Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 160
Văn bản gốc(Tây Tạng)
Trang 1 / 19 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ། བོད་སྐད་དུ། འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདུལ་བའི་མདོ་རྣམས་གང་ཡིན་པ། །བསྡུ་བའི་ཕྱིར་ནི་མཛད་གྱུར་ཏེ། །བྱང་ཆུབ་སེམས་དཔའ་ཡོན་ཏན་འོད། །རང་གིས་དེ་ཉིད་རྣམ་བཤད་ བྱ། །དེ་ལ་མདོ་དང་པོ་ནི་འདི་ཡིན་ཏེ། དེ་ནས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་བྱ་བ་སྨོས་ཏེ། དེ་ལ་དེ་ནས་ཞེས་བྱ་བའི་སྒྲ་ནི་དབང་དུ་བྱེད་པའི་དོན་ཏོ། །མདོ་བརྩམས་ པ་ནས་ཡོངས་སུ་རྫོགས་པའི་བར་གྱིས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །འདིར་འབྱུང་བ་ནི་ཐོབ་པ་ཡིན་ཏེ་འགྲོ་བ་ནི་མ་ཡིན་ནོ། །འདིས་ངེས་པར་འབྱུང་བས་ན་ ངེས་པར་འབྱུང་བ་ཞེས་བྱའོ། །དཔེར་ན་གྲོང་ཐོབ་པ་ཞེས་བྱ་བ་ལྟ་བུའོ། །ངེས་པའི་སྒྲ་ནི་ཕྱིར་མི་ལྡོག་པ་བསྒྲགས་པའི་དོན་དུ་སྟེ། ཕྱིར་མི་ལྡོག་པར་འབྱུང་བ་ནི་ངེས་པར་འབྱུང་བ་ཞེས་བྱའོ། ། དེ་ལྟར་ན་འདིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཡང་དག་པར་ཐོབ་པ་བརྗོད་པ་སྟེ། གང་གི་ཕྱིར་དེ་ནི་ཕྱིར་མི་ལྡོག་པར་བྱེད་པའི་འབྱུང་བའོ། །འོ་ན་དེ་ལས་ངེས་པར་འབྱུང་བས་ན་ངེས་པར་ འབྱུང་བ་ཞེས་བྱ་བའི་སྒྲ་འདིས་ཅིའི་ཕྱིར་འདིར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡང་དག་པར་ཐོབ་པ་བརྗོད་པ་ཞེས་བྱ་བ་གོ་བར་བྱེད་པ་མ་ཡིན་ནམ། འདིས་ངེས་པར་འབྱུང་བས་ན་ངེས་པར་འབྱུང་བ་ཞེས་བྱ་བས་ ལམ་མངོན་པར་བརྗོད་པ་ཞེས་བྱ་བ་ཡིན་ཞེ་ན། གང་གི་ཕྱིར་ངེས་པའི་སྒྲ་ནི་རྩོམ་པའི་དོན་ཅན་བསྟེན་པ་མ་ཡིན་ལ། ཐ་མའི་དོན་ཅན་ཡང་མ་ཡིན་ནོ། །འདིས་བསྟེན་པས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ ཡང་དག་པར་ཐོབ་པ་བརྗོད་པར་འགྱུར་བ་ཡིན་ཏེ། འཁོར་བར་འཇུག་པ་རྩོམ་པར་གྱུར་པ་འདི་ལས་འབྱུང་བས་ན་ངེས་པར་འབྱུང་བའམ་འཁོར་བར་འཇུག་པ་ལ་མཐར་ཐུག་པར་འགྲོ་བ་ཞེས་བྱ་བ་སྟེ་དེ་ཡང་བསྟེན་པ་མ་ཡིན་ནོ། ། འོན་ཀྱང་ཕྱིར་མི་ལྡོག་པའི་དོན་ཅན་ནི་ངེས་པའི་སྒྲ་འདིར་མངོན་པར་འདོད་པའོ། །དེས་ན་གང་ཉིད་ཕྱིར་མི་ལྡོག་པར་འཇུག་པར་བྱེད་པའི་འབྱུང་བ་དེ་ཉིད་འདིས་བརྗོད་ཀྱི་གཞན་ནི་མ་ཡིན་ནོ། །གང་གི་ཕྱིར་གང་ཞིག་སྙོམས་པར་ འཇུག་པའི་ལམ་དུ་འོངས་ནས་རྡོ་རྗེ་ལྟ་བུའི་རྗེས་ལ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡང་དག་པར་ཐོབ་པའོ། །དེའི་ལམ་ལས་གང་ཞིག་ལོངས་ནས་ལམ་གཞན་དུ་འགྲོ་བ་དེ་ནི་ཕྱིར་མི་ལྡོག་པ་ནི་མ་ཡིན་ཏེ། དགྲ་བཅོམ་པ་ཉིད་ལ་སོགས་པ་ལས་མ་ཉམས་ པ་དེ་ནི་འདིའི་མིང་དུ་སྣང་བ་ཉིད་དོ། །འདིར་འབྱུང་བ་ནི་ལམ་ཐོབ་པ་སྟེ་འགྲོ་བ་ནི་མ་ཡིན་ནོ། །དེ་བས་ན་འགྲོ་བའི་དོན་ལ་ཡང་དག་པར་མ་བསྟེན་པས་ཀྱང་ངེས་པར་འབྱུང་བ་ཉིད་དུ་ཐལ་བ་མ་ཡིན་ནོ། །ངེས་པར་འབྱུང་བ་ལ་འགྲོ་བའི་ཚུལ་ཁྲིམས་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་སོ། །དེ་ ཡང་འདིར་ཆོས་ཀྱི་རྒྱུ་མཚན་གང་ཞིག་ཚུལ་ཁྲིམས་དེ་ནི་མ་ལུས་པའི་འདུལ་བས་གསུངས་པར་ཤེས་པར་བྱའོ། །དེ་བས་ན་འདིར་རབ་ཏུ་བྱུང་བའི་གཞི་དང་། རྣམ་པར་འབྱེད་པའི་གཞི་དང་། གསོ་སྦྱོང་གི་གཞི་དང་། དབྱར་གྱི་གཞི་དང་། དགག་དབྱེའི་གཞི་དང་། སྲ་བརྐྱང་ གི་གཞི་དང་། ཆོས་གོས་ཀྱི་གཞི་དང་། ཀོ་ལྤགས་ཀྱི་གཞི་དང་། སྨན་གྱི་གཞི་དང་། ལས་ཀྱི་གཞི་དང་། ཕྱིར་བཅོས་ཀྱི་གཞི་དང་། དུས་དང་དུས་མ་ཡིན་པས་བསྡུས་པ་འབྱུང་བའི་གཞི་དང་། ས་གཞན་ན་གནས་པ་སྤྱོད་པའི་གཞི་དང་། ཡོངས་སུ་སྦྱོངས་པའི་གཞི་དང་། ལས་ བྱེ་བའི་གཞི་དང་། འཁོར་ལོ་བྱེ་བའི་གཞི་དང་། རྩོད་པའི་གཞི་དང་། གནས་མལ་གྱི་གཞི་ཞེས་བྱ་བའི་གོ་རིམས་འདིས་འདུལ་བའི་ཆོ་ག་མ་ལུས་པ་ལ་ཡང་དག་པར་འཇུག་པའོ། །གང་གི་ཕྱིར་འདིར་དགོངས་པ་ནི་འདི་ཡིན་ཏེ། རྣམ་པ་འདིས་རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པ་དག་ལ་ཉེ་ བར་ཐོབ་པ་ནི་རིགས་པ་སྟེ་འདིར་ནི་འདི་ལྟ་བུའི་རྣམ་པ་ཅན་བསྡུ་བ་དང་། འདིར་འདི་ལྟ་བུའི་རྣམ་པ་ཅན་ཡང་སྤང་བར་བྱ་བ་ཞེས་བྱ་བ་འདི་ལ་ཐོག་མར་སྦྱར་བ་ཞེས་བྱ་བ་དེའི་ཕྱིར་དང་པོར་རབ་ཏུ་བྱུང་བའི་གཞི་ཡང་དག་པར་གཞག་པའོ། །བསྟན་པ་ལ་རབ་ཏུ་ཞུགས་པ་དེ་ལ་བསླབ་པ་མ་ལུས་པ་འདོར་བ་ ལ་སོགས་པས་ཚུལ་མ་ཡིན་པ་ལ་འཇུག་པ་ལས་བསླབ་པ་ནི་འདི་ཡིན་ཏེ། དེ་བས་ན་དེའི་རྗེས་ལ་རྣམ་པར་འབྱེད་པ་ལ་ཡང་དག་པར་འཇུག་པའོ། །གསོ་སྦྱོང་གི་གཞི་ལ་སོགས་པ་རྣམས་ལ་ཡང་གོ་རིམས་ཀྱིས་རྒྱུ་འདི་རྣམས་ཡིན་ཏེ། ཇི་ལྟར་བསླབ་པ་མཚུངས་པ་ཉིད་དུ་དུས་དུས་སུ་མདོ་ལ་ བརྟེན་ནས་ཡོངས་སུ་རྒྱས་པར་བྱེད་པ་དེའི་ཕྱིར་གསོ་སྦྱོང་གི་གཞི་མངོན་པར་བརྗོད་པ་ཡིན་ནོ། །དུས་གང་ཞིག་ལ་དུས་གཅིག་ཏུ་གནས་པས་དོན་བསྒྲུབ་པ་དེ་ལ་གནས་པ་ལས་སོན་པའི་ཆོ་ག་སྟེ་དེའི་རྗེས་ལ་དབྱར་གྱི་གཞི་བསྟན་པ་ཡིན་ནོ། །གནས་ངེས་པའི་བདག་ ཉིད་ཅན་དབྱར་གྱི་གཞི་ལ་གནས་པའི་ཐ་མར་མཐོང་བ་ལ་སོགས་པའི་གནས་གསུམ་རྣམས་ཀྱི་དགེ་འདུན་ལ་དགག་དབྱེ་བགྱིད་དོ་ཞེས་བྱ་བས་དག་པ་ཡོད་པ་ལ་སྦྱིན་པ་གཏོང་བ་ལ་སྦྱར་བ་ཉིད་དོ་ཞེས་བྱ་བ་སྟེ། དེའི་རྗེས་ལ་དགག་དབྱེའི་གཞི་བསྟན་པ་ཡིན་ནོ། །བཀོད་པ་དང་འབྲེལ་བ་སུ་ ཞིག་དབྱར་གྱི་གཞི་ལ་གནས་པའི་བདག་ཉིད་ཅན་གྱིས་གནས་ངེས་པ་ལས་ལུས་གཞན་དུ་གྱུར་པ་ཡོད་དེ། ཤིན་ཏུ་སྦྱོངས་པ་ལ་གནས་པ་ཉིད་ཀྱི་དོན་དུ་བསྟེན་པར་བྱ་བ་ཡིན་ཏེ། འདིའི་རྗེས་ལ་དེའི་རིམ་པ་ནི་དེའི་ཕྱིར་སྲ་བརྐྱང་གི་གཞི་བསྟན་པ་ཡིན་ནོ། །དེ་ལ་སོ་སོར་བསྒྲུབ་པ་མེད་པ་ ལས་གོས་ཀྱི་རྣམ་པར་དབྱེ་བ་ལ་སྦྱོར་བ་ཞེས་བྱ་བ་དང་བྲལ་བ་ཉིད་ཀྱི་བཀོད་པ་དང་འབྲེལ་བ་དེ་དག་ལ་གོས་སྦྱིན་པའི་དུས་ཡིན་ཏེ། དེའི་ཕྱིར་གོས་ཀྱི་གཞིའི་ཆོ་ག་བསྟན་པ་ཡིན་ནོ། །གོས་ཀྱི་རབ་ཏུ་དབྱེ་བ་ཤེས་པ་ནི་ཀོ་ལྤགས་ཞེས་བྱ་བ་ཡིན་ཏེ། དེའི་རྗེས་ལ་ཀོ་ལྤགས་ཀྱི་གཞི་བསྟན་པ་ ཡིན་ནོ། །ནད་གསོ་བ་མེད་པས་གནས་གཅིག་གམ་སོ་སོར་གནས་པར་མི་ནུས་པས་དེའི་ཕྱིར་ལྷན་ཅིག་དང་ཉེ་བའི་སྔ་མ་དང་ཕྱི་མའི་དུས་དག་གིས་དང་པོར་གོས་སྦྱིན་པའི་དུས་ལ་ཕལ་ཆེར་ནད་ཀྱིས་བཏབ་པ་བྱུང་བ་དེ་ལ་བསྟེན་པ་དེ་ལས་དགོས་པའི་ཆོ་ག་རིགས་པའི་ངོ་བོ་སྟེ། དེའི་རྗེས་ལ་སྨན་གྱི་གཞི་བསྟན་པ་ཡིན་ནོ། །དེ་ ལྟར་གནས་པ་རྣམས་ཀྱིས་འབྱུང་ཞིང་འབྱུང་བའི་བྱ་བ་རྣམས་ལ་རྗེས་སུ་སྒྲུབ་པའི་ཆོ་ག་ཞེས་བྱ་བ་སྟེ་དེའི་རྗེས་ལ་ལས་ཀྱི་གཞི་བརྗོད་པ་ཡིན་ནོ། །སྨོན་ལམ་གྱི་ལས་ལ་སོགས་པ་འབྱུང་བ་རྣམས་ལ་སྨོན་ལམ་གྱི་ལས་བྱེད་པ་ལ་སོགས་པ་ངེས་པར་བྱེད་པ་དང་སོ་སོར་བསྒྲུབ་པར་སྐབས་ལ་སོགས་ པས་རིགས་པ་ཞེས་བྱ་བ་དེའི་རྗེས་ལ་ཕྱིར་བཅོས་པའི་གཞི་བསྟན་པ་ཡིན་ནོ། །དགེ་འདུན་ལྷག་མ་དང་ལྡན་པ་ལ་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བ་དང་། ས་གཞན་ན་གནས་པ་ལ་སྤྱོད་པའི་གཞི་དག་ལ་ངེས་པར་སྤྱོད་པ་དང་སོ་སོར་སྤྱོད་པའི་དོན་དུ་ཡང་དག་པར་འཇུག་པ་ཡིན་ནོ། ། ཀཽ་ཤཱམྦཱི་དང་། སྐྱ་བོ་དང་། དམར་བ་དང་གང་ཟག་དང་ཀུན་ནས་གནས་པའི་གཞི་རྣམས་ནི་ཕྱིར་བཅོས་པའི་གཞི་ལ་སོགས་པའི་མིང་རྣམས་ཀྱིས་གསུངས་པ་ཡིན་ཏེ། མིང་གཞན་འཇུག་པའི་དགོངས་པ་ནི་རིམ་པ་དེ་ཉིད་ལས་བཤད་པར་བྱའོ། །ངེས་པར་འབྱེད་པ་ལ་སོགས་པ་ལ་རྗེས་སུ་ཉེ་བར་ གནས་པ་རྣམས་ལ་ཡོངས་སུ་འདུལ་བར་བྱེད་པ་ནི་རིགས་པའི་ངོ་བོ་ཉིད་ཡིན་ཏེ། དེའི་རྗེས་ལ་ཡོངས་སུ་སྦྱོང་བའི་གཞི་བསྟན་པ་ཡིན་ནོ། །གསོ་སྦྱོང་གཞག་པའི་གཞིའི་མིང་གཞན་འདི་འཆད་པར་འགྱུར་བའི་དོན་དུ་ཤེས་པ་རྣམས་ལ་འཇུག་པ་ཞེས་བྱ་བ་དེའི་རྗེས་སུ་ལས་བྱེ་བ་དང་། འཁོར་ལོ་བྱེ་བའི་གཞི་དག་བསྟན་པ་ཡིན་ནོ། །ཐ་སྙད་ལ་བསྟེན་པའི་ཆོ་ག་འདིའི་རྗེས་སུ་རིགས་པ་ཡིན་ཞེས་བྱ་བ་འདིའི་དོན་ལ་རྩོད་པའི་གཞི་བསྟན་པ་ཡིན་ནོ། །གནས་གང་དུ་འདི་ཐམས་ཅད་དང་དགེ་བའི་ཕྱོགས་གཞན་རྗེས་སུ་སྒྲུབ་པར་བྱེད་པ་དེ་ལ་བརྟེན་པའི་ཆོ་ག་འདི་ལས་རིགས་ པ་ཡིན་ཏེ། དེའི་རྗེས་ལ་གནས་མལ་གྱི་གཞི་བསྟན་པ་ཡིན་ནོ། །ཕྲན་ཚེགས་ལ་སོགས་པ་རྣམས་ཀྱང་འདི་རྣམས་ཀྱིས་རབ་ཏུ་དབྱེ་བར་གྱུར་པ་ཉིད་ཀྱི་ཕྱིར་འདི་རྣམས་ལས་ལྷག་པ་ཉིད་ནི་མ་ཡིན་ཏེ། དེ་བས་ན་སོ་སོར་མདོར་བྱས་པ་མ་ཡིན་ནོ། །གང་དུ་གང་གི་སྦྱོར་བ་ནི་དེ་ཉིད་ལས་ ངེས་པར་བསྡུས་པ་ཡིན་ནོ། །མཁན་པོ་དང་སློབ་དཔོན་དག་གིས་རྗེས་སུ་གནང་བས་མཐར་ཕྱིན་པ་ནི་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་ཆོ་ག་སྟེ། དེ་ཉེ་བར་བསྟན་པའི་དོན་དུ། དགེ་འདུན་ཐམས་ཅད་འདུས་པ་ནི་ཆ་ལུགས་འདི་བཞིན་དུ་བྱས། རྒན་རིམས་ལ་ཕྱག་ འཚལ་ནས། ཐལ་མོ་སྦྱར་ཙོག་ཙོག་པོར་འདུག་ཅིང་གསོལ་བ་བཏབ་པར་གྱུར་པ་གསུམ་དང་། གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པར་གྱུར་པ་ལྟ་བུ་ནི། སྔོན་གྱི་ཆོ་གའོ་ཞེས་བྱ་བ་གསུངས་ཏེ། འཁོར་དུ་དགེ་འདུན་གྱི་ ཕྱོགས་གཅིག་བསྡུས་པ་དགག་པའི་དོན་དུ་ཐམས་ཅད་ཅེས་བྱ་བའི་ཐ་ཚིག་གོ། །འཁོར་དུ་གནས་པ་ཡང་དགེ་འདུན་གྱི་ཕྱོགས་གཅིག་ལ་ནི་མ་ཡིན་ཏེ། འོན་ཀྱང་དེའི་ནང་དུ་མཚམས་ན་གནས་པ་ཐམས་ཅད་དོ། །འདིས་ཆ་ལུགས་འདི་བཞིན་བྱས་པ་ནི་ཆ་ལུགས་འདི་བཞིན་དུ་བྱས་པའོ། ། འདི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་དགེ་སློང་གི་ཆ་ལུགས་འདི་བཞིན་ཏེ་སྐྲ་དང་ཁ་སྤུ་བྲེགས་པའི་དགེ་སློང་གི་ཆ་ལུགས་ཀྱིས་ཆོས་གོས་གསུམ་གྱོན་པ་ཞེས་བྱ་བའི་དོན་ཏོ། །ཕྱག་འཚལ་ནས་ཞེས་བྱ་བ་ནི་རྒན་རིམས་ལ་ཞེས་བྱའོ། །ཇི་སྐད་དུ་འཆད་པར་ འགྱུར་བ་སྟེ། དེ་ལ་འདིར་མངོན་པར་འབྲེལ་པ་ནི་རྒན་རིམས་ལ་ཕྱག་འཚལ་ནས་ཡན་ལག་ལྔས་ཕྱག་བྱས་ཏེ་ཞེས་བྱ་བའི་དོན་ཏོ། །ཐལ་མོ་སྦྱར་བ་ཞེས་བྱ་བ་ནི་ཐལ་མོ་སྦྱར་བའོ། །ཙོག་ཙོག་པོར་འདུག་ཅིང་ཞེས་བྱ་བ་ནི་ཙོག་ཙོག་པོ་ཉིད་ཀྱིས་གནས་པ་སྟེ། སྟན་ལ་ཉེ་བར་ འདུག་པས་ནི་མ་ཡིན་ནོ། །གང་དུ་གནས་ཤེ་ན། རྒན་རིམས་ལ་ཞེས་བྱ་བའོ། །འོ་ན་རྒན་རིམས་ལ་ཙོག་ཙོག་པོ་ཉིད་ཀྱིས་འདུག་ལ། ཐལ་མོ་སྦྱར་བ་ཉིད་ཅེས་བྱ་བ་འདིས་ནི་དགེ་འདུན་ལ་རག་ལས་པའི་ལས་ལ་ངེས་པ་ཡིན་ཏེ། ལས་ཐམས་ཅད་ལ་དབང་དུ་བྱེད་པའི་མདོར་བྱས་པ་སྟེ། དེ་ཉིད་ཀྱི་ཕྱིར་འདིར་ཡང་ལས་ཉིད་ཀྱི་ཕྱིར་གསུམ་པོ་འདིས་ཐོབ་པར་གྱུར་པ་ལ་ཅིའི་ཕྱིར་སླར་ཚིག་ད་ལྟར་བྱུང་བའི་ཆོ་ག་དབང་དུ་བྱེད་པ་ཉིད་ཀྱིས་ཐལ་མོ་སྦྱར་ཞེས་པ་ལ་སོགས་པ་ངེས་པ་ལས། འདིར་འདི་ལ་བསྒྲུབས་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་ག་ཞེས་བྱ་བའི་ཚིག་ཡོད་པ་མ་ཡིན་ནོ། །གསོལ་ བ་བཏབ་པར་གྱུར་པ་ཞེས་པ་ནི་ཅི་ཞིག་ཅེ་ན། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དག་གོ། །སླར་གསོལ་བ་བཏབ་པ་ནི་བཙུན་པ་རྣམས་གསོན་ཅིག །དགེ་འདུན་གྱིས་བདག་མིང་འདི་ཞེས་བགྱི་བ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་ཉིད་དང་། བསྙེན་པར་ རྫོགས་པ་དགེ་སློང་གི་དངོས་པོ་བདག་འདོད་ཅེས་བྱ་བ་ནི་རྒྱ་ཆེར་བཤད་པའོ། །སྔགས་འདིས་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་པའོ། །གསོལ་བ་དང་བཞིའི་ལས་ཀྱིས་ཞེས་བྱ་བ་ནི་ལན་གསུམ་དུ་བརྗོད་པས་གསོལ་བ་དང་བཞིའི་ལས་གང་ཞིག་ལ་ཡོད་པ་དེ་ནི་གསོལ་བ་དང་ བཞིའི་ལས་དེ་ཉིད་ཀྱིས་སོ། །ཅིག་ཅར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དག་ཅེས་བྱ་བ་ནི་རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པ་དུས་མཉམ་དུ་ཡིན་གྱི་རིམ་གྱིས་ནི་མ་ཡིན་ནོ། །ཉེ་བར་བསྒྲུབས་པར་གྱུར་པ་ཞེས་བྱ་བ་ནི་དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་སོ། །དེ་ ལྟར་ན་ཡང་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་ཉིད་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འདོད་ཅིང་གསོལ་ན། བདག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱིས་རབ་ཏུ་ འབྱུང་བ་དང་བསྙེན་པར་རྫོགས་པར་མཛད་དོ་ཞེས་བྱ་བའོ། །ལྟ་བུ་ནི་སྔོན་གྱི་ཆོ་གས་ཏེ། ལྟ་བུའི་སྒྲ་ནི་རབ་ཏུ་དབྱེ་བ་རྗོད་པར་བྱེད་པའོ། །སྔོན་གྱི་ཆོ་ག་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་ཆོ་ག་ལས་སྔ་རོལ་དུ་འདི་ལྟ་བུའི་རབ་ཏུ་དབྱེ་བ་ཅན་རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པའི་ཆོ་ག་ཞེས་བྱ་བའི་ དོན་ཏོ། །ཅི་འོ་ན་ད་ལྟར་བྱུང་བའི་ཆོ་ག་ཉིད་བཅོམ་ལྡན་འདས་ཀྱིས་སྔོན་རོལ་དུ་ཅིའི་ཕྱིར་མ་གསུངས། ཡང་ན་སྔོན་གྱི་ཆོ་ག་འདི་སླར་ཅིའི་ཕྱིར་མ་གསུངས་ཤེ་ན་གང་ག་ཕྱིར་དེའི་ཚེ་ན་རྣམ་པར་དག་པའི་སེམས་ཅན་རྣམས་ནི་རྟོགས་པ་པོ་ཡིན་ཏེ། དེ་རྣམས་ལ་རིམ་གྱིས་རྣམ་པར་ངེས་པ་ ཉིད་མ་ཡིན་ཏེ། གཞན་དག་ལ་བརྟེན་ནས་མ་ཡིན་པ་དང་། ཡོངས་སུ་སློབ་པར་བྱེད་པས་སམ། འདི་རྣམས་ནི་དམན་པ་མ་ཡིན་ཏེ། བསོད་ནམས་བྱས་པ་ཉིད་ཀྱི་ཕྱིར་མི་ལེགས་པ་སྒྲུབ་པ་མ་ཡིན་ཏེ། འོན་ཏེ་སྒྲུབ་པ་ལ་རང་ཉིད་ཀྱིས་འདི་རྣམས་ལ་རྩེ་བར་བྱེད་པ་རྣམས་ཡོད་པ་ཡིན་ ཏེ། བར་དུ་གཅོད་པར་བྱེད་པའི་ཆོས་རྣམས་ལ་ནི་དེའི་ཚེ་ན་ལྟུང་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གསལ་བར་བྱེད་པ་རྣམས་ལ་ལྟུང་བ་མེད་པའི་ཕྱིར་ཞེས་བྱ་བ་སྟེ། དེ་བས་ན་སྔོན་གྱི་ཆོ་ག་བརྗོད་པའོ། །གང་གི་ཚེ་རྣམ་པ་གཞན་དུ་ཡང་འདི་རྣམས་འབྱུང་བ་དེའི་ཚེ་ཕྱི་མ་ཐམས་ཅད་ལ་ཉེ་ བར་མི་མཁོ་བ་འགའ་ཡང་མ་ཡིན་ཏེ། དེ་བས་ན་འདིར་ཉེ་བར་བརྟགས་པ་འདིས་ཅི་ཞིག་བྱའོ། །གལ་ཏེ་ཆོ་ག་འདིས་ད་ལྟར་ཐ་སྙད་མ་ཡིན་ཏེ། དེ་ལྟར་ན་ཡང་འདི་ལ་ཕྱི་མ་ལས་གཞན་ཉིད་ནི་ཡོད་པ་མ་ཡིན་ཏེ། གང་ཞིག་ཕྱི་མ་ལས་ཁྱད་པར་དེ་ནི་འདིའི་ཆ་ལག་ཙམ་ཡིན་ནོ། ། དེ་ལ་འདི་ནི་སྔགས་དང་རྒྱུད་ཡིན་ཏེ། འདི་ཙམ་ཉིད་དེའི་ཚེ་ཡོད་པར་འགྱུར་ཏེ། འདུལ་བའི་དབང་གིས་གཞན་འདིར་འདིའི་ཆོ་ག་རྣམ་པར་གཞག་པ་ཞེས་བྱ་བའི་དོན་ནི་བསྒྲགས་པའི་དོན་དུ་ཉེ་བར་བཏགས་པའོ། །དེ་ལྟར་ན་དགོས་པ་དང་བཅས་པ་ནི་སྔོན་གྱི་ཆོ་ག་ཉེ་བར་བསྟན་པའོ། ། དེ་ནི་ད་ལྟར་བྱུང་བའི་ཆོ་ག་བརྗོད་པར་བྱ་སྟེ། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་བྱ་བ་སྟེ། དགེ་སློང་འགའ་ཞིག་ལ་ཞེས་བྱ་བ་ནི་གདོན་མི་ཟ་བར་འགའ་ཞིག་ལ་བརྟེན་ནས་རབ་ ཏུ་འབྱུང་བ་ཉིད་དེ་ལ་བསྙེན་པར་རྫོགས་པ་མ་ཡིན་ནོ་ཞེས་བྱ་བ་རབ་ཏུ་བསྟན་པའི་དོན་དུ་འགའ་ཞིག་ཅེས་བྱ་བའི་ཚིག་གོ། །ཇི་ལྟར་བརྟེན་ནས་ཤེ་ན། སྨྲས་པ། མཁན་པོ་ཉིད་དུའོ། །ཅིའི་དོན་དུ་བརྟེན་པ་ལ་ཞེས་བྱ་ཞེ་ན། སྨྲས་པ། དེའི་ཕྱིར་ཞེས་བྱ་བ་སྟེ། རབ་ཏུ་ འབྱུང་བ་ཉིད་དང་བསྙེན་པར་རྫོགས་པ་ལ་ལྟོས་པ་ལའོ། །འདིའི་རྒྱུ་མཚན་གྱི་བདུན་པ་སྟེ། འདི་རྣམས་ལ་རབ་ཏུ་འབྱུང་བ་ཉིད་དང་བསྙེན་པར་རྫོགས་པའི་རྒྱུ་མཚན་གྱིས་མཁན་པོ་ཉིད་ཀྱིས་དགེ་སློང་འགའ་ཞིག་ལ་བརྟེན་པ་ལས་རབ་ཏུ་འབྱུང་བ་ཉིད་དང་བསྙེན་པར་རྫོགས་པ་དག་ཏུ་ འགྱུར་གྱི། ཇི་ལྟར་སྔོན་གྱི་ཆོ་ག་ལྟར་འགའ་ཞིག་ལ་མ་བརྟེན་པ་ཉིད་ཀྱིས་ནི་མ་ཡིན་ཞེས་བྱ་བའོ། །འདིར་སླར་རབ་ཏུ་བྱུང་བ་ཉིད་ནི་གང་ཞིག་དེ་ལ་འོས་པའི་ཚུལ་ཁྲིམས་དགེ་ཚུལ་གྱི་སྡོམ་པ་དེས་རྗེས་སུ་ཆགས་པར་རིག་པར་བྱའོ། །རབ་ཏུ་འབྱུང་བ་ཉིད་དང་དགེ་ཚུལ་གྱི་སྡོམ་པ་དག་ གཉིས་པོ་འདི་ཡང་བརྟེན་པ་ལའོ། །སླར་འདིར་ཁྱད་པར་ཡིན་ཏེ། མཁན་པོ་ཉིད་ལས་རབ་ཏུ་བྱུང་བ་སྟེ་སྡོམ་པ་ནི་གཞན་ལས་ཞེས་བྱའོ། །རྟེན་ལ་བརྟེན་པ་ཡོངས་སུ་འཛིན་པ་ལ་ཆོ་ག་ནི་དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས། །ཡོངས་སུ་དག་པ་ལ་སྐབས་དབྱེའོ་ཞེས་ བྱ་བ་སྨྲས་ཏེ། རབ་ཏུ་བྱུང་བ་ཉིད་ལ་གང་ཞིག་བར་ཆད་བྱེད་པ་མ་བསད་པ་ལ་སོགས་པ་དེ་ནི་འདིར་བར་ཆད་དུ་མངོན་པར་འདོད་དོ། །དེ་བས་ན་རྟེན་གང་ཞིག་རབ་ཏུ་འབྱུང་བ་ཉིད་ལ་ལྟོས་པའི་བར་ཆད་དྲིས་ནས་གལ་ཏེ་འདི་ལ་ཆོས་དེ་རྣམས་ཡོད་པ་མ་ཡིན་ན། དེའི་ཕྱིར་ཡོངས་སུ་དག་པ་འདི་ ལ་དང་པོའི་མཁན་པོ་ཉིད་ཀྱིས་དགེ་ཚུལ་གྱི་མཁན་པོ་ཉིད་ཀྱིས་བདག་གིས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་སྐབས་དབྱེ་བ་ནི་བྱ་བའོ། །དེ་ལྟར་ན་ཡང་གཞུང་ལས་གང་སུ་དག་ལས་རབ་ཏུ་བྱུང་བ་ལ་ལྟོས་པ་ཉེ་བར་འགྲོ་བར་བྱེད་པ་དེ་དེས་བར་ཆད་ཀྱི་ཆོས་རྣམས་དྲིས་ཏེ་གཟུང་བར་བྱ་ཞེས་བྱའོ། །སྡོམ་ པ་རྣམས་ཀྱི་གོ་རིམས་བསྟན་པར་བྱ་བའི་ཕྱིར། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དང་དགེ་སློང་ཉིད་དག་གི་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ་ཞེས་སྨྲས་ཏེ། དགེ་བསྙེན་ཉིད་ལ་སོགས་པ་འདི་རྣམས་ཀྱི་སྔ་མ་སྔ་མ་ནི་སྔ་མ་བསྙེན་པར་མ་རྫོགས་པ་ལ་དེའི་བདག་ཉིད་དུ་ཉེ་ བར་སོང་བས་ཁས་མ་བླངས་པ་ལ་གང་ཞིག་ཕྱི་མ་ཕྱི་མ་དེ་ནི་བྱ་བ་མ་ཡིན་ཏེ། འདི་ནི་རྣམ་པར་གཞག་པ་བསྟན་པའོ། །བར་ཆད་དྲིས་ནས་རབ་ཏུ་བྱུང་བ་གཟུང་བ་ལ་ལྟོས་པ་དང་པོ་དགེ་བསྙེན་ཉིད་འཛིན་དུ་གཞུག་གོ། །དེ་ནས་དགེ་ཚུལ་ཉིད་དང་། དེ་ནས་དགེ་སློང་ཉིད་འབྱུང་བ་ཡིན་ ནོ་ཞེས་བྱ་བ་འདི་ཤེས་པར་བྱ་བའི་དོན་དུ་སྟེ། འདིའི་དོན་ནི་མ་ཡིན་ཏེ། སྔ་མ་མ་བཟུང་བ་ལ་ཕྱི་མ་སྐྱེ་བ་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའོ། །དགེ་སློང་གི་སྡོམ་པའི་སྔོན་དུ་སྡོམ་པ་གཞན་སྐྱེ་བ་ལ་ཡང་ཁུངས་ཀྱི་ཚིག་གཙོ་བོ་ཡོད་པ་ཉིད་དེ། དགེ་ཚུལ་གྱི་སྡོམ་པ་ལ་ནི་དགེ་བསྙེན་གྱི་སྡོམ་ པ་མེད་པར་སྐྱེ་བ་འབྱུང་བ་ཡིན་ནོ། །དགེ་སློང་གི་སྡོམ་པ་ལ་ནི་ཁུངས་ཀྱི་ཚིག་ཡོད་པ་མ་ཡིན་ནོ། །སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བས་སྡོམ་པ་བླང་ངོ་ཞེས་བསྟན་པའི་ཕྱིར། སྐྱབས་སུ་འགྲོ་བ་ཁས་བླངས་པའི་ཚིག་རྩོམ་པ་དང་། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླངས་པའི་ཚིག་ བྱའོ་ཞེས་སྨྲས་ཏེ། འགྲོ་བ་ནི་འགྲོ་བ་སྟེ་སྐྱབས་སུ་འགྲོ་བ་ཁས་ལེན་པའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་ལ་སོགས་པ་དེ་རྗོད་པར་བྱེད་པའི་ཚིག་སྐྱབས་སུ་འགྲོ་བ་ཁས་བླངས་པའི་ཚིག་ནི་དེའི་ཚིག་གོ། །རྩོམ་པ་ནི་བརྩམས་པའོ། །དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་ བླངས་པའི་ཚིག་བྱའོ་ཞེས་སྨྲས་ཏེ། དེ་སུ་ཞིག་ཅེ་ན། སྒྲུབ་པ་པོའོ། །དེ་ནི་འདི་ཡིན་ཏེ། འདི་ལྟར་ལེན་པ་པོས་སྨྲ་བར་བྱ་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་བཙུན་པས་བདག་དགེ་བསྙེན་དུ་ གཟུང་དུ་གསོལ། །བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་ དུ་བདག་དགེ་ཚུལ་དུ་སློབ་དཔོན་གྱིས་གཟུང་དུ་གསོལ། འདི་ལྟ་བུར་གྱུར་པ་ཉིད་རྩོམ་པ་ལ་ལན་གསུམ་དུ་བརྗོད་པར་བྱའོ། །གང་ཁ་ཅིག་དང་པོར་སྐྱབས་སུ་འགྲོ་བ་ལ་ལན་གསུམ་དུ་བརྗོད་ནས་དེའི་འོག་ཏུ་བཙུན་པས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། བདག་ དགེ་ཚུལ་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བྱ་བ་བརྗོད་པ་འདིས་ནི་མི་རིགས་པར་བརྗོད་པར་བྱའོ། །གང་གི་ཕྱིར་སྡོམ་པ་ཡང་དག་པར་བླང་བའི་ཚིག་འདི་དག་འདི་ལྟར་ཡོད་པ་ལ་སྐྱབས་སུ་འགྲོ་བའི་ཚིག་ཡན་ལག་གི་ངོ་བོ་སོ་སོར་གྱུར་པ་ཉིད་ནི་མ་ཡིན་ནོ། །གཞན་ཡང་གང་གི་ སྔར་ཉིད་དུ་སྐྱབས་སུ་འགྲོ་བ་ཙམ་ཁས་བླངས་པ་དེ་ལ་སྡོམ་པ་ལེན་པའི་དུས་སུ་སྐྱབས་སུ་འགྲོ་བ་མི་བརྗོད་པ་ཉིད་དུ་ཐལ་བར་འགྱུར་རོ། །འདི་ནི་ཅི་ནས་ཀྱང་མྱ་ངན་ལས་འདའ་བའི་བསམ་པ་རབ་ཏུ་སྐྱེད་པའི་དོན་དུ་དུས་སུ་འདི་ལ་བརྗོད་པར་བྱ་བ་སྟེ། གང་གི་ཕྱིར་འདི་ལྟར་སྡོམ་པ་ཡང་ དག་པར་བླངས་པའི་ཚིག་དག་གིས་འདི་ནི་ཡན་ལག་ཏུ་གྱུར་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པའི་བསམ་པ་བརྟེན་པོ་མེད་པར་སྡོམ་པ་བླང་བ་ནི་མ་ཡིན་ཏེ། གང་གི་ཕྱིར་མྱ་ངན་ལས་འདས་པ་ལ་རྗེས་སུ་མཐུན་པ་ནི་སྡོམ་པ་ཡིན་ནོ། །འོ་ན་བསྙེན་པར་ རྫོགས་པ་ལ་སྐྱབས་སུ་འགྲོ་བའི་ཚིག་མེད་པར་ཇི་ལྟར་སྐྱེ་བ་ཡིན་ཞེ་ན། འདིས་ནི་སྐྱོན་དུ་མི་འགྱུར་ཏེ། བསྙེན་པར་རྫོགས་པའི་སྒྲ་ཉིད་ལས་ནི་དེའི་དོན་བསྒྲུབ་པའི་ཕྱིར་དང་། བྱ་བ་མ་ཡིན་པ་ཐམས་ཅད་ལྡོག་པའི་མཚན་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་མྱ་ ངན་ལས་འདས་པར་ཁས་ལེན་པ་ནི་བསྙེན་པར་རྫོགས་པ་ཡིན་ཏེ། གང་གི་ཕྱིར་བསྙེན་པར་རྫོགས་པ་ལ་གནས་པ་མྱ་ངན་ལས་འདས་པ་ལ་རྗེས་སུ་མཐུན་པར་རྣམ་པར་གནས་པར་འགྱུར་རོ། །བྱའོ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕྱིར་ཚིག་ནི་སྒྲུབ་པ་པོས་འདི་བྱའོ་ཞེས་བྱ་བ་འདིས་ཡང་དག་ པར་བསྟན་པའི་དོན་དུའོ། །གང་ཞིག་འདིར་གཞན་གྱིས་བརྗོད་པ་དེ་ནི་སློབ་པར་བྱེད་པ་ཞེས་བྱ་བར་ཤེས་པར་བྱའི་སྦྱིན་པ་དང་ལེན་པ་ནི་མ་ཡིན་ནོ། །བསྙེན་གནས་ལ་ཡང་སྒྲུབ་པ་པོ་ཉིད་ཀྱིས་འདི་བྱ་ཞེས་བྱ་བ་ཤེས་པར་བྱའོ། །གང་ཞིག་དེ་སྦྱིན་པ་དང་ལེན་པའི་ཆོས་དེར་ཞེས་བྱ་བ་ ནི་ཁ་ཅིག་སྨྲས་ཏེ། བཟླས་པ་ཉིད་ཀྱི་ཕྱིར་དེ་རྣམས་ལ་འདི་འཁྲུལ་པ་ཞེས་ཤེས་པར་བྱ་སྟེ་ཡང་དག་པར་བླངས་པ་ལ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླངས་པའི་ཚུལ་གྱིས་བྱའོ་ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དུ་ ཁས་བླངས་པའི་ཚིག་གི་རྗེས་ལ་དགེ་བསྙེན་དང་དགེ་ཚུལ་གྱིས་བསླབ་པ་དེས་བསླབ་པའི་ཚིག་རྣམས་ལ་ཇི་ལྟར་རིགས་པས་བརྗོད་པ་སྟེ། ཐོག་མར་ལྔ་རྣམས་ལའོ། །ཕྱི་མ་ནི་བཅུ་རྣམས་ལའོ། །རྣམ་པ་གང་གིས་ཤེས་ཤེ་ན། ཁས་བླངས་པའི་ཚུལ་གྱིས་ཏེ། འདི་དང་འདི་ལས་ བཟློག་པར་བགྱིད་ཅེས་བྱ་བ་ཡིན་གྱི། འདི་དང་འདི་ཁྱེད་ཀྱིས་བྱིན་པ་དེ་ནི་བསྲུང་བར་བགྱི་ཞེས་བྱ་བ་དེ་མ་ཡིན་ནོ། །རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་པར་བྱའོ་ཞེས་བྱ་བ་སྟེ། རང་གིས་ཞེས་བྱ་བ་ནི་སྐབས་འདི་ཉིད་ཀྱི་ཕྱིར་མཁན་ པོས་སོ། །གང་གི་ཕྱིར་དེ་ནི་རབ་ཏུ་འབྱུང་བ་ལ་སྐབས་བྱས་པའོ། །དེ་རང་ཉིད་ཀྱིས་དགེ་བསྙེན་དུ་ཉེ་བར་བསྒྲུབས་ནས་ནི་དགེ་བསྙེན་གྱི་སྡོམ་པ་བྱིན་ནས་སོ། །གང་ཞིག་དེ་རབ་ཏུ་འབྱུང་བ་ལ་ལྟོས་པ་ལ་དགེ་འདུན་ལ་ཞུ་བའི་དགེ་སློང་དེ་ལ་འདི་ནི་ཞུ་བ་མཛོད་ཅིག་ཅེས་བྱ་བས་གཏད་པར་ བྱའོ། །དགེ་སློང་དང་འབྲེལ་པས་འདི་བྱ་བ་ཉིད་ནི་སྐྱེས་པས་སོ། །འདི་ནི་མཁན་པོ་ཉིད་ཀྱིས་རང་དོན་ཉིད་ཡིན་ནོ་ཞེས་བྱ་བ་རབ་ཏུ་བསྟན་པའི་དོན་དུ་བདག་གི་དོན་གྱི་ཚིག་གོ། །གསོལ་བ་ལ་སོགས་པའི་ལས་ཀྱི་བདག་ཉིད་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་བསྙེན་པར་རྫོགས་པ་མ་བྱས་ པས་ཀྱང་དགེ་འདུན་ལ་རབ་ཏུ་འབྱུང་བ་ལ་ལྟོས་པ་འདི་ལ་ཞུ་བ་ནི་འགལ་བ་མ་ཡིན་ཏེ་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་རྣམ་པར་གསལ་བའི་དོན་དུ་དགེ་སློང་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡང་གཞུང་ལས་དེའི་འོག་ཏུ་དགེ་སློང་ལ་གསོལ་བ་གདབ་པར་བྱའོ། །གང་ཞིག་འདི་ལ་ཞུ་བར་ བྱེད་པས་ཅི་ཞིག་བྱ་ཞེ་ན། ཞུ་བར་བྱེད་པ་པོས་ད་ཅི་ཡོངས་སུ་དག་གམ་ཞེས་དྲིས་ནས་དག་ན་ཞུ་བར་བྱའོ་ཞེས་བྱ་བ་ནི་གཏོད་པར་བྱེད་པའི་མཁན་པོ་ལ་དྲིས་ནས་དག་པར་གྱུར་ན་རབ་ཏུ་འབྱུང་བ་ལྟོས་པས་ཞུ་བར་བྱའོ། །བཙུན་པ་དགོངས་སུ་གསོལ། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་ འབྱུང་བ་ཉིད་ལ་ལྟོས་པས་གོས་དཀར་པོ་འཛིན་པ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཞུ་བར་བྱའོ་ཞེས་བྱ་བ་གང་ཞིག་གཞན་གྱི་ཚིག་དེ་ནི་གཞན་གྱི་བྱ་བས་འདི་འཇུག་པའི་ཕྱིར་རང་གི་དོན་ཉིད་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་འདིར་མཁན་པོས་བུ་དང་འདྲ་བར་འཇུག་ པ་ལ་རང་གི་དོན་ཉིད་མ་ཡིན་པ་དེ་བཞིན་དུ་འདི་ལའོ། །ཇི་ལྟར་ན་གནས་པའི་དགེ་འདུན་ལ་ཞུ་བར་བྱ་ཞེས་ཤེས་པར་བྱ་ཞེ་ན། ཐམས་ཅད་འདུས་པ་ལ་ཡང་རུང་། གནས་ཁང་སོ་སོ་ན་འཁོད་པ་ལ་ཡང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། སོ་སོར་ཡོངས་སུ་བགྲང་བ་ཉིད་ཀྱིས་ཞེས་བྱ་བ་འདིའི་ འགྲེལ་པ་ནི་གནས་ཁང་སོ་སོ་ན་ཞེས་བྱ་བའོ། །གང་གི་ཡོངས་སུ་བགྲང་བ་ནི་གནས་ཁང་ཁྱད་པར་རོ། །གང་རྣམས་ཀྱི་སྔོན་དུ་ཞུ་བར་བྱེད་པ་དེ་རྣམས་ཀྱི་ཆོ་ག་གང་ཞིག་དེ་བསྟན་པའི་ཕྱིར། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ། །བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ ཞེས་བྱ་བ་ནི་གལ་ཏེ་ཞེས་བྱ་བའི་དོན་ཏེ། ཞུ་བར་བྱེད་པའི་དུས་ཕྱི་མ་ལ་རབ་ཏུ་འབྱུང་བ་ཉིད་ལ་ལྟོས་པའོ། །མཁན་པོར་གསོལ་བར་བྱའོ་ཞེས་བྱ་བ་ནི་བླང་བའི་སྔགས་ཀྱིས་མཁན་པོས་འདི་ལ་གཙུག་ཕུད་མ་གཏོགས་པ་སྐྲ་དང་ཁ་སྤུ་བྲེག་པར་བྱའོ་ཞེས་བྱ་བའོ། །མཁན་པོ་ཉིད་ཀྱིས་ ལྷག་པར་གནས་ནས་གང་ཞིག་འབྲེག་མཁན་གྱི་བྱ་བ་དེ་ཡང་དག་པར་བསྟན་པའི་དོན་དུ་བྲེག་པར་བྱའོ་ཞེས་བྱ་བ་ནི། བདག་པོའི་དོན་གྱི་ཚིག་གོ། །མཁན་པོ་ཉིད་ཀྱིས་འདིར་རང་གིས་བྱའོ་ཞེས་བྱ་བ་འདི་ལྟར་ཤེས་པར་བྱ་བ་མ་ཡིན་ཏེ། བརྒྱུད་ནས་བྱེད་དུ་བཅུག་པ་ནི་བྱེད་དུ་བཅུག་པ་ཡིན་ པར་ཡང་ཤེས་པར་བྱ་བ་མ་ཡིན་པའོ། །དོན་དང་དོན་ཉིད་ཀྱི་ཕྱིར་འཇུག་པའོ། །དེ་བས་ན་དོན་བསྒྲུབ་པ་ལ་འཇུག་པ་མི་སྣང་བའོ། །དེ་ལ་མཁན་པོའི་བསྒོ་བ་ལ་ནི་མི་སྡོད་པར་སྐྲ་དང་ཁ་སྤུ་བྲེགས་པ་གཞན་གྱི་བསྒྲུབ་པ་ལ་སླར་མཁན་པོས་འདི་ལ་འཇུག་པར་བྱ་ཞེས་བྱ་བ་ཤེས་པར་ བྱ་བ་མ་ཡིན་པའོ། །གཙུག་ཕུད་མ་གཏོགས་པ་ཞེས་བྱ་བ་ནི་གཙུག་ཕུད་ལས་གཞན་ནོ། །ཁ་སྤུ་བྲེག་པ་ལ་ཡང་ཇི་ལྟར་འདི་ལ་གཟུགས་མི་སྡུག་པའི་བློ་དེ་ལྟར་ནི་མ་ཡིན་ཏེ། དེ་བས་ན་འདི་ངེས་པ་ཡིན་ནམ། མ་ཡིན་ཞེས་བྱ་བའི་དྲི་བས་གསོལ་བའི་དོན་དུ་འདི་གཞག་པའོ། ། གཙུག་ཕུད་བྲེག་གོ་ཞེས་དྲིས་ནས་སྟེར་ན་དེའོ་ཞེས་བྱ་བ་སྟེ། གཙུག་ཕུད་བྲེག་གམ་ཞེས་དྲིས་པར་གྱུར་པའི་རབ་ཏུ་བྱུང་བར་བྱ་བས་གལ་ཏེ་སྟེར་བར་གྱུར་ན་དེ་ནས་སྟེར་བ་ལ་གཙུག་ཕུད་བྲེག་པར་བྱ་ཞེས་བྱ་བ་ནི་རྗེས་སུ་འཇུག་གོ། །དེ་ལྟར་སྐྲ་དང་ཁ་སྤུ་བྲེགས་པས་ཁྲུས་བྱའོ་ཞེས་ བྱ་བ་ནི་དུས་དང་རྗེས་སུ་མཐུན་པའི་ཆུས་སོ། །ཁྲུས་ཀྱི་རྗེས་ཀྱི་དུས་ལ་མཁན་པོས་གོས་ངུར་སྨྲིག་དག་སྦྱིན་པར་བྱའོ། །དེས་ཀྱང་མཁན་པོའི་རྐང་པ་གཉིས་ལ་གཏུགས་ཏེ་བླང་བར་བྱའོ། །དེ་ནས་རང་གི་དེ་ལ་མཁན་པོས་བསྐོན་པར་བྱའོ། །བསྐོན་པ་ན་ཟ་མ་དང་མ་ནིང་དང་ མཚན་མེད་པ་དང་མཚན་གཉིས་པ་ཉིད་ཀྱི་སྐྱོན་ཡོངས་སུ་སྤང་བའི་དོན་དུ་མཚན་མ་ཚོར་བར་བརྟག་གོ། གཅེར་བུར་བྱས་ནས་ནི་མ་ཡིན་ཏེ་འོན་ཀྱང་མ་ཚོར་བར་རོ། །ཇི་ལྟར་འདིས་བདག་གི་མཚན་མ་མཐོང་ངོ་སྙམ་དུ་ཤེས་པར་མི་འགྱུར་བར་རོ། །ཁས་བླངས་པས་མཁན་པོའི་ལས་འདིའོ། །ཡིད་ཆེས་ པའི་དགེ་སློང་གཞན་གྱིས་ཀྱང་བྱས་པས་ནི་གོ་ཆོད་པའོ། །བྱས་པ་ཞེས་བྱ་བ་ཉིད་ནི་མཁན་པོ་ཉིད་ཀྱིས་ཞེས་བྱ་བར་ཤེས་པར་བྱའོ། །སྐྱབས་སུ་འགྲོ་བར་རྩོམ་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ ཐུབ་པ་དེ་ལ། ཇི་སྲིད་དུ་ཚོགས་རྣམས་ཀྱི་མཆོག །ཇི་སྲིད་དུ་རབ་ཏུ་འབྱུང་བ་ཉིད་ཀྱི་རྟགས་ཡང་དག་པར་ལེན་ཏོ་ཞེས་བྱ་བའི་སྔགས་འདིས་མཁན་པོས་སྐྱབས་སུ་འགྲོ་བར་བརྩམས་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱའོ། །སྐྱབས་སུ་འགྲོ་བ་དང་པོར་གྱུར་པ་མེད་པ་ནི་མ་ཡིན་ཞེས་བྱ་ བའི་དོན་ཏོ། །འོ་ན་འདི་ནི་སྡོམ་པ་མ་ཡིན་ཞེས་བྱ་བ་ནི་འདི་ལ་སྐྱབས་སུ་འགྲོ་བར་རྩོམ་པ་ཉིད་ཀྱི་དོན་ཅི་ཞིག་ཡིན་ཞེས་བྱ་བ་ཁ་ཅིག་སྨྲ་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་རབ་ཏུ་བྱུང་བ་ཉིད་ཅེས་བྱ་བ་ནི་ངེས་པར་ཞུགས་པ་ཉིད་ཡོངས་སུ་དོར་བ་སྟེ། ཟག་པ་དང་བཅས་པའི་དངོས་པོ་ཐམས་ ཅད་ལ་མངོན་པར་མི་དགའ་བ་དེ་ལ་ངེས་པར་ཞུགས་པའོ། །དེ་བས་ན་འཁོར་བ་ལ་རྒྱབ་ཏུ་ཕྱོགས་པ་ནི་ངེས་པར་ཞུགས་པ་ཡོངས་སུ་དོར་བ་མ་ལུས་པའོ། །མྱ་ངན་ལས་འདས་པ་ལ་བརྟེན་པ་མེད་པར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་གྲུབ་པ་མ་ཡིན་ཏེ། དེ་བས་ན་སྡོམ་པ་བཞིན་དུ་འདིར་ཡང་མྱ་ ངན་ལས་འདས་པའི་བསམ་པ་རབ་ཏུ་བསྒྲུབ་པར་བྱའོ། །དེ་བས་ན་འདིར་ཡང་སྐྱབས་སུ་འགྲོ་བ་རྩོམ་པ་ཉིད་དོ། ཁ་ཅིག་ནི་རབ་ཏུ་བྱུང་བ་ཉིད་ཉེ་བར་བླང་བའི་སྔགས་ལ་རབ་ཏུ་བྱུང་བ་ཉིད་ཀྱི་རྟགས་ཡང་དག་པར་བླང་བར་བགྱི་ཞེས་བྱ་བ་འདིའི་མདུན་དུ་བདག་ནི་དགེ་ཚུལ་དུ་ མཁན་པོས་གཟུང་དུ་གསོལ་ཞེས་བྱ་བ་འདོན་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། རབ་ཏུ་སྐྱེས་པ་ལ་སླར་རབ་ཏུ་སྐྱེས་པ་མེད་པ་ཉིད་ཀྱི་ཕྱིར་དང་། ཡང་དག་པར་བླངས་པ་ལ་ཡང་དག་པར་བླང་བ་མི་འཐད་པའི་ཕྱིར་དང་། སློབ་དཔོན་གྱིས་སྔགས་ལ་ཡང་གདོན་པར་བྱ་བ་ཉིད་མི་འཐད་ པའི་ཕྱིར་རོ། །དགེ་ཚུལ་ཉིད་དུ་སྒྲུབ་པར་བྱེད་པའི་སྔགས་ལ་རབ་ཏུ་བྱུང་བ་ཉིད་དུ་ཁས་བླངས་པ་ལ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་ཇི་སྲིད་དུ་རབ་ཏུ་བྱུང་བ་ཉིད་ཀྱི་རྟགས་ཡང་དག་པར་ལེན་ཏོ། །དོན་གྱི་སླད་དུ་མཚན་ནས་བརྗོད་དེ་མཁན་པོ་འདི་ཞེས་བྱ་བས་མཁན་པོའི་མིང་གཟུང་ ངོ་། །བདག་དགེ་ཚུལ་ཉིད་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་པ་ནི་དེ་རྣམས་ཀྱི་འདོན་པ་ཡིན་ནོ། །དེ་ཡང་ཡང་དག་པར་བླངས་པ་མི་འཐད་པས་དེ་ཉིད་ཀྱི་ཕྱིར་མི་རིགས་སོ། །གསོལ་བའི་འོག་ཏུ་ཡང་རུང་ངོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་ཉིད་ཉེ་བར་སྒྲུབ་པ་ཞེས་བྱ་བ་ལ་འཇུག་པའོ། ། རུང་ངོའི་སྒྲ་ནི་འདོད་པ་རྣམས་རྣམ་པར་བརྟག་པའི་དོན་དུའོ། །མཁན་པོ་ལ་སོགས་པའི་རྗེས་ཉིད་ལ་སྐྲ་དང་ཁ་སྤུ་བྲེགས་པ་རབ་ཏུ་དབྱུང་བར་བྱ་ཞེས་བྱ་བ་ནི་ཁ་ཅིག་རྣམས་འདོན་ནོ། །དེ་རྣམས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། ཇི་ལྟར་དགེ་ཚུལ་ཉིད་དེ་བཞིན་དུ་སྐྲ་བྲེགས་པ་ལ་སོགས་པ་ ཡང་རབ་ཏུ་བྱུང་བ་ཉིད་ཀྱི་ལུགས་ཏེ། དེ་བས་ན་དེ་འདོན་པའི་རྣམ་པར་རྟོག་པ་ཉེ་བར་འབྲེལ་པའོ། །དེ་བཞིན་དུ་མཁན་པོས་དེ་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་ལ་གཏད་པར་བྱའོ་ཞེས་བྱ་བ་ནི་གང་ཞིག་འདི་ལས་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པ་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་ པའི་ཕྱིར་ངང་ཚུལ་འདི་ལ་ཡོད་པས་ན་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའོ། །གང་ཞིག་འདི་ལ་དགེ་ཚུལ་གྱི་སྡོམ་པ་ཉེ་བར་སྒྲུབ་པ་ལ་མངོན་པར་ཤེས་པའི་སླད་དུའོ། །སེམས་ཀྱིས་རབ་ཏུ་ཕྱེ་བ་ཉིད་འདིར་དེའི་ངང་ཚུལ་ཉིད་ཀྱིས་བརྟེན་པར་རིག་པར་བྱའོ། །གང་ལ་ཉེ་བར་བསྒྲུབ་པའི་དོན་དུ་འདི་གཏད་པར་བྱའོ། ། ཅི་ཡོངས་སུ་དག་གམ་ཞེས་དྲིས་ནས་དག་ན་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་སྟེ། དེ་ནི་སློབ་དཔོན་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དེ་ནི་སློབ་དཔོན་དུ་བལྟ་བར་བྱའོ། །གསང་སྟེ་སྟོན་པ་དང་། ལས་བྱེད་པ་དང་། གནས་སྦྱིན་པ་དང་། ཀློག་པ་ཡང་ངོ་ཞེས་བྱ་བ་ནི་ སློབ་དཔོན་རྣམས་ཞེས་བྱ་བའི་བསྡུས་པའི་དོན་ནི་ཡང་གི་སྒྲའོ། །ཅི་ཙམ་གྱིས་སློབ་དཔོན་ཉིད་འདི་རྣམས་ལ་ཤེས་པ་ཉིད་ཅེ་ན། དོན་གྲུབ་ན་གྱུར་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དོན་གང་ཞིག་གིས་སྔགས་ལ་རྣམ་པར་གཞག་པ་འདི་ལྟ་སྟེ། དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་དོན་ གྱིས་དགེ་ཚུལ་ཉིད་ཀྱི་སློབ་དཔོན་ཉིད་ལའོ། །དེ་གྲུབ་པ་ནི་དོན་ངེས་པ་ལ་སློབ་དཔོན་ཉིད་ལ་སོགས་པར་གྱུར་པ་དེ་ལའོ། །གྲུབ་པ་ཉིད་ནི་སྐྱེ་བ་ཉིད་དོ། །དེ་བས་ན་ཉེ་བར་སྒྲུབ་པ་ལ་སོགས་པ་གྲུབ་པ་རྣམས་ལ་སློབ་དཔོན་ཉིད་འདི་རྣམས་ལ་སྐྱེ་བ་ཉིད་དུ་རིག་པར་བྱའོ། །དོན་གང་ཞིག་ གིས་འདི་མཁན་པོ་ཡིན་པ་མཁན་པོ་ཉིད་ལ་ཡང་དེ་ངེས་པའི་དོན་ལ་ཅི་ཞིག་སྐྱེས་པ་ཉིད་ཅེས་བྱ་བ་མཁན་པོར་གསོལ་བ་ཁས་བླངས་པ་ནི་དེར་གྱུར་ཏོ་ཞེས་བྱ་བ་སྨྲས་ཏེ། གསོལ་བའི་དུས་མཁན་པོར་ཁས་བླངས་པ་གང་ཞིག་དེ་ལ་མཁན་པོ་ཉིད་དུ་གྱུར་ཏོ། །རབ་ཏུ་བྱུང་བ་ཉིད་ཉེ་བར་བསྒྲུབ་ པའམ། བསྙེན་པར་རྫོགས་པའི་མཚན་ཉིད་ཅན་གྱི་དོན་དུ་བསྒྲུབ་པ་ལ་ནི་མ་ཡིན་ནོ། །དོན་གང་ཞིག་གྲུབ་པས་སློབ་དཔོན་ཉིད་དང་མཁན་པོ་ཉིད་སྐྱེ་བའི་དོན་དུ་དེ་ལ་གང་གི་ཚེ་གྲུབ་པ་ཉིད་ཅེས་བྱ་བ་བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དུ་ཞེས་བྱ་བ་སྨྲས་ཏེ། བརྗོད་པ་གང་ ཞིག་ལ་དོན་དེ་གང་ཡིན་པའི་ཆ་སློབ་དཔོན་ཉིད་ལ་སོགས་པ་རྣམས་གྲུབ་པ་ཉིད་དུ་དེ་ནི་བརྗོད་པ་སྟེ། དེའི་ཆ་ལ་དོན་གྲུབ་པ་ཉིད་དེ་བརྗོད་པ་དེ་རྣམས་ཀྱང་གསུམ་ཡིན་ཏེ། དེ་ལ་བརྗོད་པ་གང་ཚིག་ལས་བརྗོད་པའི་ཆ་ཇི་ཙམ་པ་ལས་ཞེས་བྱ་བ་ཤེས་པ་མ་ཡིན་ཏེ། དེ་ལ་འདི་བརྗོད་པར་བྱ་སྟེ། དེ་ ལ་ཐ་མ་ཡིན་ཏེ་ཕྱི་མ་ལའོ། །དེའི་བརྗོད་པ་ཡིན་པ་དེའི་ཆ་གསུམ་པ་གང་ཞིག་དེ་ལ་གྲུབ་པ་ཉིད་དོན་དེ་ལ་ཤེས་པར་བྱའོ། །དཔེ་ཉིད་ཀྱིས་དོན་དེ་རབ་ཏུ་གྲུབ་པར་བྱེད་པ་དཔེར་ན་གཞན་བརྗོད་པའི་དུས་ན་དགེ་ཚུལ་ཉིད་བཞིན་ནོ་ཞེས་བྱ་བ་སྟེ། གཞན་ནི་ཉེ་བར་སྒྲུབ་པ་པོའི་བརྗོད་པའི་དུས་ནའོ། ། བདག་དགེ་ཚུལ་འདི་ཞེས་བྱ་བ་འདི་ལས་ཕ་རོལ་དུ་སློབ་དཔོན་ཞེས་བྱ་བ་གང་ཞིག་གཞན་བརྗོད་པ་དེར་དགེ་ཚུལ་འདི་བྱེད་པ་པོ་ཉེ་བར་བསྒྲུབ་པ་པོའི་དོན་གང་ཞིག་དགེ་ཚུལ་གྱི་སྡོམ་པ་ཞེས་བྱ་བ་དེའི་གྲུབ་པ་ཉིད་ཤེས་པར་བྱའོ། །སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་ བྱ་བ་འདིར་ཤེས་པར་བྱའི། བཙུན་པས་གཟུང་དུ་གསོལ་ཞེས་བྱ་བ་ནི་མ་ཡིན་ནོ། །འདིར་ཐ་མ་ལ་མཁན་པོའི་དོན་ཏོ་ཞེས་བྱ་བ་ནི་གྲུབ་པ་ཉིད་ཅེས་བྱ་བ་འཇུག་པ་ཡིན་ནོ། །འདིར་ཞེས་བྱ་བ་ནི་གཞན་གྱིས་བརྗོད་པའི་དུས་ནའོ། །མཁན་པོ་ལ་གསོལ་བ་གདབ་པ་ལ་དགོངས་སུ་ གསོལ་ཞེས་བྱ་བའི་སྒྲ་ལས་དགེ་སློང་དང་འབྲེལ་པ་བརྗོད་པས་ཕྱི་མ་མང་པོ་མཁན་པོས་བརྗོད་པ་རྣམས་སོ། །དེ་ལ་གང་ཞིག་གསུམ་པ་བརྗོད་པ་མཁན་པོས་རབ་ཏུ་དབྱུང་བར་བགྱི་བ་འམ། བསྙེན་པར་རྫོགས་པར་བགྱི་ཞེས་བྱ་བ་འདི་ལས་སྔོན་དུ་གང་ཞིག་དེའི་དུས་ལ་མཁན་པོའི་དོན་ དེ་ཁས་ལེན་པའི་བདག་ཉིད་ལ་གྲུབ་པ་ཉིད་དོ། །དུས་ཉིད་དུ་རབ་ཏུ་བྱུང་བ་ལ་མཁན་པོས་ཞེས་བྱ་བ་བརྗོད་པར་བྱའོ། །བསྙེན་པར་རྫོགས་པ་ལ་ནི་གལ་ཏེ་དང་པོ་ཉིད་དུ་སློབ་དཔོན་མེད་པ་ཡིན་ན་སློབ་དཔོན་གྱིས་ནི་མ་ཡིན་པ་འམ། བཙུན་པ་ཞེས་བྱ་བ་བར་དུ་གཅོད་པ་མེད་པ་ཉིད་ཀྱིས་ འདིར་ཆ་གསུམ་པར་རིག་པར་བྱའོ། །ཡི་གེའི་ཚད་ཀྱིས་ནི་མ་ཡིན་ཏེ། དེ་ལྟར་ན་མཁན་པོར་གསོལ་བ་གདབ་པ་ལ་བར་དུ་གཅོད་པ་གསུམ་འབྱུང་བ་ཡིན་ཏེ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་མཁན་པོར་གསོལ་བར་བགྱིའོ། །བཙུན་པ་བདག་གིས་མཁན་པོ་མཛོད་ཅིག་ བཙུན་པ་མཁན་པོས་རབ་ཏུ་བྱུང་བའམ་བསྙེན་པར་རྫོགས་པར་འགྱུར་བར་བགྱིའོ་ཞེས་བྱ་བའོ། །དགེ་ཚུལ་ཉིད་དུ་ཁས་བླངས་པ་ལ་རྒྱུན་དང་རབ་ཏུ་ཆད་པ་དག་སྐྱབས་སུ་འགྲོ་བ་དང་དགེ་ཚུལ་ཉིད་དུ་ཁས་ལེན་པའོ། །དེ་ལ་ཐ་མ་རབ་ཏུ་ཆད་པ་ནི་དོན་གཞན་ལ་རྗེས་སུ་འགྲོ་བ་སྟེ། བདག་དགེ་ཚུལ་ཞེས་བྱ་བར་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བྱ་བ་རྣམ་པ་གཉིས་སུ་བྱས་ཏེ། གསུམ་ཉིད་དུ་ངེས་པ་ཡིན་ནོ། །བརྗོད་པ་མ་རྫོགས་པ་ཉིད་ལ་ཅིའི་ཕྱིར་ཆ་གསུམ་པ་ལ་འདི་ལ་འཇུག་པ་ལ་གྲུབ་པ་ཉིད་འབྱུང་བ་ཡིན་ཏེ། གང་ཞིག་སླར་བྱས་སོ་ཞེས་བྱ་བ་སྟེ། མཚམས་ གཅད་པ་ལ་སོགས་པ་ཐམས་ཅད་ལ་ཆོ་ག་འདི་བལྟ་བར་བྱའོ། །དེ་ལྟར་ན་གསང་སྟེ་སྟོན་པ་ལས་གསང་སྟེ་བསྟན་པ་མ་རྫོགས་པ་ལ་སློབ་དཔོན་ཉིད་དང་། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་དུས་འདི་ལ་ལས་བྱེད་པ་འདི་ལྟ་བུ་ཞེས་བྱ་བས་སོ། །གནས་སྦྱིན་པ་དང་ཀློག་པ་པོ་དག་ལ་དུས་གང་གི་ ཚེ་ན་ཞེས་བྱ་བ་ཤེས་པ་མ་ཡིན་ཏེ། གནས་སྦྱིན་པ་དང་ཀློག་པ་པོ་དག་གི་ཚད་ལ་མི་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཅི་ཙམ་གྱིས་འདི་དག་ལ་སློབ་དཔོན་ཉིད་དུ་བྱ་བ་ཉིད་བཤད་པར་བྱའོ། །གནས་སྦྱིན་པ་ནི་ཞག་གཅིག་གནས་ཉིད་ཀྱི་ཕྱིར་ཉེ་བར་གནས་པ་མཐར་ཐུག་པས་ཞེས་བྱ་བའོ། ། ཞག་གཅིག་ཅེས་བྱ་བ་ནི་ཉིན་མོ་དང་མཚན་མོ་གཅིག་ནི་ཞག་གཅིག་སྟེ། གནས་ཀྱི་སློབ་དཔོན་ལ་གནས་པའི་སླད་དུ་གནས་ཉིད་ཀྱི་གང་ཞིག་ཉེ་བར་གནས་པ་ལ་མཐར་ཐུག་པ་ཉིད་གནས་སྦྱིན་པ་མཐར་ཐུག་པའོ། །དེ་ལྟར་ཡང་གཞུང་ལས་གནས་ཀྱི་སློབ་དཔོན་ནི་གང་ཡིན་ཞེ་ན། གང་ ཞིག་ཉེ་བར་མཚན་མོ་གཅིག་ཀྱང་གནས་པ་ནས་གནས་སུ་འགྱུར་ཞེས་བྱ་བའོ། །འདི་ནས་བརྩམས་ཏེ་འདི་ལ་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ཚུ་རོལ་དུ་ནི་རེག་པ་ཙམ་མི་འགྲོ་བའི་མཐར་ཐུག་པ་མ་བྱས་པ་ཉིད་ཀྱིས་ཡིད་ལ་ངེས་པར་འབྲེལ་བཞིན་པ་ངེས་པའི་གྲངས་སུ་འགྲོ་བར་འོས་པ་མ་ ཡིན་ནོ། ཀློག་པ་ནི་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་ནའོ་ཞེས་བྱ་བ་ནི་གང་ཞིག་དང་ཉེ་བར་ཀློག་པའི་བསམ་པས་ཚིགས་སུ་བཅད་པ་གཅིག་ལན་གསུམ་དུ་བཟླས་པ་དེ་ནི་ཀློག་པའི་སློབ་དཔོན་ནོ། །དེ་ལྟར་ན་ཀློག་པའི་མཐར་ཐུག་པའོ། །དེ་ལྟར་ཡང་གཞུང་ལས། ཀློག་པའི་སློབ་ དཔོན་གང་ཞེ་ན། གང་ཞིག་དང་ཉེ་བར་རྐང་པ་བཞིའི་ཚིགས་སུ་བཅད་པ་ཡང་ལན་གསུམ་བཟླས་ནས་འཛིན་པར་འགྱུར་ཞེས་བྱ་བའོ། །དེ་བས་ན་འདིར་དྲང་སྲོང་གི་གཞུང་གི་དགོངས་པ་འདི་མཚོན་པ་ཡིན་ནོ། །ཀློག་པའི་སློབ་དཔོན་གྱིས་བརྗོད་པའི་ཀློག་པ་པོའི་རྗེས་སུ་བརྗོད་པ་ནི་འཛིན་པའོ། ། ལན་ཅིག་བརྗོད་པ་ལ་རེག་པ་ཙམ་མ་རྫོགས་པའི་ངོ་བོའི་ཀློག་པ་ཡིད་ལ་ངེས་པར་འབྲེལ་པ་ཡིན་ནོ། །ལན་གསུམ་དུ་བརྩམས་ནས་མཐར་ཐུག་པར་འགྲོ་བ་དང་འདྲ་བར་རྒྱུན་བཞིན་དུ་མཚོན་པ་ཡིན་ནོ། །དེ་བས་ན་ཀློག་པའི་མཐར་ཐུག་པ་འདི་རིགས་པ་ཡིན་ཞེས་བྱ་བའོ། །སློབ་དཔོན་རིན་ཆེན་སེང་ གེས་གསུངས་པ། མ་ཐུ་རའི་ཀློག་པ་རྣམས་ནི་འདི་ལྟ་བུར་གྱུར་པ་སྟེ། འདི་ལྟར་མཐོང་བའི་ཕྱིར་རོ། །དེས་ནི་མདོ་འདི་བརྩམས་སོ། །འདི་ལྟར་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་གང་ཞིག་འདི་གཞུང་ལ་མ་ལྟོས་པར་མདོ་བྱེད་པ་ཡིན་ནོ། །དེ་ལ་འཐད་པ་སྨྲས་པ། འདི་ནི་རིགས་པ་མེད་པར་མདོ་ཙམ་ཉིད་དུ་ཉེ་བར་འབྲེལ་བ་སྟེ། དེ་བས་ན་ངེས་པར་འདི་འགའ་ཞིག་ཏུ་འདི་ལྟ་བུའི་ངོ་བོའི་དྲང་སྲོང་གིས་མཛད་པ་འབྱུང་བ་ཡིན་ཞེས་བྱ་བའོ། །ཀློག་པའི་བསམ་པ་མེད་པས་བརྗོད་པ་ནི་ཀློག་པ་ཉིད་མ་ཡིན་ཏེ། ཀློག་པའི་བསམ་པ་མེད་པས་གང་ཞིག་བརྗོད་པ་ནི་ ཀློག་པ་ཉིད་དུ་མི་འགྱུར་ཏེ། དཔེར་ན་ཁ་ཏོན་བྱེད་པ་ལ་སོགས་པ་ལྟ་བུའོ། །གོམས་པར་བྱ་བའི་བསམ་པས་ཀློག་པ་ལ་ཐ་སྙད་འདི་གྲགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་འདིར་སློབ་དཔོན་ཉིད་ལ་ལྟ་བ་མ་ཡིན་ནོ། །དེ་གཉིས་ལ་གཞན་དུ་ཉེ་བར་མི་བརྗོད་དོ་ཞེས་བྱ་བ་སྟེ། །དེ་གཉིས་ནི་མཁན་པོ་ དང་སློབ་དཔོན་དག་གོ། །ཉེ་བར་ཀློག་པའི་ཚིག་ནི་ཉེ་བར་ཀློག་པའོ། །ཚེ་དང་ལྡན་པ་དང་བཙུན་པ་དང་གནས་བརྟན་གྱི་ཉེ་བར་ཀློག་པ་རྣམས་ཀྱིས་ཉེ་བར་ཀློག་པར་བྱས་པ་ཡིན་ནོ། །ཉེ་བར་ཀློག་པ་མེད་པ་འདི་དག་གི་མིང་གཟུང་བ་ལ་རྒན་རིམས་ཉེ་བར་ཀློག་པ་མེད་པའི་མིང་གཟུང་བར་མི་བྱ་ཞེས་བྱ་ བ་འདི་ཉིད་ཀྱིས་བཀག་པར་རིགས་པར་བྱའོ། །སློབ་དཔོན་ནི་སློབ་དཔོན་ཉིད་ཀྱིས་བརྗོད་པར་བྱའོ། །མཁན་པོ་ཡང་མཁན་པོ་ཉིད་དོ་ཞེས་བྱ་བའོ། །དེ་ལྟར་གཞན་ལ་མི་བྱའོ་ཞེས་བྱ་བ་ནི་མཁན་པོ་དང་སློབ་དཔོན་དག་ལས་གཞན་པའི་གང་ཟག་ལ་མཁན་པོ་དང་སློབ་དཔོན་གྱི་སྒྲ་དག་གིས་ཉེ་ བར་བརྗོད་པར་བྱ་བ་མ་ཡིན་ནོ། །དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བ་དང་བཅས་པར་མ་སྨྲས་པར་མཁན་པོའི་མིང་མི་གཟུང་ངོ་ཞེས་བྱ་བ་སྟེ། བཅས་པར་ཞེས་བྱ་བ་ནི་མཁན་པོའི་གཟུང་བས་སོ། །དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བའི་ངག་འདི་དག་དང་བཅས་པས་མཁན་ པོའི་མིང་གཟུང་བར་བྱ་སྟེ། ཚིག་འདི་མ་བརྗོད་པར་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ལ་དེ་མ་ཐག་པ་དང་བཅས་པར་བྱེད་པ་ཚིག་གང་ལ་འདི་ནི་འཇུག་པ་ལོག་པ་ཞེས་བྱ་བའི་བློའོ། །དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་གའོ།། །།དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ་ ཞེས་བྱ་བ་ནི་ཇི་ལྟར་རབ་ཏུ་འབྱུང་བ་དང་དགེ་ཚུལ་ཉིད་དུ་ཁས་ལེན་པ་ལྟར་གང་ཟག་ལས་ནི་མ་ཡིན་ཏེ། འོན་ཀྱང་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ། །མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པས་ལས་བྱེད་པ་དང་གསང་སྟེ་སྟོན་པའི་དགེ་སློང་ལ་གསོལ་བ་གདབ་པར་བྱའོ་ཞེས་བྱ་བ་སྟེ། མཁན་ པོ་ཉིད་དུ་ཕྱོགས་པར་གྱུར་པ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་ལ་མཁན་པོ་ཉིད་ཀྱིས་སོ་སོར་ཉེ་བར་གནས་པའོ། །གསོལ་བ་གདབ་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་གདབ་པའོ། །གསང་སྟེ་སྟོན་པ་ལ་ཡང་གསོལ་བ་གདབ་པར་བྱའོ། །དགེ་སློང་ལ་ཞེས་བྱ་བ་ནི་གསང་སྟེ་སྟོན་པའི་དོན་དུ་དགེ་སློང་གི་ ཚིག་སྟེ། ལས་བྱེད་པའི་དོན་དུ་ནི་མ་ཡིན་ནོ། །ལས་བྱེད་པ་ལ་ནི་གང་ཞིག་ལས་ཀྱི་ཆོ་ག་གསུངས་པ་དེ་ཉིད་ལས་དེ་ལ་དགེ་སློང་ཉིད་གྲུབ་པའི་ཕྱིར་རོ། །མཁན་པོར་གསོལ་བར་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་བྱ་བས་སོ། །དེ་རང་གིས་དེ་ལ་ཆོས་གོས་ གསུམ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་སྟེ། དེ་ཞེས་བྱ་བ་ནི་མཁན་པོའོ། །རང་གིས་ཞེས་བྱ་བ་ནི་འདིར་དབུགས་དབྱུང་བའི་ཆོ་ག་བྲེགས་པ་ལ་སོགས་པ་བཞིན་དུ་ཅི་ནས་ཀྱང་མ་ཡིན་ཏེ། རང་གིས་འདི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱ་བ་ལའོ། ། ཚོགས་པ་ཡོད་པ་ལ་དྲས་ཤིང་དྲུབ་པས་བྱིན་གྱིས་བརླབས་པས་ཀྱང་ངོ་། །མེད་པ་ལ་གཞན་ཞེས་བྱ་བ་གོས་ཀྱི་གཞི་ལས་རྟོགས་པར་བྱའོ། །བྱིན་གྱིས་བརླབ་པ་ནི་ཆ་ལུགས་ཀྱི་དོན་ཉིད་ཀྱི་ཕྱིར་བྱིན་གྱིས་བརླབས་པའི་དོན་དེ་མ་ཐག་ཏུ་འདི་རྣམས་བགོ་བར་བྱ་ཞེས་བྱ་བར་ཤེས་པར་བྱའོ། ། ལྷུང་བཟེད་ཀྱང་མི་ཆུང་ངམ་མི་ཆེ་འམ་མི་སྐྱ་འམ་ཞེས་དགེ་འདུན་ལ་བསྟན་ནས་སོ་ཞེས་བྱ་བ་སྟེ། བསྟན་ནས་ཞེས་བྱ་བ་དགེ་འདུན་ལ་ཞེས་བྱ་བ་འདི་དང་འདི་ལ་འབྲེལ་ཏོ། །ཅིའི་ཕྱིར་བསྟན་ཞེ་ན། མི་ཆུང་ངམ་མི་ཆེ་འམ་མི་སྐྱ་འམ་ཞེས་བྱ་བ་སྨོས་ཏེ། སྐྱོན་འདི་ཡོངས་སུ་སྤང་བའི་དོན་དུ་ རྣམ་པ་འདི་ལྟ་བུ་ལ་བྱིན་གྱིས་བརླབས་པ་རིགས་པ་མ་ཡིན་ནོ། །དགེ་འདུན་ལ་བསྟན་ནས་སོ་ཞེས་བྱ་བ་ནི་ལྷག་པར་གནས་པར་བྱའོ་ཞེས་བྱ་བའི་རྗེས་སུ་འཇུག་གོ། །ཐམས་ཅད་ཀྱིས་དེ་ལྟ་བུ་ཉིད་མ་ཡིན་ཏེ་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་དགེ་སློང་རྣམས་འདུས་ པས་སོ། །དེ་ལྟ་བུའི་དངོས་པོ་ནི་དེ་ལྟ་བུ་ཉིད་དེ་ཆུང་བ་ལ་སོགས་པའི་སྐྱོན་དང་ལྡན་པ་ཉིད་དོ། །དེ་ལྟ་བུ་ཉིད་མ་ཡིན་པ་ནི་དེ་ལྟ་བུ་ཉིད་མ་ཡིན་པ་སྟེ། སྐྱོན་འདི་རྣམས་དང་བྲལ་བ་ཉིད་ཅེས་བྱ་བའི་དོན་ཏོ། །བཀར་ནས་ལས་བྱེད་པས་གསང་སྟེ་སྟོན་པ་ལ་གང་ཡིན་ཞེས་ བྱ་བས་སྨྲར་བཅུག་སྟེ་སྤྲོ་བར་བྱས་ནས་དེ་དགེ་འདུན་ལ་གསོལ་བའོ་ཞེས་བྱ་བ་སྟེ། བཀར་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་གནས་ནས་གཞན་དུ་སྟོན་པའི་ཉེ་བར་གནས་པར་བྱ་བ་ལ་གསང་སྟེ་སྟོན་པ་ལ་གནས་པའི་ལས་ཐོས་པའི་ཉེ་འཁོར་མ་ཡིན་པ་ནི་འདིར་བཀར་བའི་དོན་ཏེ་གཞན་མཐོང་ བ་མ་ཡིན་ནོ། །དེ་བས་ན་གང་དུ་གནས་པ་འདི་ལ་ཐོས་པའི་ཉེ་འཁོར་མ་ཡིན་པར་འགྲོ་བ་དེར་ཞེས་བྱ་བ་ལས་ཀྱི་ཆོ་ག་རྟོགས་པར་བྱའོ། །མཐོང་བ་ཉེ་བར་སྤྱད་པ་ལ་འདི་འཆད་པར་འགྱུར་ཏེ། ཚོགས་པ་ལ་མངོན་པར་ཕྱོགས་ཤིང་ཐལ་མོ་སྦྱར་བ་འདི་བཀར་ནས་གཞག་པར་བྱ་ཞེས་བྱའོ། །སུ་ ཞིག་ཅེ་ན། བཀར་ནས་ཞེས་བྱ་བ་སྟེ། མིང་འདི་ཞེས་བྱ་བ་སུ་ཞིག་གསོལ་བ་བཏབ་པར་གྱུར་པ་གསང་སྟེ་སྟོན་པ་ཞེས་བྱ་བའི་སྔགས་འདིས་བདག་མིང་འདི་ཞེས་བགྱི་བ་གསང་སྟེ་སྟོན་པ་བཙལ་ནས་ཞེས་བྱའོ། །སྤྲོ་བར་བྱས་ནས་ཞེས་བྱ་བ་ནི་ཁྱོད་སྤྲོའམ་ཞེས་བྱ་བ་ལ་སོགས་པས་གསང་སྟེ་སྟོན་ པ་དེ་ཉིད་ལའོ། །དེ་ཞེས་བྱ་བ་ནི་གསང་སྟེ་སྟོན་པའོ། །གསོལ་བར་བྱའོ་ཞེས་བྱ་བ་ནི་འདིའི་དོན་དུ་ལས་བྱེད་པ་པོས་གསོལ་བར་བྱའོ། །ཁ་ཅིག་ནི་འདིར་སོན་པའི་སྔགས་ལ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པ་ལ་ཡང་དག་པར་བསམས་པ་ཞེས་བྱ་བ་གང་ཞིག་འདོན་པར་བྱེད་ པ་དེ་ནི་རིགས་པ་མ་ཡིན་ཏེ། ལས་བརྗོད་པ་ལ་ཡང་བྱ་བ་ཉིད་དུ་ཐལ་བའི་ཕྱིར་དང་། འདི་རྣམས་ལ་བློ་མཐུན་པར་གསོལ་བར་བྱ་བ་འདི་ཞེས་བྱ་བ་རྣམ་པར་གཞག་པའོ། །དེ་བས་ན་མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པ་མིང་འདི་ཞེས་བགྱི་བའི་ལྐོག་ཏུ་སྟོན་པར་བྱེད་པ་ཞེས་བྱ་བ་འདི་ལ་གདོན་ པར་རིགས་པ་ཡིན་ཏེ། དེ་བས་ན་གསོལ་བར་བྱ་བ་ནི་འདི་ལྟར་མདོར་བྱས་པ་ཡིན་ཏེ་བློ་མཐུན་པ་ནི་མ་ཡིན་ནོ། །ཁྱོད་ཉོན་ཅིག་ཅེས་བྱ་བས་ལྐོག་ཏུ་རྗེས་སུ་བསྟན་པར་བྱའོ་ཞེས་བྱ་བ་ནི་གསང་སྟེ་སྟོན་པ་ཞེས་བྱ་བ་ཤུགས་ཀྱིས་རིག་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་འདི་ནི་ བདེན་པའི་དུས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྔགས་ལ་ཁྱོད་ཉོན་ཅིག་ཅེས་བྱ་བའི་ཚིག་འདི་དང་འབྲེལ་པའོ། །མ་བོས་ཀྱི་བར་དུ་མ་འོང་བར་སྡོད་ཅིག་ཅེས་སྨྲས་ནས་རྗེས་སུ་བསྟན་ན་ཞེས་བྱ་བས་དགེ་འདུན་ལ་ཡོངས་སུ་དག་པ་གོ་བར་བྱ་སྟེ་ཞེས་བྱ་བ་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་ གསོལ། །མིང་འདི་ཞེས་བྱ་བས་བདག་གི་དགེ་འདུན་ལ་རྗེས་སུ་བསྟན་པས་ཞེས་བྱ་བའི་སྔགས་ཀྱིས་སོ། །ཅི་མཆི་ཞིག་གམ་ཞེས་བྱ་བས་དགེ་འདུན་ལ་འོང་བ་ཞུ་བར་བྱའོ། །ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིས་བསྙེན་པར་རྫོགས་ པ་ཅིག་གོ། །ཁ་ཅིག་ནི་འདི་དང་སྔ་མ་ལ་རབ་ཏུ་བྱུང་བའི་དོན་དུ་ཞུ་བའི་ཚིག་ལ་ལེན་བརྗོད་པ་ཡིན་ཏེ། གལ་ཏེ་ཡོངས་སུ་དག་ནའོ་ཞེས་དགེ་འདུན་ཐམས་ཅད་ཀྱིས་བརྗོད་པར་བྱའོ། །དེས་ན་ཡོངས་སུ་དག་གོ་ཞེས་བྱ་བ་བརྗོད་པར་བྱ་བ་དེ་ནི་མི་འཐད་དེ། གང་གི་ཕྱིར་བརྗོད་པ་པོ་ལ་ཁུར་བཀལ་ བ་འདི་མིན་ཏེ། གསང་སྟེ་སྟོན་པས་དང་པོ་ཉིད་དུ་བརྗོད་པ་ཉིད་ཀྱི་ཕྱིར་རོ། །ལས་བྱེད་པས་བསྙེན་པར་རྫོགས་པ་གསོལ་དུ་གཞུག་གོ་ཞེས་བྱ་བ་སྟེ། བསྙེན་པར་རྫོགས་པ་ལ་ལྟོས་པའོ། །དགེ་འདུན་ལ་གསོལ་ནས་བར་ཆད་དྲི་བར་བྱའོ་ཞེས་བྱ་བ་ནི། བར་ཆད་ཡོངས་སུ་དྲི་བའི་དོན་དུ་ གསོལ་བ་བྱས་ནས་སོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། །འདི་ནི་ཁྱོད་ཀྱི་འབྱུང་བའི་དུས་ཏེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བར་ཆད་ཡོངས་སུ་དྲི་བའོ། །བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་ཏེ། ལས་བྱེད་པ་པོ་ལ་སྐབས་དོན་ཡིན་པའི་ཕྱིར་རོ། །དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པའི་རྗེས་སུ་གྲིབ་ཚོད་བསྙེན་པར་རྫོགས་པ་ལ་རིག་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་མ་ཐག་ཏུ་ནི་ཐོགས་པ་མེད་པའོ། །ཇི་ལྟར་རིགས་པར་བྱ་བ་ནི་ཆ་ལྷག་མའི་ བྱ་བའི་ཚད་བྱ་བ་ལ་གཏན་འཇུག་པ་མི་རིགས་པས་ལས་བྱེད་པ་ལས་གཞན་གྱིས་ཚད་འདི་ལ་སྦྱར་བའོ་ཞེས་བྱ་བ་སྨོས་ཏེ། དེ་ཡང་ཚད་མ་འདི་ལ་རྐང་པ་ལ་སོགས་པ་རྣམས་ལ་གང་ཞིག་ཅེ་ན། དེ་ནི་ཐུར་མ་སོར་བཞི་པས་བཟང་ངོ་ཞེས་བྱ་བ་སྨོས་སོ། །དེ་ནི་ཞེས་བྱ་བ་ནི་ཚད་དེ་རིང་བ་ཉིད་མེད་པའི་ཕྱིར་ ཐུར་མ་སོར་བཞི་པས་ཚད་མཛེས་པའོ། །དེའི་སྐྱེས་བུ་ཉིད་ཅེས་ཐ་སྙད་དུ་བྱའོ་ཞེས་བྱ་བ་ནི་བཟང་ཞེས་སྦྱར་བར་རོ། །དེ་ནི་ཞེས་བྱ་བ་ནི་ཐུར་མ་སོར་བཞི་པ་ལ་ཇི་ཙམ་པའི་ཐུར་མ་རྣམས་དེ་ཙམ་དུ་སྐྱེས་བུ་གྲིབ་མ་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཉིན་མཚན་གྱི་ཆ་སྔ་དྲོ་ལ་ སོགས་པ་དང་ཞེས་བྱ་བ་ནི་རིག་པར་བྱ་ཞེས་བྱ་བ་རྗེས་སུ་འཇུག་གོ། །སྔ་དྲོ་དང་གུང་གི་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་གསུངས་སོ། །དུས་ཚོད་ཀྱང་ངོ་ཞེས་བྱ་བ་ནི་རིག་པར་བྱའོ། །དེ་དག་ལྔའོ་ཞེས་བྱ་བ་ནི་དུས་ཚོད་རྣམས་ཏེ། དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་ གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་། དབྱར་རིང་པོའི་དུས་སོ། །འདི་རྣམས་ཀྱི་ཚད་བརྗོད་པ་ཡིན་ནོ། །དང་པོ་གཉིས་ནི་ཟླ་བ་བཞི་བཞིའོ་ཞེས་བྱ་བ་ནི་དགུན་གྱི་དུས་དང་དཔྱིད་ཀྱི་དུས་སོ། །འོག་མ་ནི་ཟླ་བ་གཅིག་གོ་ཞེས་བྱ་བ་ནི་དབྱར་གྱི་དུས་སོ། །དེའི་འོག་མ་ནི་ཉིན་ཞག་གཅིག་གོ་ ཞེས་བྱ་བ་ནི་དེ་ནི་དབྱར་གྱི་དུས་ལས་འོག་མ་ནི་དབྱར་ཐུང་ངུའི་དུས་ཏེ་ཉིན་ཞག་གཅིག་གོ། །ཐ་མ་ནི་དེས་ཟླ་བ་གསུམ་དུ་མ་ཆོག་པའོ་ཞེས་བྱ་བ་ནི་ཉིན་ཞག་གཅིག་པོ་དེས་མ་ཆོག་པའི་ཟླ་བ་གསུམ་ནི་ཐ་མའི་དུས་ཏེ་དབྱར་རིང་པོའི་དུས་སོ། །དུས་ཚོད་བརྗོད་པའི་དེ་མ་ཐག་ཏུ་བསྙེན་པར་རྫོགས་ པར་བྱས་པ་ཙམ་ལ་ལས་བྱེད་པ་པོས་གནས་རྣམས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཕྱག་དར་ཁྲོད་པ་ལ་སོགས་པ་བཞི་པོ་དེ་རྣམས་སོ། །ལྟུང་བར་འགྱུར་བའི་ཆོས་རྣམས་དང་། དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་ཀྱང་ངོ་ཞེས་བྱ་བ་སྟེ། ཁྲོ་བ་ལ་སླར་མི་ཁྲོ་བ་ལ་སོགས་པ་རྣམས་བརྗོད་པར་བྱའོ་ཞེས་བྱ་ བར་འབྲེལ་ཏོ། །མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་ནས། ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་མཆོག་ཏུ་འདོད་པར་བྱ་བས་ན་མཆོག་ཏུ་འདོད་པར་བྱ་བ་ཡིན་ཏེ། གང་ཞིག་ཁྱེད་ལ་སྔོན་བྱུང་བ་སྟོན་པར་བྱེད་པའོ། །བདག་གིས་ཅི་ ཞིག་ཐོབ་པར་འགྱུར་རམ་ཞེས་བྱ་བ་ལ་སོགས་པ་དེ་ནི་དེའི་འདོད་པའོ། །དེའི་རྫོགས་པ་ཉིད་ནི་ཡོད་པ་ཉིད་གཟུང་ནས་སུ་འདི་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཞེས་བྱ་བ་ལ་སོགས་པས་སོ། །སླར་རྫོགས་པ་ཉིད་ལ་མཐུན་པའི་མཁན་པོས་ཞེས་བྱ་བ་ལ་སོགས་པས་ཡང་དག་པ་ཉིད་བརྗོད་པའོ། །རྫོགས་པ་ ཉིད་བརྗོད་ནས་ཅི་ཞིག་བྱ་ཞེ་ན། ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབས་པ་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་སྨོས་ཏེ། གང་དུ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ཞེས་བྱ་བ་ལ་སོགས་པའི་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་ནི་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་ དོ། །བསྒྲུབ་པ་ནི་སྟེན་པར་བྱེད་པའོ། །ཚུལ་དང་འབྲེལ་བའི་གཟུགས་བརྙན་དང་ཞེས་བྱ་བ་ནི་ངེས་པར་སྦྱར་བར་བྱ་ཞེས་པ་ཐམས་ཅད་དུ་དབང་དུ་བྱེད་པར་རིག་པར་བྱའོ། །ཚུལ་དང་འབྲེལ་པ་ནི་ཕ་མ་ལྟ་བུར་འབྲེལ་པའོ། །དེའི་གཟུགས་བརྙན་ནི་དེ་ཕྱིན་ཆད་ནས་མཆོག་ཏུ་ཁྱོད་ཀྱིས་མཁན་ པོ་ལ་ཕའི་འདུ་ཤེས་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་ན་ཁྱོད་ཀྱིས་ཁྱིམ་པའི་འབྲེལ་བ་དེ་གོམས་པ་སོ་སོར་སྤང་བར་བྱ་ཞེས་བྱ་བའོ། །དུལ་བར་གནས་པ་ཉིད་དང་ཞེས་བྱ་བ་ནི་དེང་ཕྱིན་ཆད་ཁྱོད་ཀྱིས་གུས་པ་དང་བཅས་པར་ཞེས་བྱ་བ་ལ་སོགས་པས་སོ། །དགོས་པ་ རྗེས་སུ་བསྒྲུབ་པ་ཡང་ངོ་ཞེས་བྱ་བ་ནི་དེང་ཕྱིན་ཆད་མཆོག་ཏུ་ཁྱོད་ལ་བསྟན་པར་བྱ་ཞེས་བྱ་བ་ལ་སོགས་པས་སོ། །མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་བསྒྲུབ་པར་འགྱུར་བ་ཉིད་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཁྱོད་ལ་འདི་དང་འདི་རྣམས་བདག་གིས་རྒྱ་ཆེར་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་ པས་སོ། །དེ་ནི་མ་བརྗོད་པར་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ལ་གནས་པ་ལ་ཡོངས་སུ་ཤེས་པ་དེ་ལྟར་བསྒྲུབ་པར་འགྱུར་ཞེས་བྱ་བའོ། །གུས་པ་ལས་ཡང་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི། ཁྱོད་ནི་བསྙེན་པར་རྫོགས་པར་གྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པ་དག་གིས་དང་། སྐྱེད་པ་ཞེས་བྱ་བ་འདིས་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བ་ཉིད་བསྟན་པ་ཡིན་ཏེ། གང་གི་ཕྱིར་མི་ཁོམ་པ་གཞན་མེད་པས་ཀྱང་ཐོབ་པར་བྱ་བ་རྙེད་པ་ལ་ཡང་ཐུགས་བརྩེ་བ་དང་ལྡན་པ་རྣམས་ཀྱིས་དལ་འབྱོར་ཕུན་སུམ་ཚོགས་པའི་མིའི་ལུས་ཉིད་འདི་ལ་རྣམ་པར་མ་དག་པའི་གྲངས་མང་ པོ་ནི་བར་ཆད་རྣམས་དང་གཟུགས་ངན་པ་ཉིད་དེ། དེ་བས་ན་འདི་རྙེད་པར་དཀའ་བའོ། །བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ཡང་ངོ་ཞེས་བྱ་བ་ནི་བརྗོད་པ་དང་ལྷན་ཅིག་ཏུ་ནི་བརྗོད་པ་དང་བཅས་པའོ། །གང་གི་དོན་དུ་རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པ་དེ་བསྒྲུབ་པར་བྱ་བ་ལ་ཚེ་ དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་འདིས་ངེས་པར་སྦྱར་བར་བྱའོ། །འདི་ལྟ་སྟེ་ཁྱོད་ནི་གནས་འདི་རྗེས་སུ་ཐོབ་པ་སྟེ། ད་ནི་འདིར་ཁྱོད་ཀྱིས་མངོན་པར་དགའ་བར་བྱ་ཞེས་བྱ་བའོ། །དང་པོ་ཕྱག་ལན་གསུམ་བྱས་ནས་དགེ་འདུན་ འདུས་པའི་ནང་དུ་རྗེས་སུ་བསྟན་པ་ལ་ཙོག་ཙོག་པོར་འདུག་པའི་མདུན་དུ་སོ་ཕག་བཏིང་བ་དག་གིས་གསང་སྟེ་སྟོན་པ་ལ་བསྙེན་པར་རྫོགས་པ་ལ་གནས་པའི་ལག་པ་གཡོན་པར་ལྷུང་བཟེད་བཞག་སྟེ། ལག་པ་གཡས་པས་བཀབ་ནས་ཞེས་བྱ་བ་ལ་སོགས་པ་ལས་ཀྱི་གཞིར་འཆད་པར་འགྱུར་ བ་ཉིད་ཀྱི་ཕྱིར་འདིར་རྗེས་སུ་འབྲེལ་པ་མ་བྱས་སོ། །བསྙེན་པར་རྫོགས་པའི་ཆོ་གའོ།། །།གནས་པས་གནས་པ་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་མ་ཞུས་པ་ནི་མ་དྲིས་པའོ། །མ་དྲིས་པར་ཅུང་ཟད་ཀྱང་མི་བྱའོ་ཞེས་བྱ་བའི་དོན་ཏོ། །བྱ་བ་མཐའ་དག་གནས་ལ་ཞུ་ བར་བྱས་པ་ཐལ་བ་ལ། བྱ་བ་འགའ་ཞིག་མ་དྲིས་པར་ཡང་བྱེད་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེའི་ཕྱིར་བཤང་བ་དང་གཅི་བ་དང་སོ་ཤིང་དོར་བ་དང་ཉེ་འཁོར་དང་བཅས་པའི་གཙུག་ལག་ཁང་དུ་མཆོད་རྟེན་ལ་ཕྱག་བྱ་བ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་གང་ཞིག་འདིར་ནང་དུ་བྱ་ བའི་གྲངས་འདྲུ་བ་ལ་སོགས་པའི་བྱ་བས་མངོན་པར་ཁྱབ་པ་དེ་ནི་འདིར་ཉེ་འཁོར་དུ་རིག་པ་ཡིན་ནོ། །ཉེ་འཁོར་དུ་ལྷན་ཅིག་ཏུ་ནི་ཉེ་འཁོར་དང་བཅས་པའོ། །དེར་མཆོད་རྟེན་གང་ཞིག་ལ་ཕྱག་འཚལ་བའོ། །གཙུག་ལག་ཁང་ནས་འདོམ་བཞི་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་འགྲོ་བ་ ཡང་ངོ་ཞེས་བྱ་བ་ནི་མ་གཏོགས་སོ་ཞེས་བྱ་བར་རྗེས་སུ་འབྲེལ་ལོ། །གཅིག་གིས་མ་ཚང་བའི་ལྔ་བཅུ་ཞེས་བྱ་བ་ལ། ཨཱ་ཊས་མཚམས་སྦྱར་བའོ། །འདོམ་གཅིག་གིས་མ་ཆོག་པའི་ཇི་སྲིད་ལྔ་བཅུའི་མཐར་ཐུག་པ་ཞེས་བྱ་བའི་དོན་ཏོ། །གཙུག་ལག་ཁང་གང་ལ་འོབས་སམ་ར་བའམ་ འཁོར་ས་གཞན་ཡོད་པ་དེ་ལ་གཙུག་ལག་ཁང་གི་མཐའ་མ་ཞེས་བྱ་བའི་ངེས་པར་རིག་པ་ཡིན་ནོ། །ར་བ་དུ་མ་ལ་སོགས་པ་ལ་ཐམས་ཅད་ཀྱི་ཕྱི་རོལ་ལོ། །དེ་བས་ན་དེའི་ཕྱི་རོལ་གྱི་ལོགས་ཀྱི་ཚད་ནི་འདིའི་ཚད་ཀྱི་ཐ་མའོ། །གང་ཞིག་འཁོར་ས་མེད་པ་དེ་ལ་གཙུག་ལག་ཁང་གི་རྩིག་ པ་ཉིད་ནི་ཐ་མའོ། །འདིར་གང་ཞིག་འོག་ཏུ་སྔར་བཤད་པའི་ཉེ་འཁོར་གྱི་གནས་དེ་ལ་བརྟེན་པའི་མཆོད་རྟེན་ནི་ཕྱག་བཙལ་བར་བྱ་བ་མ་ཡིན་ཞེས་བྱ་བ་འདིར་ཉེ་བར་གནས་པ་ཡིན་ནོ། །བཅག་པར་བྱ་བའི་ཕྱིར་རྗེས་སུ་གནང་བ་འདི་ཡིན་ཏེ། གཞན་ཡང་དེ་བས་ན་མཆོད་རྟེན་ལ་ཕྱག་བཙལ་བ་ ཞེས་བྱ་བའོ། །དེར་ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། དེའི་དོན་དུ་མ་དྲིས་པར་འགྲོ་བར་མི་བྱའོ། །བཅག་པར་བྱ་བའི་ཕྱིར་འགྲོ་བ་ནི་ཕྱག་བཙལ་བར་བྱ་ཞེས་བྱ་བའོ། །བྱ་བ་འདི་ནི་རྣམ་པ་གཉིས་ཏེ། རྩོམ་པར་གྱུར་པ་དང་མངོན་པར་ཕྱག་འཚལ་བར་གྱུར་པའོ། །དེ་ལ་གང་ཟག་རྩོམ་པར་གྱུར་པ་ དེ་ཉིད་བཀག་པ་ཡིན་ཏེ། མངོན་པར་ཕྱག་འཚལ་བར་གྱུར་པ་ལ་ནི་དགག་པར་བྱ་བ་མ་ཡིན་པ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ། །འདི་ལྟ་སྟེ་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ་དང་། ཕན་ཚུན་ཀུན་དགའ་བར་བྱ་བ་དང་། ལན་གདབ་པ་དང་འོངས་པ་ལེགས་སོ་ཞེས་བརྗོད་པ་ལ་སོགས་པ་དང་། ལག་ པ་ཚུར་བསྙུགས་པས་རྐང་ལག་དག་ལ་བྱུག་པ་དང་། གོས་ལ་རྡུལ་ཆགས་པ་སྤྲུག་པ་དང་། དེ་ལྟ་བུ་ལ་སོགས་པའོ། །དེ་ནི་མ་ཞུས་པར་ཡང་བྱ་སྟེ། དེ་དག་ཞུས་ན་བཞད་གད་ཀྱི་གཞིར་འགྱུར་བའི་ཕྱིར་རོ། །མཆིལ་ལྷམ་དང་སོ་ཤིང་དང་ཀློག་པ་དང་ཁ་དོན་བྱེད་པ་དང་། ཉེ་བར་བསྡུ་བ་རྣམས་ བྱེད་པ་དང་སོ་སོར་འདོད་པ་རྣམས་ལ་དེའི་རིགས་ཅན་དགེ་སློང་དང་ཉེ་བར་གནས་ཞེས་བྱ་བའི་ཁྱད་པར་ཡོངས་སུ་འཛིན་པས་འདིར་མངོན་པར་ཕྱག་འཚལ་བར་གྱུར་པ་འདོད་པ་ཡིན་ཞེས་བྱ་བར་ཤེས་པར་བྱའོ། །འདིར་རབ་ཏུ་བྱུང་བ་གདུག་པ་ཅན་ཤེས་པ་འམ། དོགས་པ་མ་དྲིས་པར་ཡོངས་སུ་ སྤང་བར་བྱ་བ་མ་ཡིན་ཏེ། གཞན་ནི་མ་ཡིན་ནོ། །གང་གི་ཕྱིར་ཀློག་པ་འམ་ཁ་དོན་བྱེད་པ་ལ་ཉེ་བར་བསྡུ་བ་དེ་དག་རྗེས་སུ་མཐུན་པའི་དུས་ལ་ཉེ་བར་བསྡུ་བ་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ་བྱ་བ་ཉིད་ཀྱིས་རབ་ཏུ་ཤེས་སོ། །མངོན་པར་ཕྱག་འཚལ་བའི་རྣམ་པ་ཉིད་ཀྱིས་འདིའི་ཡིད་ལ་ངེས་ པར་གནས་སོ། །གདུག་པ་ཅན་ལ་མི་མཐུན་པའི་རྗེས་སུ་འགྲོ་བ་ཅན་ཉིད་ཀྱིས་འདི་སོ་སོར་སྨྲ་བར་གྱུར་པ་ན་རྩོམ་པ་ཉིད་ཀྱིས་གྲགས་པ་ཉེ་བར་འགྲོ་བ་ཡིན་ཏེ། དེ་བས་ན་དེ་ལ་འབད་པར་བྱ་ཞེས་བྱ་བས་འདིར་དགོངས་པ་མཐོང་བ་ཡིན་ནོ། །ཆུ་འཐུང་བ་ལ་ཡང་མ་ཞུས་པར་བྱེད་པ་བར་དུ་གཅོད་པ་ འདིས་བྱས་པར་རིག་པར་བྱའོ། །གང་གི་ཕྱིར་འདི་ནི་རྣམ་པ་གཉིས་ཡིན་ཏེ། རྡུལ་དང་བྲལ་བའི་ཡན་ལག་རྣམས་ལ་ཆུས་ཡང་དག་པར་རེག་པའོ། །གནས་པའི་ཚུལ་ཁྲིམས་བརྗོད་པར་བྱ་སྟེ། ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་། ནད་གཡོག་དང་འགྱོད་པ་ བསལ་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་བ་ལ་ཨེ་མའོ་བདག་གིས་བྱའོ་ཞེ་འམ། བྱེད་དུ་འཇུག་གོ་ཞེས་བརྩོན་པ་ཆེན་པོས་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ། འདིར་ཁ་ཅིག་ནི་མཚོན་གྱི་ལས་ཀྱང་འདོན་པ་ཡིན་ཏེ། དེ་ཆོས་གོས་ཀྱི་ལས་ལས་ལྷག་པ་མེད་པའི་ཕྱིར་གཟུང་བར་མི་བྱའོ། །ནན་ ཏུར་བྱེད་པར་འདོད་པའི་དགེ་འདུན་ལ་ཨེ་མའོ་དགེ་འདུན་གྱིས་འདི་ལ་ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ་ཞེས་ཀྱང་ངོ་ཞེས་བྱ་བ་ལ་ནན་ཏུར་བྱེད་པར་འདོད་པ་ལ་ཞེས་བྱ་བ་ནི་གདོན་པར་འདོད་པ་ལ་སོགས་པའི་ནན་ཏུར་གྱི་ལས་བྱེད་པར་འདོད་པའི་དགེ་འདུན་ལའོ། །ཨེ་མའོ་དགེ་འདུན་གྱིས་འདི་ལ་ཞེས་བྱ་བ་ནི་རྟེན་ ལའོ། །ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ་ཞེས་ཀྱང་ངོ་ཞེས་བྱ་བ་ནི་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱ་བ་དང་། ལྡོག་པར་བྱ་བ་དང་། ཇི་སྲིད་དུ་བཟོད་པར་བྱ་བ་ཞེས་བྱ་བ་ཐམས་ཅད་དུ་འདི་རྗེས་སུ་འབྲེལ་པར་རིག་པར་བྱའོ། །བྱས་ན་བཟོད་པར་བྱའོ་ཞེས་བྱ་བ་ནི་ནན་ཏུར་གྱི་ལས་བྱས་པ་ལ། ཨེ་མའོ་དགེ་འདུན་གྱིས་འདི་ལ་བཟོད་པར་བྱ་ཞེས་བྱའོ། །སྤོ་བ་དང་གཞི་ནས་སྤོ་བར་བྱ་བ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། དབྱུང་བར་འདོད་པའི་གནས་ལ་ཨེ་མའོ་དགེ་འདུན་གྱིས་འདི་ལ་སྤོ་བ་ལ་སོགས་པ་བཞི་པོ་སྦྱིན་པར་བྱ་ཞིང་དབྱུང་བར་འདོད་པ་ལ་ཨེ་མའོ་ཕྱུང་ཤིག་ ཅེས་བྱ་བའོ། །དེས་ཀྱང་འདི་ལ་དེ་བྱས་ཏེ་ཞེས་བྱ་བ་ལ་དེས་ཀྱང་ཞེས་བྱ་བ་ནི་གནས་སོ། །དེ་ཞེས་བྱ་བ་ནི་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་ལ་སོགས་པའོ། །འདི་ལ་ནི་གནས་པ་ལ་བྱའོ། །ཞུ་བ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་ཞུ་བ་གཅིག་ཏུ་དོར་ནས་སོ། །བསྙེན་པར་རྫོགས་ནས་ལོ་བཅུ་མ་ ལོན་པར་མཁན་པོ་ཉིད་དང་གནས་ཉིད་དང་རང་མི་གནས་པར་འདུག་པར་མི་བྱའོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་ནས་གང་ཞིག་ལོ་བཅུ་མ་ལོན་པར་དེས་འདི་གསུམ་མི་བྱའོ། །བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པས་ཀྱང་འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ ནི་མ་ཡིན་ནོ་ཞེས་བྱ་བ་གང་ཞིག་འོག་ནས་འཆད་པར་འགྱུར་བའི་ཡན་ལག་ལྔ་དང་ལྡན་པའི་ལྷན་ཅིག་སྦྱར་བ་རྣམས་ནི་དེ་རྣམས་ལས་གང་ཡང་རུང་བ་དག་ཅིག་གིས་ཀྱང་ཡང་དག་པར་ལྡན་པ་འོས་པ་སྟེ། གཞན་ནི་མ་ཡིན་ཞེས་བྱ་བར་དགོངས་པའོ། །དེ་ལྟ་ན་ཡང་ཇི་སྐད་དུ་གསུངས་པ། ཆོས་ལྔ་པོ་གཞན་རྣམས་ཀྱིས་ཀྱང་ཡང་དག་པར་ལྡན་པས་ཞེས་བྱ་བ་འདིར་འདི་དང་འདི་རྣམས་གཞན་གྱིས་ཀྱང་ཞེས་བྱ་བའི་བསྡུས་པ་རྣམ་པར་ཤེས་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་རེ་ཞིག་འདི་རྣམས་ཀྱིས་ཀྱང་བྱ་ཞེས་བྱ་བ་སྨོས་ཏེ། འདི་རྣམས་ཀྱིས་ཀྱང་གཞན་དག་གིས་ཞེས་ བྱ་བ་གང་ཡང་རུང་བ་ཅིག་གིས་ཞེས་བྱ་བའི་རྣམ་པར་སོ་སོར་རྟོག་པའོ། །འདི་ཅིའི་ཕྱིར་ཞེ་ན་ལྔ་པོ་འདི་རྣམས་ཐམས་ཅད་མེད་པའི་ཕྱིར་དེ་ནི་གཞན་ལའོ། །ལྔ་པོ་དང་པོ་ལ་ནི་ལོ་བཅུ་ཉིད་ཡན་ལག་ཏུ་སྨྲ་ཏེ། བསྙེན་པར་རྫོགས་ཤིང་ལོ་བཅུ་ལོན་པས་ཡིན་ཞེས་བྱ་བས་ནི་ལོ་བཅུ་ལོན་པ་ཉིད་ ཡན་ལག་ཏུ་གསུངས་སོ། །དེ་བས་ན་འདི་ལོ་བཅུ་ལོན་པ་ཉིད་གྱིས་ཚིག་དང་པོ་ཕྱི་མ་ཐམས་ཅད་ཀྱི་ཡུལ་ཡོངས་སུ་འཛིན་པ་འདི་ཞེས་བྱ་བ་གྲགས་པའི་དོན་དུའོ། །འདུལ་བ་ནི་དོན་ཉིད་གནས་པ་སྟེ། ལོ་བཅུ་ལོན་པ་ཡོད་པ་ལ་མཁན་པོ་བྱེད་པ་ལ་སོགས་པ་ལ་རྒྱུ་ཡིན་ཏེ། ལྷག་མ་དེར་ཁྱད་ པར་དུ་གྱུར་པ་ཉིད་གལ་ཏེ་ཡོད་པ་ཁྱད་པར་ཉིད་དང་བཅས་པ་ནི་མཆོག་གི་ཆོ་གའོ། །གལ་ཏེ་མིན་ན་འདི་ཙམ་ལ་འདིར་བསྟེན་པར་བྱའོ། །ཇི་ལྟར་སློབ་པ་ཉིད་ལ་སོགས་པའི་ཁྱད་པར་ལ་འདའ་བ་ཉིད་དེ་བཞིན་དུ་ལོ་བཅུ་ལོན་ནས་འདུལ་བའི་དོན་ལ་གནས་པ་འདི་ཡང་མ་ཡིན་ནོ་ཞེས་བྱ་བའོ། །ད་ནི་ལྷན་ ཅིག་སྦྱར་བ་དེ་རྣམས་བརྗོད་པར་བྱ་སྟེ། ནད་གཡོག་དང་འགྱོད་པ་བསལ་བ་དང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་དང་གནས་མངོན་པར་མི་དགའ་བ་དོར་བ་དག་ལ་བྱེད་དམ་བྱེད་དུ་འཇུག་ནུས་པའོ་ཞེས་བྱ་བ་ནི་འགྱོད་པ་བསལ་བར་བྱེད་པའི་ནུས་པའི་ཚིག་གིས་འདུལ་བའི་དོན་ལ་གནས་པ་ བསྟན་པའོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་ཞེས་བྱ་བའི་ཚིག་གིས་ཆོས་མངོན་པ་ལ་མཁས་པ་ཉིད་ལའོ། །གནས་མངོན་པར་མི་དགའ་བ་དོར་བའི་ཚིག་གིས་བསམ་པར་ཤེས་པ་ཉིད་དང་ངག་འཛིན་པ་ཉིད་ལ་ཡང་ངོ་། །འདིར་བྱེད་དུ་འཇུག་པའི་སྒྲས་ནི་མི་ནུས་པས་ཀྱང་བྱེད་པ་ཞེས་བྱ་བ་ ཤེས་པར་བྱ་བ་མ་ཡིན་ནོ། །འོན་ཀྱང་གདུལ་བྱའི་དབང་གིས་ཤེས་པར་བྱ་བ་ཉིད་ཡོད་པ་ལ་གཞན་འཇུག་པ་ལ་བྱ་བར་འགྲོ་བར་ནུས་པ་ཉེ་བར་བཟུང་བ་ཉིད་དོ། །དེ་ལྟར་ན་འདིར་ཤིན་ཏུ་འདའ་བར་བྱ་བ་མ་ཡིན་པའི་བྱེད་དུ་འཇུག་པའི་དོན་འདུལ་བ་ལ་གནས་པ་ཉིད་ལ་ཤིན་ ཏུ་འདའ་བར་བྱེད་པ་མེད་པར་འགྱུར་བ་མ་ཡིན་ནོ། །སློབ་པ་ཉིད་ཡན་ཆད་ལྔ་པ་ཉིད་མ་ཡིན་པ་ལ་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་དང་སྦྱར་རོ་ཞེས་བྱ་བ་ལ། སློབ་པ་ཉིད་དང་མི་སློབ་པ་ཉིད་ཅེས་བྱ་བ་འདི་ལས་ཡན་ཆད་གང་ལྷན་ཅིག་ཏུ་བརྗོད་པའི་ལྔ་པ་མ་ཡིན་པ་ཉིད་འདི་ལྟ་སྟེ། དད་པ་དང་ཚུལ་ཁྲིམས་ལ་སོགས་པ་ལས་གཞན་པའི་ལྷན་ཅིག་སྦྱར་བ་རྣམས་ཏེ། ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་དང་བཅས་པ་སྦྱར་བར་རིག་པར་བྱའོ། །ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་དག་དང་བཅས་པ་ལྔ་པའོ། །འདིར་ཚུལ་ཁྲིམས་དང་ལྡན་པ་ ཉིད་ནི་ཚུལ་ཁྲིམས་འཆལ་པ་དང་ལྷན་ཅིག་ཏུ་གནས་པ་མི་རིགས་པས་ཁྱད་པར་ཅན་ཏེ། གང་གིས་འདི་དགེའོ་ཞེས་བྱ་བར་བསམ་པར་བྱེད་པ་དེ་རིག་པར་བྱའོ། །སླར་མང་དུ་ཐོས་པ་ཉིད་ནི་ལྷན་ཅིག་སྦྱར་བ་གང་ལ་སྡེ་སྣོད་རྣམས་འཛིན་པ་ཡོད་པ་དེ་ལ་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཕ་རོལ་ གྱི་གཙོ་བོ་ལ་སོགས་པ་དང་། དངོས་པོ་དང་ཚིག་དང་ངག་ལ་སོགས་པའི་ཡན་ལག་རྣམས་དང་། ཚིགས་སུ་བཅད་པ་རྣམ་པར་བསགས་པ་ལ་སོགས་པ་རྣམས་དང་། བཞད་གད་དང་སྔོན་བྱུང་བ་ལ་སོགས་པ་རྣམས་ལ་མངོན་པར་ཤེས་པ་ཉིད་གང་ལ་ཡོད་པ་མ་ཡིན་པ་དེ་སྡེ་སྣོད་རྣམས་འཛིན་པར་རྟོགས་ པར་བྱའོ། །སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ་ཞེས་བྱ་བ་ནི་མདོ་སྡེ་དང་། འདུལ་བ་དང་། མ་མོ་མངོན་པར་ཤེས་པ་ཉིད་དང་། ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་དང་སྦྱར་ནས་ལྔའོ། །འདུལ་བ་ལས་གསུངས་ཏེ། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་མ་མོ་འཛིན་པའོ། ། མདོ་སྡེ་ལ་གསལ་བ་དང་། འདུལ་བ་ལ་གསལ་བ་དང་། མ་མོ་ལ་གསལ་བའོ། །མདོ་སྡེ་ལ་མཁས་པ་དང་། འདུལ་བ་ལ་མཁས་པ་དང་། མ་མོ་ལ་མཁས་པའོ། །མདོ་སྡེ་ལ་རིག་པ་དང་། འདུལ་བ་ལ་རིག་པ་དང་མ་མོ་ལ་རིག་པ་ཞེས་བྱའོ། །དེ་ལ་མདོ་སྡེ་ལ་སོགས་པ་བཟུང་བ་མི་ བརྗེད་པ་ནི་འཛིན་པའོ། །འདི་ནི་སྡེ་སྣོད་གསུམ་ཡིན་ཏེ། གཅིག་ཏུ་གནས་པ་ལ་གནས་ལ་མཐོང་བས་འདྲེས་པར་གནས་པའོ། །དེ་ལྟར་གནས་པ་འདི་ལ་གང་ཞིག་མ་འདྲེས་པ་ཡོངས་སུ་དཔྱོད་པར་ནུས་པ་འདི་ནི་མཁས་པ་ཉིད་དོ། །ལུང་དང་རིགས་པ་དག་གིས་མདོ་སྡེ་ལ་སོགས་པ་སྦྱོར་བ་འདི་ནི་རིག་པ་ ཉིད་དོ། །དེ་ལྟར་སྦྱར་བས་གང་ཞིག་གཞན་ལ་སྟོན་པར་ནུས་པ་འདི་ནི་གསལ་བ་ཉིད་དོ། །མི་བརྗེད་པ་དང་ལྷན་ཅིག་ཏུ་འདི་ཐམས་ཅད་མངོན་པར་ཤེས་པ་ཉིད་ཅེས་བྱ་བ་སྤྱིར་མངོན་པར་ཤེས་པའི་ཚིག་གིས་གསུངས་སོ། །དེ་དག་འཛིན་དུ་འཇུག་ནུས་པ་ཉིད་དོ་ཞེས་བྱ་བ་ནི་མདོ་སྡེ་རྣམས་མངོན་ པར་མི་ཤེས་པ་ལ་དེ་རྣམས་ལ་འཛིན་དུ་འཇུག་ཅིང་གོ་བར་བྱེད་ནུས་པ་ཡིན་ནོ། །དེ་བས་ན་སྡེ་སྣོད་མངོན་པར་ཤེས་པའི་ཚིག་འདི་ཁྱད་པར་ཉིད་ལ་རིག་པར་བྱའོ། །ལྷག་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ལ་སློབ་པ་ཉིད་དོ་ཞེས་བྱ་བ་ལ། སློབ་པའི་དངོས་པོ་ནི་སློབ་པ་ཉིད་དེ་གཉིས་ལྡན་ གྱིས་གཅིག་དང་ལྡན་པའི་དངོས་པོའོ། །ལྷག་པའི་ཚུལ་ཁྲིམས་ཀྱི་ཚིག་གིས་འདུལ་བའི་ལུགས་ཐམས་ཅད་གཟུང་བ་ཡིན་ནོ། །ལྷག་པའི་སེམས་ཀྱི་ཚིག་གིས་ནི་བསམ་གཏན་རྣམས་སོ། །ལྷག་པའི་ཤེས་རབ་ཀྱི་ཚིག་གིས་ནི་བདེན་པ་མཐོང་བའི་གོམས་པ་ལའོ། །སློབ་ཏུ་འཇུག་ཀྱང་ནུས་ པ་ཉིད་དོ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་ཡིད་ཆེས་པ་བསྐྱེད་པའི་དོན་དུ་ཀྱང་གི་སྒྲ་བྱས་པ་ཡིན་གྱི་ཐ་དད་པ་རྟོག་པའི་དོན་དུ་ནི་མ་ཡིན་ནོ། །ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་ལ་མི་སློབ་ཅིང་དེས་སློབ་པ་ལ་སྟོབས་དང་ལྡན་པར་གྱུར་པ་མ་ཡིན་ནོ། །སློབ་པ་ཞེས་བྱ་བའི་ཚིག་གིས་འདི་ བྱེ་བྲག་ཡིན་པར་རིག་པར་བྱའོ། །ལྷག་པའི་སྤྱོད་པ་དང་འདུལ་བ་དང་སོ་སོར་ཐར་པ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ལ། དེ་བཞིན་ནོ་ཞེས་བྱ་བ་འདིས་སློབ་པ་ཉིད་ལ་འཇུག་ནུས་པ་ཉིད་དམ་སློབ་ཏུ་འཇུག་པ་ལ་ཞེས་བྱ་བ་འདི་གཟུང་བའོ། །དེ་བས་ན་ལྷན་ཅིག་སྦྱར་བ་འདི་དག་གཉིས་སུ་གྱུར་པ་ཡིན་ ཏེ། དེ་ལ་ལྷག་པའི་སྤྱོད་པ་ནི་རིག་པར་སྤྱོད་པ་ཅན་ནོ། །འདུལ་བ་ནི་ལྷག་པར་གྱུར་པའོ། །སོ་སོར་ཐར་པའི་བསླབ་པ་རྣམས་དང་། གཞིའི་ཆོ་ག་རྣམས་ཡན་ལག་དང་བཅས་པ་ནི། སོ་སོར་ཐར་པ་སྟེ། དེ་ཞེས་བྱ་བ་ནི་མདོར་གཏོགས་པའི་བསླབ་པའི་གཞི་རྣམས་སོ། །དད་པ་དང་ ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་ཕུན་སུམ་ཚོགས་པ་ཉིད་དོ་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་ཚིག་གིས་ནི་འདིར་འདུལ་བ་བཟུང་བ་ཡིན་ནོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་དེ་ཤེས་པ་དང་མཐོང་བ་རྣམས་ཀྱང་ངོ་ཞེས་ བྱ་བ་ཕུན་སུམ་ཚོགས་པ་ཉིད་དོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་ཚིག་གིས་འདིར་འདུལ་བ་གྲགས་པ་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དགེ་སློང་གི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་ཡང་དག་པར་འབྱུང་བ་ཡིན་ནོ་ཞེས་བྱ་བའོ། །དེ་ ཤེས་པ་ཞེས་བྱ་བ་ལ་དེའི་སྒྲས་ནི་རྣམ་པར་གྲོལ་བ་བཟུང་བ་ཡིན་ཏེ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས་བྱ་བའོ། །བརྩོན་འགྲུས་བརྩམས་པ་ཉིད་དང་ཤེས་རབ་དང་ལྡན་པ་ཉིད་དང་ཡང་སྦྱར་རོ་ཞེས་བྱ་བ་ནི་སློབ་པ་ཉིད་ཡན་ཆད་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་ཅེས་བྱ་བ་འདི་ ལ་ཡང་གི་སྒྲས་ནི་སོ་སོར་ཉེ་བར་གནས་པ་འདིའི་འོག་ཏུ་སློབ་པ་ཉིད་ཡན་ཆད་གང་ཞིག་ལྷན་ཅིག་ཏུ་གསུངས་པ་ལྔ་པ་མ་ཡིན་པ་དེ་ནི་བརྩོན་འགྲུས་བརྩམས་པ་ཉིད་དང་ཤེས་རབ་དང་ལྡན་པ་ཉིད་དག་གིས་ལྷན་ཅིག་ཏུ་བརྗོད་པར་རིག་པར་བྱའོ། །ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་ དག་གིས་ཀྱང་གསུམ་པོ་འདི་རེ་རེ་ལས་གྲོལ་བ་རྣམས་སོ། །དྲན་པ་དང་ལྡན་པ་ཉིད་དང་ནང་དུ་ཡང་དག་པར་བཞག་པ་ཉིད་དང་མཉམ་པར་བཞག་པ་ཉིད་དོ་ཞེས་བྱ་བ་ནི་དེ་རྣམས་ལ་བཞི་པོ་འདི་ཁ་སྐོང་བ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་ཉིད་ དང་། ཤེས་རབ་དང་ལྡན་པ་ཉིད་དང་། དྲན་པ་དང་ལྡན་པ་ཡིན་ཏེ། སླར་བཞི་པོ་འདི་བརྗོད་ནས་ནང་དུ་ཡང་དག་པར་བཞག་པ་ཉིད་ཡིན་ནོ་ཞེས་བྱ་བ་བརྗོད་པར་བྱ་བ་དང་། སླར་མཉམ་པར་བཞག་པ་ཉིད་ཅེས་བྱ་བའོ། །སློབ་པ་ཉིད་དོ་ཞེས་བྱ་བ་ནི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཡང་ དག་པར་ལྡན་པ་ཡིན་པ་དང་། སློབ་པའི་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ཞེས་བྱ་བ་འདིས་བསྡུས་པ་ཡིན་ནོ། །མི་སློབ་པ་ཉིད་དོ་ཞེས་བྱ་བ་ནི་མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་འདི་དག་ལ་ཆོས་ཉིད་དང་རྣམ་པར་ངེས་པའི་ཚུལ་ཁྲིམས་དེ་ལ་གང་ཞིག་ལེགས་པ་དང་མི་ལེགས་པ་ཉིད་ཡོངས་སུ་ཤེས་པ་དེ་ནི་རེ་ཞིག་འདི་དག་ལས་རྟོགས་པ་འབྱུང་བ་ཡིན་ནོ། །གང་ཞིག་ལྟུང་བ་རྣམ་པར་གཞག་པ་ཡོངས་སུ་ཤེས་པ་དང་། ལྷག་མའི་འདུལ་བའི་ཆོ་ག་ལ་ཡང་གང་ཞིག་དེ་ ལ་ཡང་འདི་དག་ལོ་བཅུ་ལོན་པ་ལ་སོགས་པ་ཉིད་རང་དགར་རྣམ་པར་གནས་པ་ངེས་པར་འབད་པ་བྱས་ཞེས་བྱ་བ་འདི་ལ་ཤིན་ཏུ་འདའ་བར་མ་བྱས་པར་བྱེད་དུ་འཇུག་པ་ཤིན་ཏུ་འདའ་བར་བྱས་པ་མ་ཡིན་པར་རིག་པར་བྱའོ། །བྱུང་བ་དང་བཅས་པ་དང་རྗེས་སུ་བཅས་པ་དང་བཀག་པ་དང་གནང་བ་མངོན་པར་ཤེས་པ་ ཉིད་དོ་ཞེས་བྱ་བ་ནི་འདི་ལས་འདི་བྱུང་ཞེས་བྱ་བ་བསླབ་པའི་གཞི་བསྐྱེད་པའི་རྒྱུ་ལ་བསྐྱེད་པའི་སྒྲས་བརྗོད་དོ། །བསླབ་པའི་གཞི་རྣམ་པར་གཞག་པར་བྱེད་པ་ནི་བཅས་པའོ། །བྱས་པའི་ཚིག་གིས་ནི་འདི་ཙམ་དང་ཉེས་པ་སྦོམ་པོའི་ལྟུང་བ་བཤགས་པར་བྱ་ཞེས་བྱ་བ་ལ་སོགས་པ་ཡང་གཟུང་ངོ་། །འདི་ནི་འདིར་སླར་ བཀག་པ་དང་གནང་བ་མངོན་པར་ཤེས་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་བཅས་པའོ། །དཔེར་ན་མཆིལ་ལྷམ་རྗེས་སུ་གནང་བས་ཀྲིག་ཀྲིག་བྱེད་པ་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་བཀག་པའོ། །དུས་མ་ཡིན་པའི་ཁ་ཟས་བཀག་ཀྱང་ནད་པ་ལ་སྨན་པའི་ཚིག་གིས་གནང་བའོ། །ཤིན་ཏུ་ནས་ ཀྱང་འདི་མི་བྱ་ཞེས་བྱ་བ་བསྒྲུབ་པ་ནི་བཀག་པའོ། །དཔེར་ན་རྩྭ་མཆོག་གིས་ཀྱང་ཆང་མི་བཏུང་བ་དང་མི་ཚངས་པར་སྤྱོད་པ་ལ་སོགས་པ་ལའོ། །གནང་བ་མངོན་པར་ཤེས་པ་ཉིད་དང་ཞེས་བྱ་བ་ནི་སླར་བྱ་བ་གང་ཞིག་བྱེད་པ་ལ་སྐྱོན་མེད་པ་དེར་འཇུག་པ་ལ་མི་བྱེད་དམ་བྱེད་ན་འཇུག་པ་ལའོ། །དཔེར་ན་ཕས་ཀྱི་ རྒོལ་བ་ཚར་གཅད་པའི་ཕྱིར་ཕྱི་རོལ་གྱི་བསྟན་བཅོས་རྣམས་བཀླག་པར་བྱ་ཞེས་བྱ་བ་ལ་སོགས་པ་འདི་ལ་མི་བྱེད་པ་དང་མི་བྱེད་པ་ལ་ལྟུང་བའི་སྐྱོན་འགའ་ཡང་མེད་དེ་ངས་རྗེས་སུ་གནང་ངོ་ཞེས་གསུངས་པ་ལྟ་བུའོ། །བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་ཤེས་པ་འདི་ཙམ་ནི་འདུལ་བ་སོ་སོ་ལས་ཤེས་པར་ བྱའོ། །འདི་ནི་འདུལ་བ་ཤེས་པ་མ་ཡིན་པ་ཉིད་གཅིག་ཏུ་ལྔ་པས་བསྟན་པ་དང་ལྟུང་བ་ལ་སོགས་པ་ལྔ་པས་ཀྱང་རིག་པར་བྱའོ། །བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་ཉིད་དང་། སྨྲ་བ་པོ་ཉིད་དང་། རྗེས་སུ་སྟོན་པ་ཉིད་དང་ཞེས་བྱ་བ་ནི་བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ ཡིན་པ་མངོན་པར་ཤེས་པ་ཉིད་དང་སྨྲ་བ་པོ་ཉིད་དང་ཞེས་བྱ་བའི་བསྡུ་བའོ། །གང་ཞིག་འདུལ་བ་ལ་བྱ་བ་མ་ཡིན་པ་དེ་ནི་བར་ཆད་དོ། །གང་ཞིག་དེ་ནི་བར་ཆད་མ་ཡིན་པའོ། །དེ་དག་ལ་མངོན་པར་ཤེས་པ་ཉིད་དོ། །གཉིས་པོ་འདི་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ ཏོ། །སྨྲ་བ་པོ་ཉིད་ནི་སླར་སྨྲ