Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 160
Văn bản gốc(Tây Tạng)
Trang 10 / 19 (50.000 ký tự/trang)
ལ་དེར་མ་བྱིན་པ་དག་ལ་ནི་གང་ལ་ཡང་སྤང་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མ་ཐོབ་པ་གང་ལ་བཏང་བ་དེ་ལ་ནི་སྤང་བའི་ལྟུང་བྱེད་མི་བསྐྱེད་པར་བསྟན་པ་ནི་འདུ་ཤེས་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་འདིར་རྣམ་པར་གནས་པ་ཡིན་ནོ། །དེ་ནི་བསྔོས་པ་ཉིད་ན་བྲལ་བ་ཉིད་དོ་ཞེས་བྱ་བ་ ནི་གཞན་ལ་བྲལ་བ་ཉིད་འདི་ལ་སྤང་བའི་ལྟུང་བྱེད་མ་བྱས་པའི་ཕྱིར་རང་ཉིད་ལ་གང་དུ་བསྔོས་པ་ཉིད་དེས་འདུ་ཤེས་པ་ཉིད་ལ་ཡང་སྟོང་པ་ཉིད་ལ་རྣམ་པར་མ་བརྟགས་སུ་ཟིན་ཀྱང་སུ་ཞིག་ལ་ཞེས་བྱ་བ་བྱེ་བྲག་ཡོངས་སུ་མ་བཟུང་བར་ཤེས་པར་བྱའོ། །གང་ཞིག་འདི་ནི་ཀོ་ལྤགས་ཀྱི་གཞི་ལས་གང་གིས་ བཏང་བ་དེར་སྤང་བའི་ལྟུང་བྱེད་མི་བསྐྱེད་པར་བརྗོད་པའོ། །འདིར་ལུང་ནི་འོ་ན་འདི་ཤི་བའི་ཡོ་བྱད་ལ་ཇི་ལྟར་འདིར་དངོས་པོ་ལས་རང་ཉིད་རྣམ་པར་གཞག་གི་འདུ་ཤེས་ལས་མ་ཡིན་ནོ། །རབ་ཏུ་བྱུང་བའི་དོན་དུ་ངེས་པར་བྱ་བ་ཡང་དེ་ཉིད་དོ་ཞེས་བྱ་བ་ནི་དངོས་པོ་ཉིད་ཅེས་བྱ་བའི་དོན་ལ་ལྟུང་བ་མེད་དོ། །རབ་ ཏུ་བྱུང་བ་ལ་ལྟོས་པའི་དོན་དུ་བྱེད་པ་ཉིད་ཀྱི་ཕྱིར་འཛིན་པར་བྱེད་ཅེས་བྱ་བ་གང་ཞིག་ཙམ་ལ་བརྗོད་པ་དེ་ལའང་བཤད་པའོ། །ཆོས་གོས་ལས་ཀྱང་རྣམ་པར་བརྟགས་ནའོ་ཞེས་བྱ་བ་ནི་མ་བླངས་པ་ཉིད་ལ་རྣམ་པར་བརྟགས་པ་ལས་ཆོས་གོས་ལས་ཀྱང་རང་གི་ཉིད་དང་འབྲལ་བ་སྟོན་ཏོ། །འདི་ལ་རྗེས་སུ་ ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི་རང་ཉིད་ཀྱིས་རྗེས་སུ་འཇུག་པ་ཉིད་གང་ཡིན་པ་དེ་ལ་འདིར་མ་བླངས་པ་ཉིད་ལ་སོགས་པས་བྲལ་བ་ཉིད་ལ་ཉམས་པ་ཉིད་དོ། །རང་བཞིན་ལས་ཉམས་ན་ཡང་ངོ་ཞེས་བྱ་བའི་སྒྲ་ནི་རྗེས་སུ་ཞུགས་པ་ཉིད་ཉམས་པ་ཡིན་ནོ་ཞེས་བྱ་བའི་རྗེས་སུ་སྙེགས་ པའི་ཕྱིར་རོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས་བཙུན་པ་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ལྔ་ལགས་ལས་སེམས་རྣམ་པར་འཁྲུགས་པར་གྱུར་ནས་དེའི་དགུང་བཅུ་པོ་སླད་མ་གང་ཚུན་ཆད་ནས་བགྲང་བར་བགྱི། ཉེ་བ་འཁོར་གང་ཚུན་ཆད་ནས་རང་གི་སེམས་ཕྱིར་རྙེད་པ་ནས་སོ་ཞེས་གསུངས་ པ་ཡིན་ནོ། །རང་གི་སེམས་སོ་སོར་རྙེད་པ་ནས་བརྩམས་ཏེ་འདིར་བགྲང་བའི་ཚིག་གང་ཡིན་པས་ཞག་ལྔ་པོ་ཡང་འདའ་བར་བྱེད་པ་ལ་ཉེ་བར་བསྡུ་བའོ། །འདིར་ནི་འདི་ལ་བསྟན་པའོ། །དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་འབྱུང་བ་ཉིད་དོ་ཞེས་བྱ་བ་ནི་རྗེས་སུ་ཞུགས་པ་ཉིད་དེ་ཡོད་ཅིང་གཞན་དུ་དེའི་ དངོས་པོ་དང་གང་གི་རྣམ་པའི་དངོས་པོ་ལ་དེ་དང་རྗེས་སུ་འཇུག་པ་ཉིད་དོ། །ཡོད་པའི་རྣམ་པའི་དངོས་པོ་ལ་ཆོས་གོས་ཞག་བཅུ་པར་གཏོགས་པ་ནི་ཞག་བཅུ་པའི་ཆོས་གོས་ལ་འབྱུང་བ་ཉིད་དོ། །ཟླ་བ་གཅིག་པར་གཏོགས་པ་ནི་ཟླ་བ་གཅིག་པ་ལའོ། །སྨན་ཞག་བདུན་པར་ གཏོགས་པ་ནི་སྨན་ཞག་བདུན་པ་ལ་འབྱུང་བ་ཉིད་ཙམ་ལ་སྐྱེས་པ་ཉིད་དོ། །གང་གི་ཕྱིར་ཕྱིས་འབྱུང་བ་རྣམས་ལ་དང་པོའི་དུས་འདའ་བ་ཉིད་ནི་སྤང་བའི་ལྟུང་བྱེད་བརྗོད་པའོ། །དེ་ཉིད་ལ་ཞག་བཅུའི་ནང་རོལ་དུ་སྟེ་དེ་བས་ན་སྐྱོན་མེད་དོ། །འདིར་ལུང་ནི་སྦྱོར་བ་ནི་ཡོངས་སུ་དག་པ་ཉིད་དེ། འདིར་རྒྱུན་ལ་དེར་ འཛིན་པ་མ་ཡིན་ནོ། །སྦྱོར་བ་དེས་དེ་དང་འབྲེལ་བའི་རྫས་ཀྱི་ཁྱད་པར་བུམ་པ་དང་སྣམ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཞག་བདུན་པ་ལ་ནི་རིགས་མཐུན་པ་ལའོ་ཞེས་བྱ་བ་ནི་རྫས་ཀྱི་རིགས་འདྲ་བ་ལ་ཞག་བདུན་པའི་དོན་དུ་ལྷག་པར་གནས་པ་ལ་རྗེས་སུ་འཇུག་པ་ཉིད་ཡོད་པ་ འདི་ལ་སྐྱེས་པ་ཉིད་དོ། །འདིར་རྣམ་པར་འབྱེད་པའི་གཞུང་འགའ་ཞིག་ལས་མར་དང་འབྲེལ་བ་ནི་མར་ལའོ། །འབྲུ་མར་དང་འབྲེལ་པ་ནི་འབྲུ་མར་ལའོ། །སྦྲང་རྩི་དང་འབྲེལ་པ་ནི་སྦྲང་རྩི་ལའོ། །ཧྭགས་དང་འབྲེལ་པ་ནི་ཧྭགས་ལའོ། །འབྲེལ་པ་དང་བཅས་པ་ནི་འབྲེལ་པ་དང་བཅས་པའོ་ ཞེས་གསུངས་པ་ཡིན་ནོ། །དོན་ཐ་དད་པས་འདི་ལྟ་བུ་ཉིད་དུ་རྣམ་པར་གཞག་པའོ། །ལྟུང་བ་དེ་ཡོད་ན་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་དེ་ཡོད་ནའོ། །རང་བཞིན་གྱིས་མ་གྲུབ་པ་ལ་སྤང་བའི་ལྟུང་བྱེད་དག་ཏུ་བྱེད་པ་ལ་གང་དུ་ཡོ་བྱད་འགའ་ཞིག་ལ་སྤང་ བའི་ལྟུང་བྱེད་ལས་སྐྱེས་པ་ཉིད་དོ། །འདི་ནི་སྤང་བའི་ལྟུང་བྱེད་ལས་མ་སྐྱེས་པ་ཉིད་བྱས་པར་རིག་པར་བྱའོ། །སྤང་བ་ཉིད་ཙམ་ལ་ཆོ་ག་འདི་ལྟ་སྟེ་སྤང་བའི་ལྟུང་བྱེད་རང་བཞིན་གྱིས་མ་བྱས་པ་ཉིད་ལ་ཇི་སྲིད་དུ་ཐམས་ཅད་འགྲུབ་པ་དངོས་པོ་ཐམས་ཅད་དེ་དངོས་པོ་གང་ལས་ལྟུང་བ་དེ་བསྐྱེད་པ་དེའི་དངོས་པོ་ བཞིན་དུ་དེ་ལ་ཡང་བྲལ་བ་མ་བྱས་པའོ། །དེའི་ཕྱིར་ལྟུང་བ་ནི་བཤགས་པར་བྱ་མི་དགོས་ཏེ། །དེའི་གཞི་ལས་ལྟུང་བ་མ་བྱུང་བའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་གིས་ཆོས་གོས་སྤང་བ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་དེ་ཡང་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྤང་བ་ཡིན་ཏེ། སྔ་མའི་ ཤུགས་ཀྱིས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་མི་འགྱུར་རོ་ཞེས་བྱ་བ་ལ་དེ་ནི་མི་འགྱུར་རོ་ཞེས་བྱ་བ་ནི་སྤང་བ་ཉིད་དོ། །འཁོར་ཡུག་གི་མཐའ་མཉམ་པ་ནི་སྤང་བའི་ལྟུང་བྱེད་རྣམས་ལ་དེ་བས་ན་མ་ཚང་བ་རྣམས་ལ་ཞེས་བྱ་བར་གཏོགས་པའོ། །འཁོར་ཡུག་མཉམ་པ་ ལས་མ་ཚང་བ་ཉིད་ལ་དུམ་བུ་ནི་སྤང་བ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྤང་བ་ཉིད་ལ་འདི་དུམ་བུ་ཉིད་དུ་འབྲེལ་པ་ལ་དུམ་བུ་རྣམས་ལ་བྲལ་བར་མ་བྱས་པ་ལ་བྱེད་པའོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས་བཙུན་པ་དགེ་སློང་གིས་ཆོས་གོས་སྤང་བ་ཚིག་གམ་སྲོག་ཆགས་དག་དང་སྲིལ་དག་གིས་ འཚལ་བར་གྱུར་ན་དེ་ལ་ཕྱ་ཕྱེ་འམ་དམ་དུམ་གང་དག་མཆིས་པ་དག་སྤང་བར་བགྱི་འམ་ཉེ་བ་འཁོར་མི་བྱ་སྟེ། ལྟུང་བྱེད་འགའ་ཞིག་བཤགས་པར་བྱའོ། །ལྷག་པར་གནས་པར་བྱ་བ་མ་ཡིན་ཞེས་གསུངས་པ་དེ་ཉིད་དེ་རྣམས་ལ་ལྷག་པར་གནས་པ་དེ་འདིར་བསྡུས་པ་ཡིན་ནོ། །དགེ་འདུན་གྱི་ཡང་ངོ་ ཞེས་བྱ་བ་ནི་དགེ་འདུན་མངའ་བ་གང་ཟག་གིས་བདག་ཉིད་དུ་རིས་སུ་བཅད་པ་དང་། དགེ་འདུན་མངའ་རིས་སུ་མ་བཅད་པའོ། །སྤང་བའི་ལྟུང་བྱེད་དག་གིས་ཡང་འཆང་བ་དང་འབྲལ་བ་དང་འཇོག་པ་དེའི་རྒྱུས་སྤང་བའི་ལྟུང་བྱེད་རྣམས་ལ་ཡང་དེར་གང་ཟག་གཅིག་པ་དང་འདྲ་བར་གང་ཟག་རེ་རེས་ བདག་ཏུ་བྱས་པས་ཡང་དག་པར་གནས་པའོ། །དགེ་འདུན་མངའ་རིས་སུ་བཅད་པའི་དགེ་འདུན་དང་འབྲེལ་པ་ལ་བདག་ཏུ་བྱས་པས་སུ་ཞིག་མེད་པས་འཆང་བ་དང་འཇོག་པའི་རྒྱུས་སྤང་བའི་ལྟུང་བྱེད་དག་གི་ཡང་སྐབས་མེད་པས་གནས་པའི་རྒྱུས་ལྷག་པར་གནས་པ་ལ་མངའ་རིས་སུ་མ་བཅད་པ་མི་སྲིད་པའི་ཕྱིར་ གང་ཟག་གཅིག་གིས་དགེ་འདུན་རིགས་སུ་བཅད་པ་དང་ལྷག་པར་འབྲེལ་བ་གནས་པ་སྤང་བའི་ལྟུང་བྱེད་ལ་གླག་ཡོད་དེ་དེ་བས་ན་མདོ་འདི་ཡིན་ནོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས། བཙུན་པ་དགེ་སློང་གིས་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས་མཚམས་ཀྱི་སླད་རོལ་ཏུ་འབྲལ་ བར་བགྱིད་ན་ཆོས་གོས་དང་བྲལ་ཞེས་བགྱི་འམ་མ་བྲལ་ཞེས་བགྱི་བཀའ་སྩལ་པ། ཆོས་གོས་དང་བྲལ་ཞེས་བྱའོ། །ཆོས་གོས་དེ་སྤང་བར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་གང་དུ་རང་ཉིད་ལ་གཏད་པ་ཉིད་མ་ཡིན་པ་ནི་ འདི་ལྟ་སྟེ་དགེ་འདུན་གྱི་ཆོས་གོས་དེ་ལ་བྱ་བ་ཉིད་དོ། །འདི་ལ་མེད་པ་དེ་ཉིད་གཙོ་བོའོ་ཞེས་བྱ་བ་ནི་འདི་ལ་དངོས་པོ་དེ་ཡོད་པ་མ་ཡིན་ཞེས་བྱ་བ་ནི་འདི་ལ་དངོས་པོ་དེ་མེད་པས་ན་མེད་པའོ། །མེད་པའི་དངོས་པོ་ནི་མེད་པ་ཉིད་དོ། །དེ་ཉིད་སྤང་བ་ཉིད་ལ་གཙོ་བོ་ཡིན་གྱི་སྤང་བར་བྱ་བའི་རྫས་ ནི་གཙོ་བོ་མ་ཡིན་ནོ། །ཐམས་ཅད་མེད་པས་འདི་ལ་བྱ་བ་ཉིད་དུ་ཤེས་ནས་འདིར་ཅི་ཞིག་བྱ་བ་ཞེས་བྱ་བ་ཐེ་ཚོམ་མི་བྱ་ཞེས་བྱ་བ་འདི་ལ་འདི་བྱེད་པའོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་གིས་ཆོས་གོས་སྤང་བ་ཉམས་པར་གྱུར་ན་ལྟུང་བྱེད་བཤགས་པར་བགྱི་འམ། ཉེ་བ་འཁོར་མ་དག་པ་ ནི་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་ཞེས་བྱ་བ་ནི་འཆང་བ་འམ་འབྲལ་བ་དང་འཇོག་པ་ལྷག་པར་གནས་པའོ། །ཐུན་མོང་བ་ནི་སོང་ཟིན་ཏོ།། །།དེ་ནས་སོ་སོའི་སྐབས་བརྗོད་པར་བྱ་སྟེ། གང་དུ་འཆང་བའི་སྤང་བའི་ལྟུང་བྱེད་བསྐྱེད་ ཅེ་ན། དེའི་ཕྱིར་ཡོད་ནའོ་ཞེས་བྱ་བ་སྨོས་ཏེ་སུ་ཡོད་ཅེ་ན། དེའི་ཕྱིར་རང་གི་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ལ་ཡང་མ་ཡིན་ནོ། །འོ་ན་གང་ཞེ་ན། དེའི་ཕྱིར་ཞག་བཅུར་རྗེས་སུ་ཞུགས་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །དུས་གང་གི་ཚེ་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱི་ཉི་མའི་དང་པོ་ ལའོ་ཞེས་བྱ་བ་སྨོས་ཏེ་རྗེས་སུ་ཞུགས་པའི་དུས་འདི་ཞག་བཅུར་བརྗོད་པ་གང་ཡིན་པ་དེ་ལས་གཞན་པའི་ཞག་ལ་དང་པོར་སྐྱ་རེངས་འཆར་བའི་སྐད་ཅིག་མ་དང་པོ་ལའོ། །རང་ཉིད་གང་དུ་སྟེ་དུས་ཙམ་གང་ཞིག་ལ་ཡོད་པ་ན་ཞེ་ན། དེའི་ཕྱིར་གོས་ལའོ་ཞེས་བྱ་བ་སྨོས་སོ། །ཐམས་ཅད་དུ་མ་ཡིན་ཏེ་འོན་ ཀྱང་འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ་ཞེས་བྱ་བ་ལ་འཁོར་གསུམ་ཞེས་བྱ་བ་ནི་ལྟེ་བའི་དཀྱིལ་འཁོར་དང་པུས་མོའི་ལྷ་ངའི་ཚིགས་གཉིས་སོ། །འཁོར་གསུམ་པོ་དེ་དག་ཆུབ་པར་ཁེབས་པའི་མཐར་གྱུར་པའི་ཁྱོན་གྱི་ཚད་གང་ལ་ཡོད་པ་དེ་ཞེས་བྱ་བའི་དོན་ཏོ། །འདི་ཡང་ཐམས་ཅད་དུ་ནི་མ་ ཡིན་ཏེ་གཞན་ཡང་བྱིན་གྱིས་བརླབས་པ་དང་མ་འབྲེལ་པ་ལའོ། །གཞན་ཡང་འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་ལའོ་ཞེས་བྱ་བ་ནི་འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་ལའོ། །ཡོད་པ་ཉིད་དང་རྗེས་སུ་འཇུག་པ་ལྷན་ཅིག་ཏུ་རྗེས་སུ་འཇུག་པ་དང་བཅས་པའོ། །རང་ཉིད་ལས་བྱུང་བ་ དང་གཞན་ལས་བྱུང་བའོ། །རང་ཉིད་ཀྱིས་རྗེས་སུ་ཞུགས་པ་དང་བཅས་པ་ལ་འབྲེལ་པ་ནི་ཡུལ་ཁྱད་པར་དུ་གྱུར་པ་ཡོངས་སུ་བཟུང་བ་ཡིན་ནོ། །འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་སོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་རྗེས་སུ་ཞུགས་པ་དང་བཅས་པའི་གོས་ལའོ། ། བྱིན་གྱིས་བརླབས་པ་རྗེས་སུ་ཞུགས་པ་དང་བཅས་པ་དེ་ལས་གཞན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་ཡོད་པ་ཞེས་བྱ་བའི་དོན་ཏོ། །ཤན་ཚུན་ཆད་ནས་སོ་ཞེས་བྱ་བ་ནི་མ་ཚང་བ་ལ་གཙོ་བོར་འགྱུར་རོ། །དེ་ལྟར་ན་ཡོངས་སུ་དག་པ་ཉིད་བྱིན་གྱིས་བརླབས་པ་ལ་ཞེས་བྱ་བ་འདི་ཤེས་པའོ། ། འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས། བཙུན་པ་དགེ་སློང་གིས་ཆོས་གོས་དེ་ཉིད་ཞག་བཅུ་ལས་འདས་པ་ཡང་ལགས་ལ་དེ་ཉིད་ཞག་གཅིག་བྲལ་བ་ཡང་ལགས་པ་མཆིས་སམ་ཉེ་བ་འཁོར་ཡོད་དེ་འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་རྒྱུན་མ་ཆད་པར་རྒྱུན་འབྱུང་བ་ཡང་ཡིན་ལ། དེས་ཆོས་ གོས་འབྱུང་བ་དེ་ཞག་བཅུ་པ་ལ་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་དུ་ཆོས་གོས་དེ་མེད་པར་སྐྱ་རེངས་འཆར་བར་བྱེད་ན། དེ་ལྟར་ན་ཆོས་གོས་དེ་ནི་དེ་ཉིད་ཞག་བཅུ་འདས་པ་ཡང་ཡིན་ལ་དེ་ཉིད་ཞག་གཅིག་བྲལ་བ་ཡང་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འཆང་བའི་སྤང་བའོ།། །།གདིང་ བ་དང་བྲལ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་འདིར་ཕྲན་ཚེགས་རྣམས་ལས་འདི་ལ་སོགས་པའི་ཤིན་ཏུ་མང་བ་ཟད་པས་ཞེས་བྱ་བའི་མཐར་འདི་སྙེགས་པའོ། །གལ་ཏེ་དེང་ཉིད་ཕྱིར་ལྡོག་ཅིང་གནས་པར་བྱའོ་སྙམ་པ་མེད་ན་གདིང་བ་གཞག་སྟེ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་འདི་ལྟར་དགོངས་ནས་འགྲོ་བ་ ལ་དུས་འབྱོར་པར་འགྱུར་བ་ལ་དེར་སླར་འོངས་པ་ཉིད་ལ་དེར་གནས་པར་བྱའོ། །གལ་ཏེ་དེང་ཉིད་ཀྱི་ཕྱིར་ལྡོག་ཅིང་འདིར་གནས་པར་བྱའོ་སྙམ་པའི་བསམ་པ་མེད་ན་གདིང་བ་མེད་པར་གང་དུ་ཡང་འགྲོ་བར་མི་བྱའོ། །དེར་དུས་མ་འབྱོར་ན་ཡོད་པར་གྱུར་པ་ལ་བརྙས་ཏེ་གདིང་བ་ལ་གནས་པར་བྱའོ། །མ་རྙེད་ ན་བླ་གོས་བཞི་བལྟབ་ཏུ་བྱས་པའི་སྟེང་དུ་ཡུན་རིང་དུ་མི་ཉལ་བར་རོ། །སྣམ་སྦྱར་གཞག་པར་མི་འོས་པའི་གནས་སུ་དབྱར་གྱི་གོས་རས་ཆེན་ཡང་གཞག་པར་མི་བྱའོ་ཞེས་བྱ་བ་གནས་གང་ན་དགེ་སློང་ཉིད་མེད་པ་དང་སྒོ་གླེགས་གཉིས་ཀ་འདོམ་པ་དེར་གཞག་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །ཆར་འབབ་ ན་མི་གཞག་གོ། །ཆུ་ཀླུང་གིས་ཆོད་པར་འགྲོ་བ་ལ་ཡང་མི་གཞག་གོ། །དེ་གཉིས་དོགས་པར་ཡང་མི་གཞག་གོ་ཞེས་བྱ་བ་ནི་དབྱར་གྱི་གོས་རས་ཆེན་ཞེས་བྱ་བ་འདི་ལ་ནི་འདིར་སོ་སོར་སྦྱར་བར་བྱའོ། །འདི་གཉིས་ཞེས་བྱ་བ་ནི་ཆར་འབབ་པ་དང་ཆུ་ཀླུང་གིས་ཆོད་པ་དེ་ གཉིས་ཡོད་པར་དོགས་པའི་གནས་སུ་འགྲོ་ན་ཡང་དབྱར་གྱི་གོས་རས་ཆེན་མི་གཞག་པར་བསྐུར་རོ། །དགེ་སློང་དང་བཅས་པ་ཉིད་དང་སྒོ་གླེགས་དང་བཅས་པ་ཉིད་དུ་བཅས་པའི་གནས་དང་ཆར་འབབ་པ་དང་ཆར་འབབ་པར་དོགས་པ་དང་། བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ཉིད་འདི་ལྟ་བུ་མེད་ན་གནང་བ་ མ་བྱིན་པ་དང་སྲ་བརྐྱང་མ་་བཏིང་བས་སྣམ་སྦྱར་མེད་པར་གར་ཡང་འགྲོ་བར་མི་བྱའོ་ཞེས་བྱ་བ་ལ་བཅས་པ་ཉིད་ཅེས་བྱ་བ་ནི་གཉིས་པོ་འདི་དང་ཡང་དག་པར་ལྡན་པའོ། །ཆུ་ཀླུང་གིས་ཆོད་པ་ཞེས་བྱ་བ་ནི་འབད་པས་བརྒལ་བར་མི་བྱ་བའི་ཆུས་བར་དུ་ཆོད་པ་ཉིད་དོ། །གཞི་སྣང་བ་ཡོད་པ་ལ་བར་དུ་མ་ ཆོད་པ་ཉིད་དོ། །འདི་ལྟ་བུ་མེད་ན་ཞེས་བྱ་བ་ནི་དགེ་སློང་དང་བཅས་པ་ཉིད་ཅེས་བྱ་བ་ལ་སོགས་པའོ། །འདི་ཡོད་པ་ལ་འདི་དང་ལྷན་ཅིག་ཏུ་སྦྱོར་བ་མེད་པར་སྐྱོན་མེད་དེ། ཆར་འབབ་པ་དང་དགེ་སློང་དང་བཅས་པ་ཉིད་མི་བདེན་ཡང་སྒོ་གླེགས་དང་བྱས་པ་ཉིད་དུ་བཅས་པའི་གནས་ཞེས་བྱ་བར་སྦྱར་ཏེ་ སྣམ་སྦྱར་ཞེས་བྱ་བ་འདིར་རྣམ་པར་གནས་པ་ཡིན་ནོ། །དེས་བསྙེན་པར་མ་རྫོགས་པའི་ལག་ཏུ་སྣམ་སྦྱར་གཏམས་པ་ཡང་རུང་བར་སྣང་ངོ་། །གནས་སུ་ཕྱིན་པར་མི་འགྱུར་ན་ཆོས་གོས་ཀྱིས་ཕྱུང་སྟེ་གཞན་ལ་བྱིན་གྱིས་བརླབས་པ་ནི་ཆོ་གའི་རྣམ་པའོ་ཞེས་བྱ་བ་ནི་གནས་གཞན་ན་འདུག་པའི་བྱིན་གྱིས་བརླབས་པ་ ཕྱུང་སྟེ། ཁྱིམ་པ་ཡན་ཆད་ཀྱི་གོས་སམ་གཞན་ལ་བརྙས་པ་ལ་ཡང་བྱིན་གྱིས་བརླབས་པ་བསྒྲུབ་པར་བྱའོ། །འདི་ནི་ཆོས་གོས་ཀྱི་གནས་ལ་ཐོབ་པ་མི་སྲིད་པ་ལ་སླར་ཆོ་གའི་རྣམ་པ་སྟེ་ཐབས་སོ་ཞེས་བྱ་བའི་དོན་ཏོ། །སྣམ་སྦྱར་ལྕི་བ་ཉིད་ཡིན་ན་རྒན་པོ་དང་ནད་པ་དག་ལ་མི་འབྲལ་པའི་གནང་བ་ སྦྱིན་ནོ་ཞེས་བྱ་བ་སྟེ་འབྲལ་པའི་སྤང་བའི་ཐབས་སོ། །གང་ལ་གནང་བ་དང་སྤང་བའི་ལྟུང་བྱེད་ལ་བྱེད་པ་པོ་ཉིད་ཅེ་ན། དེའི་ཕྱིར་བྱིན་གྱིས་བརླབས་པ་དང་གནང་བ་མ་ཐོབ་པ་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གོས་ཞེས་བྱ་བ་འདི་ལ་གོས་ཀྱི་དངོས་པོར་ཡོངས་སུ་གྱུར་པ་ལ་སོ་སོར་ཉེ་བར་གནས་ པའོ། །དེ་བས་ན་ལྷུང་བཟེད་ལ་སྐབས་མ་ཡིན་ནོ། །བྱིན་གྱིས་བརླབས་པའི་གོས་ལ་གང་ཟག་གནང་བ་མ་ཐོབ་པ་ནི་ལྷུང་བའི་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ། །འདིར་ནི་གནས་སྐབས་ཐམས་ཅད་ལ་གང་ཟག་དེ་བྱེད་པ་པོ་ཉིད་མ་ཡིན་ཏེ། དེ་ལ་བདེན་པ་ལ་འདི་གང་ཡིན་པ་དེར་བརྗོད་པར་བྱ་སྟེ། དེའི་ ཕྱིར་དེའི་གནས་ཉེན་ཀོར་དང་བཅས་པ་ནས་གཞན་ན་གནས་པ་ལ་སྐྱ་རེངས་ཤར་ནའོ་ཞེས་བྱ་བ་སྨོས་ཏེ། ཆོས་གོས་བྱིན་གྱིས་བརླབས་པ་དེའི་གནས་གང་ཡིན་པ་གནས་པའི་ས་དེ་ཉེ་བར་སྤྱད་པས་ཀྱང་གནས་གཞན་ན་གནས་པ་ལ་སྟེ་གང་ཡང་རུང་བ་གཅིག་གི་དུས་ལ་ནི་མ་ཡིན་ནོ། །འོན་ཀྱང་སྐྱ་རེངས་ ཤར་བ་ལ་གང་གིས་དེ་བྱིན་གྱིས་བརླབས་པ་དེ་ལ་ཞེས་བྱ་བ་འདི་སྐྱ་རེངས་ཤར་བ་ལ་འབྲེལ་པ་ཅན་གྱི་སྒྲ་ཉིད་ཀྱི་ཕྱིར་ཤེས་པར་བྱའོ། །འདིར་བཟུང་བ་ཙམ་ནི་གནས་མ་ཡིན་ཏེ་དེ་བས་ན་འདི་ལ་མཚམས་བརྗོད་པར་བྱའོ། །མཚམས་བྱས་པ་ལ་མཚམས་གནས་ཀྱི་མཐའོ་ཞེས་བྱ་བ་ནི་འདི་ལྟར་ཡོལ་བ་ དང་རྩིག་པ་དང་རིབ་མ་དང་འོབས་ཀྱིས་བསྐོར་བ་ལ་སོགས་པ་དག་ཀྱང་མཚམས་ཉིད་ཡིན་ནོ། །མཚམས་བཅད་པ་འབའ་ཞིག་མཚམས་ཡིན་པར་ནི་མ་ཟད་དེ་ཁྱད་པར་ཡོངས་སུ་མ་བཟུང་བའི་ཕྱིར་རོ། །ཇི་ལྟར་བདག་པོ་གཅིག་པ་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམ་པ་ཐ་དད་པ་ཉིད་ཡིན་པ་དེ་བཞིན་དུ་ བདག་པོ་གཅིག་ཉིད་ཀྱི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་དུ་མི་འགྱུར་བས་དེའི་ཕྱིར་བདག་པོ་གཅིག་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གང་དུ་རབ་ཏུ་འབྱེད་པས་མང་བའི་བདག་པོ་རྣམས་ལ་གཉེན་གཅིག་པའི་རིགས་པས་གནས་པ་དེ་ལ་ཆོ་ག་འདི་མི་ འཇུག་པའོ། །མཚམས་གཞན་ལ་ཡང་དེ་ཉིད་ལ་བདག་པོ་ཉིད་དོ། །གནས་སོ་སོར་ནི་བདག་པོ་ཐ་དད་པ་མ་ཡིན་པ་ཞེས་བྱ་བའོ། །གང་ཞིག་སྣ་ཚོགས་པ་ཉེ་བར་སྤྱོད་པའི་རིགས་ལ་ཕྱི་སྒོ་ལ་སོགས་པ་ཐུན་མོང་པའི་དངོས་པོ་བརྗོད་པ་ནི་ཡུལ་གྱི་ཚོམས་དང་། མུ་སྟེགས་ཅན་གྱི་ཁྱིམ་དང་། ཚོང་ཁང་དང་། ཚོང་རྡལ་དང་། གཞག་སྟེགས་དང་། འདུག་སྟེགས་དང་། དགྲ་ཁང་དང་། གཡུལ་དང་། དཀྱིལ་དང་། རྒྱལ་མཚན་གྱི་ཤིང་བསྒྲེང་བ་དང་། ཤིང་རྟ་དང་། ཁ་ལོ་བའི་གནས་ཞེས་བྱ་བ་དང་། གྲུ་ལ་དང་། གྲུ་དོང་དང་། ཀུན་དགའ་ར་བ་ནི་ཁྲོན་པ་ཐུན་མོང་ཡིན་ཏེ། ཐམས་ཅད་ལ་དེ་དང་ཁྱིམ་པ་ལ་སོགས་པར་འཇུག་པ་ལ་ནི་ཞུགས་པའི་བདག་པོ་རྣམས་དེ་ཡོངས་སུ་གཅོད་པ་ཉིད་ཀྱི་སྒོ་བ་ལ་སོགས་པ་རྣམས་ལ་ཞེན་པ་ཞེས་བྱ་བ་འདིས་ཤེས་པའོ། །ནོར་ལས་དང་ལྟ་བ་ལས་ཐ་དད་པས་ཐ་དད་པ་མ་ཡིན་པའི་ཡང་ངོ་ཞེས་བྱ་བ་ལ་ནོར་ལས་ནི་འདི་ ལྟ་སྟེ་དཔེར་ན་སྤུན་རྣམས་ཀྱི་ལྟ་བུའོ། །ལྟ་བ་ལས་ནི་མུ་སྟེགས་ཅན་རྣམས་ཀྱི་ལྟ་བུའོ། །མ་བགོས་པ་ནི་ཡོངས་སུ་བཟུང་བ་པོ་རྣམས་སོ། །གཞན་མཚམས་ཀྱང་ཐ་དད་པ་ཉིད་མ་ཡིན་ཏེ། གནས་འགོད་པ་ལ་ཐ་དད་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཡལ་ག་དང་ཡལ་ག་ཕྲ་མོ་དག་མ་རེག་པ་ནི་ གནས་ཐ་དད་པ་ཉིད་དོ་ཞེས་བྱ་བ་ལ་མི་རེག་པ་ནི་མ་རེག་པ་སྟེ་ཕན་ཚུན་མ་ཕྲད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡོད་པ་ལ་གནས་ཐ་དད་པ་ཉིད་དེ་འདི་རྣམས་མ་འདྲེས་པ་ལ་གནས་གཅིག་པ་ཉིད་ཅེས་བྱ་བ་འདི་དང་བྱས་པར་རིག་པར་བྱའོ། །རྩ་བ་ནི་ཐུན་མོང་ངོ་ཞེས་བྱ་བ་ནི་ཡལ་ག་དེ་དག་གི་རྩ་བ་ནི་ཐུན་མོང་བའོ། ། རྩ་བའི་རྩ་བ་ལ་སོགས་པ་ཡང་ངོ་ཞེས་བྱ་བ་ནི་ཕྱོགས་གང་ལས་ཡལ་ག་དུ་གྱེས་པར་གྱུར་པ་དེའི་མོད་ཁོ་ནའི་འོག་ན་ཡལ་ག་མེད་པའི་ཤིང་ལྗོན་པའི་ལྡོང་པོའི་ཕྱོགས་ལ་བྱ་སྟེ་དེ་ནི་རྩ་བའོ། །དེ་ལ་དེ་ལྟ་བུ་ཉིད་ཀྱི་ཡལ་ག་གཅིག་ཏུ་གྱུར་ཏམ་ཡལ་ག་དུ་མར་གྱུར་པའི་ཆུང་ངུ་འམ་ཆེན་པོ་འམ་ཕྲ་བ་འམ་ རགས་པའི་ཤིང་ལྗོན་པ་དང་ལྷན་ཅིག་ཏུ་གང་དུ་གཅིག་པ་ཉིད་དེའི་མཐའ་ཅན་འདིར་རྟེན་ཡལ་ག་མེད་པ་ཤིང་ལྗོན་པའི་སྡོང་པོའི་ཕྱོགས་ལ་བྱ་སྟེ། དེ་ནི་རྩ་བའི་རྩ་བར་རིག་པར་བྱའོ། །སོགས་པའི་སྒྲས་ནི་དེ་མན་ཆད་ནས་ས་གཞི་ལ་ཐུག་པ་ཡན་ཆད་ཀྱི་བར་བཟུང་སྟེ་དེ་རྣམས་ཉེ་བར་སྡུད་པའོ། །གང་གི་ གང་རྣམས་ལ་རྩ་བ་ཉིད་དེའི་དེ་རྣམས་ཐུན་མོང་བ་ཉིད་དོ། །འདིར་གཞུང་ནི་འདི་ལྟ་སྟེ་ཤིང་ལྗོན་པ་ཡལ་ག་དང་ལོ་མ་མ་རེག་པ་དེའི་ཉེན་ཀོར་གང་ལགས། སོ་སོ་ཐ་དད་པའོ། །ཇི་ཞིག་ཐུན་མོང་ལགས་རྩ་བའོ་ཞེས་གསུངས་པ་ཡིན་ནོ། །ཡལ་ག་དང་ལོ་མ་རེག་པའི་ཤིང་ལྗོན་པ་རྣམས་ནི་གནས་གཅིག་ པ་ཉིད་དོ་ཞེས་བྱ་བ་ནི་འདབ་མ་དང་མེ་ཏོག་དང་འབྲས་བུ་རྣམས་ལ་ཡལ་ག་རྒྱས་པར་འགྱུར་བ་ཉིད་དེ་དེ་བས་ན་སོ་སོར་མ་སྨོས་སོ། །ཤིང་ལྗོན་པ་རྣམས་ཞེས་བྱ་བ་ནི་ཤིང་དག་དང་ཤིང་རྣམས་ལའོ། །དེའི་ཆ་འོག་མར་སྦྱངས་པ་ནི་སྟེང་གཡོགས་དང་འདྲའོ་ཞེས་བྱ་བ་ནི་འདིར་བླ་གབ་ཀྱི་རིམ་པའི་ཆ་ འོག་མ་དེའི་གནས་ཀྱི་ཁོངས་སུ་གཏོགས་པ་དེ་བཞིན་དུ་འདིར་ཞེས་བྱ་བའི་དོན་ཏོ། །གྲུ་དང་ཤིང་རྟ་དག་གི་ཡང་ངོ་ཞེས་བྱ་བ་ནི་ཆ་འོག་མ་ཡང་སྟེང་གཡོགས་དང་འདྲ་བར་ཁོངས་སུ་གཏོགས་པར་ཤེས་པར་བྱའོ། །ནམ་མཁའ་ནི་མཚམས་སུ་གཏོགས་པ་མ་ཡིན་ནོ། །དེ་བས་ན་དེ་དང་འབྲེལ་པ་སྟེང་གི་ ངོས་དང་འབྲེལ་པའི་རྫས་ནི་མདོ་འདི་གཉིས་ཀྱིས་གནས་ཉིད་ཡིན་པར་རིག་པར་བྱའོ། །མཚམས་མེད་པ་ལ་ནི་ཡན་ལག་གིས་ཁྱབ་པ་མཐའོ་ཞེས་བྱ་བ་ནི་ལྷག་པར་གནས་པ་འམ་དེའི་རྣམ་པའི་ཤིང་གཅོད་པ་ལ་སོགས་པ་ལ་རྣམ་པར་གཅོད་པ་ནི་འདིར་མཚམས་བཅད་པ་སྟེ། དེ་མེད་པ་ལ་འདི་རྣམས་ མཚམས་བཅད་པ་མེད་པ་ཉིད་ཀྱི་ཚིག་གོ། །ཁྱབ་པ་ནི་གནས་ཏེ་དེར་ཡལ་ག་གང་ཡིན་པ་དེའི་མཐར་ཐུག་པ་ནི་གནས་ཀྱི་མཐར་ཐུག་པའོ། །འདིར་ལུང་ནི་གང་ཞིག་ལམ་དུ་ཞུགས་པ་ལ་ལུས་དང་འབྲེལ་པའི་ཕྱོགས་ནས་མཚམས་སོ། །འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ཉེན་ཀོར་ཡིན་པར་གསུངས་པ་གང་ ཡིན་པ་དང་། མཚམས་གཞན་པ་ལ་ལུས་ཀྱིས་ནོན་པ་ཉི་ཚེ་གནས་ཉིད་ཡིན་པར་གསུངས་པ་གང་ཡིན་པ་དེ་ཡིན་ནོ། །ཡང་རིགས་པ་ནི་འདིར་ཞུགས་པ་ལ་གནས་ཉིད་ཙམ་དུ་རུང་བ་ཉིད་ཀྱིས་གནས་ཀྱི་ཁོངས་སུ་གཏོགས་པ་ཞེས་བྱ་བ་སྟེ་གཟུགས་ལ་ནི་མ་ཡིན་ཞེས་བྱ་བའོ། །དེའི་ཕྱིར་གནས་ བསྟན་པར་བྱས་པའོ། །ད་ནི་འདི་ལ་ཉེན་ཀོར་བསྟན་པའི་ཕྱིར་ཉེན་ཀོར་ནི་ཁོ་ར་ཁོར་ཡུག་ཏུ་འདོམ་རེ་རེའོ་ཞེས་བྱ་བ་སྨོས་ཏེ། ཉེན་ཀོར་ནི་རྣམ་པ་གཉིས་ཏེ། བརྩམས་པ་ཉིད་ཀྱི་གནས་ཉིད་ཀྱི་ཁོངས་སུ་གཏོགས་པ་དང་། གནས་ངེས་པ་ལ་ལྷག་པར་གནས་ཤིང་བརྩམས་པའི་སྐབས་ལ་བརྩམས་ པ་ཡང་དག་པར་གནས་ཞེས་བྱ་བའོ། །ཉེན་ཀོར་དུ་གྱུར་པ་ཉིད་ཀྱི་དང་པོ་ལ་འདིར་བརྗོད་པ་ཉིད་དོ། །ཁོར་ཡུག་ཏུ་འདོམ་རེ་རེའོ་ཞེས་བྱ་བའོ། །ཕྱི་མ་ནི་དམིགས་ཀྱིས་བསལ་བར་གྱུར་པའོ། །གྲོང་གསུམ་དང་འབྲེལ་པ་གནས་སོ་སོས་བརྩམས་པ་ཙམ་ནི་མ་ཡིན་ནོ། །ལྷག་པར་གནས་པ་བརྩམས་ པ་ལ་ཡང་གསུམ་སྟེ། ཉེན་ཀོར་ལ་ཡང་གྲུབ་པ་དང་། ཤིང་རྟ་ལ་སོགས་པ་རྣམས་ལ་འདིར་གཡོག་འཁོར་ཉིད་དོ། །གྲུབ་པ་ནི་རྣམ་པ་གསུམ་ཡིན་ཏེ། བཤང་བ་དང་གཅི་བ་དང་མི་གཙང་བའོ། །ང་རྒྱལ་ཡང་ར་དང་ལུག་ལ་སོགས་པ་རྣམས་ཀྱི་རླུང་གིས་ངེས་པར་འབབ་པར་འགྱུར་བ་སྟེ། དེ་བས་ན་དེ་རྣམས་ལ་འདི་བརྟེན་པའོ། །རྩིག་པས་བསྐོར་བའི་གྲོང་ལ་ནི་ཇི་ཙམ་དུ་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱིག་མ་ཅན་གྱིའམ་བྱ་གག་སྤར་ནས་འདུག་པའི་ལམ་གྱིས་ཁྱབ་པའོ་ཞེས་བྱ་བ། བྱ་གག་སྤར་ནས་འདུག་པའི་ཞེས་བྱ་བ་ནི་ལམ་ཇི་ཙམ་ན་འདུག་པ་དེ་ནི་འདིའམ་ སྔ་མ་གང་ཡང་རུང་བ་ཉེན་ཀོར་ཡིན་ནོ། །རིབ་མས་བསྐོར་བ་ལ་ནི་ར་ལུག་གི་རྡུལ་གྱི་འམ་མི་རང་བཞིན་གྱིས་ངོ་ཚ་བ་དང་ལྡན་པའི་བཤང་བའི་ལམ་གྱིས་སོ་ཞེས་བྱ་བ་ནི་མི་རང་བཞིན་གྱིས་ངོ་ཚ་བ་དང་ལྡན་པ་གང་ཡིན་པ་དེས་སྤྲོ་བས་འདིར་དེ་ནི་ཉེན་ཀོར་རམ་ཇི་སྲིད་དུ་རྡུལ་གྱིས་ཁྱབ་པ་ལའོ། །འོབས་ཀྱིས་ བསྐོར་བ་ལ་ནི་སྐས་གདང་བུ་བཅུ་གཉིས་པའི་འམ་ཕྱག་དར་བོར་བའི་བོང་བ་རགས་པའི་ལམ་གྱིས་སོ་ཞེས་བྱ་བ་ནི་ཕྱག་དར་བོར་བའི་བོང་བ་རགས་པ་ཡན་ལག་ཏུ་གྱུར་པའི་ལམ་གྱིས་ཁྱབ་པ་གང་ཡིན་པ་དེ་ནི་ཉེན་ཀོར་དུ་བརྗོད་དོ། །བརྩམས་པ་ཉིད་ཀྱི་གནས་པ་ལ་ཉེན་ཀོར་ནང་དུ་འབྱུང་ཞིང་ཉེན་ཀོར་དུ་ གྱུར་པ་ཉིད་ཀྱིས་གང་ཡིན་པ་དེ་ནི་བརྗོད་པར་བྱ་སྟེ། གནས་དེའི་འཕྲལ་གྱི་བྱ་བ་དང་འགྲོ་བ་དང་འདུག་པ་དང་རྡུལ་དག་གིས་དེར་གཏོགས་པ་ཁྱབ་པའོ་ཞེས་བྱ་བ་ནི་གནས་དེ་དང་འབྲེལ་པ་དེའི་འཕྲལ་གྱི་བྱ་བ་ཉིད་གང་ཡིན་པ་དང་འགྲོ་བ་དང་འདུག་པ་དང་རྡུལ་དེ་དག་གིས་སམ། དེ་ཇི་ཙམ་པ་དེར་ གཏོགས་པ་དེའི་གནས་ཀྱི་ས་ཕྱོགས་ལ་ཁྱབ་པའོ། །དེ་ཡང་ཉེ་བར་སྤྱོད་པ་གཞན་ནོ། །དེའི་སྒྲ་ནི་འདིར་གཞན་གནས་པའོ། །འཕྲལ་གྱི་བྱ་བ་ལ་སོགས་པ་ཁྱབ་པར་གྱུར་པ་ལ་གནས་གཞན་པ་ཉེ་བར་སྤྱོད་པ་ཉིད་ཐོབ་པར་མ་གྱུར་ཅིག་ཅེས་བྱ་བ་གང་དུ་ཡང་དེ་རྣམས་འདྲ་བར་བྱེད་པ་དང་། རྔོ་བར་བྱེད་པ་ དང་། འཐག་པར་བྱེད་པ་དང་། ཁྱིའུ་སུས་བྱེད་པ་ཞེས་བྱ་བ་ལ་སོགས་པ་ཉེ་བར་སྤྱོད་པ་རིགས་ལ་སོགས་པ་གང་ཡིན་པ་དང་བརྗོད་པ་གང་ཡིན་པ་དེ་ནི་ཁོངས་སུ་གཏོགས་པ་བསྡུ་བའི་དོན་དུ་མདོ་འདི་བྱས་པའོ། །མཚམས་མེད་པའི་ལམ་དུ་ཐ་དད་པ་མ་ཡིན་པར་འགྲོ་བའི་མི་ལ་ནི་འདོམ་བཞི་བཅུ་ རྩ་དགུའོ་ཞེས་བྱ་བ་ནི་གང་དུ་བྱིན་གྱིས་རློབ་པར་བྱེད་པ་དེ་མངོན་པར་འགྲོ་བ་དེ་དང་མངོན་པར་ཕྱོགས་པར་འགྲོ་བ་གང་ལ་ཡོད་པ་དེ་ནི་ཐ་དད་པ་མ་ཡིན་པར་འགྲོ་བའོ། །དེ་མཚམས་བཅད་པ་མ་ཡིན་པའི་ལམ་ལ་འཇུག་པར་གྱུར་པ་ལ་ཉེ་བར་སྤྱོད་པ་འདི་བྱས་སོ། །མཚམས་བཅད་པ་དང་བཅས་པ་ལ་མཚམས་ བཅད་པ་ཉིད་ཀྱིས་རྣམ་པར་གཞག་པ་རིགས་པ་ཡིན་ཏེ། ཞེང་དུ་ལམ་ཇི་ཙམ་གྱི་འགྲོ་བ་རྣམས་ལ་ལམ་གཅིག་ལ་ལྟུང་བ་ཉིད་སེམས་པར་བྱེད་པ་རྒྱས་པ་དེ་ཙམ་ལ་འདིར་འདི་ལ་ལམ་ཉིད་ཅེས་བྱ་བར་རིག་པར་བྱའོ། །གང་ལ་གནས་དང་གནས་མ་ཡིན་པ་དག་ལ་བསམ་པ་དེ་ལ་འདི་ནི་གནས་ཉེ་བར་བཟུང་བ་ ཞེས་བྱ་བ་སྐབས་ཀྱིས་རྟོགས་པའོ། །མི་ལ་ཞེས་བྱ་བ་ནི་འགྲོ་བ་ལ་འདི་བཟུང་བའོ། །འདིར་མོའི་མཚན་མ་འམ་སྐྱེས་པའི་མཚན་མ་གཙོ་བོ་མ་ཡིན་པ་དེ་ལ་ནི་འདོམ་བཞི་བཅུ་རྩ་དགུ་ཡན་ཆད་ཞེས་བྱ་བ་ཤིང་རྣམས་ཀྱིས་རྒྱས་པ་བདུན་པའི་ཚད་ཀྱིས་ལམ་གྱི་བར་གྱིས་བར་དུ་ཆོད་པར་བྱས་པ་ལ་ཤིན་ཏུ་རིང་བ་ཉིད་མ་ ཡིན་པ་ཞེས་བྱ་བའོ། །སྦྱར་བར་གྱུར་པ་ཉིད་ཀྱི་ཕྱིར་རྣམ་པར་གཞག་པ་འདིའོ། །འདི་ནི་དམིགས་ཀྱིས་བསལ་བ་སྟེ། དེ་བས་ན་ལམ་བརྒྱད་ཀྱི་ཐ་མ་ལ་འདིར་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ལ་གྲངས་ཡིན་ཏེ། དེ་ལས་གཞན་པའི་འདོམ་གང་ཡིན་པ་དེ་ནི་མཐའ་ཚུན་ཆད་ལས་གཞན་ཞེས་བྱ་བ་ རྟོགས་པར་བྱའོ། །མཚམས་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་སྐབས་སུ་གྱུར་པའི་ཉེས་པར་སྤྱོད་པའི་ཆོ་ག་ལ་དམིགས་ཀྱིས་བསལ་བ་འདི་ཡིན་ནོ། །དབུས་ནས་རྒྱང་གྲགས་ཀྱི་མཐའ་ཕན་ཆད་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི་དབུས་སུ་གྱུར་པའི་ཡན་ལག་དང་པོར་བྱས་ཏེ། གང་ཞིག་རྒྱང་གྲགས་གང་ཡིན་པ་དེའི་མཐའ་མ་ལས་གཞན་པའི་ཐ་དད་པ་ཉིད་གནས་ཀྱི་མཚན་ཉིད་ཀྱིས་ཀྱང་ཞུགས་པ་མ་ཡིན་ན་ཉེ་བར་སྤྱོད་པའི་མཚན་ཉིད་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །གནས་དང་ཉེ་བར་སྤྱོད་པའི་ཆོ་ག་རྣམ་པ་གཉིས་ཀ་ལ་ཡང་འདི་དམིགས་ཀྱིས་བསལ་བ་ཡིན་ནོ། ། ལུང་ནི་གཞུང་བསྟན་པའི་ཕྱིར་ནགས་ཞེས་བྱ་བ་ནི་ཤིང་ལྗོན་པའི་གནས་སོ། །དེ་ལ་ཇི་སྲིད་དུ་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་ལ་ཕན་ཚུན་འབྲེལ་པར་གྱུར་པ་དེར་དགེ་སློང་གི་རྒྱང་གྲགས་ཁོ་ར་ཁོར་ཡུག་གར་དགའ་བར་ཆོས་གོས་བཞག་སྟེ་དེར་གར་དགའ་བར་སྐྱ་རེངས་འཆར་བར་ བྱའོ་ཞེས་མ་མོ་ལས་གསུངས་པ་ཡིན་ཏེ་གནས་རྣམས་ཐམས་ཅད་ལ་ཆོ་ག་འདིས་རྣམ་པར་གཞག་པ་ཞེས་བྱ་བའི་བར་རྣམ་པར་གཞག་གོ། །འབྲལ་བའི་སྤང་བ་རྣམ་པར་འབྱེད་པའོ།། །།དམ་དུམ་དུ་གྱུར་པ་ལ་བྱིན་གྱིས་བརླབ་པ་མེད་པར་མི་འགྱུར་རོ། །སྤང་བ་ལ་ནི་མི་འཆགས་པ་མ་ཡིན་ནོ་ཞེས་ བྱ་བ་ནི་སྤང་བར་བྱ་བའི་དངོས་པོ་ལ་བྱིན་གྱིས་བརླབ་པ་མི་འཆགས་པར་མི་འགྱུར་བ་སྟེ་རང་ཉིད་དང་མ་བྲལ་བའི་ཕྱིར་རོ། །གཞུང་ཁ་ཅིག་ལས་དགེ་སློང་གིས་ཆོས་གོས་དེ་ཉིད་དགུང་བཅུ་འདས་པ་ཡང་ལགས་ལ་དགུང་གཅིག་བྲལ་བ་ཡང་ལགས་པ་མཆིས་སམ། བཀའ་སྩལ་ པ་ཡོད་དེ། ཆོས་གོས་ཞག་བཅུ་འདས་པ་ཡང་ཡིན་ལ་དགེ་སློང་གིས་ཀྱང་དེ་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་བྱེད་པའོ་ཞེས་གསུངས་ཏེ་བསྡུས་པ་ཡིན་ནོ། །དགེ་སློང་གིས་ཀྱང་དེ་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ལ་དེ་བྱིན་གྱིས་བརླབས་ཏེ་ཞེས་བྱ་བའི་ཚིག་ནི་འདིར་འཆད་པ་ཞེས་ མཐོང་བ་ཡིན་ནོ། །དགེ་འདུན་གྱི་ལ་ཡང་ངོ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་མི་འཆགས་པ་མ་ཡིན་ནོ། །རང་ཉིད་ཁོ་ནས་དགེ་སློང་ལ་དགེ་འདུན་གྱི་ཉེ་བར་ལོངས་སྤྱོད་པའི་དུས་ན་རྣམ་པར་གཞག་པ་དེ་བཞིན་དུ་མང་པོ་ཡོངས་སུ་ཐོབ་པ་རེ་རེ་ནས་ཉེ་བར་ལོངས་སྤྱོད་པ་ལ་མང་པོ་དང་འབྲེལ་པའི་དོན་ཉིད་ཀྱི་ཕྱིར་དེ་ལས་འབྲལ་བར་ འགྱུར་རོ། །དེ་ལས་ཞེས་བྱ་བ་ནི་དགེ་འདུན་གྱི་བྱིན་གྱིས་བརླབས་པ་དེ་ལས་འདིར་བྱིན་གྱིས་བརླབས་པ་བཟུང་བ་ནི་རྒྱུ་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་བཟུང་བ་ནི་མ་ཡིན་ནོ། །དེ་བས་ན་དགེ་འདུན་གྱིས་བྱིན་གྱིས་བརླབས་པ་ལས་འབྲལ་པར་ཡང་འགྱུར་བ་ཁོ་ནའོ། །གཞན་གནས་པས་ གཞན་གྱི་གནས་མི་ཉམས་སོ་ཞེས་བྱ་བ་ལ། གཞན་གྱི་ཞེས་བྱ་བ་ནི་མཚན་ཐ་དད་པ་བསྙེན་པར་རྫོགས་པ་འམ་བསྙེན་པར་རྫོགས་པ་མ་ཡིན་པ་བྱིན་གྱིས་བརླབས་པར་གྱུར་པའི་གནས་ལས་གནས་གཞན་ཉིད་གང་ཡིན་པ་དེར་བྱིན་གྱིས་བརླབས་པས་སམ། གཞན་དུ་ན་བསྙེན་པར་རྫོགས་པ་ ཉིད་དེ་ནི་ཉམས་པ་མ་ཡིན་ཏེ་བྲལ་བ་མ་ཡིན་པའོ། །གནས་གཞན་དུ་བྱིན་གྱིས་བརླབས་པ་གཞན་ལ་བྲལ་བ་མ་ཡིན་པ་སྟེ་ཞེས་བྱ་བ་འདི་ཡང་འདིའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །འདིར་གཞུང་ནི་ཡི་གེ་ཁ་ཅིག་ལས་དགེ་སློང་ལ་ལ་ཞིག་མུ་སྟེགས་ཅན་གྱི་གནས་སུ་ཆོས་གོས་བཞག་ སྟེ། དགེ་འདུན་གྱི་གནས་ཉེན་གོར་གཅིག་པར་གནས་པར་བགྱིས་ན་ལྟུང་བར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། གང་ཞིག་མུ་སྟེགས་ཅན་དང་ལྷན་ཅིག་བསྐོས་པར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཤིང་ལྗོན་པ་ཡང་དེ་དང་འདྲའོ། །དངོས་པོ་གཅིག་ལ་ འཇུག་པར་རྣམ་པར་རྟོག་པ་ཙམ་དུ་འདིར་བསྐོས་པར་རིག་པར་བྱའོ། །ཆོས་འདི་པ་དང་གཞན་པ་དག་ནི་ལྟ་བ་ལས་ཤེས་པས་མ་འཕངས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་པོ་རྣམས་རྣམ་པར་འབྱེད་པ་ལ་ལྟ་བ་ལས་དབྱེ་བ་ཞེས་བྱ་བ་འདིས་ཆོས་གཞན་པ་དང་འདི་པ་དག་མ་འཕངས་པ་མ་ཡིན་ནོ། ། ཐུན་མོང་བ་དག་གི་སྒོ་གང་ཡང་མ་ཡིན་ནོ་ཞེས་བྱ་བའི་གནས་དུ་མ་ཉིད་ཀྱི་ཕྱིར་སྒོ་ལ་སོགས་པ་ནི་ཐུན་མོང་བར་བརྗོད་དོ། །དེས་ནི་སྒོ་གང་ཡང་མ་བསྡུས་པ་མ་ཡིན་ཏེ་བསྡུས་པ་ཁོ་ན་ཡིན་ནོ། །མདོ་འདི་གཉིས་ཀྱི་གཞུང་ནི་འདི་ཡིན་ཏེ་དགེ་འདུན་གྱི་གནས་དང་མུ་སྟེགས་ཅན་གྱི་གནས་ཉེན་ཀོར་གཅིག་པར་ གནས་པར་བྱེད་ན་སྒོ་ཁང་དུ་གནས་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་གྲགས་པར་གྱུར་པ་དེ་བས་ན་འདི་དང་ཐ་མི་དད་པ་ཉིད་དོ། །ནོར་ལས་ཞེས་བྱ་བས་ཕ་དང་བུ་དག་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་འཛིན་པ་པོ་རྣམས་ཐ་དད་པ་ནི་ནོར་ལས་གནས་ཀྱི་དབྱེ་བ་ཞེས་བྱ་བ་འདིས་ཕ་དང་བུ་དག་ཀྱང་འཕངས་ པ་ཁོ་ནའོ། །སྤངས་པ་ཉིད་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་རྣམ་པར་འབྱེད་པ་ཉིད་ལ་ཐ་དད་པ་ཉིད་དང་། ནོར་གྱིས་རྣམ་པར་འབྱེད་པ་ཉིད་མ་ཡིན་པ་ལ་ནོར་གྱིས་ཐ་དད་པ་ཉིད་མ་ཡིན་པ་ཞེས་བྱ་བ་འདི་གང་ཞིག་འདིར་ལྷུང་བཟེད་ཁ་སྦུབ་པས་སམ་ཁྲིམས་སུ་བྱས་པས་སྤངས་པ་ཉིད་ཀྱང་དེ་དང་འདྲ་བར་རིག་ པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཟས་དང་བཅས་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི་རྣམ་པར་འབྱེད་པ་ཉིད་ལ་ཐ་དད་པ་ཉིད་དང་ནོར་གྱིས་ཀྱང་རྣམ་པར་འབྱེད་པ་ཉིད་མ་ཡིན་པ་ཉིད་ལ་ཐ་མི་དད་པ་ཉིད་དོ། །ཐ་མི་དད་པ་ཉིད་ཅེས་བྱ་བ་འདི་ཁ་ཟས་དང་བཅས་པ་ཉིད་ལ་ཡང་ཞེས་བྱ་བའི་དོན་ཏོ། །ཁང་པ་གཅིག་ པ་ཉིད་དང་ཤིང་ཆེ་བ་གཅིག་པ་ཉིད་དང་གཅིག་པར་གྱུར་པ་ཉིད་ལ་གཞན་སུ་དག་རྣམས་ལ་ཆོ་ག་འདི་སྦྱར་བའོ། །ཉལ་པོ་བྱེད་པར་ཤོམ་པ་ཉིད་ཀྱང་ངོ་ཞེས་བྱ་བ་འདིར་འདུག་ནས་གནས་པ་བརྟག་པར་བྱེད་ཅིང་འཁྲིག་པའི་ཚད་དང་ལྡན་པ་ལྟུང་བྱེད་རྣམས་ལ་ཞེས་བྱ་བ་འདི་ལ་འདི་བསྟན་པའོ། །འདིར་ གཞུང་ནི་ཕྲན་ཚེགས་ཀྱི་ཞུ་བ་ལྷུང་བཟེད་ཁ་སྦུབ་པ་ལས། ཁྱིམ་བདག་ལ་ཁྱིམ་ཞིག་ཡོད་ལ་དེ་ལ་དུ་རབ་ཏུ་མང་པོ་དག་བདོག་ཅིང་དེ་ཡང་ནོར་ཐ་དད་པའི་ཁྱིམ་མ་ཡིན་པ་ལ་ཁྱིམ་བདག་རྣམས་ཀྱང་ལྷན་ཅིག་གནས་པ་ཡིན་ན་ཁྱིམ་གཅིག་ཡིན་པར་བརྗོད་པར་བྱ་སྟེ། འདིར་ཕྱིས་གནོན་མ་བྱས་ཤིང་ ཡོངས་སུ་གཅོད་པར་མི་འགྱུར་ནའོ། །གལ་ཏེ་དེས་སླར་ནོར་བགོས་པར་གྱུར་ན་ཁྱིམ་ཐ་དད་པ་བརྗོད་པར་བྱ་སྟེ། བུ་དེ་རྣམས་ཇི་སྙེད་པ་དག་དང་འབྲེལ་པ་ཇི་སྙེད་པ་ཡོད་པ་རྣམས་དང་མནའ་མ་ཇི་སྙེད་པ་དེ་རྣམས་འཁོད་པ་ཐམས་ཅད་ལ་ཕྱིས་གནོན་བྱས་ཤིང་འདུག་པའམ། སྐྱབས་ཡོད་པ་ན་འགྲེང་བའི་ལྟུང་བྱེད་རེ་རེར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཁྱིམ་བདག་རྣམས་ཀྱང་ལྷན་ཅིག་གནས་པ་ཡིན་ལ་ཞེས་བྱ་བ་ནི་ཁྱིམ་གཅིག་ཏུ་གྱུར་པ་ཉིད་བསྟན་ཏོ། །ཕྱིས་གནོན་མ་བྱས་ཤིང་འདུག་པར་གྱུར་པ་ཞེས་བྱ་བ་འདི་ལ་ཕྱིས་གནོན་མ་བྱས་ཤིང་འདུག་པར་ཡང་འགྱུར་ཏེ། འདིའི་མཚན་མ་ཅན་ཁ་ན་མ་ཐོ་བ་གཉིས་ལ་འདིའི་མཚན་མ་ཙམ་ཉིད་ཀྱིས་སོ་སོར་ཉེ་བར་གནས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ལ་ཕྱིས་གནོན་མ་བྱས་ཤིང་འདུག་ལ་ཞེས་བྱ་བ་འདི་ལ་ཐམས་ཅད་ཕྱིས་གནོན་མ་བྱས་པར་འདུག་པར་ཡང་འགྱུར་ཏེ། སོ་སོར་ཉེ་བར་འདུག་པའི་མཚན་མ་འདི་ གཉིས་ནི་གནས་ཀྱིས་ཞེས་བྱ་བའོ། །གྲོང་ལ་དེ་ཡོད་པ་ནི་གཙུག་ལག་ཁང་གི་ཉེན་ཀོར་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གྲོང་ལ་དེ་ཞེས་བྱ་བ་ནི་ཉེ་བར་སྤྱོད་པའོ། །ཡོད་པ་ཞེས་བྱ་བ་ནི་བདོག་པ་སྟེ། གཙུག་ལག་ཁང་གི་ཉེན་ཀོར་ཉིད་མ་ཡིན་ནོ། །གྲོང་གི་ཉེན་ཀོར་གྱི་དོན་གང་ཡིན་པ་དེ་ནི་གཙུག་ལག་ཁང་ གི་ཉེན་ཀོར་ཉིད་མ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་གྲོང་དང་གཙུག་ལག་ཁང་གི་ཉེན་ཀོར་འབྲེལ་བར་གྱུར་ན་ཆོས་གོས་དང་མི་འབྲལ་བར་ཇི་ལྟར་འཚལ་བར་བགྱི། ཉེ་བ་འཁོར་གྲོང་གི་ཉེན་ཀོར་མ་གཏོགས་པ་ལྷག་མ་ལས་ཆོས་དང་མི་འབྲལ་བར་ཤེས་པར་བྱ་ཞེས་གསུངས་ པ་ཡིན་ནོ། །འདིར་མཚམས་ལ་ཇི་ལྟར་མི་ལྡང་བ་དང་བྱིན་གྱིས་བརླབས་པ་དོན་དུ་གཉེར་བ་ལ་ཤེས་པར་བྱ་བ་གནས་པ་ཉིད་ཀྱིས་སོ་སོར་གྱུར་པ་ཉིད་ཀྱི་ཕྱིར་དེ་བཞིན་དུ་འདི་ལ་གང་ཞིག་གཙུག་ལག་ཁང་ལ་ཅུང་ཟད་ལྷག་པར་གནས་པའི་དགེ་སློང་ཁྱིམ་ན་གནས་པས་གནས་ཁང་དུ་ལྷག་པར་གནས་ ན་སོ་སོར་གནས་པ་ཉིད་དེ་ལ་ཞེས་བྱ་བ་འདི་ཡང་འདིས་བྱས་པར་རིག་པར་བྱའོ། །དེ་བས་ན་གནས་ཁང་དང་འབྲེལ་བའི་རྣམ་པར་གཞག་པས་འདི་ཐོབ་པར་རིག་པར་བྱའོ། །གང་ཞིག་འགྲོ་བ་པོས་མཚན་མོ་གཅིག་ལ་ཡང་མཚམས་ཀྱི་ས་ཕྱོགས་འབའ་ཞིག་ན་ལྷག་པར་གནས་པ་དེ་ལ་དེའི་སོ་སོར་ གནས་པ་ཉིད་ཅེས་བྱའོ། །འབྲལ་བའི་སྤང་བ་ཞུ་བའི་སྐབས་སོ།། །།ཁ་བསྐང་བ་ལ་རེ་བ་མེད་ན་ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ་ཞེས་བྱ་བ་ནི་འཁོར་གསུམ་ཁེབས་པའི་མཐའི་ཚད་བཞིན་དུ་འཛིན་པ་དང་། བསླབ་པའི་གཞི་ལས་འདི་ཞུགས་པ་ཞེས་བྱ་བའི་དོན་ཏོ། །མེད་ན་ ཞེས་བྱ་བ་ནི་གནས་མ་ཟིན་པ་ལ་འདིར་ཇི་ལྟར་རྣམ་པ་གང་གིས་ཀྱང་བསྒྲུབ་པ་ཡིན་ཏེ། ཕྱིར་འོང་བ་ལ་སྡོད་པ་ནི་རེ་བ་དང་བཅས་པར་རིག་པར་བྱའོ། །འདིར་ཆད་ནི་རེ་བ་ཀུན་ནས་ཆད་པའོ། །འདིར་གཞུང་ནི་དེ་ཆོས་གོས་ལ་རེ་བ་གང་ཡིན་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་པར་གྱུར་ན་ དགེ་སློང་དེས་གོས་དེ་ཉི་མ་བཅུ་པ་དེ་ཉིད་ཀྱི་ནང་རོལ་དུ་གཏང་བར་བྱའོ་ཞེས་བྱ་བ་ལ་སོགས་པས་ཆོག་པ་ཞེས་བྱ་བ་གང་ཞིག་དེར་ཁ་བསྐང་བར་གསུངས་པ་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་འདི་ཆོག་པར་སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཁྲུ་གང་ཡན་ཆད་ཁ་བསྐང་བ་པོ་ལ་རེ་བ་མེད་པར་གྱུར་ན་ཁྲུ་གང་ ཡན་ཆད་དུ་ཆོག་པ་དེ་ཞག་བཅུའི་མཐར་ཐུག་པར་བཙང་བར་བྱའོ། །ཡོད་ན་ནི་ཁྲུ་གང་ཡན་ཆད་ཉེ་བར་བསྐུལ་བར་བྱའོ་ཞེས་བྱ་བ་ནི་རྣམ་པར་གཞག་པ་འདིའོ། །བྱིན་གྱིས་བརླབ་པར་བྱ་བ་ཡོད་པ་ཉིད་ཡིན་ན་ཡང་ངོ་ཞེས་བྱ་བ་ནི་ཁ་བསྐང་བ་བཞིན་དུ་རྫོགས་པར་གྱུར་པ་ལ་ཁྲུ་གང་ལས་ཆོག་པ་དང་འདྲ་ བར་བལྟ་བར་བྱའོ། །འདིར་གཞུང་ནི་མདོའི་ཚིག་ལས་ཆུང་ན་ཁ་བསྐང་བར་བྱའོ་ཞེས་གསུངས་སོ། །བྱིན་གྱིས་བརླབ་པར་བྱ་བ་ལ་འདི་འདིར་ཁ་བསྐང་བ་ཉིད་དུ་མངོན་པར་འདོད་པ་དེ་གང་གི་ཕྱིར་འདིར་དེའི་རྣམ་པར་འབྱེད་པ་ནི་འདི་ཡིན་ཏེ་མ་ཆོག་པ་ཁ་བསྐང་བའི་དོན་དུ་འམ་ཞེས་བྱ་བ་ནི་སྣམ་སྦྱར་ གྱི་འམ་མཐང་གོས་ཀྱིའོ་ཞེས་བྱ་བས་འདིར་འམ་གྱི་སྒྲ་ནི་ཉམས་པ་མཐོང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཕྲན་ཚེགས་ཀྱི་ཞུ་བ་པའི་ནང་ནས་ཀྱང་གཞུང་འདི་ཡིན་ཏེ་ཟླ་བ་གཅིག་གི་མཐར་ཐུག་པའི་ཆོས་གོས་ནི་འདི་ཡིན་ཏེ་གང་ལ་ཆོས་གོས་གསུམ་ཚང་བར་ཡོད་པ་དེས་དེ་གཞག་པར་མི་བྱའོ། །ཅི་སྟེ་ འཇོག་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །གང་ལ་འཇོག་པའི་སྤང་བ་འབྱུང་ཞེ་ན། དེའི་ཕྱིར་གཞན་དུ་ན་དེ་ནི་ཞག་སུམ་ཅུ་འདས་ནའོ་ཞེས་བྱ་བ་ནི་ཁ་སྐོང་བ་པོ་ལ་རེ་བ་ལ་ཡོད་པ་དང་བྱིན་གྱིས་བརླབ་པར་བྱ་བ་མེད་པ་ཉིད་ནའོ། །དེ་ནི་ཞེས་བྱ་བ་ནི་ཆུང་བ་ཁྲུ་གང་ཡན་ཆད་པའོ། །ཞག་ སུམ་ཅུ་འདས་ནའོ་ཞེས་བྱ་བ་ནི་ཞག་སུམ་ཅུ་རྩ་གཅིག་གི་སྐྱ་རེངས་དང་པོ་ཤར་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་གིས་ཆོས་གོས་སྔོན་པོ་རྙེད་ལ་བྱེད་དུ་མི་འཇུག་ཅེས་བྱ་བ་ལ་སོགས་པ་དང་། ཞུ་བ་ལས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་དེས་ཟླ་བ་ གཅིག་གི་མཐར་ཐུག་པར་ཆོས་གོས་གཞག་པར་བྱའོ། །ཆོས་གོས་ཇི་ལྟ་བུ་ཞིག་ཅེ་ན། འཁོར་གསུམ་མི་ཁེབས་པ་གང་ཡིན་པའོ་ཞེས་གསུངས་པ་གང་ཡིན་པའོ། །ཁ་དོག་ལ་སོགས་པ་ལས་རིགས་མི་མཐུན་པ་ནི་ཆོག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལ་འགྲུབ་པ་ཉིད་དུ་རྩོམ་པ་ཉིད་འདིར་ གང་ཞིག་རེ་བ་གང་ཡིན་པས་ནི་རེ་བ་དང་བཅས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་འདི་ལྟར་གང་གི་ཚེ་དེ་དང་འདྲ་བ་རྙེད་པར་གྱུར་ནའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རིགས་མི་མཐུན་པ་ཐ་དད་པ་བལ་གོས་དང་རས་གོས་ལ་སོགས་པ་ལྟ་བུ་ཐམས་ཅད་བསྡུའོ། ། ཁ་དོག་ཅེས་བྱ་བའི་སྒྲས་ནི་འདིར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དེ་དག་གི་བྱེ་བྲག་ལས་བྱས་པ་དག་ཀྱང་བསྡུའོ། །དཀར་པོ་ཉིད་ནི་ཁ་དོག་ཐམས་ཅད་པ་ཉིད་དོ་ཞེས་བྱ་བ་ལ་ཁ་དོག་ཐམས་ཅད་པ་ནི་ཁ་དོག་ཐམས་ཅད་པའོ། །དེའི་དངོས་པོ་ནི་དཀར་པོ་ཉིད་དོ། །སྔོན་པོ་ལ་སོགས་པ་ལ་ དཀར་པོའི་རྫོགས་པ་ཉིད་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་བཞག་པ་ལ་དཀར་པོ་རྙེད་པ་གང་ཡིན་པ་དེ་ནི་གཞན་རྙེད་པ་ཉིད་མ་ཡིན་ཞེས་བྱ་བ་འདི་ལ་འདི་བྱེད་པའོ། །འདིར་ལུང་ནི་སྔོན་པོ་ལ་སོགས་པའི་ནང་དུ་དཀར་པོ་མ་སྨོས་པ་ཡིན་པར་རིག་པར་བྱའོ། །དེ་རྙེད་ན་ཞག་བཅུ་པ་དེའི་དང་པོ་ལ་བག་ལ་ གློན་པ་ཉིད་དོ་ཞེས་བྱ་བ་ནི་གང་ཞིག་ཉེ་བར་གཞག་པ་དེ་ཞེས་བྱ་བ་ནི་དེའི་རིགས་ཀྱི་ཁ་དོག་ལ་སོགས་པ་དེ་དང་རིགས་མཐུན་པ་བསྒྲུབ་པ་ལ་གང་ཞིག་དེའི་ཚེ་ན་གཞག་པའི་དུས་ན་ཞག་བཅུ་པ་དང་པོ་འམ་གཉིས་པ་ལ་སོགས་པ་དེའི་དང་པོ་ལ་བག་ལ་གློན་པ་ཉིད་དོ། །ཚད་རྫོགས་པ་ཉིད་གལ་ཏེ་དེའི་ ཚད་ཀྱིས་ཆོག་ལ་ཞག་བཅུ་ལས་འབྱུང་བ་ཉིད་དེ་དག་གཅིག་པ་ཉིད་ཀྱི་རྣམ་པར་ལྟོས་པར་བྱ་བ་ཉིད་དོ། །དེའི་ཞག་བཅུ་ལ་སོགས་པ་ཉིད་ནི་འཆང་བ་ལ་སོགས་པའོ། །དེ་ཡང་གལ་ཏེ་དེའི་ཚེ་བག་ལ་གློན་པ་ཉིད་དེ་ཚད་དུ་ཆོག་པ་ཉིད་ཡིན་ན་དེའི་ཚེ་ལྟུང་བ་མེད་པ་ཉིད་དོ། །སྔ་མ་ལ་ཟླ་བ་གཅིག་པ་ཉིད་ཀྱི་ ཕྱིར་དེ་ཉིད་དུ་ཕྱི་མ་ལ་ཞུགས་པ་ཉིད་དོ་ཞེས་བྱ་བ་འདི་ལ་འདི་བྱེད་པའོ། །བཞག་པ་དང་བག་ལ་གློན་པའི་དབང་གིས་འདིར་རྣམ་པར་བཞག་པ་འདི་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་དེས་ཞག་བཅུ་པ་དེ་ཉིད་ཀྱི་ནང་རོལ་དུ་ཞེས་འདི་ཙམ་ལྟ་བུར་གྱུར་པ་ལ་བྱིན་གྱིས་བརླབས་པ་ཉིད་བསྐྱེད་པ་སྤང་བའི་ ལྟུང་བྱེད་བྱས་པ་ཉིད་གཞན་ལ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་བསྒྲུབ་པའི་ཚུལ་བརྗོད་པར་བྱ་སྟེ་སར་པ་ལས་སྣམ་སྦྱར་གྱི་མཐའ་ནི་ཉིས་རིམ་མོ་ཞེས་བྱ་བ་སར་པ་ལས་ཞེས་བྱ་བ་ནི་དུས་གསུམ་དུ་གང་ཡང་རུང་བ་གཅིག་དུས་ལས་ལོངས་མ་སྤྱད་པ་ལའོ། །གདིང་བའི་ཡང་ངོ་ཞེས་བྱ་བ་ནི་སར་པ་ལས་ བྱེད་ན་དེའི་རིམ་པའི་ཚད་ཀྱི་མཐའ་ཉིས་རིམ་མོ། །བླ་གོས་དང་མཐང་གོས་གཉིས་ནི་ཆིག་རྐྱང་ངོ་ཞེས་བྱ་བ་ནི་བླ་གོས་དང་མཐང་གོས་གལ་ཏེ་སར་པ་ལས་བྱེད་ན་དེ་གཉིས་ཀྱི་རིམ་པའི་ཚད་ཀྱི་མཐའ་ནི་ཆིག་རྐྱང་ངོ་། །འདིར་གཞུང་ནི་གལ་ཏེ་དགེ་སློང་དེས་བཅག་པ་དང་ཁ་བསྒྱུར་བ་དང་རྩོམ་པར་ནུས་ན་དགེ་ སློང་དེས་གོས་དེ་ལས་སྣམ་སྦྱར་དང་གདིང་བ་ནི་ཉིས་རིམ་དུ་བྱའོ། །བླ་གོས་དང་མཐང་གོས་ནི་ཆིག་རྐྱང་དུ་བྱའོ་ཞེས་གསུངས་པ་ཡིན་ནོ། །དུས་ཚིགས་སུ་སྤྱད་པ་ལས་ནི་ཉིས་འགྱུར་དུའོ་ཞེས་བྱ་བ་ནི་མདོ་སྔ་མ་དག་ལས་ཉིས་རིམ་དང་ཆིག་རྐྱང་ཞེས་སྨོས་པ་དེ་དག་ལ་ལྟོས་ཏེ། གལ་ཏེ་གོས་ཚིགས་ གཅིག་ཏུ་སྤྱད་པ་ལས་དེ་དག་བྱེད་ན་ཉིས་འགྱུར་དུ་བྱའོ། །སྣམ་སྦྱར་དང་གདིང་བ་གཉིས་ནི་བཞི་རིམ་དུ་བྱའོ། །བླ་གོས་དང་མཐང་གོས་གཉིས་ནི་ཉིས་རིམ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །དུས་ཚིགས་སུ་སྤྱད་པའི་གོས་ནི་བགོ་ཟས་ཆུང་བ་ཉིད་དེ་ཞེས་བྱ་བ་འདི་གྲུབ་པའོ། །གང་ཞིག་དུས་ཚིགས་གསུམ་ པོ་དག་ལས་དུས་ཚིགས་གང་ཡང་རུང་བའི་དུས་ཚིགས་སུ་སྤྱད་པ་གང་ཡིན་པའོ་ཞེས་དུས་ཟད་པའི་ངོ་བོ་བརྗོད་པའོ། །འདིར་ཟླ་བ་བཞི་པོ་ནི་དུས་སུ་རིག་པར་བྱའོ། །ཕྱག་དར་ཁྲོད་ལས་བྱས་པ་དག་ལ་ནི་ངེས་པ་མེད་དོ་ཞེས་བྱ་བ་ནི་རིམ་པ་རྣམས་ཤིན་ཏུ་མང་བ་ཉིད་ལ་ཡང་ངེས་པ་མེད་དོ་ཞེས་བྱ་བའི་ དོན་ཏོ། །འདིར་གཞུང་ནི་ཕྱག་དར་ཁྲོད་ལ་ནི་ཇི་ཙམ་འདོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྙིང་པ་ཉིད་དང་དེངས་པ་ཉིད་ནི་ཅི་དགོས་པ་ལྷག་པར་སྦྱར་རོ་ཞེས་བྱ་བ་ནི་ཕྱག་དར་ཁྲོད་མ་ཡིན་པ་དག་ལྷག་པར་སྦྱར་བར་བྱའོ། །རྙིང་པ་ཉིད་ཅེས་བྱ་བ་ནི་རང་ཟད་པ་ཉིད་དོ། །དེངས་པ་ཉིད་ཅེས་བྱ་བ་ནི་སྒོ་ སྐྱེས་ཀྱི་བཤུང་བ་ལ་སོགས་པས་བསྲབས་པར་གྱུར་པའོ། །ཅི་དགོས་པ་ཞེས་བྱ་བ་ནི་ཅི་ཙམ་དགོས་པ་སྟེ་ཇི་ཙམ་སྤྱད་པར་བྱ་དགོས་པ་ཞེས་བྱ་བའི་དོན་ཏོ། །ལྷག་པར་ཞེས་བྱ་བ་ནི་རིམ་པའི་མཐའ་སྔར་བསྟན་པ་ལས་སོ། །སྦྱར་རོ་ཞེས་བྱ་བ་ནི་ལྷན་པ་དག་གོ། །མདོ་འདི་ ནི་མ་མོ་ལས་གསུངས་པ་བསྡུས་པ་ཡིན་ནོ། །ལྷག་པར་སྦྱར་བ་ཉིད་དུ་མི་བྱའོ་ཞེས་བྱ་བ་ལ་སྦྱར་བ་ནི་ཉེས་བྱས་སོ་ཞེས་བྱ་བ་འདི་ལ་འདི་བསྟན་པའོ། །སྤང་བར་འགྱུར་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་ལྷག་པར་སྦྱར་བའི་རིམ་པ་དེ་ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དུ་རིག་པར་བྱའོ། །རིག་ པ་ཅན་བྱི་དོར་བྱས་ནས་འདི་ཉིད་དུ་སྦྱར་བར་བྱའོ་སྙམ་པའི་སེམས་མ་བསྐྱེད་པར་དབོག་པར་མི་བྱའོ་ཞེས་བྱ་བ་ལ་མི་རུང་བར་གྱུར་པ་ནི་འདིར་དབོག་པར་བྱའོ། །ཆོས་གོས་འདི་ཉིད་དུ་སྦྱར་བར་བྱའོ་སྙམ་པའི་སེམས་མ་བསྐྱེད་པར་དབོག་པར་མི་བྱའོ། །འདི་ལྟ་བུའི་སེམས་ལ་མི་གནས་པ་ནི་སེམས་མ་ བསྐྱེད་པར་ཞེས་བྱ་བའི་དོན་ཏོ། །གང་ཡང་རུང་བས་ཕོག་པ་མ་སྦྱར་བའི་སྔ་རོལ་དུ་སྤང་བར་འགྱུར་བ་ཉིད་དོ་ཞེས་བྱ་བ་ལ། གང་ཡང་རུང་བས་ཞེས་བྱ་བ་ནི་ཇི་ལྟར་ཡང་རུང་བ་ཞེས་བྱ་བ་དེ་ལྟ་བུའམ་གཞན་པའི་སེམས་ཀྱིས་ཕོག་པ་དེའི་གཟུགས་ཉིད་དུ་གྱུར་པ་ལ་དེ་ཉིད་དོ། །ཡང་དག་པར་སྦྱར་བ་ ཉིད་ལ་བསྒྲུབ་པ་ཉིད་དུ་འགྱུར་ཏེ་ཞེས་བྱ་བ་འདི་ཤེས་པ་རིམ་པ་རྣམ་པར་གཞག་པའི་རྗེས་སུ་འབྲེལ་པས་བརྗོད་པ་ཡིན་ནོ། །སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་དགུ་ཡན་ཆད་ནས་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་སོ་ཞེས་བྱ་བ་ནི། འདིར་མཉམ་པ་ནི་ཟུང་ཉིད་ཀྱི་ཉེ་བར་མཚོན་པ་སྟེ། བཅུ་དང་བཅུ་གཉིས་ དང་བཅུ་བཞི་དང་། བཅུ་དྲུག་དང་བཅོ་བརྒྱད་དང་། ཉི་ཤུ་དང་ཉི་ཤུ་གཉིས་དང་ཉི་ཤུ་བཞི་རྣམས་མ་གཏོགས་པར་ཞེས་བྱ་བ་འདིའི་དོན་ཏོ། །ཅིའི་ཕྱིར་དེ་ལྷག་པའི་དུམ་བུ་རྣམས་ཀྱིས་སྣམ་སྦྱར་ཞེས་བྱ་བ་འདིར་རྒྱུ་བརྗོད་པ་ཡིན་ནོ། །དེ་ཡན་ཆད་ནི་ཚེམ་བུའོ་ཞེས་བྱ་བ་ནི་གང་གི་ཕྱིར་ཚེམ་བུ་ཉིད་དེར་གྱུར་པ་ དེ་བས་ན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དང་པོ་གསུམ་པ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ་ཞེས་བྱ་བ་ནི་སྣམ་སྦྱར་གསུམ་པ་དང་པོ་ལ་སྟེ། སྣམ་ཕྲན་དགུ་པ་དང་བཅུ་གཅིག་པ་དང་བཅུ་གསུམ་པའི་དུམ་བུ་འདི་རྣམས་ལ་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། །གླེགས་བུ་ཕྱེད་དང་གསུམ་ པ་རྣམས་ནི་དུམ་བུ་འདི་ལ་ངོ་བོ་སྟེ། དེ་བས་གླེགས་བུ་ཕྱེད་དང་གསུམ་པ་ནི་དེའི་དངོས་པོའོ། །འདིར་སྣམ་ཕྲན་རྣམས་ནི་དུམ་བུ་ཉིད་དུ་རིག་པར་བྱའི་གླེགས་བུ་དང་ཕྱེད་པ་རྣམས་ལ་ནི་མི་བྱའོ། །གཉིས་པ་ལ་ནི་གླེགས་བུ་ཕྱེད་དང་བཞི་པོ་ཉིད་དོ་ཞེས་བྱ་བ་ནི་སྣམ་སྦྱར་གསུམ་པ་གཉིས་པ་ལ་སྟེ། སྣམ་ ཕྲན་བཅོ་ལྔ་པ་དང་བཅུ་བདུན་པ་དང་བཅུ་དགུ་པའི་སྣམ་སྦྱར་རྣམས་ལའོ། །སྣམ་ཕྲན་དེ་རྣམས་ཀྱི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ། །གསུམ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ་ཞེས་བྱ་བ་སྣམ་ཕྲན་ཉི་ཤུ་རྩ་གཅིག་པ་དང་ཉི་ཤུ་རྩ་གསུམ་པ་དང་ཉི་ཤུ་རྩ་ལྔ་པའི་སྣམ་སྦྱར་རྣམས་ལའོ། །བླ་གོས་ནི་ སྣམ་ཕྲན་བདུན་དང་གླེགས་བུ་ཕྱེད་དང་གསུམ་པའོ། །མཐང་གོས་ནི་སྣམ་ཕྲན་ལྔ་པ་དང་གླེགས་བུ་ཕྱེད་དང་གཉིས་པའོ། །དེ་གཉིས་ནི་ཆོས་གོས་བྱིན་གྱིས་བརླབ་པའི་སྔགས་ལས་ཤེས་པར་བྱའོ། །བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ་ཞེས་བྱ་བ་ནི་ཞེང་དུ་ཁྲུ་ གསུམ་ཆུར་ཁྲུ་ལྔ་ནི་གང་རྣམས་ཀྱི་ཚད་དོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་གཅིག་ལ་ཡང་ཚད་ལས་ལྷག་པར་བྱེད་ན་སྤང་བར་འགྱུར་བ་ཉིད་དོ། །དེ་བས་ན་ལྟུང་བ་ལས་ལྷག་པའི་དོན་ཉིད་ཀྱིས་འདི་ལྟར་བརྗོད་པ་ལ་སྐྱེས་པ་ཉིད་ཀྱིས་དེ་བཞིན་དུ་རིམ་པ་དུ་མ་བྱའོ་སྙམ་པའི་བསམ་པས་མཚམས་སྦྱར་བ་ལ་ ཇི་སྲིད་དུ་རིམ་པ་རིགས་པ་ཉིད་བྱེད་པ་མངོན་པར་འདོད་པ་དེ་ཙམ་གྱི་རིམ་པ་ཉིད་ཀྱིས་ཞུགས་ལ་ཚད་གང་ཡིན་པ་དེ་ནི་དེ་ལས་ལྷག་པར་བྱེད་ན་ཡང་སྤང་བར་འགྱུར་བ་ཉིད་དུ་ཤེས་པར་བྱའོ། །རིམ་པ་དུ་མ་བྱའོ་སྙམ་པའི་བསམ་པ་མེད་དེ་རིམ་པ་གཅིག་པའོ་སྙམ་པ་ལས་གང་ཞིག་ཚད་འདི་ལས་ལྷག་པར་ བྱེད་དམ། དྲས་ཏེ་བྱའོ་སྙམ་པའི་བསམ་པ་ཡོད་པས་གཞག་པར་བྱ་བ་ལ་འདི་ནི་ཚད་དོ། །དེ་ལས་ལྷག་པ་མེད་པ་མ་བཅད་པའི་ངོ་བོ་ཉིད་ཀྱིས་ཚད་འདི་གང་ཡིན་པ་དེ་ལས་ལྷག་པར་བྱེད་ན་སྤང་བར་འགྱུར་བར་རིག་པར་བྱའོ། །ངོས་ཇི་ཙམ་པ་དེ་ཙམ་གྱི་བསམ་པས་འཇུག་པ་དེ་ཙམ་ལ་དེའི་དོན་ཉིད་ཀྱིས་ ཉེས་པར་གྱུར་པ་ཉིད་མེད་དོ། །གང་གི་ཕྱིར་མངོན་པར་བརྟེན་པ་དང་རིག་པ་ལས་མ་འདས་པའི་དོན་ལ་ལྷག་པར་གྱུར་པ་ཉིད་མ་ཡིན་པའོ། །གཞན་ཐམས་ཅད་ལ་ལྷག་པའི་དོན་ཉིད་ཐམས་ཅད་ལ་སོགས་པ་ལ་གནས་པས་ན་ཆོས་གོས་ཐམས་ཅད་ཀྱི་ཚད་ལ་མངོན་པར་གནས་པ་ཉིད་དོ། །དེ་བས་ ན་ཆེ་བ་དང་བར་མ་ཉིད་བྱེད་པའི་ལྷག་པར་གྱུར་པ་ལ་ཞེང་ངམ་ཆུར་ཉེས་པ་མི་བསྐྱེད་པའོ། །ཞེང་ངམ་ཆུ་དག་ལས་གང་ཡང་རུང་བར་ལྷག་ན་བཅད་དེ་ལྔ་པོ་འཕགས་པ་ཉིད་ཀྱིས་མངོན་པར་འདོད་པའོ། །རིགས་པ་ལས་མ་འདས་པའི་གོས་ཀྱི་ཕྱོགས་གཅིག་ཉིད་ཀྱི་མངོན་པར་བརྟེན་པ་ ཉིད་ནི་མ་ཡིན་ནོ། །ཆུང་ངུ་དག་ནི་གཉིས་ཀ་དག་ལས་ཁྲུ་ཕྱེད་ཕྱེད་ཕྲི་བའོ་ཞེས་བྱ་བའི་ཁྲུ་གསུམ་མམ་ལྔ་ལས་གཉིས་ཀ་ལས་ཀྱང་ཁྲུ་ཕྱེད་ཕྱེད་དོར་ནས་ཆུང་བ་ཆོས་གོས་གསུམ་པོ་ལ་ཡང་ངོ་ཞེས་བྱ་བའི་དོན་ཏོ། །འབྲིང་རྣམས་ཀྱི་ཚད་ནི་བར་མའོ་ཞེས་བྱ་བ་ནི་ཁྲུ་གསུམ་དང་ལྔ་དང་ཕྱེད་དང་གསུམ་དང་ཕྱེད་ དང་ལྔ་གང་ཡིན་པ་དེའི་བར་མ་ནི་འབྲིང་པོ་སྟེ་དེ་ནི་འབྲིང་པོ་རྣམས་ཀྱི་ཚད་དོ། །མཐང་གོས་ནི་དོ་དང་ལྔ་ཡང་ཡིན། དོ་དང་བཞི་ཡང་ཡིན་ནོ་འཁོར་གསུམ་ཁེབས་པ་ཡན་ཆད་ཀྱང་ངོ་ཞེས་བྱ་བ་ནི་དོ་དང་བཞི་མན་ཆད་ནས་བརྩམས་ཏེ་ཇི་སྲིད་འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱི་བར་རོ། །ཁྲུའི་དོན་ནི་ ལུས་ཀྱི་ཆ་བདུན་ལས་གཉིས་སོ་ཞེས་བྱ་བ་ནི་ལུས་ཀྱི་ཁྲུའི་སྒྲའི་དོན་དུ་རིག་པར་བྱའོ། །ལུས་དང་གྲུ་མོ་ནས་གུང་མོའི་རྩེ་མོའི་བར་ཡོད་པ་དེའི་ཚད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དུ་ལུས་ལ་ཁྲུའི་ཚད་ཐུང་བ་འམ་རིང་བ་ཉིད་དེ་དང་འབྲེལ་པ་ཉིད་ནི་ཆོ་ག་འདིའོ། །མི་ཡོག་ན་རལ་ག་དཔུང་ཆད་བྱའོ་ ཞེས་བྱ་བ་ནི་འདི་ལྟར་ཡང་གང་གིས་ལུས་མི་ཁེབས་ན་རལ་ག་དཔུང་ཆད་བྱ་སྟེ་ཁེབས་པར་བསྒྲུབ་པར་བྱའོ། །འདི་ནི་གཙོ་བོའི་ཐབས་ཏེ་དེ་བས་ན་འདིའི་འདི་བརྗོད་པར་བྱའོ། །ཟླ་བས་སྤང་བ་རྣམ་པར་འབྱེད་པའོ།། །།དེ་བས་དམན་པ་ནི་ཆུང་བ་དང་འདྲ་སྟེ་ཉེས་བྱས་སུ་འགྱུར་བ་ཉིད་དོ་ཞེས་ བྱ་བ་ནི་མཉམ་པ་ཀུན་ལས་འོག་ཏུ་གོས་གང་ཞིག་དུམ་བུར་གྱུར་པ་འམ་དུམ་བུར་མ་གྱུར་པ་ཆུང་བ་འཇོག་པ་ཟླ་བ་དང་འདྲ་བར་དེ་ལ་ཉེས་བྱས་སུ་གྱུར་པ་ཉིད་དོ། །རེ་བ་ཡོད་པ་ལ་བྱིན་གྱིས་རློབ་པར་བྱེད་པ་མེད་པ་ཉིད་ལ་ཟླ་བ་གཅིག་འདས་ན་ཤིན་ཏུ་དམན་པ་འཆང་བ་ལ་ཉེས་བྱས་སོ། །རེ་བ་མེད་པ་ ལ་བྱིན་གྱིས་བརླབ་པར་བྱ་བ་ཡོད་ལ་ཞག་བཅུ་འདའ་བར་བྱེད་ན་ཞེས་བྱ་བའི་དོན་དུའོ། །འཁོར་གྱི་ཕྱེད་གཡོགས་པ་གང་ཞིག་དམན་པ་དེར་ཆོ་ག་འདི་ཞུགས་པའོ། །འདི་ལས་འོག་མ་གང་ཡིན་པ་དེ་ལ་ཆོ་ག་བརྗོད་པར་བྱ་སྟེ། འཁོར་གྱི་ཕྱེད་མི་ཁེབས་པ་ནི་རེ་བ་མེད་པ་ཉིད་དོ་ཞེས་བྱ་བ་ནི་འདིར་ལྟེ་བའི་ རི་མོ་ལ་སོགས་པ་ནས་པུས་མོའི་ལྷ་ངའི་མཐར་ཐུག་པ་གང་ཡིན་པ་དེ་ནི་ཀན་ཐ་འཁོར་རོ། །འདིའི་ཞེང་ལས་གང་གིས་ཕྱེད་མི་ཁེབས་པ་དེ་ལ་རེ་བ་མེད་པ་ཉིད་དོ། །ཆ་གཅིག་པས་ཞག་བཅུའི་ཕྱོགས་ཉིད་དོ། །ཞག་བཅུ་ལས་འདས་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིར་ རེ་བ་ཤིན་ཏུ་ཆེ་བ་ཡང་དག་པར་གནས་པ་མ་ཡིན་ཏེ། དལ་གྱིས་འགྲོ་བས་ཡུལ་གཞན་དུ་ཕྱིན་པ་དང་འདྲ་བ་ཞེས་བྱ་བ་འདིས་ཤེས་པའོ། །རུང་བ་མ་ཡིན་པ་ཡང་ངོ་ཞེས་བྱ་བ་ནི་རེ་བ་མེད་པ་ཉིད་ཅེས་བྱ་བར་སྦྱར་བར་བྱའོ། །འདིར་གཞུང་ནི་གོས་ཇི་ལྟ་བུ་ཅིག་གཞག་པར་བགྱི། རུང་བ་གང་ཡིན་ པའོ། །རུང་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་མ་བཀག་པ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །གདོང་ཕྱིས་དང་ཆུ་ཚགས་དང་། སྟན་འཇམ་པོ་དང་དྲེའུ་རྔོག་ལ་སོགས་པའི་ཡོ་བྱད་ཀྱི་གོས་བྱིན་གྱིས་མ་བརླབས་པ་དག་གོ་ཞེས་བྱ་བ་ནི་གདོང་ཕྱིས་ལ་སོགས་པ་ཉིད་དུ་བྱིན་ གྱིས་མ་བརླབས་པ་དེ་དག་ཀྱང་ཁ་བསྐང་བ་ལ་རེ་བ་མེད་པ་ཉིད་ཡིན་ཏེ། གཞན་རྩེ་གཅིག་པ་རྣམས་ལ་རེ་བ་ཡོད་པ་ཉིད་ལ་ཡང་དག་པར་གནས་པའི་ཕྱིར་གླགས་མི་རྙེད་པ་ཞག་བཅུ་ཉིད་ལ་འདི་བརྗོད་པ་སྟེ་ཡང་དག་པར་འགྱུར་བ་ཉིད་ཀྱང་འདིར་མེད་ན་མི་འབྱུང་བའི་ཕྱིར་གྲགས་པར་རིག་པར་བྱའོ། །འདིར་ གཞུང་ནི་ཡི་གེ་ཁ་ཅིག་ལས་ཡོ་བྱད་ཀྱི་གོས་བྱིན་གྱིས་མ་བརླབས་པ་ཞག་བཅུ་ལས་འདས་པ་སྤང་བར་འགྱུར་བ་ཉིད་ནི་གདོང་ཕྱིས་དང་ཆུ་ཚགས་དང་སྟན་འཇམ་དང་དྲེའུ་རྔོག་ལ་སོགས་པའི་ཡོ་བྱད་བྱིན་གྱིས་རློབ་པར་བྱེད་ན་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཟླ་བས་སྤང་བ་ཞུ་བའོ།། །། སྦྲུམ་མ་དབེན་པར་གཞག་གོ་ཞེས་བྱ་བ་ལ། སྦྲུམ་མ་ཞེས་བྱ་བ་ནི་མངལ་ན་བུ་ཡོད་པ་སྟེ་རབ་ཏུ་བྱུང་བ། སྦྲུམ་མ་མངལ་ན་བུ་ཡོད་པ་སྟེ་དབེན་པའི་ཕྱོགས་སུ་གཞག་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་དགེ་སློང་མ་རྣམས་ཀྱིས་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི་གང་ཞིག་འདི་དབེན་པའི་ས་ཕྱོགས་ན་སྦྲུམ་ མའི་གནས་བཅས་པ་དེར་འདི་བསྒྲུབ་ན་དགེ་སློང་མ་གཞན་རྣམས་ཀྱིས་ཡལ་བར་མི་དོར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཟན་སྦྱིན་པར་བྱའོ་ཞེས་བྱ་བ་ནི་སྦྲུམ་མ་ལ་དགེ་སློང་མ་རྣམས་ཀྱིས་སོ། །ཕ་མ་དག་ནས་བདུན་པ་ཚུན་ཆད་ལས་གང་ཡང་རུང་བ་སྔ་མ་གཅིག་ལས་སྐྱེས་པ་ཡང་ཉེ་དུ་ཡིན་ནོ་ ཞེས་བྱ་བ་ལ་ཕ་མ་དག་ཅེས་བྱ་བ་ནི་ཕ་དང་མ་ནི་ཕ་མ་དག་གོ། །འདིར་མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ལ་མའི་སྒྲའོ། །ཕའི་སྒྲ་ཡང་མའི་ཡན་ལག་དང་བཅས་པ་ཕའི་རྒྱུད་ལ་ཕྲུགས་བདུན་དུ་གྱུར་པའི་ཕ་མ་དག་གིས་ཇི་སྲིད་དུ་གང་ཡང་རུང་བ་གཅིག་གིས་ཀྱང་ཕ་མ་དེ་ དག་ལ་གཉིས་ཀ་དག་ཉིད་ཀྱིས་ནི་མ་ཡིན་ཏེ། གཅིག་སྔ་མ་ལས་སྐྱེས་པ་ཉིད་དང་མ་གཅིག་ལས་སྐྱེས་པ་ཉིད་དང་ཕ་གཅིག་ལས་སྐྱེས་པ་ཉིད་གང་ལ་ཡོད་པ་དེ་ནི་གཉེན་ཞེས་བྱ་བ་འདི་དག་གི་དོན་ཏོ། །འཁྲུར་འཇུག་པའི་སྤང་བའི་བྱེད་པ་པོ་ཉིད་གང་ཡིན་ཞེ་ན། དེའི་ཕྱིར་འདུ་ཤེས་གཙོ་ཆེར་བྱེད་པ་ པོ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དོན་མེད་ན་ཡང་འདུ་ཤེས་ནི་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཏེ་འདུ་ཤེས་ནི་གཙོ་ཆེར་རིག་པར་བྱའོ། །གང་དུ་འདིའི་འོག་ཏུ་ཉེ་བར་གནས་པ་ཉིད་རྟོགས་པར་བྱའོ། །དེ་ནི་འདུ་ཤེས་གཙོ་བོར་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་མིང་ཅན་ཏེ་འདུ་ཤེས་གཙོ་བོར་བྱེད་པ་པོ་ཉིད་ ཡིན་ནོ། །ཤེས་གཙོ་བོར་བྱ་བ་ནི་མིང་སྟེ་འདུ་ཤེས་གཙོ་བོར་བྱེད་པ་པོ་ཉིད་ཡིན་པ་དེའི་མིང་ངོ་། །དེ་ལྟར་ན་ཚིག་གི་དོན་འདི་འབྱུང་སྟེ་འདི་མན་ཆད་ཀྱི་མདོ་གང་དང་གང་ལ་ཤེས་གཙོ་བོ་ཞེས་བྱ་བའི་མིང་སྨོས་པ་དེ་དང་དེར་མིང་དེའི་རང་གི་མིང་ཅན་འདུ་ཤེས་གཙོ་བོར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་སྟོན་པར་ཤེས་ པར་བྱའོ། །དོན་གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་མ་ཉིད་དང་དེ་ཉེ་དུ་མ་ཡིན་པ་ཉིད་དག་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་ཉིད་དང་དགེ་སློང་མ་དེ་ཉེ་དུ་མ་ཡིན་པ་དག་ལ་འདུ་ཤེས་གཙོ་ཆེར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོག་མ་ལ་ཡང་ངོ་ ཞེས་བྱ་བ་ནི་གང་ཞིག་འདིའི་རྗེས་ལ་བསླབ་པའི་གཞིའི་ཕྱིར་གཟུང་བ་དང་འབྲེལ་པ་དེ་ལ་ཡང་དགེ་སློང་མ་ཉིད་དང་དེ་ཉེ་དུ་མ་ཡིན་པ་དག་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་འདྲ་བར་བསྟན་པའོ། །ཅི་ཞིག་བྱས་ན་འཁྲུར་འཇུག་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་བྱིན་གྱིས་ བརླབས་པ་རང་གི་རྙིང་པ་འཁྲུར་འཇུག་པར་འོས་པ་ཆོས་གོས་དང་གདིང་བ་དག་ལས་འགའ་ཞིག་བསྒོ་བས་འཁྲུར་འཇུག་གམ་འཚེད་དུ་འཇུག་གམ་འཆག་ཏུ་འཇུག་པ་དག་ནའོ་ཞེས་བྱ་བ་སྨོས་ཏེ་བྱིན་གྱིས་བརླབས་པ་རང་གི་རྙིང་ལ་འཁྲུར་འཇུག་པར་འོས་པ་ཆོས་གོས་དང་གདིང་བ་དག་ལས་འགའ་ ཞིག་བསྒོ་བས་འཁྲུར་འཇུག་པ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །འདིར་རྙིང་པ་ཉིད་ནི་ལོངས་སྤྱད་པ་ཉིད་དོ། །ཇི་སྲིད་དུ་ཡང་དུས་ཙམ་ལ་སོགས་པའི་ཚད་དེ་སྲིད་དུ་འདི་ནི་ཡོངས་སུ་རྫོགས་པའི་གཟུགས་ཀྱི་འདུ་བྱེད་མ་ཡིན་ཏེ། གང་ཞིག་མ་འོངས་པ་ན་འདུ་བྱེད་ཅེས་བྱ་བ་འཁྲུར་འཇུག་པར་འོས་པ་ཉིད་ལ་ འདིར་ཡན་ལག་ཉིད་དེ། དེ་ལྟ་བུར་གྱུར་པའི་འཁྲུར་འཇུག་པ་ལ་སོགས་པའི་ཕྱོགས་ཉིད་དོ། །འཁྲུར་འཇུག་པར་འོས་པ་མ་ཡིན་པ་རྙིང་པ་འདི་འཁྲུ་བ་ལ་སོགས་པ་ཉེས་བྱས་སུ་རིག་པར་བྱའོ། །གདིང་བའི་ཚིག་ནི་ལུས་ཐམས་ཅད་ལ་ཡང་དག་པར་རེག་པས་ལོངས་སྤྱོད་པ་ཉིད་གང་ཡིན་པ་དེ་ནི་ འདིར་ཤེས་པར་བྱ་ཞེས་པ་འདི་སྟན་ཙམ་དུ་རྣམ་པར་གནས་པ་ཡིན་ནོ། །ལུས་ཀྱི་བསྙེན་བཀུར་བྱེད་པའི་རྣམ་པ་ཉིད་ནི་འདིར་ཉེས་པ་མཐོང་བ་ཡིན་ཏེ། དེ་བས་ན་གཞན་གྱིས་ཡོངས་སུ་ལོངས་སྤྱོད་པ་ཉིད་ལ་ན་སྨད་པ་ཞེས་བྱ་བ་རྟོགས་པར་བྱའོ། །ངག་ཀྱང་ཞེས་བྱ་བའི་ཆོ་ག་འདི་ལ་འཇུག་པའི་དོན་ དུ་བསྒོ་བ་ཞེས་བྱ་བའི་ཚིག་གོ། །འདིར་གཞུང་ནི་བཙུན་པ་དགེ་སློང་ཆོས་གོས་རུང་བས་གྲོང་དུ་ཞུགས་ཤིང་དེའི་ཆོས་གོས་དེ་ཡང་ལུས་ལས་མ་ཕུད་པར་དེངས་པར་བགྱི་བའི་སླད་དུ་འབྱུང་བར་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟ་སྟེ་ཁྱིམ་གྱི་ནང་དུ་ཞུགས་པའི་ཆོས་གོས་མི་གཙང་བ་ལ་ སོགས་པས་གོས་པར་གྱུར་པ་དེ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་འཇུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་འདུ་བྱས་པ་ཙམ་གྱིས་འདི་ལ་འདི་དགོས་པའོ། །ལོངས་སྤྱོད་པ་འདུ་བྱེད་དུ་བཅུག་པ་ཞེས་བྱ་བ་འདི་ཙམ་གྱིས་ཞེས་བྱ་སྟེ་དེ་བས་ན་འཁྲུར་འོས་ པའི་ཚིག་གོ། །ཕྱོགས་ལ་བྱས་པ་ཡང་ལས་བྱས་པ་ཉིད་དོ་ཞེས་བྱ་བ་ལ་ཕྱོགས་ལ་ཡང་ངོ་ཞེས་བྱ་བ་ནི་རྫས་ཕྱོགས་གཅིག་ཏུ་སོང་བ་ཉིད་དམ་རྒྱུན་དུམ་བུར་གྱུར་པ་ཉིད་ཀྱིས་ཕྱོགས་ཤེས་པར་བྱའོ། །འདིར་གཞུང་ནི་འདིར་བཙུན་པ་འདི་ལྟར་ཡོད་པར་གྱུར་པ་ཞིག་ན་དགེ་སློང་ཆོས་གོས་རུང་བར་གྲོང་དུ་ ཞུགས་ཤིང་དེའི་ཆོས་གོས་དེ་ཡང་ལུས་ལས་མ་ཕུད་པར་དེ་སྤང་བར་བགྱི་བའི་སླད་དུ་དབྱུང་བར་འགྱུར་བར་མཆིས་སམ། ཉེ་བ་འཁོར་ཡོད་དེ། ཇི་ལྟར་ཡང་དགེ་སློང་ཁྱིམ་གྱི་ནང་དུ་ཞུགས་པ་ལས་ཆོས་གོས་བཤང་བ་འམ་གཅི་བ་འམ་འདམ་གྱིས་སམ་ལུད་པས་སམ་མི་གཙང་བ་གཞན་དང་གཞན་ གྱིས་གོས་པར་གྱུར་ཏེ། དེ་མ་གནང་བའི་དགེ་སློང་མ་ལ་འཁྲུར་འཇུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ནི་རྫས་ཕྱོགས་གཅིག་ཏུ་སོང་བ་ཞེས་བྱ་བའོ། །ཕྱོགས་གཅིག་ལས་ལྷག་པ་འདི་ནི་ལུས་ལས་མ་ཕུད་པའི་ཚིག་གིས་རྒྱུན་དུམ་བུར་གྱུར་པ་ ཉིད་ཅེས་བྱ་བ་ཉིད་ཀྱིས་ཤེས་པར་བྱའོ། །འདིར་འཁྲུར་འཇུག་པར་བྱ་ཞེས་བྱ་བ་ནི་ཐ་ན་ཆུར་སྙུག་པར་བྱེད་དམ། ཚོན་དུ་སྙུག་པར་བྱེད་དམ་འཚེད་དུ་འཇུག་པར་བྱེད་དམ་ཐ་ན་ཐལ་མོས་རྡེབ་པར་བྱེད་ན་ཡང་ངོ་ཞེས་གསུངས་པ་ལྟ་བུའོ། །བྱས་པ་ཉིད་ན་བྱེད་དུ་བཅུག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གང་ གི་ཚེ་དེ་ལས་དེ་ངེས་པར་སྦྱོར་བ་བྱས་པར་འགྱུར་བ་དེའི་ཚེ་བྱེད་དུ་བཅུག་པ་ཉིད་འགྲུབ་པར་འགྱུར་ཏེ་ཉེས་བྱས་ཀྱི་སྦྱོར་བ་ཙམ་ལ་མ་ཡིན་ནོ། །འབྲས་བུའི་མཐའ་མན་ཆད་གཅིག་པ་ཉིད་དོ་ཞེས་བྱ་བ་ནི་འབྲས་བུའི་མཐར་ཐུག་པ་ནི་ཇི་སྲིད་དུ་ལས་ཀྱིས་གཅིག་པ་ཉིད་དོ། །ཚིགས་སུ་གྱུར་པ་ཉིད་ལ་འབྲས་བུ་ རྣམས་གཅིག་པ་ཉིད་དོ་ཞེས་བྱ་བ་ནི་ཚིགས་སུ་གྱུར་པ་སྔ་མ་དང་ཕྱི་མའི་ཆ་ཉིད་ཀྱིས་ཡིད་ལ་འབྲེལ་པར་གྱུར་པ་དུ་མའི་འབྲས་བུ་རྣམས་གང་ཡིན་པ་ནི་འདི་ལྟ་སྟེ། རུང་བ་ཉིད་ཀྱིས་ཐོབ་པའི་མཐར་ཐུག་པ་འདུ་བྱེད་པའི་དགོངས་པས་རྩོམ་པ་ལ་འཁྲུར་འཇུག་པ་དང་འཚེད་དུ་འཇུག་པ་དང་འཆག་ཏུ་འཇུག་ པར་བྱེད་པ་ཉིད་དག་གིས་གཅིག་པ་ཉིད་དོ། །དེ་རྣམས་ལ་དེའི་དབྱེ་བ་དང་བསྒོ་བ་དང་ལས་ཀྱི་དབྱེ་བས་གཅིག་པ་ཉིད་དོ། །དེ་ལ་ཐ་མའི་ཚིགས་ཀྱི་ཐ་མའི་བར་དུ་འཁྲུར་འཇུག་པ་ལ་སོགས་པའི་ལས་གསུམ་པོ་རྗེས་སུ་བསྒྲུབ་པ་ལ་གང་ཞིག་ལྟུང་བ་རེ་རེར་གསུངས་པ་དེ་བས་མདོ་འདི་དང་སྔ་མའོ། ། འདུ་ཤེས་གཙོ་བོ་ཉིད་ལ་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་མ་ཡིན་པ་ཉིད་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་བྱ་བ་ནི་གང་དུ་འདུ་ཤེས་གཙོ་ཆེ་བ་ཉིད་དེ་ལ་ཆོ་ག་ནི་འདི་རིག་པར་བྱའོ། །འདུ་ཤེས་པ་ནི་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའི་ལྟུང་བའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་ གང་ཞིག་དེ་དང་ཉེ་བའོ་ཞེས་བྱ་བ་ནི་བར་མེད་པའི་ཚིགས་སུ་གྱུར་པའོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་བྱ་བ་ནི་ཡིད་གཉིས་ནི་འདུ་ཤེས་དང་འདྲ་བ་ཉིད་དོ། །ཡིད་གཉིས་ཟ་བ་ལ་ཡང་དོན་དེ་ལ་ལྟུང་བ་དེ་ཉིད་དུ་འགྱུར་རོ། །གང་ཞིག་དེ་ལ་འདུ་ཤེས་ཤིང་ཞེས་བྱ་བའོ། །དགེ་འདུན་གྱི་ ཁྲིམས་སུ་བཅའ་བ་བསྲུང་བར་བྱའོ། །གློ་བུར་དུ་འོངས་པས་ཀྱང་དེ་ལས་མི་འགལ་བ་ཉིད་དུ་བྱའོ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ཁྲིམས་སུ་བཅའ་བ་རྗེས་སུ་བསྲུང་བ་ལས་སོ། །གློ་བུར་དུ་འོངས་པས་ཀྱང་དེ་ལ་རྗེས་སུ་བསྲུང་བར་བྱ་བ་ཉིད་ཅེས་བྱ་བའི་དོན་ཏོ། །ཡོད་དམ་མེད་པ་ཉིད་དང་ཇི་ལྟ་བུ་ ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེས་དེ་དྲི་བར་བྱའོ་ཞེས་བྱ་བ་ནི་ཚོགས་འདི་ན་དགེ་འདུན་གྱི་ཁྲིམས་སུ་བྱ་བ་འགའ་ཞིག་ཡོད་དམ་འོན་ཏེ་མེད་ཡོད་ན་ཇི་ལྟ་བུ་ཞིག་ཅེས་བྱ་བ་དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གློ་བུར་དུ་འོངས་པ་དེས་དེ་དྲི་བར་བྱའོ། །དུས་གང་གི་ཚེ་ཞེ་ན། དེའི་ཕྱིར་ཧ་ཅང་ཡུན་རིང་ བའོ་ཞེས་བྱ་བ་སྨོས་ཏེ་ཧ་ཅང་ཡུན་རིང་དུ་གནས་པ་བས་སྔ་རོལ་དུ་ཞེས་བྱ་བའི་དོན་ཏོ། །འཇུག་པ་དང་འཇུག་པའི་གནས་བཙལ་བ་པ་དང་རྫས་གཞག་པ་དང་རེ་ཞིག་བསྡད་པ་དེ་རྣམས་ཐམས་ཅད་ལས་ཇེ་དང་པོར་བྱའོ་ཞེས་བྱ་བའི་དོན་འདི་ལས་འདའ་བར་བྱ་བ་ལས་སྔ་རོལ་དུ་རིག་པར་བྱའོ། །སངས་ རྒྱས་ཀྱིས་གསུངས་པ་དགེ་འདུན་ལས་གཡོ་བ་མེད་དོ་ཞེས་བྱ་བ་ནི་ཚེ་དང་ལྡན་པ་རྣམས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གང་གི་ཚེ་ཚེ་དང་ལྡན་པ་ཉེ་སྡེས་དགེ་འདུན་གྱི་ཁྲིམས་སུ་བྱ་བ་དྲལ་ཀྱང་ལྟུང་བ་མི་འབྱུང་བ་སྟེ། བཅོམ་ལྡན་འདས་ཀྱིས་བག་ཡངས་སུ་མཛད་དུ་ཟིན་ཀྱང་ཤིན་ཏུ་སྦྱངས་ པའི་དབང་གིས་ལྟུང་བ་མི་འབྱུང་བ་ཉིད་དུ་གསུངས་པ་དེའི་འདི་བསྡུ་བའོ། །ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐ་རགས་དག་ལྷག་པ་འབུལ་བ་ན་དགེ་འདུན་གྱི་ཉེ་བར་གཞག་པའི་དོན་དུ་བླང་བར་བྱའོ། །དེ་ལྟར་ཉེ་བར་གཞག་པ་ནི་དེ་དག་མེད་པ་རྣམས་ཀྱིས་ཅི་དགར་བསྐུར་རོ་ཞེས་བྱ་ བ་ནི་ལྷུང་བཟེད་ལ་སོགས་པ་མེད་པ་རྣམས་ཀྱིས་གང་ལ་ཡོངས་སུ་ལོངས་སྤྱོད་པར་འོས་པ་ཉིད་དགེ་འདུན་དེ་རྣམས་ཀྱིས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །འཁྲུར་འཇུག་པའི་སྤང་བ་རྣམ་པར་འབྱེད་པའོ། །བཤང་བ་དང་གཅི་བ་དང་ལྗན་ལྗིན་དང་འདམ་རྫབ་ལ་སོགས་པས་མ་རུང་བར་གྱུར་ པ་འཁྲུར་འཇུག་པ་ལ་ན་སྨད་པ་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་འདིར་འཁྲུར་འཇུག་པར་འོས་པ་ཉིད་ཡན་ལག་དྲི་མ་ཅན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གསལ་བ་ཉིད་དུ་བྱ་བའི་དོན་དུ་འདི་ཡིན་ནོ། །དྲེའུ་རྔོག་དང་ཁྱིམ་པའི་གོས་དང་སྔས་ནང་ཚངས་ཅན་དང་རུང་བར་བྱས་པ་དང་སྤངས་པ་དང་ དགེ་འདུན་གྱི་རྣམས་ལ་ཉེས་བྱས་སོ་ཞེས་བྱ་བ་ནི་འདི་རྣམས་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་འཁྲུར་འཇུག་པ་ལ་སོགས་པ་ལ་ཉེས་བྱས་སོ། །དྲེའུ་རྔོག་ཁྱིམ་པ་མ་ཡིན་པའི་གཡོག་ཉིད་ཀྱིས་འདིའོ། །ཁྱིམ་གྱི་གཡོག་པོ་ཉིད་ནི་དགེ་སློང་གི་གཡོག་ཉིད་ཀྱི་ཕྱིར་དེའི་རྫས་རྣམས་ ལ་རུང་བ་ཉིད་དོ་ཞེས་བྱ་བ་འདིའི་འདི་སྤྲོས་པའོ། །འདིར་ཉེ་བར་ལོངས་མ་སྤྱད་པ་ནི་མ་ཆགས་པའོ། །ཁྱིམ་གྱི་གཡོག་དང་སྔས་རྟེན་མགོ་བོ་ཙམ་གྱིས་ལོངས་སྤྱོད་པར་སྐྱེས་པ་ཉིད་ཀྱི་ཕྱིར་དང་ལུས་ཐམས་ཅད་ལ་ཡང་དག་པར་རིག་པས་ལོངས་སྤྱོད་ཅིང་རྣམ་པར་མི་རྟོག་པ་ལ་རང་ཉིད་ལ་མི་ བརྟེན་པའི་ཕྱིར་རོ། །འབུལ་བ་ལ་རང་ཉིད་འཕོ་བ་ཉིད་ཀྱི་ཕྱིར་དང་དགེ་འདུན་གྱི་རང་ཉིད་མེད་པའི་ཕྱིར་རོ། །འཁྲུར་འཇུག་པའི་སྤང་བ་ཞུ་བའི་སྐབས་སོ།། །།དགེ་སློང་མས་གོས་རིན་པོ་ཆེ་བརྗེ་བའི་ཕྱིར་བླང་བར་བྱའོ་ཞེས་བྱ་བ་ནི་བརྗེ་བའི་ཕྱིར་ཡིན་གྱི་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ནི་མ་ ཡིན་ནོ། །དགེ་སློང་མ་དང་ལྷན་ཅིག་བརྗེ་བར་བྱའོ་ཞེས་བྱ་བ་ནི་གོས་ཀྱི་ཕྱིར་འདིར་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱི་དབང་དུ་བྱས་ནས་མདོ་བྱས་པའོ། །རྫས་ཇི་ལྟ་བུ་བརྗེ་བར་བྱ་ཞེ་ན། དེའི་ཕྱིར་མཉམ་པས་སོ། །ཡང་ན་དེ་དག་འགལ་བ་ཉིད་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་དང་ལྷན་ ཅིག་དེ་བརྗེ་བར་བྱེད་པའི་དགེ་སློང་མ་དེ་དགའ་བར་འགྱུར་བས་རིན་ཐང་གིས་གཟུང་བ་ལ་ནི་བརྗེ་བའི་རྣམ་པ་ཉིད་དོ། །གང་དུ་སྔ་བ་ལེན་པའི་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིས་ལེན་ནའོ་ཞེས་བྱ་བ་སྨོས་ཏེ་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་དེར་འདུ་ཤེས་པའམ་ཡིད་གཉིས་ཟ་བ་ཞེས་སྔར་བྱས་སོ། ། ཇི་ལྟར་ལེན་ཞེ་ན། དེའི་ཕྱིར་རྣམ་པར་རིག་བྱེད་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། ཅང་མི་སྨྲ་བ་དང་དུ་ལེན་པས་ཀྱང་མ་ཡིན་ལ་ཚིག་ལས་གཞན་པའི་རྣམ་པར་རིག་བྱེད་ཀྱིས་ཀྱང་མ་ཡིན་ནོ། །ཅི་ཞིག་གི་ཕྱིར་ལེན་ན་ཞེ་ན། དེའི་ཕྱིར་དགེ་འདུན་ལ་གོས་འབུལ་བ་དང་། ལེགས་པར་སྨྲ་བ་ལ་ལྟུང་བ་ མེད་དོ་ཞེས་བྱ་བ་སྨོས་ཏེ་རབ་ཏུ་སྦྱིན་པ་ལའོ། །བསྙེན་པར་རྫོགས་པར་བྱེད་པ་དག་དང་བོར་རླག་བྱུང་བ་དག་ལའོ་ཞེས་བྱ་བ་ནི་དགེ་སློང་མ་ལས་ལེན་པ་ལ་ལྟུང་བ་མེད་དོ། །དད་རྫས་བརྗོད་དེ་མདུན་དུ་བཞག་ནས་མི་ལྟོས་པར་སོང་བ་ལའོ་ཞེས་བྱ་བ་ནི་འབུལ་བར་བྱེད་པའི་དགེ་སློང་མ་ལས་ཕྱིར་ སྤོང་བར་བྱེད་པ་ཉིད་ལ་དགེ་སློང་གིས་ཐོབ་ན་དད་རྫས་བརྗོད་དེ་བདག་ཉིད་དད་པ་ཅན་དུ་གྲགས་པར་ཤེས་ཏེ། རྫས་དེ་མདུན་དུ་བཞག་ནས་མི་ལྟོས་པར་སོང་བ་ནི་དེའི་ཚེ་བླངས་ན་ལྟུང་བ་མེད་དོ། །ལེན་པའི་སྤང་བ་རྣམ་པར་འབྱེད་པའོ།། །།ལག་ཏུ་འོངས་པ་ཉིད་ནི་ཐོབ་པ་ཉིད་དོ། །བལྟ་བའི་ཉེན་ཀོར་ དུ་གྱུར་པ་ནི་དེའི་དང་པོའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་ལག་ཏུ་འོངས་པ་ཉིད་ལའོ། །འདིར་གཞུང་ནི་གོས་ཀྱི་གཞིའི་ཞུ་བ་ལས། ཇི་ཙམ་གྱིས་ན་གོས་ཐོབ་པ་ལགས། གང་ཚུན་ཆད་དེའི་ལག་ཏུ་འོངས་པར་གྱུར་པ་འམ་བལྟ་བའི་ཉེན་ཀོར་དུ་གྱུར་པ་ནའོ་ཞེས་གསུངས་པ་ཡིན་ནོ། །ཉེ་བར་མ་ གྱུར་པ་ནོད་པ་ཉིད་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་ལ། འདིར་གཞུང་ནི་ཡི་གེ་ཁ་ཅིག་ལས་གྲོང་ཆེ་གེ་མོ་ཞིག་ན་གོས་མཆིས་ཀྱིས་དེ་ཚེ་དང་ལྡན་པ་ལས་གསོལ་ལོ་ཞེས་ཟེར་བ་ནོད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཉེ་བར་མ་གྱུར་པ་ནོད་པ་ཉིད་ཀྱི་ཕྱིར་གཞན་ནི་སྨད་པའི་རྒྱུ་མཐོང་བ་མ་ ཡིན་ཏེ་ཞེས་བྱ་བ་འདིར་འདི་ཤེས་པའོ། །འདིར་དང་དུ་ལེན་པ་ཡང་ནོད་པ་ལ་ཤེས་པར་བྱ་སྟེ་གོ་བར་བྱ་བ་ཉིད་ནི་མ་ཡིན་ནོ། །དེ་ལྟར་གཞུང་ནི་འདི་ཡིན་ཏེ་སྔར་བཞག་པར་གྱུར་ནས་སྨྲས་པ་རྗེས་སུ་གནང་བར་བགྱི་ཡིས་འཕགས་པས་ལོངས་སྤྱད་དུ་གསོལ། བདག་ལ་བསོད་ནམས་སུ་འགྱུར་རོ་ཞེས་ཟེར་ ན་ལྟུང་བ་མེད་དོ་ཞེས་གསུངས་པའོ། །ཡང་ན་ཕྱིར་སྩལ་མི་འཚལ་བར་འབུལ་གྱིས་ལོངས་སྤྱད་དུ་གསོལ་ཞེ་འམ། གོས་ཆ་མི་མཐུན་པ་དང་བརྗེའོ་ཞེས་ཟེར་བ་བླངས་པར་གྱུར་པ་ལས་ཕྱིས་ཚེ་དང་ལྡན་པ་རིན་སྩལ་མི་འཚལ་ལོ་ཞེས་ཟེར་བ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་གང་ཡིན་པ་དེ་མདོ་འདིས་ བསྡུས་པ་ཡིན་ནོ། །རྒྱ་ཆེ་བ་དང་ཐ་སྙད་ཀྱི་དབང་མ་ཡིན་པ་ཉིད་ནི་གོས་སྦྱིན་པ་ལ་སོགས་པ་ལ་གཙོ་བོ་ཡིན་ནོ་ཞེས་བྱ་བ་ནི་ཇི་ཙམ་དུ་རང་གི་ལུས་ཀྱིས་འཇུག་པ་ཉེ་བར་བཀག་པར་གྱུར་པ་ཉིད་ཀྱིས་མ་ཡིན་པ་དེ་ཙམ་དུ་འདིར་རྒྱ་ཆེ་བ་ལ་མངོན་པར་བརྟེན་པར་རིག་པར་བྱའོ། །འདིར་གཉིས་པོ་འདི་ཐམས་ ཅད་གཙོ་བོར་རིག་པར་བྱ་བ་སྟེ། ཐ་དད་པ་ནི་མ་ཡིན་ནོ། །བོར་རླག་བྱུང་བ་རྙེད་པ་ལ་འདི་ཙམ་དུ་གཟུང་བ་ཞེས་བྱ་བར་རིག་པར་བྱའོ། །རེ་ཞིག་གི་སེམས་ཀྱིས་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ཉེ་བར་གཡོགས་པ་འམ་བགོས་པའམ་དུས་རེ་ཞིག་པ་སྟེར་བ་ལ་གང་ཞིག་ཡིད་གཅུགས་པས་ལེན་པ་ལ་ ལྟུང་བ་མེད་དོ་ཞེས་གསུངས་པ་གང་ཡིན་པ་དེ་མདོ་འདིས་བསྡུས་པ་ཡིན་ནོ། །རིན་སྦྱིན་པ་བརྗེད་པ་ལའོ་ཞེས་བྱ་བ་ནི། ཚེ་དང་ལྡན་པ་སླར་ནོར་མ་སྦྱིན་ཅེས་ཟེར་ན་ལྟུང་བ་མེད་དོ་ཞེས་བྱ་བ་འདིའི་རྗེས་ལ་དེར་འདི་གསུངས་སོ། །དེ་བཞིན་དུ་གང་ཞིག་མི་དྲན་པ་དེའི་འདི་བསྡུས་ པའོ། །ལེན་པའི་སྤང་བ་ཞུ་བའོ། །ལེན་པའི་སྤང་བའོ།། །།སློང་བའི་སྤང་བ་འདི་ལ་ལྟུང་བ་བྱེད་པ་པོ་གང་ཞེ་ན། དེའི་ཕྱིར་མིའི་འགྲོ་བ་པར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ནི་ལྟུང་བའི་བྱེད་པ་པོ་ཡིན་ནོ། །འོག་མ་གསུམ་པ་ལ་ཡང་ངོ་ཞེས་བྱ་བ་ནི་འདས་མ་ ཐག་པའི་བསླབ་པའི་གཞི་འོག་མ་གསུམ་ལ་ཡང་དེ་ཉིད་ལྟུང་བའི་བྱེད་པ་པོ་ཡིན་པའོ། །འདིར་དགེ་སློང་ཇི་ལྟ་བུ་ལ་དེ་ལྟུང་བའི་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་གོས་ཕྲོག་པ་དང་། བརླག་པ་དང་། ཚིག་པ་དང་། རླུང་གིས་ཁྱེར་བ་དང་། ཆུས་ཁྱེར་བར་མ་གྱུར་པ་ལའོ་ཞེས་བྱ་བ་སྨོས་ཏེ། གང་ དུ་ཇི་ཞིག་ལྷག་པར་སྤྱད་ན་ལྟུང་བ་ཇི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་བླངས་ན་ཉེས་བྱས་ཀྱིའོ། །ཐོབ་ན་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ། བྱེད་པ་པོ་མ་རྙེད་པ་ལ་དེ་ལས་བླངས་ན་དངོས་གཞིའི་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཐོབ་ན་ཞེ་ན། དེའི་ཕྱིར་ཆོས་གོས་སོ་ཞེས་བྱ་བ་སྨོས་ སོ། །ཚད་ཇི་ཙམ་ཞིག་ཅེ་ན། དེའི་ཕྱིར་མི་ཆུང་བའོ་ཞེས་བྱ་བ་སྨོས་ཏེ། ཆོས་གོས་གསུམ་གང་ཡང་རུང་བ་ལས་ཚད་དང་ལྡན་པའོ། །ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་རིན་ཐང་དང་། ཁ་དོག་དང་ཁྲུ་ཚད་ལས་རྣམ་པ་གང་བླངས་པའོ་ཞེས་བྱ་བ་སྨོས་ཏེ། སྔོན་པོ་དང་། སེར་པོ་དང་། དམར་ པོ་དང་། མཐུག་པོ་དང་། ལེ་བརྒན་རྣམས་ནི། འདིར་ཁ་དོག་གི་རྗེས་སུ་འགྲོ་བ་སྟེ། དེ་བས་ན་འདིར་ཁ་དོག་བྱེད་པ་ཅན་ལ་ཁ་དོག་གི་སྒྲའོ། །གཞན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་རིན་ཐང་གཞན་ནམ་ཁ་དོག་གཞན་ནམ། ཁྲུ་ཚད་གཞན་ཐོབ་པ་ནི་ལྟུང་བ་མེད་དོ། །འདིར་གཞུང་ཁ་ཅིག་ ལས་ནི། དགེ་སློང་གིས་ཆོས་གོས་སྔོན་པོ་སློང་བར་བྱེད་ཅིང་སྔོན་པོ་ཉིད་ཐོབ་ནས་དེ་ལ་སློང་བར་བྱེད་ན་ཉེས་བྱས་སོ། །ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ། །འོག་མ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རིན་ཐང་གི་གཞུང་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་སློང་མས་ཆོས་ གོས་ཀཱར་ཥཱ་པ་ཎ་ལྔ་རི་བ་དེ་ཉིད་སློང་བར་བྱེད་ན་ཉེས་བྱས་སོ། །ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ། །འོག་མ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཚད་ནི་གཞུང་ཡང་དགེ་སློང་གི་ཆོས་གོས་ཁྲུ་ལྔ་པ་སློང་བར་བྱེད་ཅིང་དེས་གོས་ཁྲུ་ལྔ་པ་ཉིད་ཐོབ་ན་སློང་བ་ལ་ཉེས་བྱས་སོ། །ཐོབ་པ་ན་སྤང་ བའི་ལྟུང་བྱེད་དོ། །འོག་མ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །འདིར་འོག་མ་ལ་ལྟུང་བ་མེད་དོ་ཞེས་བྱ་བའི་ཚིག་ནི་ཐ་དད་པར་འགྱུར་བ་ཉིད་ལ་ཡིན་པར་རིག་པར་བྱའི། འོག་མ་ཁྲུ་ལྔ་པ་སློང་བ་ལ་ཁྲུ་བཅུ་པ་ཐོབ་པ་ལ་ཆོས་གོས་དེ་ཉིད་ལ་ཁྲུ་ལྔ་པ་རྣམས་ལ་ལྟུང་བ་མེད་དོ། །ལྔ་པོ་རྣམས་ ལ་ནི་སྤང་བ་ཞེས་བྱ་བའོ། །སློང་བ་ལ་རྣམ་པར་སྤྱད་པ་ནི་ཐམས་ཅད་སྤང་བའོ། །རས་མ་དང་ཁ་ཚར་དག་སློང་ནའོ་ཞེས་བྱ་བ་ནི་ལྟུང་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཁ་ཚར་དག་སློང་བ་ལ་ལྟུང་བ་མེད་དོ། །ཁ་ཚར་བསླངས་པ་ལས་རས་མ་ཐོབ་པ་ལ་ཡང་ལྟུང་བ་མེད་དོ། །རས་མ་བསླངས་ནས་རས་ ཡུག་ཆེན་དང་། རས་ཡུག་ཕྲན་དག་ཐོབ་བོ་སྙམ་ནས་བསླངས་ཤིང་ཐོབ་པ་ན་ཡང་ལྟུང་བ་མེད་པར་རིག་པར་བྱའོ། །གང་ཞིག་སྦྱོར་བ་ལ་ལྟུང་བ་མེད་པར་བརྗོད་པ་དེ་དག་གིས་བསྡུས་པ་ཡིན་ནོ། །རྙེད་པ་ལ་ནི་གང་ཞིག་ལྟུང་བ་མེད་པའི་ཚིག་ཤིན་ཏུ་མང་བ་ལ་ཡང་འདི་ལྟ་བུ་ལ་འདིར་ཉེས་པ་མེད་པར་བརྗོད་ པས་དེ་ལ་གྲུབ་པ་ཉིད་དོ། །རྒྱུ་དང་སྤུན་ལ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་ནི་ཆོས་གོས་ཚད་དང་ལྡན་པ་ལོངས་སྤྱོད་པར་གྱུར་པ་ལ་སོགས་པའི་རྒྱུ་དང་སྤུན་དག་ལ་ན་སྨད་པ་ཉིད་དོ། །ཆོས་གོས་མི་ཆོག་པ་ཉིད་ཞེས་བྱ་བའི་དོན་ཏོ། །ཉེས་བྱས་ཙམ་ལ་ནི་འདི་བྱེད་པ་པོ་དེ། འདིས་ནི་ཞུ་བ་ལས་ཉེ་དུ་མ་ཡིན་པ་ལས་ཆོས་ གོས་མི་ཆོག་པ་ཉིད་སློང་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ། །རྒྱུ་སློང་ན་ཡང་ཉེས་བྱས་སོ། །སྤུན་སློང་ན་ཡང་ཉེས་བྱས་སོ་ཞེས་གསུངས་པ་དེ་དག་བསྡུས་པ་ཡིན་ནོ། །དེའི་རང་བཞིན་ནི་དེ་དང་འདྲའོ་ཞེས་བྱ་བ་ནི། རྒྱུ་དང་སྤུན་གྱི་སྐུད་པ་དང་འདྲའོ། །འདིས་ནི་ཐ་ག་བའི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་རས་བལ་སློང་བར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །སློང་བའི་སྤང་བ་སྟེ་དྲུག་པའོ།། །།བྱིན་གྱིས་བརླབ་པར་བྱ་བ་ཐམས་ཅད་མེད་ན་སློང་བར་རིག་པ་ཉིད་དོ་ཞེས་བྱ་བ་ལ། ཐམས་ཅད་ཅེས་བྱ་བ་ནི་བྱིན་ གྱིས་བརླབ་པར་བྱ་བ་ཆོས་གོས་གསུམ་ལས་གཞན་པ་ལ་ཡང་ཡོ་བྱད་དང་ཆོས་གོས་བཅུ་གསུམ་པོ་རྣམས་ལ་ནི་རྗེས་སུ་གནང་བའོ། །མེད་པར་གྱུར་ན་ཡོ་བྱད་ཐམས་ཅད་བླང་བར་རིག་པ་ཉིད་དོ། །ཆོས་གོས་གསུམ་པོ་འབའ་ཞིག་ཏུ་མ་ཟད་དོ་ཞེས་བྱ་བའི་དོན་ཏོ། ། འདིར་གཞུང་ནི། ཡི་གེ་ཁ་ཅིག་ལས་ནི་དབྱར་གྱི་རས་ཆེན་མི་སྨོས་པར་ཁྲུས་རས་ཞེས་འབྱུང་སྟེ། ཉེ་དུ་མ་ཡིན་པའི་དྲུང་ནས་སློང་བར་བྱེད་ན་ལྟུང་བ་མེད་ཅེས་བྱའོ། །དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་ལ་དེ་ནི་ཞེས་བྱ་བ་ནི་སློང་བར་རིགས་པ་ལའོ། །སྤྱི་ཙམ་ལ་འདི་ཉེ་བར་གནས་ པ་སྟེ་རྫས་ལ་