ཞིག་གིས་ཁས་བླངས་པ་དེ་དེའི་བྱེད་པ་ པོ་ཉིད་དོ། །དེའི་ཞེས་བྱ་བ་འདི་ནི་ཤུགས་ཀྱིས་རྙེད་པར་བྱ་བ་སྟེ། དེ་བས་ན་མདོར་མ་བྱས་སོ། །འདིར་འདིའི་གཞུང་ནི་གལ་ཏེ་དགེ་སློང་དེས་ཀྱང་དགེ་སློང་དེ་ལ་ཁས་བླངས་ནས་གནས་མལ་དེ་བསྡུ་བར་མི་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །ཚུར་འོང་བ་ཞིག་ལ་འདི་སྐད་སྨྲས་ཏེ། གཞན་དུ་ཡང་འདིའི་རྗེས་སུ་འབྲེངས་པས་འདི་ཤེས་པ་སྟེ། རིག་པ་ལ་ཡང་བྱེད་པ་པོ་ལ་གནས་པ་ལ་ནི་ལྟུང་བ་མེད་དེ། འདི་ནི་ཁས་བླངས་པ་ཞེས་བྱ་བ་གསུངས་པ་ཡིན་ནོ། །གནས་ནས་འཕགས་པར་འགྱུར་བ་ན་ཉམ་ང་དང་ཕྲད་པར་མི་འགྱུར་བ་ལྟ་ན་གནས་མལ་བསྡུ་བར་བྱའོ་ཞེས་བྱ་བ་ནི་ བླ་གབ་མེད་པ་འམ་གཡོགས་པ་ལ་ཡང་ཞེས་བྱ་བ་བྱེ་བྲག་ཡོངས་སུ་འཛིན་པར་རྟོགས་པའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང་གིས་གནས་མལ་བསྡུས་ནས་འགྲོ་བར་བྱའོ། །མི་སྡུད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཉམ་ང་བ་དང་ ཕྲད་པར་མི་འགྱུར་བ་ལྟ་ན་ཞེས་སྨོས་པ་ནི་གནས་མལ་སྡུད་པར་བྱེད་པ་ན་མཆིས་པའི་དབང་གིས་གལ་ཏེ་ན་སྲོག་གི་བར་ཆད་ལ་སོགས་པས་འབྱུང་བར་དོགས་པ་དང་ཉམ་ང་བ་ལ་གནས་པ་ཞེས་བྱ་བ་འདིའི་དོན་དུའོ། །གལ་ཏེ་དྲི་མ་ཅན་དུ་གྱུར་ན་སྤྲུག་པར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་ མ་མོ་ལས་དགེ་སློང་འགྲོ་བར་ཆས་པ་ཞེས་བྱ་བ་ནས་གནས་མལ་དྲི་མ་ཅན་དུ་གྱུར་པ་ན་སྤྲུག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་དབུལ་བར་བྱའོ་ཞེས་བྱ་བ་ནི་ཉམ་ང་བ་དང་ཕྲད་པར་གྱུར་པའི་གནས་མལ་ལོ། །ཡང་ན་བཅོལ་བར་བྱའོ་ཞེས་བྱ་བ་ནི་ཉམ་མི་ང་བར་ཕྲད་པར་ མི་འགྱུར་བར་ལྟ་ན་ཞེས་བྱ་བ་ནི་རྗེས་སུ་སྦྱར་རོ། །གང་ལ་ཞེ་ན། དེའི་ཕྱིར་དགེ་སློང་ལའོ། །མེད་ན་དགེ་ཚུལ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མེད་ན་དགེ་ཚུལ་ལ་དེ་བཅོལ་བར་བྱའོ། །དེ་ཡང་མེད་ན་ཁྱིམ་བདག་ལའོ་ཞེས་བྱ་བ་ནི་དགེ་ཚུལ་དེ་ཡང་མེད་ན་ཁྱིམ་བདག་ལ་དེ་བཅོལ་ བར་བྱའོ། །ཐམས་ཅད་མེད་ན་ཕྱོགས་བཞིར་རྣམ་པར་བལྟས་ཏེ་ལྡེ་མིག་སྦས་ནས་འགྲོ་བར་བྱའོ་ཞེས་བྱ་བ་ནི་བཅོལ་བར་བྱ་བ་ཐམས་ཅད་མེད་ནའོ། །གལ་ཏེ་ལམ་ཁར་དགེ་སློང་མཐོང་ན་ཕྱོགས་དེ་དེ་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི་གང་དུ་ལྡེ་མིག་སྦས་པའོ། །གལ་ཏེ་འོང་བ་ནི་ཁྱིམ་གཞན་ དུ་མགྲོན་དུ་བོས་ཤིང་སྒོ་བཅད་པར་གྱུར་ན་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་སྟན་བཞག་སྟེ་འཇུག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་སྒོ་ལ་ཞེས་བྱ་བ་འདི་ལ་བཅད་པར་གྱུར་ན་ཞེས་བྱ་བ་འདི་དང་འབྲེལ་ཏོ། །འདིར་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་ཞེས་སྨོས་པ་ནི་ཉི་ཚན་བསྐྱབ་པའི་དཔེ་ཙམ་དུ་ཟད་དོ། ། དེ་ལྟར་ཡང་འདིར་གཞུང་ནི་ཞུ་བའི་ཡི་གེ་ཁ་ཅིག་ལས་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་ངམ་ཉི་མས་ཆུད་ཟོས་པར་མི་འགྱུར་ན་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེར་སྟན་དག་གཡར་པོར་སྦྱིན་ནོ་ཞེས་བྱ་བ་ལ་དེར་ཞེས་བྱ་བ་ནི་ཁྱིམ་གྱི་ནང་དུའོ། །རང་གིས་བསྐུར་བར་མི་བྱའོ་ཞེས་བྱ་བ་ནི་ ཁྱིམ་གྱི་ནང་ནས་དགེ་སློང་གི་གནས་མལ་ལོ། །དེ་ནི་ཁྱིམ་པ་དང་དགེ་ཚུལ་དག་གིའོ་ཞེས་བྱ་བ་ནི་སྟན་བསྐུར་བ་ཞེས་བྱ་བའི་དོན་ཏོ། །མེད་ན་བསྐྱལ་བའི་ཕྱིར་ཁྱིམ་པ་ལ་བཅོལ་ཏེ་འདོང་བར་བྱའོ་ཞེས་བྱ་བ་ལ་མེད་ན་ཞེས་བྱ་བ་ནི་ཁྱིམ་པ་དང་དགེ་ཚུལ་དག་གོ། །འདིར་གཞུང་ནི་དགེ་སློང་ཟན་ཟོས་ནས་སྟན་རང་ གི་མཆན་ཁུང་གིས་བླངས་ཏེ་འགྲོ་བ་ན་བྲམ་ཟེ་དང་ཁྱིམ་བདག་དག་ཅི་འཕགས་པ་དག་རོལ་མོ་ལྟར་འདོང་ངམ་ཞེས་ཅོ་འདྲི་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གིས་སྟན་བསྐུར་བར་མི་བྱ་བར་ཁྱིམ་པ་དང་དགེ་ཚུལ་དག་གིས་བསྐུར་བར་བྱའོ། །གལ་ཏེ་ཁྱིམ་པ་དང་དགེ་ཚུལ་དག་ མེད་པར་གྱུར་ན་ཁྱིམ་བདག་དེ་ཉིད་ལ་བཅོལ་ཏེ་འདོང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བདག་ཅག་གིས་བསྐྱལ་ལོ་ཞེས་ཟེར་ན་བཞག་སྟེ་འདོང་བར་བྱའོ། །དེ་དག་གིས་མ་བསྐྱལ་ན་གནས་པར་བྱེད་པ་དག་གིས་བླང་བར་བྱའོ་ཞེས་བྱ་བ་ལ་དེ་རྣམས་ཀྱིས་ཞེས་བྱ་བ་ནི་ཁྱིམ་པ་རྣམས་ཀྱིས་སོ། ། དེ་ལྟར་ཁས་མ་བླངས་ནས་མ་བསྐྱལ་ན་གནས་པར་བྱེད་པ་རྣམས་ཀྱིས་བླང་བར་བྱའོ། །མེད་ན་རང་གིས་སོ་ཞེས་བྱ་བ་ནི། གནས་པར་བྱེད་པ་དག་ཀྱང་མེད་ན་རང་གིས་བླང་བར་བྱའོ། །ཐམས་ཅད་ཀྱིས་ན་གཎྜཱི་བརྡུང་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་ཐམས་ཅད་ཀྱིས་བླང་བར་བྱ་དགོས་པ་ ཞིག་ཡོད་ན་ཐམས་ཅད་འདུས་ཏེ་གཎྜཱི་བརྡུངས་ཏེ་བླང་བར་བྱའོ། །ཡོན་བདག་གིས་གཙུག་ལག་ཁང་དུ་རང་གི་དོན་དུ་སྟན་དག་གཡར་པོར་བྱེད་ན་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གང་རྣམས་ཀྱིས་སྤྱན་འདྲེན་ལ་སྦྱིན་པ་དེ་རྣམས་གལ་ཏེ་གཙུག་ལག་ཁང་དུ་རང་གི་དོན་དུ་གདན་ཆ་དག་གཡར་པོར་བྱེད་ན་དེ་རྣམས་ལ་ གཡར་པོ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དག་བསྲུང་བའི་ཕྱིར་དགེ་སློང་ཡང་གཞག་པར་བྱའོ་ཞེས་བྱ་བ་ནི་གདན་རྣམས་ལའོ། །དེས་ཕྱོགས་གཅིག་ཏུ་བསྡད་པར་བྱའོ་ཞེས་བྱ་བ་ནི་བཞག་པའི་དགེ་སློང་གིས་སོ། །རང་གི་ལས་བྱའོ་ཞེས་བྱ་བ་ནི་བསམ་གཏན་དང་ཁ་ཏོན་བྱེད་པའོ། །སེམས་ གཏད་པ་ལ་ཡང་ངོ་ཞེས་བྱ་བ་ནི་གདན་རྣམས་ལ་སེམས་གཏད་པར་བྱེད་ཅིང་གནས་པར་བྱའོ། །དོང་ནས་བརྟུལ་བར་བྱའོ་ཞེས་བྱ་བ་ནི་སྤྱན་འདྲེན་པར་བྱེད་པ་རྣམས་དོང་ནས་གདན་ཆ་དེ་རྣམས་བརྟུལ་བར་བྱའོ། །མ་རུང་བ་དག་བྱི་དོར་བྱའོ་ཞེས་བྱ་བ་ནི་གང་གིས་མ་རུང་བ་བྱས་པའི་བྱི་དོར་གང་གིས་བྱ་ ཞེ་ན། དེའི་ཕྱིར་ཆང་གིས་ན་ཆུ་དག་གིས་སོ་ཞེས་བྱ་བ་སྨོས་ཏེ། ཆང་གི་སྙིགས་མས་མ་རུང་བར་བྱས་པ་རྣམས་ནི་ཆུ་འབའ་ཞིག་གིས་བཀྲུ་ཞིང་བྱི་དོར་བྱའོ། །སྣུམ་གྱིས་ན་ཆལ་གྱིས་སོ་ཞེས་བྱ་བ་ནི་སྣུམ་གྱིས་མ་རུང་བར་གྱུར་པ་རྣམས་ནི་འདག་པའི་ཆལ་གྱིས་བྱི་དོར་བྱའོ། ། མི་གཙང་བས་ན་སའམ་ལྕི་སྐམ་མམ་ལྕི་བས་སོ་ཞེས་བྱ་བ་ནི། གདན་ཆ་རྣམས་མི་གཙང་བས་མ་རུང་བར་གྱུར་ནས་སའམ་ལྕི་སྐམ་མམ་ལྕི་བ་རྣམས་ཀྱིས་བྱི་དོར་བྱ་བའོ། །འདིར་གཞུང་ནི་གཞན་དུ་ས་ཙམ་ལ་འདིར་བཟུང་བ་ཞེས་གསུངས་ཏེ། དེ་ནི་མཚོན་པ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ། །དེ་ དང་འདི་འགལ་བར་ཤེས་པར་མི་བྱའོ། །ཐགས་མ་མ་དག་ན་གཅད་པར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་གལ་ཏེ་རེ་ཞིག་སྦྱང་བར་ནུས་ན་དེ་ལྟ་ན་ལེགས། གལ་ཏེ་མི་ནུས་ན་འབྲེང་བ་བཅད་དེ་དོར་བར་བྱ་ཞིང་འབྲེང་བུ་གསར་པ་རྣམས་ཀྱིས་ཀྱང་སླར་གསོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་ པ་འདུག་འདུག་པའི་སྟན་མ་བསྡུས་པ་མཐོང་ན་བསྡུ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་དགེ་སློང་གང་དག་གིས་དེ་དག་མཐོང་བ་ཉིད་ཀྱིས་དེ་དག་བསྡུ་བར་བྱའོ། །གལ་ཏེ་རྒས་པ་དང་ན་བ་ཡིན་ན་དགེ་སྐོས་ཀྱིས་སོ་ཞེས་བྱ་བ་ནི་གལ་ཏེ་མཐོང་བ་པོ་རྒས་པའམ་ན་བ་ཡིན་ན་དགེ་སྐོས་ཀྱིས་བསྡུ་བར་བྱ་བ་ཉིད་ཡིན་ནོ། །དེས་ སྦྲན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྒན་པོའམ་ནད་པ་མཐོང་བ་པོ་དེས་སྦྲན་པར་བྱ་བ་ཉིད་ཡིན་ནོ། །གང་ལ་སྦྲན་པར་བྱ་སྙམ་དུ་དོགས་པ་ལ་འདིར་བསྐོས་པ་ལ་ཞེས་བྱ་བ་དོན་གྱིས་དང་དབང་དུ་བྱས་པ་ཤེས་པར་བྱའོ། །ཐམས་ཅད་ཀྱི་ནད་པ་བལྟ་བར་བྱའོ་ཞེས་བྱ་བ་ནི་དེའི་ཁང་བུའི་གནས་སུ་ཉེ་བར་ འགྲོ་བ་ན་གསར་བུའམ་རྒན་པོ་འགའ་ཞིག་གིས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཅི་འགྲེང་སྟེ་བལྟ་བར་བྱ་བ་འམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར་འདུག་སྟེའོ། །དེར་སྟན་ཐོགས་ཏེ་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། དེར་ཞེས་བྱ་བ་ནི་ནད་པ་ལྟ་བ་ལའོ། །ནད་པའི་ནད་གཡོག་གིས་དེར་སྟན་དག་ བཤམ་པར་བྱའོ། །མཁན་པོའམ་སློབ་དཔོན་དགེ་བའི་ཕྱོགས་ལ་འགྲོ་ན་གལ་ཏེ་གཞན་གྱིས་དགེ་བའི་ཕྱོགས་མི་འཕེལ་ན་ཕྱི་བཞིན་འགྲོ་བར་བྱའོ་ཞེས་བྱ་བ་ནི་གལ་ཏེ་མ་ཡིན་ན་གཞན་དུ་ཞེས་བྱ་བའོ། །དེའི་ཕྱི་བཞིན་འགྲོ་བ་མ་གཏོགས་པར་ཀློག་པའམ་གདམས་ངག་གམ་རྗེས་སུ་བསྟན་པ་བརྩམས་པ་ལས་ སོ་སོར་ཉེ་བར་འདུག་པར་གྱུར་པ་ལ་འདིར་སློབ་དཔོན་ནམ་མཁན་པོ་སྨོས་པའོ། །གལ་ཏེ་མ་ཡིན་ན་གཞན་དུ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ། །དེ་བས་གནས་ཀྱི་སློབ་དཔོན་དང་ཀློག་པའི་སློབ་དཔོན་དག་ལས་གཞན་པའི་སློབ་དཔོན་འདིར་སྨོས་པ་ཞེས་བྱ་བར་ཤེས་པར་བྱའོ། །དེའི་ཕྱིར་ རང་གི་སྟན་བསྐུར་བར་བྱའོ་ཞེས་བྱ་བ་ལ། དེའི་ཕྱིར་ཞེས་བྱ་བ་ནི་མཁན་པོའམ་སློབ་དཔོན་གྱི་ཕྱིར་རོ། །འགྲོ་བ་མ་ཞུས་པར་མི་བསྐུར་རོ་ཞེས་བྱ་བ་ནི། བདག་ཉིད་ཀྱང་ཕྱི་བཞིན་འགྲོ་བར་འགྱུར་བ་འདི་ལྟར་མ་ཞུས་པར་བསྐུར་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་རང་ཉིད་ཀྱིས་བསྐུར་རོ་ཞེས་བྱ་བ་ ནི་དེ་ཞེས་བྱ་བ་ནི་རང་ཉིད་ཀྱིས་བསྐུར་བར་བསྟན་ནོ། །བླ་གབ་མེད་པར་ཆོས་ཉན་པ་ན་རླུང་དང་ཆར་བྱུང་བ་ན་བསྡུ་བར་བྱའོ། །རྒན་པོ་རྣམས་ཀྱིས་ནི་རང་གིས་མི་ནུས་ན་གཞོན་ནུ་རྣམས་དང་ལྷན་ཅིག་བརྗེ་བར་བྱའོ་ཞེས་བྱ་བ་ནི་གཞོན་ནུ་རྣམས་ཀྱི་གནས་མལ་གང་ཡིན་པ་དེ་ནི་ཡང་བའི་ཕྱིར་ རྒན་པོ་རྣམས་ཀྱིས་བསྐུར་བར་བྱའོ། །རྒན་པོ་རྣམས་ཀྱི་ནི་ལྕི་བ་ཉིད་ཀྱི་ཕྱིར་གཞོན་ནུ་རྣམས་ཀྱིས་བསྐུར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མཐུན་པ་དང་མཐུན་པར་གཞག་པར་བྱའོ་ཞེས་བྱ་བ་ནི་གང་གིས་གང་མཐུན་པ་དང་མཐུན་པ་དེ་ཉིད་དང་ལྷན་ཅིག་ཏུ་དེ་གཞག་པར་བྱའི་མི་མཐུན་པ་དང་ནི་ མ་ཡིན་ཞེས་བྱ་བའི་དོན་ཏོ། །གཙུག་ལག་ཁང་གཞན་དུ་གདན་ཆ་དང་རྫས་བརྙན་བསྐུར་བར་བྱའོ་ཞེས་བྱ་བ་ལ་དང་གི་སྒྲ་ནི་བརྙན་བསྐུར་བར་བྱའོ་ཞེས་བྱ་བར་སྦྱར་བའི་དོན་དུའོ། །འདིར་རྫས་ནི་མཆོད་པའི་དབང་དུ་བྱས་ཏེ་བལྟ་བར་བྱའོ། །ཅི་ཞིག་ངེས་པ་ཉིད་དུ་བསྐུར་བར་བྱའམ་ཞེ་ན་མ་ཡིན་ ཏེ། དེའི་ཕྱིར་གལ་ཏེ་ཆར་འབབ་པ་དང་འབབ་དུ་དོགས་པ་མེད་ནའོ། །གལ་ཏེ་ལམ་ཁར་རླུང་དང་ཆར་བྱུང་ན་ཤིང་ལྗོན་པའམ་རྩིག་དྲུང་དུ་བཅེར་བར་བྱའོ་ཞེས་སྨོས་ཏེ། རྩིག་པའི་ཞེས་བྱ་བ་ནི་དྲུང་དུའོ། །རྫས་ངན་པ་གཅིག་གིས་གཡོགས་པར་བྱའོ། །གཙུག་ལག་ཁང་དུ་ཕྱིན་ནས་རྫས་ རྣམས་ནི་བསྐམ་པར་བྱའོ་ཞེས་བྱ་བ་ལ་འདིར་གཞུང་ནི་ཁྱིམ་བདག་གཅིག་ལ་གཙུག་ལག་ཁང་གཉིས་ཡོད་དེ། དགོན་པ་པ་དང་གྲོང་མཐའ་པ་སྟེ། དགེ་སློང་དགོན་པ་པ་རྣམས་ཀྱིས་གྲོང་མཐའ་པའི་གཙུག་ལག་ཁང་ནས་གོས་དག་དང་གནས་མལ་གཡར་བ་དང་། དགེ་སློང་གྲོང་མཐའ་པ་དག་ གིས་མ་སྟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བརྙན་པར་བྱའོ། །ཁ་དོག་སྣ་ཚོགས་པའི་གོས་རྣམས་ནི་ཆར་བབ་ན་ཉམས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཆར་པ་འབབ་པའམ་འབབ་ཏུ་དོགས་ན་བརྙན་པར་མི་བྱའོ། ། གལ་ཏེ་ལམ་ཀར་ཆར་འབབ་ན་ཤིང་ལྗོན་པའི་དྲུང་དུ་གནས་པར་བྱའོ། །གཙུག་ལག་ཁང་དུ་སོང་ནས་གོས་རྣམས་བསྐམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མེ་ཤོར་རམ་ཆུ་བྱུང་ན་དགེ་འདུན་གྱི་ཡང་གདོན་པར་བྱའོ་ཞེས་བྱ་བ་ནི་གནས་མལ་གྱི་ཕྱིར་འདི་བརྗོད་པ་སྟེ། སྐྱེད་པའི་དབང་གིས་འདི་ ཡང་དག་པར་བསྟེན་པའོ། །གཞན་ལ་ཡང་ཆོ་ག་འདིས་སྦྱར་བ་སྟེ་དེ་བས་ན་ཁྱད་པར་མེད་པར་ཉེ་བར་བརྟགས་པའོ། །རང་གི་ལྷུང་བཟེད་དང་ཆོས་གོས་ཐོན་ཟིན་ནའོ་ཞེས་བྱ་བ་ནི་ཇེ་དང་པོར་རང་གི་ལྷུང་བཟེད་དང་ཆོས་གོས་གདོན་པར་བྱ་ཞིང་དེའི་འོག་ཏུ་དགེ་འདུན་གྱི་ཡང་གདོན་པར་བྱའོ་ཞེས་ བྱ་བའི་དོན་ཏོ། །གང་ཟག་ནི་ཕོངས་པར་འགྱུར་གྱི་དགེ་འདུན་ནི་མ་ཡིན་ཞེས་བྱ་བ་བྱས་ནས་སོ། །བཏོན་ཟིན་པ་བསྲུང་བའི་ཕྱིར་དགེ་སློང་ཆེན་པོ་མི་ནུས་པ་གཞག་པར་བྱའོ་ཞེས་བྱ་བ་ནི་སྟོབས་ཆུང་བ་ཉིད་ཀྱི་ཕྱིར་ལས་གཞན་ལ་མི་སྦྱར་ཞེས་པར་དགོངས་སོ། །མི་བཟོད་པ་ཉིད་དུ་འཇུག་པར་མི་ བྱའོ་ཞེས་བྱ་བ་ནི། མེ་དང་ཆུ་དག་མི་བཟོད་པ་ཉིད་ལ་གདོན་པའི་ཆེད་དུ་འཇུག་པར་མི་བྱའོ། །གནས་མལ་གྱི་ལྟུང་བྱེད་དོ།། །།ཁྱིམ་གཞན་དུ་གདིང་བར་བྱས་པ་ཁྱིམ་བདག་ལ་དྲིས་པ་དེ་དོར་བར་བྱའོ་ཞེས་བྱ་བ་ལ་བྱས་པ་ཞེས་བྱ་བ་ནི་རང་གིས་སམ་བསྐོས་པས་སོ། །དགོན་པར་ཡང་ན་ སློང་བར་བྱའོ་ཞེས་བྱ་བ་ནི། ཡང་ན་དོར་བར་བྱ་ཞེས་བྱ་བ་ལ་ཡང་ན་ཞེས་བྱ་བའི་སྒྲས་ནི་རྣམ་པར་རྟོག་པའི་དོན་ཏོ། །དེ་ནི་མགོའམ་མཇུག་བཟློག་པར་བྱས་པ་ཉིད་དོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སློང་བར་བྱས་པ་ལའོ། །འདིར་གཞུང་ནི་དེ་རྣམས་སློང་བར་བྱེད་ན་ཉེས་དམིགས་དེ་ཉིད་དུ་འགྱུར་ རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོའམ་མཇུག་བཟློག་པ་སློང་བར་བྱས་ཏེ། འགྲོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གོས་དག་བསྐམ་པའི་ཕྱིར་རྩྭ་གདིང་བ་ཡང་དོར་བར་བྱ་བ་ཉིད་དོ། །སློང་བ་ལ་དོར་བ་ཁས་ལེན་ན་སྦྱིན་ནོ་ཞེས་བྱ་བ་ལ། སྦྱིན་པ་ཞེས་བྱ་བ་ནི་གནང་བའི་ རྩྭ་རྣམས་སོ། །འཆག་ས་དག་ཏུ་རྐང་མཐིལ་གཉིས་ལ་རྩུབ་ན་རྩྭ་དག་གདིང་བར་བྱའོ། །དེ་དག་ཀྱང་དོར་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་གནང་བའི་རྩྭ་རྣམས་སོ། །གཏོང་ན་དོར་བར་བྱ་བ་མ་ཡིན་པ་ཉིད་དུ་མ་གྱུར་པ་དོར་བར་བྱའོ་ཞེས་བྱ་བ་ལ། གཏོང་ན་ཞེས་བྱ་བ་ནི་འཆག་པ་གཏོང་བའི་དུས་ལ་དོར་ བར་བྱ་བ་དོར་བའོ། །ཅི་གནས་སྐབས་ཐམས་ཅད་དུ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དོར་བར་བྱ་བ་མ་ཡིན་པ་ཉིད་དུ་མ་གྱུར་པ་ལ་ཞེས་བྱ་བ་སྨོས་ཏེ། གྱུར་པ་ལ་ནི་གྱུར་པ་ཉིད་ཁོ་ན་བྱས་པ་ཉིད་དོར་བ་ཞེས་བྱ་བ་དོན་གྱིས་ཐོབ་བོ། །གཞན་གྱི་ཚེ་ནི་དུས་སུ་སོ་སོར་བརྟག་པ་དང་བསྒྱུར་ལོག་བྱའོ་ ཞེས་བྱ་བ་ལ། གཞན་གྱི་ཚེ་ཞེས་བྱ་བ་ནི་གཏོང་བའི་དུས་ལས་སོ། །ས་སྣུམ་པ་དང་མངར་བ་ནི་ཉིན་རེ་བཞིན་ནོ་ཞེས་བྱ་བ་ནི་སྲིལ་ལ་སོགས་པ་ལས་བྱུང་བའི་ཉེས་པ་སྤང་བའི་ཕྱིར་ཉི་མ་རེ་རེར་བསྒྱུར་བཟློག་བྱ་བའོ། །ཡུལ་གང་ནས་ས་སྣུམ་པ་དང་མངར་བ་ནི་སྲིལ་རྣམས་ལ་སྡུག་བསྔལ་འབྱུང་བས་ ཏེ། དེའི་ཕྱིར་ན་སྣུམ་པའི་ཚིག་གོ། །དེ་ལྟར་ཡང་ཡུལ་འདི་ནི་སྣུམ་པ་དང་འཇམ་པའི་ས་དང་ལྡན་པ་ཞེས་བྱ་བས་ནི་སྣུམ་པ་བརྗོད་པའོ། །གཞན་དུ་ཟླ་བ་ཕྱེད་ཕྱེད་ཅིང་ངོ་ཞེས་བྱ་བ་ནི་ས་སྣུམ་པ་དང་མངར་བ་ལས་གཞན་པའི་ཡུལ་དུ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ལན་རེ་བསྒྱུར་བཟློག་བྱའོ། །འདིར་ གཞུང་ནི་གལ་ཏེ་ས་ཕྱོགས་སྣུམ་པ་དང་མངར་བ་ཡིན་ན་བཏིང་བ་ཉིན་རེ་ཞིང་བསྒྱུར་བཟློག་བྱའོ། །གལ་ཏེ་ས་ཕྱོགས་སྣུམ་པ་དང་མངར་བ་མ་ཡིན་ན་ནི་ཟླ་བ་ཕྱེད་ཅིང་བསྒྱུར་བཟློག་བྱའོ་ཞེས་གསུངས་པ་ཡིན་ནོ། །འཆག་ས་དག་ཏུ་རྩྭའི་ཆུན་པོ་དག་ཐག་པས་བཅིངས་ཏེ་ཤིང་ལ་གཞག་པར་བྱའོ། ། ལྕི་བ་གྱོ་མོར་གཞག་པར་བྱའོ། །གནས་ནས་འཕགས་པར་འགྱུར་བ་ན་ཞེས་བྱ་བ་ཡན་ཆད་སྔར་ཐལ་བའོ་ཞེས་བྱ་བ་ནི། སྔར་མདོ་ལས་གནས་ནས་འཕགས་པར་འགྱུར་བ་ན་སྔར་གྱི་བསླབ་པའི་གཞི་དེ་དང་འབྲེལ་པ་གང་ཡིན་པ་དེ་འདིར་རྟོགས་པར་བྱའོ། །འདིར་གཞུང་ནི་དགེ་སློང་འཁོད་པ་ལ་ཡང་མ་ བཅོལ་ན་གཞན་ལ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གསུངས་པའི་ལྟུང་བ་བསྟན་པའི་གཞུང་རྒྱ་ཆེར་འབྱུང་བ་དེ་དག་གནས་མལ་ལྟུང་བའི་ལམ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིར་ཁ་ཅིག་ནི་འདིར་གཞན་དེ་འདྲ་བའི་རྐྱེན་ལས་ཞེས་བྱ་བ་འདི་ཉམ་ང་བ་དང་ཕྲད་པར་མི་འགྱུར་བ་ལྟ་ན་ཞེས་བྱ་བ་ ནི་མ་ཡིན་པ་དགག་པ་སྟེ་འབྲེལ་པ་མང་པོ་ཉིད་དུ་བྱ་བ་མི་འཇུག་པ་ཡིན་ནོ། །དེའི་ཕྱིར་འདི་མེད་པར་རྟོགས་པར་བྱ་སྟེ། བསླབ་པའི་གཞི་འདི་དག་ལ་རྣམ་པ་གཅིག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་མ་བརྗོད་པའི་དོན་ལ་ཡང་འདིར་སྔ་མའི་རྗེས་སུ་འབྲང་བས་ཐོབ་པའོ། །གཞན་ དག་ནི་ཆར་པས་ཕན་ཕུན་དུ་གྱུར་པས་འདིར་མི་འཇུད་དོ་ཞེས་ཟེར་ན་དེ་ཡང་མི་རིགས་ཏེ། འདིར་འདིས་ཀྱང་ས་གཞི་ཆུད་ཟོས་པའི་ཕྱིར་རོ། །རེག་པར་བྱ་བ་མ་ཡིན་པ་ཉིད་ལ་ནི་མི་འགྱུར་རོ་ཞེས་བྱ་བ་འདི་ལ་འདིར་དོན་མི་སྣང་བས་ལོག་པའོ། །གནས་མལ་འདི་སྡུས་ཤིག་ཅེས་བྱ་བ་འདིར་འདི་ལ་གནས་ མལ་གྱི་གནས་སུ་གདིང་བ་གཏོགས་པར་དོན་གྱིས་གྲུབ་བོ། །དེ་བས་ན་དེའི་འོག་ཏུ་ཐམས་ཅད་ལ་དམིགས་ཀྱིས་བསལ་བའོ། །ཅིག་ཅར་སྤྱོད་པ་ནི་འདྲ་བ་ཉིད་དོ་ཞེས་བྱ་བ་ཐམས་ཅད་ལ་ཁྱབ་པ་དང་ལྡན་པ་ཡིན་གྱིས་ལངས་པ་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དགེ་འདུན་གྱི་མ་ཡིན་པར་ནི་གནས་ པའི་བདག་པོ་རྣམས་ལ་ཡང་དྲི་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཡང་གི་སྒྲས་ནི་དགེ་སློང་ལ་ཡང་ཞེས་བྱ་བ་དགེ་འདུན་གྱི་གནས་མ་ཡིན་པར་གནང་བའི་གདིང་བ་ལ་གནས་དེའི་བདག་པོ་རྣམས་ལ་དྲི་བར་བྱ་ཞིང་དོར་བར་བྱ་བ་ཉིད་ཡིན་ནོ། །རྣམས་ལ་ཞེས་མང་པོའི་ཚིག་ཏུ་བསྟན་པ་ནི་འདིར་བུ་དང་ཆུང་མ་ལ་ སོགས་པ་དག་ཀྱང་དེའི་དངོས་པོ་ལ་བདག་པོར་གྱུར་པ་ལ་ཁོངས་སུ་བསྡུ་བའི་དོན་ཏོ། །གཅིག་གི་ཚིག་གིས་ཁྱིམ་བདག་གཅིག་ཁོ་ན་ལ་བཟུང་བར་ཤེས་པར་འགྱུར་རོ། །འདིར་ཡན་ལག་གང་རྣམས་ལ་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་རྡོ་བ་དང་ཕྱེ་མའི་ གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པ་ཉིད་དང་དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱིས་གཞིར་རང་དང་བསྐོས་པས་གདིང་བ་བྱ་བ་ཉིད་ལྟ་བུ་ནི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རྡོ་བ་དང་ཞེས་བྱ་བ་ནི་རུང་བ་ཉིད་ལ་འདི་བསྟན་པ་སྟེ། དེ་ལྟ་བུའི་བདག་ཉིད་རུང་བ་ཉིད་ཅེས་བྱ་བའོ། །སོགས་ པའི་སྒྲས་ནི་རྡོ་བ་ལ་སོགས་པས་མ་ཡིན་པར་འགྱུར་བ་བཟུང་ངོ་། །རྡོ་བ་དང་བྱེ་མ་ལ་སོགས་པ་ས་གང་ལ་ཡོད་པ་མ་ཡིན་པ་དེ་ནི་རྡོ་བ་དང་བྱེ་མའི་གཞིའོ། །དེའི་དངོས་པོ་དང་རྡོ་བ་དང་བྱེ་མའི་གཞི་ཉིད་དེ་རྣམས་ཀྱི་བདག་ཉིད་དོ། །དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱིས་རུང་བ་ཉིད་ཅེས་བྱ་བ་ནི་སྲིལ་ལ་ སོགས་པའི་ཉེ་བར་འཚེ་བ་རུང་བ་ཉིད་དོ། །རང་དང་བསྐོས་པས་གདིང་བ་བྱས་པ་ཉིད་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་ནི། སྔར་ཐལ་བའོ་ཞེས་བྱ་བ་འདི་ལས་དངོས་གཞིའི་མཐའ་ཞེས་བྱ་བ་ལ་སོགས་པ་འདིར་རྟོགས་པར་བྱའོ། །གདིང་བའི་ལྟུང་བྱེད་དོ།། །།སྐྲོད་པའི་ལྟུང་བྱེད་ལ་ བྱེད་པ་པོ་ཉིད་གང་ཡིན་ཞེ་ན་དེའི་ཕྱིར་དགེ་སློང་ཉིད་དང་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དག་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨོས་སོ། །ཅི་བསམ་པ་ཐམས་ཅད་ཀྱིས་དེ་ཉིད་བྱེད་པ་པོ་ཡིན་ནམ་ཞེ་ན་དེའི་ཕྱིར། གལ་ཏེ་དེ་ལ་གནོད་པ་དང་དགེ་འདུན་འཁྲུག་པ་སྐྱེ་བ་ཉེ་བར་ཞི་བར་མི་འགྱུར་བའི་གཉེན་ པོར་འདོད་པ་མ་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་ཉིད་གང་ལ་བྱེད་པ་པོ་ཉིད་དུ་བརྗོད་པ་དེ་ལ་སྲོག་གཏོང་བ་ལ་སོགས་པས་གནོད་པ་ནི་དེ་ལ་གནོད་པའོ། །དེ་ལ་གནོད་པ་དང་དགེ་འདུན་འཁྲུག་པ་དག་ལ་སྐྱེ་བ་དང་སྐྲོད་པ་གཉིས་ལ་ཉེ་བར་ཞི་བར་མི་འགྱུར་བར་དོགས་པ་ཡོད་པ་ལས་བསམ་ པ་གཞན་ལ་འདི་དག་ལས་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་གཉིས་གང་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྐྲོད་པ་ལའོ་ཞེས་བྱ་བ་སྨོས་སོ། །སུས་ཤེ་ན། དེའི་ཕྱིར་གཞན་གྱིས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། རང་ཉིད་གཅིག་པུ་ནི་མ་ཡིན་ནོ། །གཞན་གྱིས་རྗེས་སུ་འཇུག་པས་ཀྱང་ངོ་ ཞེས་བྱ་བ་ནི། གཞན་དག་བསྐོས་ནས་སྐྲོད་པར་བྱེད་ན་ལྟུང་བ་མེད་པའམ་ན་སྨད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་གིས་སྐྲོད་པར་བྱེད་ན་གཉི་ག་ལ་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་ཀྱིས་ནི་ཉེས་བྱས་ཀྱིའོ་ཞེས་ བྱ་བ་ནི་འདི་རྣམས་སྐྲོད་པར་བྱེད་པ་རྣམས་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མས་དགེ་སློང་སྐྲོད་པར་བྱེད་ན་ལྟུང་བྱེད་དོ། །དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་ལ་ནི་ཉེས་བྱས་སུ་འགྱུར་རོ་ ཞེས་གསུངས་སོ། །དེ་དག་ཀྱང་ངོ་ཞེས་བྱ་བ་ནི་དགེ་སློབ་མ་ལ་སོགས་པ་བསྐྲད་པར་བྱ་བ་རྣམས་ལ་སྐྲོད་ནའོ། །འདིར་གཞུང་ནི་ཕྲན་ཚེགས་རྣམས་ལས་དེར་དགེ་ཚུལ་དེའི་རྣམ་པས་ཅིག་ཤོས་དག་ལ་འདི་བསྡུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བཞད་གད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི་སྐྲོད་ན་ ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་པོ་ཞེས་བྱ་བ་ནི་སྐྲོད་པར་བྱེད་པ་ཁྱིམ་པ་རྣམས་ཡིན་ན་དེ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་པོར་བྱེད་པ་པོ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གིས་ཁྱིམ་པ་དང་ཁྱིམ་པ་ མོས་དགེ་སློང་སྐྲོད་དུ་བཅུག་ན་ལྟུང་བྱེད་དོ། །ཁྱིམ་པ་དང་ཁྱིམ་པ་མོ་ལ་ནི་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྐྲོད་པའི་ལྟུང་བྱེད་དོ།། །།ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་ནི་མིང་ཅན་དུ་སྦྱོར་བ་བྱེད་དོ་ ཞེས་བྱ་བའི་དོན་ཏོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་ཞུགས་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་གྱི་གཙུག་ལག་ཁང་གང་ཡང་རུང་བ་དང་འབྲེལ་པའི་གནས་རྟེན་པ་ཉིད་དུ་དགོས་པ་ལ་སའི་ཕྱོགས་ གཞན་ལ་གཙུག་ལག་ཁང་གི་གནས་ཉིད་དུ་བརྗོད་པའོ། །འདི་ལྟ་བུ་ལ་སྔར་ཁས་བླངས་པའི་དགེ་སློང་གིས་ཞུགས་པ་ཉིད་ལ་གང་དེ་ལ་ལྟུང་བ་འབྱིན་པར་བྱེད་པའི་འདུ་ཤེས་གནས་འདི་ན་དགེ་སློང་འདིས་གནས་འདིར་ལྷག་པར་གནས་སོ་སྙམ་དུ་འདུ་ཤེས་འདི་ཡོད་པ་ལ་གནས་དེ་ལ་ནི་ལྟུང་ བའི་བྱེད་པ་པོ་ཉིད་ཡིན་ནོ། །དེ་ལྟར་དགེ་སློང་གང་ཞིག་སླར་ཤེས་ཤིང་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས་ཕྱིས་གནོན་བྱེད་ན་ཞེས་བྱ་བ་ལ་སོགས་པའི་མདོ་གསུངས་པ་ཡིན་ནོ། །དེ་ལ་གང་དུ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར་ན་བ་དང་འཇིགས་ པའི་དབང་མ་གཏོགས་པར་ཕྱིས་གནོན་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཕྱིས་གནོན་བྱེད་པ་ལའོ་ཞེས་བྱ་བ་ནི་གཞན་ལ་མི་འདོད་པས་ཞེས་བྱ་བའི་དོན་ཏོ། །མ་གཏོགས་པར་ཞེས་བྱ་བ་ནི་ན་བ་དང་དེའི་དབང་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་གང་གི་ཚེ་ན་བའམ་འཇིགས་པར་ གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་དཔེ་སྟེ་མཐོ་བཙམས་པར་འདུན་པས་དགེ་སློང་ལ་མཐོ་བཙམས་པས་ཀྱང་ངོ་ཞེས་བྱ་བ་ལ། འདིར་གཞུང་ནི་བར་སྡོམ་ལ། ངན་དང་བསོད་དང་དྲང་ངོ་དང་། །ཆོལ་ཟངས་དང་ནི་བཀྲུ་སྨན་དང་། །རྣལ་འབྱོར་མཐུན་དང་ཁ་ཏོན་དང་། ། འཇིགས་དང་བཅས་དང་འཇིགས་མེད་དོ། །ཞེས་བྱ་བས་དགེ་སློང་གིས་དགེ་སློང་ལ་ཇི་ཙམ་ཅུང་ཟད་ཐོ་འཚམས་པར་བྱེད་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་དགེ་འདུན་གྱི་གཙུག་ལག་ཁང་དང་འབྲེལ་པའི་གནས་ཀྱི་སྒོ་ལ་རྗེས་སུ་མཐུན་པའི་ས་ཕྱོགས་སུ་ཡང་དག་པར་ཞུགས་པའམ་ཕོངས་པ་ བསྒྲུབ་པས་རྣམ་པར་འཚེ་བ་སྐྱེད་པའམ་འགགས་པས་གང་ཞིག་ཐོ་འཚམས་པར་བྱེད་ན་དེ་འདིར་མངོན་པར་འདོད་པ་ཞེས་བྱ་བ་མདོར་བྱས་པ་ནི་བསླབ་པའི་གཞི་རྗེས་སུ་འབྲངས་པས་རྟོགས་པར་བྱའོ། །བསྒོ་བ་རྣ་ལ་གཟོན་པ་དང་སྐྲོད་པར་བྱེད་པ་དང་། དེས་ཚིག་དང་དགག་དབྱེ་དང་འདེབས་པར་ བྱེད་པ་དང་། སྤྱོད་པ་དང་། བསྡིགས་པ་དང་། ཡོ་བྱད་འཇོག་པ་དང་། བསླབ་པའི་གཞི་རྣམས་ལ་གཞན་དུ་བསླབ་པའི་གཞི་ལས་ལྟུང་བ་ཐ་མི་དད་པ་ཉིད་དུ་འགྱུར་རོ། །འདིར་ཡང་དགེ་འདུན་གྱི་གཙུག་ལག་ཁང་ལ་གནས་པ་རྟེན་པ་དོན་མེད་པ་ཉིད་དུ་ཐལ་བའི་ཕྱིར་མ་སྨོས་པའི་ཆོ་ག་ གཞན་ལ་རྣམ་པར་འཚེ་བ་ལ་ནི་ཉེས་བྱས་སུ་རྟོགས་པར་བྱའོ། །ཕྱིས་གནོན་གྱི་ལྟུང་བྱེད་དོ།། །།དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་ཉིད་ནི་བྱེད་པ་པོ་ཞེས་བྱ་བ་ནི། དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་ཉིད་ནི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །ཅི་རྣམ་པ་ཐམས་ཅད་ ལ་དེ་བྱེད་པ་པོ་ཡིན་ནོ་ཞེ་ན་མ་ཡིན་ཏེ། གལ་ཏེ་བྱིན་གྱིས་གཞོལ་བ་ཉིད་དམ་སྤང་ལེབ་ཉིད་དམ། དེ་དང་འདྲ་བས་གཡོགས་པ་ཉིད་མ་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། དེ་དང་འདྲ་བ་ཞེས་བྱ་བ་འདིས་ནི་སྤང་ལེབ་ཀྱི་རྣམ་པ་བཟུང་བ་ཡིན་ནོ། །དེ་ལྟར་ཡང་འདིར་གཞུང་ནི་བྱིན་གྱིས་གཞོལ་བ་ཡིན་ན་ ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་རྐང་པ་འབྱུང་བའི་གླགས་མེད་པ་ཞེས་བྱ་བ་འདི་འདིར་བསྡུས་པའི་དོན་དུ་རིག་པར་བྱའོ། །ཅི་འདི་ཉིད་གཅིག་ཏུ་བྱེད་པ་པོ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འདིའི་ཕྱིར་གནོན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུ་ཉིད་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཁྲི་དང་ཁྲིའུ་སྨོས་ པ་འདིར་བྱས་ཏེ་ཁྲིའུ་དོར་ཅིག་ཅེས་བྱ་བ་འདིར་མཚོན་པ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ། །ཡོད་པ་ཉིད་ཀྱི་ཕྱིར་འདི་ལྟ་བུར་གྱུར་པ་གཞན་ལ་ཡང་འདི་ལྟ་སྟེ། ཁྲིའུ་རྐང་པ་དང་འདས་པ་དང་བཅས་པ་འདྲ་བ་ལ་ཉེས་དམིགས་འདྲ་བ་ཉིད་ཀྱིས་དེར་ངེས་པར་གནས་པ་ལ་སོགས་པ་སྟེ། དེའི་ཕྱིར་གནོན་པར་ འོས་པ་ཞེས་བྱ་བའི་ཚིག་བྱས་སོ། །ཅི་གནས་སྐབས་ཐམས་ཅད་དུ་འདི་ལ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་བཀན་པ་ཉིད་དང་རྐང་རྟེན་བཅུག་པ་ཉིད་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། གང་ལས་ཐོག་ཉིད་དང་རྩ་བ་ཕུར་བུ་ལྟ་བུ་ཉིད་དེ་གཉིས་བྱེད་པ་པོ་ཡིན་ ཞེ་ན། དེའི་ཕྱིར་གནོན་པ་ལའོ་ཞེས་བྱ་བ་སྨོས་ཏེ། མནན་པར་འོས་པ་ཞེས་བྱ་བ་དབང་དུ་བྱེད་པ་ལས་ཤེས་པར་བྱེད་དོ། །མངོན་པར་འདུག་པར་བྱ་བའམ། མངོན་པར་འདུག་པ་ཞེས་བྱ་བ་འདིར་འདུག་པ་ཙམ་ནི་གཙོ་བོར་རྣམ་པར་གནས་པ་ཡིན་ཞེས་བྱ་བ་འདི་ལྟར་ཉེ་བར་བརྟག་པར་བྱའོ། ། ཅི་ཞིག་ཅི་ཡང་རུང་བ་ཉིད་ཀྱིས་དེ་གཉིས་ལ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་རྣམ་པས་སོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་གང་ཤེས་བཞིན་དུ་ཞེས་བྱ་བ་སྨོས་པ་ཡིན་ནོ། །རྣམ་པར་འབྱེད་པ་ ལས་ཀྱང་འདིར་རང་ཉིད་ཀྱིས་རིག་པར་གྱུར་པའམ་གཞན་དག་གིས་བརྗོད་པས་སོ་ཞེས་གསུངས་སོ། །དགེ་སློང་གནོན་པར་བྱས་པའི་གླེང་གཞི་དང་སྦྱིན་པ་གཅད་པའི་ཕྱིར་འདི་རྣམས་བརྟགས་པའོ། །རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དོ།། །།ཡང་གང་ཞིག་བསླབ་པའི་གཞི་འདི་ ལ་ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭའམ་ཞེས་བྱ་བ་དང་། གང་ཞིག་ཡང་སླར་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ཞེས་བྱ་བ་གཅིག་པོ་ཉིད་གཉིས་སུ་འགྱུར་ཏེ། ཡུལ་གྱི་བྱེ་བྲག་གིས་ནི་དེ་གཉིས་ལྟུང་བ་ཐ་དད་པ་ཉིད་ཡིན་པས་གང་ཞིག་ དེར་ཆོ་ག་དེ་ཉིད་ཅེས་བྱ་བ་མངོན་པར་བརྟེན་ནས་ཡུལ་གང་ལ་འདི་དང་དེ་ཞེས་བྱ་བ་དེ་བསྟན་པའི་ཕྱིར། རང་སྤྱོད་པའི་དོན་ཉིད་དེ་ལས་གཞན་པའོ་ཞེས་བྱ་བ་སྨོས་ཏེ། རང་སྤྱོད་པ་ཉིད་གཞག་པར་བྱ་བ་གཞན་ལ་ཤེས་གཙོ་བོ་ཞེས་བྱ་བ་དེ་ལ་ནི་སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་ཞེས་བྱ་བའི་ལྷག་ མ་དེ་ཉིད་ལས་རྟོགས་པར་བྱའོ། །སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དོ།། །།སྒོ་ཆ་གཞུག་པར་བྱའོ་ཞེས་བྱ་བ་ནི་སྒོ་ཆ་ཞེས་བྱ་བ་ནི་སྒོ་སྐྱེས་ལ་སོགས་པ་སྒོ་དང་འབྲེལ་པའི་ཡོ་བྱད་དོ། །འདི་ལྟར་ཡ་ཕུབས་ལས་གཞན་སྒོ་སྐྱེས་བཟུང་བ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་རྟོགས་པར་ བྱའོ། །སྒོ་གླེགས་དག་ཀྱང་ངོ་ཞེས་བྱ་བ་ན་འདིར་སྒོ་གླེགས་ཞེས་བྱ་བ་སྒོ་ལེབ་ལ་བྱ་སྟེ། དེ་ཡང་སྒོ་གླེགས་ཞེས་སྨོས་པའི་ཚིག་གིས་སོ། །སྐར་ཁུང་དག་ཀྱང་གདོད་པར་བྱའོ་ཞེས་བྱ་བ་ནི་འཇུག་པར་བྱའོ། །ལྟུང་བ་འདི་ལ་བྱེད་པ་པོ་ཉིད་གང་ཡིན་ཞེ་ན། དེའི་ཕྱིར་གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་ དོ་ཞེས་བྱ་བ་སྨོས་སོ། །འདི་ལ་ཚད་ཇི་ཙམ་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྤྱོད་ལམ་བཞི་ཤོང་བའོ་ཞེས་བྱ་བ་སྨོས་ཏེ། གང་དུ་སྤྱོད་ལམ་རྣམ་བཞི་བྱར་རུང་ཞིང་ཤོང་བའོ་ཞེས་བྱ་བའི་དོན་ཏོ། །ཅི་གཙུག་ལག་ཁང་ཚད་དེ་ཙམ་དང་ལྡན་པ་ཐམས་ཅད་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ ཕྱིར་གལ་ཏེ་ཐམས་ཅད་རྡོའམ་སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་ནའོ་ཞེས་བྱ་བར་སྦྱར་ཏེ། ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་གཙུག་ལག་ཁང་ལ་ཡང་ད་ལྟར་ཁྱིམ་ལ་དབང་བ་ཞེས་བྱ་བ་བྱེ་བྲག་མ་སྨོས་པའི་ཕྱིར་རྟོགས་པའོ། །འདིར་བྱེ་བྲག་གཞན་ཡང་བརྗོད་ པར་བྱ་སྟེ། ཆར་ཆུ་བསྐྱབ་པའི་གཡོགས་མ་ཡང་ངོ་ཞེས་བྱ་བ་ནི་གལ་ཏེ་ཐམས་ཅད་ཉི་མ་རེ་རེ་ཞིང་བྱ་བ་བྱས་པ་ཞེས་བྱ་བ་དོན་གྱིས་རྟོགས་པར་བྱའོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་དག་ཡོད་དེ། རྩིག་པ་རིམ་པ་གཉིས་སམ་གསུམ་ལས་ལྷག་པར་རྩིག་ཅིང་དེ་ལ་ལྟུང་ བྱེད་དུ་ཡང་མི་འགྱུར་བ་མཆིས་སམ། ཡོད་དེ་རྩྭ་དག་གིས་གཡོགས་པར་བྱེད་ན་ལྟུང་བ་མེད་དོ། །སྤང་ལེབ་དག་གིས་གཡོགས་པར་བྱེད་ན་ལྟུང་བ་མེད་དོ། །ཤིང་ལེབ་དག་གིས་གཡོགས་པར་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རྩ་བའི་ལྟུང་བ་འབྱིན་པར་བྱེད་ན་ཐམས་ ཅད་ལ་འདི་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་ཡོན་བདག་གིས་བྱས་སམ་ཟིན་ནམ་བལྟའོ་ཞེས་མ་སྨྲས་པ་ལའོ་ཞེས་བྱ་བ་སྨོས་སོ། །སྨྲས་པ་ལ་ནི་ཉེས་པ་མེད་པ་ཉིད་ཡིན་ནོ། །གང་ལ་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཕ་གུ་རིམ་པ་གསུམ་ལས་ལྷག་པ་ལའོ་ཞེས་བྱ་བ་ སྨྲས་སོ། །ཅི་བདག་ཉིད་ཁོ་ནས་སམ་ཞེ་ན། དེའི་ཕྱིར་གཞན་གྱིས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་བྱེད་དུ་བཅུག་ན་ཡང་ཞེས་གསུངས་པ་ཡིན་ནོ། །གང་གི་ཚེ་བརྩིགས་ཤེ་ན། དེའི་ཕྱིར་ཉི་མ་དེ་ལའོ་ཞེས་བྱ་བ་སྨོས་ཏེ། ཉི་མ་གང་ལ་རིམ་པ་གསུམ་བརྩིགས་པའི་ཉི་མ་དེ་ཉིད་ལ་གལ་ ཏེ་ལྷག་པར་བརྩིགས་ནའོ་ཞེས་བྱ་བའི་དོན་ཏོ། །རིམ་པ་གང་དང་གང་ལ་ཉི་མ་གཞན་ལ་བརྩིགས་པ་ཉིད་དེ་ལ་ནི་འདིར་གྲངས་ཤེས་པར་བྱ་བ་མ་ཡིན་ནོ། །གཞན་ལ་ཡང་འཇིམ་པ་མེད་པ་ལས་སོ་ཞེས་བྱ་བ་ནི་ཉི་མ་གཞན་ལ་ཡང་ཕ་གུ་འཇིམ་པ་མེད་པ་གསུམ་ལས་ལྷག་ པར་བརྩིག་པ་བྱས་ན་ཞེས་བྱ་བའི་དོན་ཏོ། །བར་དུ་ཆོད་པ་ཕ་གུ་འཇིམ་པ་མེད་པ་ལ་འདིར་བགྲང་བར་བྱ་བ་ཉིད་ཅེས་བྱ་བ་དོན་གྱིས་རྟོགས་པའོ། །ཆུ་ཁུང་དག་མ་བཏོད་པ་ཡང་རུང་ངོ་ཞེས་བྱ་བ་ནི་ཉི་མ་གཞན་ལ་ཡང་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིག་པར་བྱས་ནས་གཞན་ལ་ཡང་ཞེས་ བྱ་བར་སྦྱར་བར་བྱའོ། །གང་ཞིག་རྟེན་གྱིས་རིགས་པ་ལས་མ་འདས་པའི་ཆུ་ཁུང་བཏོད་པའི་གནས་ཡན་ཆད་ནས་འདིར་རིམ་པ་གསུམ་བགྲང་བར་བྱ་བ་ཉིད་ཅེས་བྱ་བ་དོན་གྱིས་རྣམ་པར་གཞག་པའོ། །བརྐོས་ཏེ་རྩ་བ་མ་བཙུགས་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་ཉི་མ་གཞན་ལ་ཡང་ཕ་གུའི་རིམ་པ་ གསུམ་ལས་ལྷག་པར་བརྩིག་པར་བྱ་བ་ལ་གཞན་གྱིས་ཀྱང་ཐོག་མ་ནས་བརྩམས་ཏེ། འདིར་བགྲང་བར་བྱ་བ་ཉིད་ནི་རིམ་པ་རེ་རེར་བྱེད་དུ་བཅུག་ན་ཡང་དངོས་གཞིར་རིག་པར་བྱའོ། །གང་ལ་མི་སྦྱིན་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་བརྐོས་ཏེ་རྩ་བ་མ་བཙུགས་པ་ཉིད་ཀྱང་ངོ་ཞེས་བྱ་བ་སྟེ། བརྐོས་ ཏེ་རྨང་གི་རྩ་བ་འཛུགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྒོ་ཆ་གོང་མ་མ་བཅུག་པ་ལས་ཡང་རུང་ངོ་ཞེས་བྱ་བ་ནི། རིམ་པ་གསུམ་ལས་ལྷག་པར་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །ཇི་སྲིད་དུ་སྒོ་ཆ་གོང་མ་འགེབས་པར་འདོད་པས་ཕ་གུའི་རྟེན་བཙུགས་པ་ དེ་འདིར་གཅིག་གམ་དུ་མ་སྨོས་པ་ཞེས་བྱ་བ་དོན་གྱིས་ཤེས་པར་བྱའོ། །ཕྱོགས་དེ་ནས་བརྩམས་ཏེ་བགྲང་བ་ཉིད་ཅེས་བྱ་བ་ཡང་ངོ་། །རྩིག་པ་གཞན་གསུམ་ལ་འདིར་རིམ་པ་མ་ཡིན་པ་སྦྱོར་བ་ལ་ཉེས་བྱས་ཀྱི་སྦྱོར་བ་ཐམས་ཅད་ལ་ཉེས་བྱས་ཐམས་ཅད་དུ་ཞེས་བྱ་བ་དེ་ཐོས་པའོ། །དེ་ཡང་ཉི་མ་དང་པོ་ ནས་ཞེས་བྱ་བ་བསྟན་པའི་མཚན་མ་ལས་སྔ་མ་ཉིད་ཀྱིས་གསུམ་ལ་བརྟེན་ནས་དགག་པར་བྱའོ། །དང་པོའི་མདུན་རོལ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་འདིར་ཡང་ལྟུང་བའི་རྒྱུར་གྱུར་པ་ལས་དང་པོ་གསུམ་ལས་རིམ་པ་ལྷག་པར་རྩིག་པ་ལ་དེ་ལ་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ། །གཙུག་ལག་ཁང་གི་ ལྟུང་བྱེད་དོ།། །།ཕམ་པར་གྱུར་པ་མ་བྱུང་བ་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ལོ་ཉི་ཤུ་ལས་མི་ཉུང་བ་གྲོང་ཁྱེར་པའི་སྐད་སྨྲ་བ་དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བ་ཉིད་ཀྱི་ཕྱིར་བཅོས་པ་བྱས་པ་དགེ་སློང་མའི་སྟོན་པར་བསྐོའོ་ཞེས་བྱ་བ་ནི་གསོ་སྦྱོང་བཅོ་ལྔ་པ་ལ་མཚམས་ཀྱི་ནང་དུའོ། །ཕམ་པར་ འགྱུར་བ་མ་བྱུང་བ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་བའོ། །ལོ་ཉི་ཤུ་ལས་མི་ཉུང་བ་ཞེས་བྱ་བ་ནི་གང་ཞིག་ཚིག་འདིས་ནི་རྒྱལ་ཚབ་ལྟ་བུ་ཞེས་བྱ་བ་མངའ་བདག་ཉིད་དང་བདག་པོ་དང་ལྡན་པ་ཉིད་དེའི་དོན་ཏོ། །གནས་བརྟན་ཉིད་ཀྱི་བདག་པོ་ཉིད་གང་ཡིན་པ་དེ་ནི་འདིར་མངོན་པར་འདོད་ པ་ཞེས་བྱ་བ་གནས་བརྟན་གྱི་རྣམ་གྲངས་ཉིད་ཀྱིས་བརྗོད་པར་རྟོགས་པའོ། །གྲོང་ཁྱེར་བའི་སྐད་སྨྲ་བ་ཞེས་བྱ་བ་ནི་སྒྲ་མཁས་པ་སྟེ་རིགས་པ་དང་གྲོལ་བར་སྨྲ་བ་ཞེས་བྱ་བའི་དོན་ཏོ། །རང་བཞིན་ཉིད་ཀྱིས་གཞན་གང་ཞིག་སྤང་བ་རྣམས་ལ་བདག་གིས་བརྩམས་པ་གང་ཞིག་སྤོང་བ་རྣམས་ལ་ཁྱོད་ ཀྱི་ལས་ཏེ། འདི་སྐད་ཅེས་གང་ཞིག་སྤང་བར་བྱ་བ་ཉིད་བདག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་མི་ནུས་པ་ལ་མཐོ་བཙམས་པ་ཞེས་བྱ་བ་དེ་ལ་བརྟེན་པའོ། །དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བ་ཉིད་ཀྱི་ཕྱིར་བཅོས་པ་བྱས་པ་ཞེས་བྱ་བ་ལ། འདིར་གཞི་ནི་འདིས་དགེ་སློང་མ་ལུས་ ཉེ་བར་འདྲེས་པས་སྐྱོན་ཅན་དུ་འགྱུར་བ་ནི་མ་ཡིན་ནོ། །འདིས་དགེ་སློང་མའི་ལུས་ལ་ལུས་ཉེ་བར་གཞོལ་བར་ནི་མི་འགྱུར་བའམ། འདིས་དེ་སྐྱོན་ཅན་དུ་བྱས་པ་ལ་ལྟུང་བ་ཕྱིར་བཅོས་པ་བྱས་པ་ཞེས་གསུངས་པ་ཡིན་ནོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེ་ལ་བསྒྲུབ་པའོ། །གང་གི་ཚེ་ན་མཐུན་ པ་ཡིན་ཞེ་ན། དེའི་ཕྱིར་གསོ་སྦྱོང་བཅོ་ལྔ་པ་ལའོ་ཞེས་བྱ་བ་སྨོས་ཏེ། དེ་ནི་མཐུན་པའི་གསོ་སྦྱོང་ལ་སོགས་པ་བསལ་བའི་ཕྱིར་རོ། །འདིས་གསོ་སྦྱོང་བཅུ་བཞི་པ་ནི་མ་བསལ་བ་སྟེ། བཅོ་ལྔ་པ་ཉིད་གཞན་ཞེས་བྱ་བའི་ཚེས་བཅོ་ལྔའི་ཡིན་པའི་ཕྱིར་རོ། །ཕྱོགས་གང་དུ་བསྐོ་བར་བྱ་ཞེ་ན། དེའི་ ཕྱིར་མཚམས་ཀྱི་ནང་དུའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་མདོ་སྡེ་ལ་སོགས་པ་འཛིན་པ་མེད་ན་ཇི་ལྟ་བུ་ལས་བསྐོ་བར་བྱ་ཞེ་ན། དེའི་ཕྱིར་མདོ་སྡེ་ལ་སོགས་པ་འཛིན་པ་མེད་ན་སོ་སོར་ཐར་པ་ཐོན་པའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མའི་སྟོན་པར་བསྐོ་བར་བྱའོ། །དེ་ཡང་མེད་ན་ཕམ་པར་འགྱུར་བའམ་ ལྕི་བའི་ཆོས་རྣམས་སྟོན་པར་ནུས་པའོ་ཞེས་བྱ་བ་ནི། སོ་སོར་ཐར་པ་ཐོན་པ་དེ་ཡང་མེད་ན་དགེ་སློང་མའི་ཕམ་པར་འགྱུར་བ་བརྒྱད་དམ་ལྕི་བའི་ཆོས་རྣམས་སྟོན་ནུས་པའི་ངང་ཚུལ་ཅན་དེ་བསྐོ་བར་བྱའོ། །ཕྱི་མ་ནི་སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ་ཡོངས་ སུ་དག་གམ། མཐུན་ནམ་ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་འགའ་ཞིག་དགེ་འདུན་ལས་འོང་ངོ་། །ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གིས་ གདམས་ངག་དང་རྗེས་སུ་སྟོན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པའོ་ཞེས་བྱ་བ་ནི་འདི་ལ་ཡང་དག་པར་བསལ་བར་བྱེད་པ་དགེ་སློང་མའི་སྟོན་པ་ཕྱི་མ་ནི་དེ་ལྟ་བུ་ལས་བསྐོ་བར་བྱའོ་ཞེས་སྦྱར་བར་བྱའོ། །ཆོས་བླ་མའི་མཐུ་དང་ལྡན་པ་ནི་མ་གཏོགས་ སོ་ཞེས་བྱ་བ་ནི་མ་བསྐོས་ཀྱང་འདི་དང་རྗེས་སུ་མཐུན་པའི་གདམས་ངག་སྟོན་པ་ལ་ཉེས་པ་མེད་ཅེས་བྱ་བའོ། །བསྐོས་པ་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་དང་མ་བསྐོས་པ་དགེ་སློང་མ་ལ་སྟོན་ནའོ་ཞེས་བྱ་བ་ལ། གཅིག་དང་ཡང་མི་ལྡན་པ་ཞེས་བྱ་བའི་ཆོ་ག་འདའ་བར་བྱེད་པ་ལས་མ་གྲགས་ པ་མེད་དོ་ཞེས་བྱ་བ་བསྐོས་པ་ཉིད་ཁོ་ན་ལ་འདིའི་ལས་བྱས་པ་ཉིད་དུ་སེམས་པར་དེའི་ཕྱིར་ཚིག་འདི་སྨོས་སོ། །དེ་བས་ན་ཇི་ལྟར་ཉེ་བར་བརྗོད་པའི་ཡན་ལག་གཅིག་མེད་ཀྱང་བསྐོས་པ་དང་མ་བསྐོས་པ་ཡོད་ཀྱང་ཡན་ལག་འདི་རྣམས་ལ་ཡང་མ་བསྐོས་པར་གདམས་ངག་སྟོན་པའི་ལྟུང་བྱེད་དོ།། །།སྔར་ བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་ལ་གསོ་སྦྱོང་གི་ཚིག་མེད་པ་དེ་ཉིད་ལ་འདིར་བསྐོས་པ་དེའང་མ་བསྐོས་པར་ཤེས་པར་མི་བྱའོ། །འདི་ལྟར་བསྐོས་པ་ཉིད་ཡིན་པས་ལན་ཅིག་བསྐོས་པས་ཇི་སྲིད་འཚོའི་བར་དུ་ཉེས་པ་མེད་ཅེས་བྱ་བ་དེ་ལ་འདི་བསྟན་པར་བྱའོ། །འདིར་གཞུང་ནི་ བཙུན་པ་རེ་ཞིག་ལན་ཅིག་དགེ་སློང་མའི་སྟོན་པར་བསྐོས་པ་གང་ལགས་པ་དེ་ཅི་དུས་གཞན་གྱི་ཚེ་ཡང་བསྐོ་བར་བགྱིའམ་འོན་ཏེ་མ་བསྐོས་པར་ཡང་བསྟན་པར་བགྱི། ཉེ་བ་འཁོར་དེར་བསྐོས་པ་དེ་ཉིད་ཀྱིས་བསྐོས་པ་ཡིན་ནོ་ཞེས་གསུངས་སོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་ཀྱང་ལན་ཅིག་ བསྐོས་པ་ཇི་སྲིད་འཚོའི་བར་དུ་བསྟན་པར་བྱའི་ཡང་བསྐོ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆོས་བཤད་པར་གསོལ་བ་ལ་ཡང་རྣམ་པ་འདི་ཉིད་ཡིན་པར་གསུངས་པ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་མས་མ་གསོལ་བར་ཆོས་སྨྲ་བ་ལ་ལྟུང་བར་ཡང་མི་འགྱུར་བ་འགའ་མཆིས་སམ་ཡོད་དེ་སྔར་གསོལ་ ཟིན་པའོ་ཞེས་བྱ་བ་ནི། དུས་སུ་མར་ལམ་ལ་བསྐུལ་བར་བྱས་པ་དེའི་ཕྱིར་འདི་གསུངས་པར་རྣམ་པར་གནས་པ་ཡིན་ཞེས་བྱ་བར་རིག་པར་བྱའོ། །དགེ་འདུན་དུ་མ་ལངས་ཤིང་འོས་པ་ལ་གསོལ་ན་ཉེས་པ་མེད་དོ་ཞེས་བྱ་བ་ནི། གནས་གང་ན་ཐམས་ཅད་དུ་དགེ་འདུན་དུ་མ་ལངས་པ་དེ་ནི་འོས་པ་ཕམ་པར་ མ་བྱུང་བ་ལ་སོགས་པ་ཕྱི་མའི་མཐར་མ་བསྐོས་པར་དེ་ལ་དགེ་སློང་མ་རྣམས་ཀྱིས་གསོལ་བ་ཉིད་ན་དགེ་སློང་མ་རྣམས་ལ་སྟོན་པ་ན་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་དག་ལ་ཡང་ངོ་ཞེས་བྱ་བ་ནི་དགེ་སློང་གང་ལ་དགེ་སློང་མ་རྣམས་ཀྱིས་གསོལ་བ་འདེབས་པར་བྱེད་པ་དེ་དག་སྟོན་པ་ལ་ཡང་ལྟུང་བ་མེད་དོ། །གསོལ་ བ་འདེབས་པ་དེ་དག་འོས་སུ་རུང་བ་མ་ཡིན་ན་མི་བྱའོ་ཞེས་བྱ་བ་འདིའི་རྗེས་སུ་འབྲངས་ནས་བྱ་བར་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས་གང་ན་དགེ་སློང་གཅིག་གམ་གང་ན་གཉིས་སམ་གང་ན་གསུམ་གནས་པ་ལ་གལ་ཏེ་སྟོན་པའི་འོས་ཡིན་ན་ཉེ་བར་སོང་ལ་གསོལ་བར་བྱའོ་ཞེས་ གསུངས་པ་ཡིན་ཏེ། སྟོན་པའི་འོས་སུ་རུང་བ་ཡིན་ན་ཞེས་བྱ་བའི་དོན་ཏོ། །མ་བསྐོས་པར་སྟོན་པའི་ལྟུང་བྱེད་དོ།། །།ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །དེའི་ཕྱིར་ཉི་མ་ནུབ་པ་ཉིད་ལའོ་ཞེས་བྱ་བ་སྨོས་སོ། །ཅི་ཞིག་རྗེས་སུ་བསྒྲུབ་ན་འདིའི་བྱེད་པ་པོ་ཉིད་ཡིན་ ཞེ་ན། དེའི་ཕྱིར་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་གཏོགས་པར་དགེ་སློང་མ་ལ་སྟོན་ནའོ་ཞེས་བྱ་བ་སྨོས་ཏེ། མཚན་ཐོག་ཐག་ཏུ་ཉན་པ་ལས་གཞན་དུ་དགེ་སློང་མ་ལ་སྟོན་ན་ཞེས་བྱ་བའི་དོན་ཏོ། །ཅི་གནས་ཐམས་ཅད་དུའམ་ཞེ་ན། དེའི་ཚེ་གལ་ཏེ་སྒོ་ཕྱེ་ཞིང་དེ་ལྟ་བུའི་གཙུག་ལག་ཁང་གི་ མདུན་ན་དབྱར་ཁང་འདུག་པ་ནི་མ་ཡིན་པར་རོ་ཞེས་བྱ་བ་སྨོས་ཏེ། དེའི་ཚེ་ཞེས་བྱ་བ་ནི་སྟོན་པའི་དུས་ཀྱི་ཚེའོ། །དེ་ལྟ་བུའི་ཞེས་བྱ་བ་ནི་སྟོན་པའི་དུས་ལའོ། །སྒོ་ཕྱེ་ཞིང་ཞེས་བྱ་བ་ནི་རང་གི་གནས་ཐོབ་པ་ལས་འདིར་ཕོངས་པ་མེད་པ་ཞེས་བྱ་བ་ནི་ཉེས་པ་མེད་པའོ། །དེ་བས་ན་འདི་མཚོན་པ་ ཙམ་ཡིན་ཏེ། གཞན་དུ་ན་ཡང་གང་དུ་དགེ་སློང་མ་རྣམས་ལ་ཕོངས་པ་མེད་པ་དེ་ལ་ཡང་ལྟུང་བ་མེད་དོ། །དེ་ལྟར་ཡང་འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་འགའ་ཞིག་ཡོད་དེ་གདུགས་བས་པའི་དུས་ཀྱི་ཚེའི་བར་དུ་དགེ་སློང་མ་ལ་སྟོན་པར་བགྱིད་ན་ལྟུང་བར་ཡང་མི་འགྱུར་ བ་འགའ་མཆིས་སམ། བཀའ་སྩལ་པ་ཡོད་དེ་དབྱར་ཁང་དུ་སྟོན་ན་ཇི་སྲིད་དུ་དགེ་སློང་མ་རྣམས་ཀྱི་གྲོང་འདབ་ཀྱི་གཙུག་ལག་ཁང་ངམ་ཁང་ཁྱིམ་དག་ཏུ་སྟོན་ན་ལྟུང་བ་མེད་དོ། །གྲོང་གི་ཕྱི་རོལ་དུ་སྟོན་པ་ནི་མ་གཏོགས་སོ་ཞེས་གསུངས་པ་ཡིན་ནོ། །ཉི་མ་ནུབ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་ དོ།། །།དགེ་སློང་མས་ཆོས་འདྲི་བ་ལ་མི་འཇིགས་པར་བྱ་བའི་ཕྱིར་དགེ་སློང་ལ་ཟས་དབུལ་བར་བྱའོ་ཞེས་བྱ་བ་ནི་དགེ་སློང་མས་ཆོས་དྲི་བ་ལ་མི་འཇིགས་པར་བྱ་བའི་ཕྱིར་དགེ་སློང་ལ་ཟང་ཟིང་དབུལ་བར་བྱའོ། །རྒྱ་ཅང་དང་ཤུར་བུ་དང་ལྕག་པོད་དང་ཤུར་བུ་ཕྲེའུ་ཡང་ངོ་ཞེས་བྱ་བ་ནི་དབུལ་བར་བྱའོ་ཞེས་ བྱ་བར་སྦྱར་རོ། །དགེ་སློང་གིས་དེ་དག་བླང་བར་བྱའོ་ཞེས་བྱ་བ་ལ་དེ་དག་ཅེས་བྱ་བ་ལ་སོགས་པ་གོས་འཛིན་པ་དགག་པ་དང་འབྲེལ་པའི་དོན་ལ་དམིགས་ཀྱིས་བསལ་བ་ལྡེ་མིག་ཀྱོག་པོ་ལ་སོགས་པ་བཟུང་ངོ་། །ཅི་ཞིག་རྗེས་སུ་བསྒྲུབ་ན་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་དེ་ལྟར་གྱུར་པ་མ་ཡིན་པ་ལ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་ནའོ་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བུར་གྱུར་པ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པར་བྱེད་པ་པོ་མ་ཡིན་པ་ལའོ། །འདིར་བདེན་པ་ཉིད་དུ་རྣམ་པར་གཞག་པར་རིགས་ པ་ཡིན་ཏེ། འདུ་ཤེས་ཙམ་ལས་ནི་མ་ཡིན་ནོ། །བརྫུན་དུ་སྨྲ་བ་བཀག་པ་ཉིད་ཀྱི་ཕྱིར་དགག་པར་བྱ་བ་མ་ཡིན་པ་ཉིད་ཐལ་བའི་ཕྱིར་རོ། །འདིར་གཞུང་ནི་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་པ་བདེན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ ལྟུང་བྱེད་དོ།། །།ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨོས་སོ། །ཅི་ཞིག་རྗེས་སུ་བསྒྲུབ་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ གོས་བྱེད་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་མཐར་ཐུག་ན་དངོས་གཞི་སྟེ། མདུན་རོལ་དུ་ནི་སྦྱོར་བ་ཞེས་བྱ་བར་རིག་པར་བྱའོ། །གོས་འཚེམ་པའི་ལྟུང་བྱེད་དོ།། །།ཤེས་གཙོ་བོ་ཞེས་བྱ་བ་དང་། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་འདིར་ཁས་བླངས་ནས་རྗེས་སུ་བསྒྲུབ་པ་འདིའི་བྱེད་པ་ པོ་ཉིད་ཅེས་བྱ་བ་འདི་ལ་བརྗོད་པར་བྱ་སྟེ། དེའི་ཕྱིར་གོས་བྱིན་ནའོ་ཞེས་བྱ་བ་ནི་གོས་བྱིན་ནའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞིག་བྱིན་ཞེ་ན། དེའི་ཕྱིར་གོས་འབུལ་བ་མ་ཡིན་པའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་ལ་གོས་འབུལ་བ་མ་གཏོགས་པར་སྦྱིན་པར་བྱེད་ན་ཞེས་བྱ་བའི་དོན་ཏོ། །ཅི་ འདི་ལྟ་བུར་གྱུར་པ་ཐམས་ཅད་ལ་སྦྱིན་ན་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། དེའི་ཕྱིར་གལ་ཏེ་བོར་རླག་བྱུང་བ་དང་། ལེགས་པར་སྨྲས་པ་དང་བསྙེན་པར་རྫོགས་པར་བྱེད་པ་དང་། བརྗེ་བའི་ཕྱིར་མ་ཡིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། དོན་འདི་རྣམས་ལ་སྦྱིན་པ་གང་ཡིན་པ་དེ་ལ་ནི་ཉེས་པ་མེད་ཅེས་ བྱ་བའི་དོན་ཏོ། །གོས་སྦྱིན་པའི་ལྟུང་བྱེད་དོ།། །།ལམ་བརྒྱགས་བསྐུར་བར་བྱའོ། །རྩེ་རྒོད་དང་རྩེ་རྒོད་མོ་དང་དགེ་ཚུལ་དང་། དགེ་ཚུལ་མ་དག་གིས་སོ། །དགེ་སློང་དང་དགེ་སློང་མ་རྣམས་གཅིག་གི་ལམ་བརྒྱགས་གཅིག་གིས་བསྐུར་དུ་རུང་ངོ་། །གཅིག་གིས་གཅིག་གི་བྱིན་ལེན་ ཡང་ངོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་རྣམས་ལ་གཅིག་གི་བྱིན་ལེན་ཡང་གཅིག་གིས་བྱར་རུང་སྟེ། རིགས་པ་ལས་མི་འདའ་བར་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་མ་རྣམས་ལ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་དོར་བར་མི་བྱའོ། ། དེ་བསྐུར་བར་བྱའོ་ཞེས་བྱ་བ་ནི་ནད་པ་དེའོ། །དགེ་སློང་མ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་ཀྱང་ལམ་དུ་དོར་བར་མི་བྱ་བ་དང་། དེ་བསྐུར་བར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ནི་མི་ནུས་པ་ཉིད་ཀྱི་ཕྱིར་དགེ་སློང་མ་རྣམས་ཀྱི་མིང་འདི་མི་བྱ་ཞེས་བྱ་བ་དོགས་པ་བསལ་བའི་དོན་དུའོ། །དེ་ལ་ ཕན་ཚུན་དུ་གྲོགས་བྱའོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་རྣམས་ཀྱིས་སོ། །དེ་ལ་ཞེས་བྱ་བ་ནི་ནད་པ་བསྐུར་བ་ལའོ། །ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མགོ་ལོགས་ནས་གཟུང་བས་སོ་ཞེས་བྱ་བ་སྨོས་ཏེ། མགོ་བོའི་མཐའ་མ་ཕྱོགས་གཞན་ནས་གཟུང་བར་བྱ་ཞེས་བྱ་བའི་དོན་ཏོ། །གྲོང་དུ་ཕྱིན་པ་ཉིད་ སོང་ན་ཡང་ཉེས་པ་མེད་དོ་ཞེས་བྱ་བ་སྟེ། ཅི་དུས་ཐམས་ཅད་དུ་འགྲོ་བ་ལ་ཉེས་པ་མེད་དམ་ཞེ་ན། དེའི་ཕྱིར་ནད་པའི་སྨན་དང་ཟན་ལེགས་པར་སྦྱར་ཏེ་རང་བཞིན་མཐུན་པའི་ནད་གཡོག་གཅིག་དང་བཞག་ནས་སོ་ཞེས་བྱ་བ་སྨོས་ཏེ། མཐུན་པའི་ཞེས་བྱ་བ་ནི་མཚན་འདྲ་བ་ཉིད་ཀྱིས་ཏེ་སྐྱེས་ པ་ལ་སྐྱེས་པ་དང་བུད་མེད་ལ་བུད་མེད་གཞག་པར་བྱ་ཞེས་བྱ་བའི་དོན་ཏོ། །གང་ལ་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་འཇིགས་པ་དང་བཅས་པའི་ལམ་ཉིད་དུ་འགྲོན་ཐབས་ཅིག་ཏུ་ཞུགས་ཤིང་ཐ་མི་དད་པར་འགྲོ་བ་ཉིད་མ་གཏོགས་པར་དགེ་སློང་མ་གཅིག་དང་ཡང་ལམ་ ནས་འདའ་ཞིང་འགྲོ་ནའོ་ཞེས་བྱ་བ་སྨོས་ཏེ། འཇིགས་པ་དང་བཅས་པའི་ལམ་ཉིད་དུ་གང་ཞིག་འགྲོན་ཐབས་ཅིག་ཏུ་བདག་པོ་དང་བཅས་པའི་གཅིག་པའི་དངོས་པོ་མེད་པར་འགྲོ་བ་དེ་ལས་གཞན་པ་ལའོ། །དགེ་སློང་མ་གཅིག་ལ་ཡང་འགྲོ་བ་གཅིག་ཉིད་ཡོད་པ་ལ་ལམ་ལས་འདའ་ བར་བྱེད་པ་ལ་ཞེས་བྱ་བའི་དོན་ཏོ། །འདིར་དགེ་སློང་གི་འགྲོན་ཐབས་ཀྱི་ཚིག་ནི་རིགས་ཙམ་མཚོན་པར་གནས་པ་ཡིན་ནོ། །དེའི་ཕྱིར་དགེ་སློང་མ་གཅིག་ལ་ཡང་ཞེས་བྱ་བ་སྨོས་སོ། །ལམ་དུ་འཇིགས་པ་དང་བཅས་པ་ཉིད་ལ་ཡང་བཅད་ནས་འགྲོ་བ་རིགས་པ་དང་ལྡན་པ་ཉིད་དོ། །དེ་བས་ ན་འགྲོན་ཐབས་ཅིག་ཏུ་འདོང་ཞིང་འགྲོགས་པ་ཙམ་ལ་ཉེས་པ་མེད་པ་ཉིད་དུ་བསྟན་ནོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོགས་མེད་པར་ཅིག་ཅར་ཉིད་དུ་འགྲོ་བ་ཞེས་བྱ་བ་འདི་རྣམ་པར་གནས་པ་ཡིན་ནོ། །འདིར་ཇི་སྲིད་དུ་འདས་ན་ཞེ་ན་དེའི་ཕྱིར་རྒྱང་གྲགས་རེ་རེའོ། །དེའི་ཕྱེད་རེ་རེར་ཉེས་བྱས་སོ་ཞེས་བྱ་ བ་ནི་རྒྱང་གྲགས་རེ་རེར་དངོས་གཞི་སྟེ། རྒྱང་གྲགས་ཕྱེད་ཕྱེད་དུ་ནི་ཉེས་བྱས་སོ། །བསལ་བ་ཉིད་ཀྱི་དོན་དུ་འདི་ལམ་དུ་འགྲོ་བ་ལ་རྒྱང་གྲགས་ཀྱི་བདག་ཉིད་དེ་སྦྱོར་བའི་ཕྱེད་ཅེས་བྱ་བར་གྲུབ་བོ། །དགེ་སློང་མ་དང་ལམ་དུ་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ།། །།ཅི་ཞིག་གྲུར་འཇུག་པའི་ལྟུང་བྱེད་དུ་འགྱུར་ ཞེ་ན། དེའི་ཕྱིར་འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་མ་གཏོགས་པར་འཐམས་ནས་ཅིག་ཅར་གྲུ་གཅིག་གི་ལམ་ལས་འདས་ཤིང་འགྲོ་ནའོ་ཞེས་བྱ་བ་སྨོས་ཏེ། ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་སོ། །ལམ་ལས་འདས་ཤིང་རྒྱང་གྲགས་རེ་རེ་དང་རྒྱང་གྲགས་ཕྱེད་དུ་ཉེས་བྱས་སུ་ཞེས་བྱ་བར་སྦྱར་རོ། ། དགེ་སློང་མ་གཅིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་འདི་ལ་དོན་གྱིས་གསུམ་པར་འགྱུར་བ་དང་ལྷན་ཅིག་ཏུ་འདི་དོན་གྱིས་ཐོབ་པའོ། །འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་ལས་གང་ཞིག་འདའ་ཞིང་འགྲོ་ནའོ། །འཐམས་ནས་དེ་མ་གཏོགས་པར་དགེ་སློང་མ་དང་ལྷན་ཅིག་ཏུ་དེའི་ཕྱིར་ཞུགས་པ་ན་ ཡོ་བ་དང་གཏིབ་ཆད་པ་དང་རྦ་ཀློང་དང་ལས་བཟུར་བ་དང་རུ་སྐྱ་དང་གདོས་པ་ཆག་པ་དང་རུ་སྐྱ་འཛིན་པའི་དབང་གིས་འཇུག་པ་གཞན་དུ་སོང་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་སྨོས་ཏེ། ཡོ་བ་ལ་སོགས་པ་ལས་བཟུང་བའི་དབང་གིས་རུ་སྐྱ་དང་གདོས་པའི་དབང་ངམ། རུ་སྐྱ་འཛིན་པའི་དབང་གིས་ཐད་ཀར་ཕ་ རོལ་དུ་འགྲོ་བའི་དོན་དུ་ཞུགས་པ་ཡོད་པ་ལས་འཇུག་པ་གཞན་དུ་སོང་བ་ལ་ཉེས་པ་མེད་དོ། །དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དོ།། །།གཅིག་པུ་འདུག་པའི་ལྟུང་བྱེད་ལ་ཡན་ལག་གང་དག་བྱེད་པ་པོ་དག་ཡིན་ཞེ་ན། དེའི་ཕྱིར་བུད་མེད་གཅིག་པུ་ཉིད་དང་སྐྱེ་བོའི་རྒྱུན་ལུགས་མེད་པ་ ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང་སྐྱབས་དང་བཅས་པ་ཉིད་དང་བར་འདམ་གང་ཉིད་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བུད་མེད་གཅིག་པུ་ཉིད་ནི་བུད་མེད་གཅིག་པུ་ཉིད་དོ། །འདིར་དབེན་པ་ན་འདུག་སྟེ་བྱེད་པ་པོ་ནི་བུད་མེད་ཉིད་དོ་ཞེས་བྱ་བ་ཁྱད་པར་ཉིད་ཀྱིས་དེ་འདིར་བརྟེན་པ་སྟེ་བུད་ མེད་ཉིད་ནི་མ་ཡིན་ཞེས་བྱ་བའོ། །ཐ་དད་པ་ཉིད་ཀྱིས་ཇི་ལྟར་དབེན་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། སྐྱེ་བོ་མང་པོའི་རྒྱུན་ལུགས་བྱེད་པ་ཉིད་འདི་ལ་ཡོད་པ་ན་ཞེས་བྱ་བའི་བསྡུ་བའོ། །སྐྱབས་དང་བཅས་པ་ཉིད་ཅེས་བྱ་བ་ནི། རྩིག་པས་ བསྒྲིབས་པའམ་སབ་མོས་བསྒྲིབས་པ་འམ་ཡོལ་བས་བསྒྲིབས་པ་ཞེས་བྱ་བ་འདིར་གསུངས་སོ། །དེ་ཡང་མཚོན་པ་ཙམ་གྱིས་དེ་མཐོང་བའི་ཡུལ་བཅད་པས་རྣམ་པར་གནས་པ་ཡིན་ནོ། །དེ་ལྟར་ཡང་དགེ་སློང་མའི་རྣམ་པར་འབྱེད་པ་ལས་མུན་ནག་མཐུག་པོ་དག་ཀྱང་བསྡུའོ་ཞེས་བྱ་བ་ སྐྱབས་ཙམ་ལ་ཡང་དག་པར་བརྟེན་པ་དང་བར་འདོམ་གང་ཉིད་ཅེས་བྱ་བའོ། །བུད་མེད་དང་ལྷན་ཅིག་ཏུ་གནས་པ་འདིའི་གང་དུ་འདི་རྣམས་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་འདུག་པ་ལའོ་ཞེས་བྱ་བ་སྨོས་སོ། །དེའི་ངོ་བོ་ཇི་ལྟ་བུ་ཞེ་ན་དེའི་ཕྱིར་དེ་ནི་རྐུབ་ཚོས་ཙམ་བཞག་པའོ་ཞེས་བྱ་བ་སྨོས་ཏེ། དེའི་ཞེས་བྱ་བ་ནི་འདུག་པའོ། །གཅིག་པུ་འདུག་པའི་ལྟུང་བྱེད་དོ།། །།དེ་མ་ཐག་པར་བསྟན་པ་འདི་ཐམས་ཅད་ཁས་བླངས་ནས་བྱེ་བྲག་འགའ་ཞིག་བརྗོད་པར་བྱ་སྟེ། དེའི་ཕྱིར་དགེ་སློང་མ་དང་ངོ་ཞེས་བྱ་བ་སྨོས་ཏེ། བུད་མེད་ཀྱི་གནས་སུ་འདིའོ། །འདི་ བྱེ་བྲག་བསྟན་པ་ཡིན་ཏེ། འདིར་དགེ་སློང་མ་གཅིག་པུ་ཉིད་བྱེད་པ་པོ་ཡིན་གྱི། བུད་མེད་ཙམ་པོ་གཅིག་པུ་ཉིད་ནི་མ་ཡིན་ཞེས་གསུངས་པ་ཡིན་ནོ། །སླར་འདིར་ཅིའི་ཕྱིར་བུད་མེད་ཙམ་བརྟེན་པ་ཡིན་ཏེ། བསོད་ནམས་ཀྱི་དོན་དུ་འགྲེང་བ་ལ་སོགས་པ་ལ་འདི་དག་ལ་སྦྱར་བའི་ཕྱིར་ཁྱིམ་ པ་མོ་དང་ལྷན་ཅིག་ཏུ་གནས་པ་འདི་ལ་བཟུར་བ་ཞེས་བྱ་བ་མཐོང་བ་ཡིན་ནོ། །གང་ལ་དེ་དག་བྱེད་པ་པོ་དག་ཅེས་བྱ་བ་འདིར་འདུག་པའི་གནས་ལས་ཐོབ་པ་འཇུག་པ་བརྗོད་པར་བྱ་སྟེ། འགྲེང་བ་ལའོ་ཞེས་བྱ་བ་སྨོས་སོ། །གཅིག་པུ་འགྲེང་བའི་ལྟུང་བྱེད་དོ།། །།ཤེས་གཙོ་བོའོ་ཞེས་བྱ་བ་ནི་ འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །གཙོ་ཆེར་ཤེས་ཤིང་ཞེས་བྱ་བ་འདི་ནི་དེའི་རྣམ་པར་འབྱེད་པ་ལས་ཀྱང་གལ་ཏེ་དགེ་སློང་གིས་དེ་ཤེས་ལ་ཟོས་ཏེ། གལ་ཏེ་དགེ་སློང་མ་སྦྱོར་དུ་བཅུག་པ་ལ་དགེ་སློང་མས་སྦྱོར་དུ་བཅུག་པར་ཤེས་ན་ཞེས་བྱ་བ་འདི་ལྟར་གཞུང་ཡོད་པ་ཡིན་ཏེ། གཞན་དུ་ ཤེས་པའི་བསླབ་པའི་གཞི་ལ་རྗེས་སུ་འབྲངས་ནས་འདིར་རྣམ་པར་ཤེས་པ་ཡིན་ནོ། །གང་དུ་འདུ་ཤེས་པ་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་སྦྱོར་དུ་བཅུག་པ་ནི་བསྐོས་པ་སྟེ། བསྐོས་པ་ནི་རྣམ་པར་རིག་བྱེད་དོ། །དེ་ཡང་ཚིག་གིས་ཏེ་སྤྲིང་ ཡིག་ལ་སོགས་པ་རྣམས་ཀྱིས་མ་ཡིན་པས་སོ། །སྦྱོར་དུ་བཅུག་པ་ཟ་བ་ལ་ཞུ་བ་ལས་ཉེས་བྱས་སུ་གསུངས་པའི་ཕྱིར་སྤྲིང་ཡིག་ལ་སོགས་པ་རྣམས་དང་ལག་རྩིས་དང་མངགས་པ་དག་བརྒྱུད་པ་དང་གཞན་ལ་ཟུར་གྱིས་བསོད་སྙོམས་སྦྱོར་དུ་བཅུག་པ་ཟོས་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཇི་ ལྟར་སྦྱོར་དུ་བཅུག་པ་ཉིད་ལ་ཡིན་ཞེ་ན། དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཡོན་ཏན་རྣམས་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དག་ཡིན་པ་བདེན་ན་ལྟུང་བ་མེད་དོ། །མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་ མོ་འཛིན་པ་དག་ཡིན་པ་བདེན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གང་ལ་སྦྱོར་དུ་བཅུག་པ་ཉིད་ལ་ཡིན་ཞེ་ན། དེའི་ཕྱིར་མགྲོན་དུ་མ་བོས་པ་ལའོ། །བོས་པ་ལ་ཡང་ལྷག་ནའོ་ཞེས་བྱ་བ་སྨོས་ཏེ། མགྲོན་དུ་བོས་པ་ལ་ཡང་ལྷག་པར་སྦྱོར་དུ་བཅུག་པ་ཉིད་ལ་དེར་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ ལྟར་ཡང་འདིར་གཞུང་ནི་དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་གཞན་དུ་མགྲོན་དུ་བོས་པས་གྱུར་པ་ན། དེར་དགེ་སློང་མ་འོངས་ཏེ་དྲིས་པ་ཁྱེད་ཅག་གིས་དགེ་སློང་གང་དག་མགྲོན་དུ་བོས་མིང་ཆེ་གེ་མོ་དང་ཆེ་གེ་མོ་དག་གོ། །ཟན་ཇི་ལྟ་བུ་སྦྱིན་སུམ་འཕེལ་གྱི་ཟན་དག་གོ། །མི་རུང་སྟེ་གང་གི་ཕྱིར་དགེ་ སློང་དེ་དག་ནི་རྒྱུན་དུ་ཞུགས་པ་ཡིན་པས་ཞེས་བྱ་བ་ལ་སོགས་པ་འདིར་གང་ཞིག་ལྟུང་བ་རྒྱས་པར་བཤད་པ་ལ་སོགས་པ་མཛད་པ་སྟེ་དེ་བས་ན་འདི་གསུངས་པ་ཡིན་ནོ། །མགྲོན་དུ་བོས་སུ་ཟིན་ཀྱང་གང་ཞིག་སྦྱིན་བདག་གིས་མ་བསམས་པ་སྦྱིན་དུ་བཅུག་པ་གང་ཡིན་པ་དེ་ཡང་བཟའ་བར་བྱ་བ་མ་ཡིན་ ཏེ། གང་གི་ཕྱིར་བོས་པ་ཉིད་ལ་ཡང་མ་བསམས་པ་སྦྱིན་དུ་འཇུག་པ་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །ཅི་ཞིག་སྦྱོར་དུ་བཅུག་པ་ཉིད་ལ་ཡིན་ཞེ་ན། དེའི་ཕྱིར་བཟའ་བ་ལའོ་ཞེས་བྱ་བ་སྨོས་ཏེ། ཡོན་ཏན་ཇི་ལྟ་བུ་དག་གིས་ཤེ་ན། དེའི་ཕྱིར་བསྒྲུབ་པ་ཕུན་སུམ་ཚོགས་པས་སོ། ། དེ་ཐོས་པས་ཀྱང་རུང་ངོ་ཞེས་བྱ་བ་སྨོས་ཏེ། བསྒྲུབ་པ་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པའི་ཐོས་པ་གང་དེའི་རིགས་ལས་སྐྱེས་པའི་ཡོན་ཏན་རྣམས་ལས་ཏེ། བྲོ་གར་དང་གླུ་གླིང་ལ་མཁས་པ་ལ་སོགས་པས་གཞན་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་རྣམས་ཀྱི་རྗེས་སུ་འབྲངས་ནས་ཉེས་ བྱས་སུ་རིག་པར་བྱའོ། །བསྒྲུབ་པ་ཕུན་སུམ་ཚོགས་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའོ། །དེའི་ཐོས་པ་ནི་དེ་ཐོས་པ་དང་རྗེས་སུ་མཐུན་པའོ། །བསོད་སྙོམས་སྦྱོར་དུ་བཅུག་པ་ནི་རྣམ་པ་གཉིས་ཏེ། ཚུལ་ཁྲིམས་ཀྱིས་སྦྱོར་དུ་བཅུག་པ་དང་ཐོས་པས་སྦྱོར་དུ་བཅུག་པའོ། །གང་དེར་ཚུལ་ ཁྲིམས་ཀྱིས་སྨོས་པ་དེ་ལ་ནི་བསྒྲུབ་པའི་ཚིག་འདི་དང་འགལ་བར་ཤེས་པར་བྱ་བ་མ་ཡིན་ཏེ། འདིར་དམ་པ་རྣམས་ཀྱིས་སྤྱོད་པ་ཐམས་ཅད་ལ་ཚུལ་ཁྲིམས་ཉིད་དུ་གསུངས་པ་ཡིན་ཏེ། དེ་བས་ན་རྒྱུན་དུ་ཞུགས་པ་ལ་སོགས་པ་རྣམས་ལ་གོ་རིམས་ཀྱིས་ཤེས་པའོ། །རྗེས་སུ་བསྒྲུབ་པ་ལ་འདི་བྱེད་པ་པོ་ ཉིད་ཡིན་ཞེ་ན་ཞེས་བྱ་བ་སྨོས་ཏེ། ཟོས་པའི་ངོ་བོ་ཉིད་བསྟན་པའི་ཕྱིར་དེ་ནི་མིད་ན་དེའོ་ཞེས་བྱ་བ་སྨོས་ཏེ། ཟོས་པ་དེ་ནི་མིད་ན་དངོས་གཞིར་གྱུར་པའི་ཟོས་པའོ། །གང་ཞིག་འདུན་ནས་ཞེས་བྱ་བ་འདིར་དོན་མ་ཡིན་ནོ། །གཞན་གྱི་དོན་དུ་ན་ན་སྨད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་ གཞན་གྱི་དོན་དུ་དགེ་སློང་མས་སྦྱོར་དུ་བཅུག་པ་གཞན་གྱིས་ཟ་བ་ལ་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས་གཞན་གྱི་དོན་དུ་སྦྱོར་དུ་བཅུག་པར་ཤེས་བཞིན་དུ་ཟོས་ན་ཉེས་བྱས་སོ། །མི་ཤེས་པ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རང་གི་ཆོས་མེད་པ་ལ་ཇི་ལྟ་བུའི་རྣམ་ པར་ཉེ་བར་འཚེ་བ་ལྟ་བུ་ནི་གཞན་གྱི་ཆོས་ལ་མ་ཡིན་ཏེ། གང་གི་ཕྱིར་ཡང་བ་ནི་འདི་ཡིན་ཏེ་དེ་བས་ན་འདི་ཤེས་པའོ། །བསོད་སྙོམས་ལ་ཞུགས་པ་ན་བྱིན་ཅིག་ཅེས་ཟེར་བ་ཡང་ངོ་ཞེས་བྱ་བ་ནི་བྱིན་ཅིག་ཅེས་བྱ་བ་འདི་ལྟར་ན་སྨད་པ་ཉིད་བྱས་པ་ཉིད་དོ། །ཅིའི་དོན་དུ་བྱིན་ཅིག་ཅེས་བརྗོད་པ་ཡིན་ཞེ་ན། དེའི་ཕྱིར་བསོད་སྙོམས་ལ་ཞེས་བྱ་བ་སྨོས་སོ། །གནས་སྐབས་གང་ལ་ལྟུང་བ་ཡིན་ཞེ་ན། དེའི་ཕྱིར་ཞུགས་པ་ན་ཞེས་བྱ་བ་སྨོས་ཏེ། བསོད་སྙོམས་ལ་ཞེས་བྱ་བ་སྦྱར་རོ། །ཁྱིམ་གྱི་ནང་དུ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །ཁྱིམ་གྱི་ནང་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ལ་ལྟུང་བར་འགྱུར་ ཞེས་བྱ་བའི་དོན་བསྡུས་པ་དང་། བྱིན་ཅིག་ཅེས་བྱ་བ་ཡང་བརྗོད་པ་ལ་ན་སྨད་པ་ཉིད་ཅེས་བྱ་བའི་དོན་ཏོ། །འདིར་དང་པོ་བཤགས་པར་བྱ་བའི་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་བསོད་སྙོམས་ལ་ཞུགས་པ་ན། དེ་ན་དགེ་སློང་མ་ཞིག་ཁྱིམ་བདག་ལ་འདི་སྐད་ཅེས་དགེ་སློང་འདི་ལ་བསོད་ སྙོམས་བྱིན་ཅིག་ཅེས་མཆི་ཞིང་དགེ་སློང་དེས་ཀྱང་དེ་བླངས་ཏེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྦྱོར་དུ་བཅུག་པ་ལ་རིགས་འདྲི་བ་འདི་ནི་ཚིག་ཡིན་ཏེ། དེའི་ཕྱིར་འདི་དང་འབྲེལ་བ་ཉིད་ལ་ཁ་ན་མ་ཐོ་བ་འདི་ལ་དེ་དང་འབྲེལ་པ་ཉིད་ཅེས་བྱ་བ་འདིར་གྲགས་ པ་ཡིན་ནོ། །དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་དོ།། །།ཁྱིམ་གཞན་དུ་ཡང་ཟན་ལ་བོས་པ་དང་དུ་བླང་བར་བྱའོ་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲས་ནི་གཙུག་ལག་ཁང་འབའ་ཞིག་ཏུ་མ་ཟད་ཀྱི་ཁྱིམ་གཞན་དུ་ཡང་ངོ་ཞེས་བྱ་བ་འདི་བསྟན་པའི་དོན་དུའོ། །གནས་མལ་གྱི་ ལྟུང་བྱེད་ལས་འདི་ལ་སོགས་པ་སྐོམ་གྱི་ཕྱིར་ཞེས་བྱ་བའི་བར་དུ་འདི་དྲངས་པའོ། །དུས་ཤེས་པར་བྱ་སྟེ་འཇུག་པར་བྱའི་སྔ་ཚོམས་སུ་མི་བྱའོ་ཞེས་བྱ་བ་ནི་འདིར་ཁྱིམ་གཞན་དུ་གང་དུ་བོས་པ་འདི་དང་དུ་བླངས་པར་གྱུར་ན་ཞེས་བྱ་བ་དེ་མ་ཐག་པ་ལས་རྟོགས་པའོ། །ཇི་ལྟར་ཡིན་ཞེ་ན། དེའི་ཕྱིར་གཎྜཱི་ བརྡུངས་ཏེ་རང་གི་འཁོར་ལ་བལྟ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། ཁྱིམ་གཞན་དུ་མགྲོན་དུ་བོས་པ་ལའོ། །གློ་བུར་དུ་འོངས་པ་ལ་ནི་གནས་བརྟན་གྱིས་སོ་ཞེས་བྱ་བ་ནི་འཁོར་དེ་ལ་གནས་བརྟན་གང་ཡིན་པ་དེས་བལྟ་བར་བྱའོ་ཞེས་བྱ་བའི་དོན་གྱིས་རྟོགས་པའོ། །འདིར་དགེ་འདུན་གྱིས་གནས་བརྟན་ལ་ གནས་བརྟན་དུ་བརྗོད་པ་ཞེས་བྱ་བའོ། །དེ་བས་ན་འདིར་གཞུང་ནི་ཡིད་ཆེས་པའི་འཁོར་གྱི་ནང་དུ་སྤྱོད་པའི་དགེ་སློང་གི་འཁོར་ལ་བལྟས་ཏེ་འགྲོ་བར་བྱའོ། །གང་ཞིག་དགེ་སློང་གློ་བུར་དུ་འོངས་པ་དེ་ལ་ནི་དགེ་འདུན་གྱི་གནས་བརྟན་གྱིས་བལྟ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གྱ་ཚོམ་དུ་ཟན་གཅད་ པར་མི་བྱའོ། །སྐོམ་གྱི་ཕྱིར་གསོལ་བ་དག་འདེབས་ན་བསྡད་པར་བྱའོ་ཞེས་བྱ་བ་སྟེ། ཡང་ཡང་ཟ་བའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་ཅིག་ཅར་ཡང་རུང་ཕྱིས་ཀྱང་རུང་སྟེ་གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་པ་རྙེད་པའོ་ཞེས་བྱ་བ་སྨོས་ཏེ། གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་ པ་གཉིས་པ་རྙེད་པ་ནི་བྱེད་པ་པོ་ཡིན་ཏེ། ཅིག་ཅར་རམ་དུས་གང་ལ་མགྲོན་དུ་བོས་པ་གཅིག་ལ་རྙེད་པ་དེ་ཉིད་ལ་ཡང་རྙེད་པ་གཞན་གྱི་ཕྱི་ནས་སོ་ཞེས་བྱ་བའི་དོན་ཏོ། །ཅིག་ཅར་དང་དུ་ལེན་པར་བྱེད་པ་ལ་གཉིས་ཀ་ལ་ཡང་གལ་ཏེ་གོས་མེད་པ་ཉིད་ཡིན་ན་གང་ལ་ཕྱིས་བཟའ་བ་མཐོང་བ་དེ་ལས་ཆོས་ཉིད་ ཀྱིས་ཉེས་བྱས་བསྐྱེད་པའོ། །གལ་ཏེ་གཅིག་ལ་གོས་མེད་པ་ཞེས་བྱ་བ་རིག་པར་བྱའོ། །འདིར་གོས་དང་བཅས་པ་དང་གོས་མེད་པ་དང་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་དང་། གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་རྣམ་པ་བཞིས་ལྟུང་བ་བསྟན་པར་མཛད་དོ། །དེ་ལ་གོས་ དང་བཅས་པ་ཞེས་བྱ་བ་ནི་གོས་དང་བཅས་པ་གཞན་ནས་འདིར་གོས་ལ་བོས་པའོ། །གོས་མེད་པ་ཞེས་བྱ་བ་ནི་གོས་དང་བཅས་པ་གཞན་ནས་འདིར་གོས་མེད་པ་ལ་བོས་པའོ། །གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་དང་། གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་གཉིས་ཀ་ བརྩམས་པ་ཡིན་ཏེ། དེ་ནི་འདིར་མི་འདུས་པར་ཤེས་པར་མི་བྱའོ། །གོས་གཅིག་པ་ཡིན་མོད་དུ་མ་འམ་གང་ཡང་རུང་བ་གོས་དང་བཅས་པ་ཉིད་ཀྱི་འདིར་དགོས་པའོ། །དེ་བས་ན་དེ་ལ་འདི་བསྟན་པའོ། །ཁ་ཅིག་ནི་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་ཞེས་བྱ་ བ་དང་། གོས་མེད་ཅིང་རིན་ཡང་མེད་པ་ཞེས་བྱ་བ་ལ་རྣམ་པ་གཉིས་པོ་འདི་དག་ལ་གོས་ཀྱི་རིན་ཞེས་བྱ་བ་ནི་གོས་དང་ལྡན་པ་ཞེས་བྱ་བ་སྨྲས་པ་ཡིན་ཏེ། འདིས་ཀྱང་གོས་དང་བཅས་པ་ཉིད་རིག་པར་བྱའོ། །དེ་བས་ན་དེ་ལ་འདི་བསྟན་པ་སྟེ། དེ་ཡང་འདིར་བསྡུས་པར་ཤེས་པར་བྱ་བ་མ་ཡིན་ནོ། །གོས་བརྟག་ པ་ཉིད་ཀྱིས་དེའི་རིན་ཐང་བཟུང་བ་སྟེ། ཟས་ཙམ་ལ་བརྟེན་ནས་སླར་མགྲོན་དུ་བོས་པ་ལ་འདོད་པ་ཚོལ་བར་མངོན་པ་ཡིན་གྱི། རྙེད་པ་གཞན་ལ་བརྟེན་ནས་འཇུག་པ་ལ་འདི་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་འདི་རྣམ་པར་གཞག་པའོ། །ཅི་ཞིག་ལ་མགྲོན་དུ་བོས་པ་ལ་ཡིན་ཞེ་ན། དེའི་ཕྱིར་བཟའ་བར་བྱའོ་ ཞེས་བྱ་བ་སྨོས་སོ། །ཇི་ལྟར་ལ་ཡིན་ན་དེའི་ཕྱིར་ལྔའི་ཁོངས་སུ་གཏོགས་པ་ལའོ་ཞེས་བྱ་བ་སྨོས་ཏེ། འབྲས་ཆན་དང་ཟན་དྲོན་དང་ལྡེ་གུ་དང་ཤ་དང་སྣུམ་ཁུར་ཞེས་བྱ་བ་ལྔ་པོ་གང་ཡང་རུང་བ་ལ་ཞེས་བྱ་བའི་དོན་ཏོ། །མགྲོན་དུ་བོས་པ་སྔ་མ་ལས་གཉིས་པའི་རྙེད་པ་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་གལ་ ཏེ་གཞན་ཡང་དེ་ཉིད་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བཟའ་བར་བྱ་བ་དེ་ཉིད་ཀྱི་ཁོངས་སུ་གཏོགས་པ་ལྔ་པོས་དང་པོར་མགྲོན་དུ་བོས་པ་རྙེད་པ་དེ་ལ་ནི་བྱེད་པ་པོ་ཉིད་ཡིན་ལ་གལ་ཏེ་དེ་ཉིད་མ་ཡིན་ན་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་སྔར་བཟའ་བ་ མ་ལགས་པ་ལ་གཡར་དྲངས་ན། དེ་སླད་ཀྱིས་བཟའ་བ་ལ་གཡར་དྲངས་ཏེ་དེས་དེ་འཚལ་ན་ལྟུང་བ་ཅིར་འགྱུར་ཉེ་བ་འཁོར་ལྟུང་བ་མེད་དོ། །བཙུན་པ་རེ་ཞིག་དགེ་སློང་བཟའ་བ་ལྔ་པོ་རྣམས་མ་གཏོགས་པ་དེ་ལས་གཞན་པའི་བཟའ་བ་དག་ལ་སྔར་གཡར་དྲངས་ནས་དེ་སླད་ཀྱིས་བཟའ་བ་ལྔ་པོ་རྣམས་ ལ་གཡར་དྲངས་ཏེ་དེས་དེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཅི་ཐམས་ཅད་ལ་ལྟུང་བ་འདི་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་ན་བ་མ་ཡིན་པ་དང་ལས་མ་བྱས་པ་དང་། ལམ་དུ་མ་སོང་བའོ་ཞེས་བྱ་བ་སྨོས་ཏེ། ན་བ་ལ་སོགས་པར་གནས་པའི་དུས་ དང་ལྡན་པ་རྣམས་ལ་ལྟུང་བ་མེད་དོ། །གནས་པ་མ་ཡིན་པའི་དུས་ཐམས་ཅད་ལ་ནི་ཉས་བྱས་སོ་ཞེས་གསུངས་པ་མི་གནས་པའི་དུས་ལ་ཉེས་བྱས་ཞེས་བྱ་སྟེ། དེ་བས་ན་ཉེས་བྱས་སུ་གཏོགས་པར་བྱའོ། །རྙེད་པ་གང་ལ་གང་གི་བྱེད་པ་པོ་ཡིན་ཞེ་ན། དེ་བླངས་ན་ཉེས་བྱས་ཀྱིའོ། །ཟོས་ན་དངོས་གཞིའོ་ཞེས་ བྱ་བ་སྨོས་ཏེ། དང་དུ་བླངས་ཡིད་ཀྱི་ཡིན་པའི་ཕྱིར་དེ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་གསུངས་པར་རིག་པར་བྱའོ། །འདིར་ཁར་ཟ་བའི་མདུན་རོལ་དུ་འགྲོ་བ་ལ་སོགས་པ་རྗེས་སུ་བསྒྲུབ་པ་བསྟན་པར་བྱ་བ་རྟོགས་པར་བྱའོ། །འདིར་གོས་ཀྱི་མཐར་གྱུར་པ་ནི་ཁྲུ་གང་གི་ཁྱོན་ནོ་ཞེས་བྱ་བ་ནི་འདི་ལས་ཆུང་བའི་ ཆོས་གོས་དང་ལྡན་པ་ལ་བོས་པ་ནི་གོས་མེད་པ་ཉིད་ནི་འདིར་དངོས་གཞི་ཁོ་ན་སྟེ། དེ་བས་འདི་ལ་འདི་བྱེད་པ་ཡིན་ཏེ། ཇི་ཙམ་དུ་སྤང་བའི་བྱེད་པ་པོ་དེ་ཉིད་དེ་ཙམ་ལ་གཞན་དུ་ཡང་ཡན་ལག་ཉིད་དེ་བས་ན་དེ་ལ་འདི་བསྟན་པ་ཡིན་ནོ། །དེའི་ཕྱིར་གོས་སྦྱིན་པར་བྱ་བ་དང་གོས་བྱ་བ་ལ་སོགས་པ་ལ་ཡང་ འདི་ཙམ་ལ་མཐར་ཐུག་པར་འགྱུར་བ་ཉིད་དུ་རྟོགས་པར་བྱའོ། །ཆུང་བ་ཉིད་སྦྱིན་པ་དང་བྱེད་པ་ལ་ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ཏེ། འདིར་ནི་དངོས་གཞི་ཁོ་ནའོ་ཞེས་བྱ་བར་རིག་པར་བྱའོ། །ལམ་ནི་དཔག་ཚད་ཕྱེད་དོ་ཞེས་བྱ་བ་ནི་འདིར་ལས་འདི་ནི་མཐར་ཐུག་པར་གྱུར་པ་ཉིད་དོ། ། གཞན་ལ་ཡང་ངོ་ཞེས་བྱ་བ་ནི་ཡང་ཡང་ཟ་བ་ལས་གཞན་པའི་བསླབ་པའི་གཞི་དག་ལ་འདུས་ཤིང་ཟ་བ་ལ་སོགས་པའི་དོན་དུ་འདི་ཡིན་ནོ། །འདིར་རམ་གྲུར་འགྲོ་བ་ལ་ཡང་ངོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་ལམ་ལ་སྟེ། ཐང་གི་ལམ་ཉིད་ཀྱི་ཡུལ་ལ་འདིའི་མཐར་ཐུག་པར་གྱུར་པའི་ལམ་གྱི་ཚད་མ་ ཡིན་ནོ། །འོན་ཀྱང་གྲུར་འགྲོ་བ་ལ་ཡང་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ངོ་བོ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་ལས་ནི་ཕྱག་དར་རེ་ལྡེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ནི་ལས་ཀྱི་མཐར་གྱུར་པའི་ཚད་ཅེས་བྱ་བའི་དོན་ཏོ། །གཞན་ལ་ཡང་ངོ་ཞེས་བྱ་བ་འདི་སྦྱར་བར་ བྱའོ། །དེ་ཡང་དགེ་འདུན་ཉིད་དམ་མཆོད་རྟེན་ཉིད་ནའོ་ཞེས་བྱ་བ་ནི། ལས་འདིའི་རབ་ཏུ་དབྱེ་བ་འདི་དག་རིག་པར་བྱའོ། །དེ་ལྟ་བུར་གྱུར་པའི་ཡན་ལག་འདི་བརྗོད་པ་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །ན་བ་ཉིད་ཀྱི་ཚད་ནི་མི་ནུས་པའོ་ཞེས་བྱ་བ་ནི་གཞན་ལ་ཡང་ངོ་ཞེས་བྱ་བ་འདིར་ཡང་སྦྱར་བར་བྱའོ། ། བཤམས་པ་ནི་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གང་ཞིག་གཏན་དུ་བའམ་བར་མ་ལས་བྱུང་བ་བཤམས་པར་གྱུར་པ་དེ་ནི་བོས་པར་རྟོགས་པར་བྱ་བ་མ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། མངོན་པར་ལྷག་པ་ཟོས་ན་ལྟུང་བ་མེད་དོ། །མངོན་པར་ལྷག་པ་ ཞེས་བྱ་བ་ནི་དགེ་སློང་ལ་བཤམས་པའི་བསོད་ནམས་ཀྱི་ཕུང་པོ་ལ་བརྗོད་པ་ཡིན་ཏེ། དེ་ཟོས་པ་ན་ལྟུང་བ་མེད་ཅེས་བྱ་བའོ། །དགེ་སློང་གི་ཕྱིར་བཤམས་པ་ནི་དགེ་སློང་ལ་བཤམས་པའོ། །ཀུན་དུ་ལྟ་བ་ཡང་ངོ་ཞེས་བྱ་བ་ནི་ཡང་མགྲོན་དུ་བོས་པ་ཉིད་མ་ཡིན་པ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་ ངམ་བཤེས་པའི་དབང་གིས་འབོད་པ་ཉིད་ནི་ཀུན་དུ་ལྟ་བའོ། །འདིར་གཞུང་ནི་ཞུ་བ་ལས་སྤྱན་གཟིགས་སམ་གསོལ་ལ་གདུགས་ཚོད་ཙམ་གཞན་དུ་གསོལ་ཅིག་ཅེས་ཟེར་བ་ལ་ལྟུང་བ་མེད་དོ། །འདི་ཉིད་དུ་དགེ་སློང་གསོལ་ཞིང་གཞན་འཚོལ་བར་བྱེད་ན་ལྟུང་བ་མེད་དོ། །འདི་ཉིད་དུ་དགེ་སློང་བསོད་ སྙོམས་ཙམ་པོ་འཚོལ་ཞིང་ལྷག་མ་གཞན་ནས་ཚོལ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཡང་ཡང་ཟ་བ་ལ་ནི་ཉེས་པ་མེད་པའི་ཚིག་འདི་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ། །དགག་དབྱེ་ཉིད་ཡོད་པར་གྱུར་པ་ལ་སྟན་གཅིག་ལ་ཟ་བ་ལས་འདའ་བར་བྱེད་པའི་ལྟུང་བ་ལས་ལྡང་བ་ཡོད་ པ་ཡིན་ནོ། །མགྲོན་དུ་བོས་པ་གཞན་ཡོད་ན་ཟན་བླང་བ་ལ་སྤང་བ་བསྲུང་ཞིང་འཇུག་པར་བྱའོ། །ཐོ་འཚམས་པས་བྱས་པ་ནི་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་མགྲོན་དུ་བོས་པ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་སྔར་ཐོ་འཚམས་པའི་རྟོག་པ་ཅན་གྱིས་གཡར་དྲངས་ པར་གྱུར་ནས་སླད་ཀྱི་ཐ་མལ་པའི་གནས་སྐབས་སུ་གཡར་དྲངས་པ་གཞན་རྙེད་ཅིང་དེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཐོ་འཚམས་པའི་རྟོག་པ་ཞེས་བྱ་བ་ནི་ཐོ་འཚམས་པའི་རྟོག་པ་སྟེ་གཞན་ལ་ཞེས་བྱ་བ་འདི་ཉམས་པའོ། །མི་རུང་བ་ཞེས་བྱ་བ་ ནི་བྱས་པ་ལ་མེད་པ་ཉིད་དོ། །དེ་བས་ན་བོས་པ་ཡང་ངོ་ཞེས་བྱ་བ་ནི་བཟའ་བར་བྱ་བ་མི་རུང་བ་ཉིད་ཀྱི་ཕྱིར་སྐྱེས་པར་རིག་པར་བྱའོ། །དེའི་ཕྱིར་མ་ཡིན་པར་དགེ་འདུན་ཡང་ངོ་ཞེས་བྱ་བ་ནི་དེ་ལ་བརྟེན་ནས་དགེ་འདུན་སྤྱན་དྲངས་པ་དེའི་མེད་པ་ཉིད་ན་དེའི་ཕྱིར་རྣམ་པར་གཅད་པར་བྱ་བ་ལ་མངོན་པར་བརྟེན་པ་ཉིད་ཀྱི་ ཕྱིར་གཞན་ལ་ནི་མེད་པ་ཉིད་དོ། །འདིར་ཁུངས་ནི་གང་གི་ཕྱིར་འཕགས་པ་ལེགས་འོངས་ཀྱི་ཕྱིར་ཏེ། གང་དེ་ལ་བརྟེན་ན་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པ་རྣམས་ཀྱིས་དགེ་འདུན་སྤྱན་འདྲེན་པ་ལ་བྲམ་ཟེ་སྤྱན་དྲངས་པར་གྱུར་པས་བྲམ་ཟེ་རྣམས་འོངས་ནས་བྱིས་པ་གསོད་པའི་རི་པའི་བྲམ་ཟེ་དང་ཁྱིམ་ བདག་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞག་བདུན་བཤོས་ལ་སྤྱན་དྲངས་པས་དེའི་ཚེ་ངས་དང་དུ་མ་བླངས་སོ་ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར་མདོ་འདི་བྱས་སོ། །དགག་དབྱེ་སོ་སོར་རྗེས་སུ་གནང་བ་དང་སྦྱར་བར་བྱའོ། །གཞན་དུ་ལྔ་པོ་འཇོག་པ་ཡང་ངོ་ཞེས་བྱ་བ་ནི་མགྲོན་ དུ་བོས་པ་མ་ཡིན་པ་ཉིད་དོ། །སིལ་བུ་དག་ལས་དང་པོ་ལྔ་པོ་ཞེས་བྱ་བ་འདི་བརྗོད་པ་ཡིན་ཏེ། དེ་བས་ན་གཞུང་ནི་ཡི་གེ་གཞན་ལས་དགེ་སློང་བཅའ་བ་དང་བཟའ་བའི་ཟན་གཉིས་དང་མགྲོན་དུ་བོས་པས་གཅིག་དགེ་སློང་ལ་རྣམ་པར་རྟོག་པར་བྱེད་ན་ལྟུང་བ་མེད་དོ། །དགེ་སློང་མ་ལ་རྣམ་པར་རྟོག་པར་ བྱེད་ན་ལྟུང་བ་མེད་དོ། །དེ་བཞིན་དུ