Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 160

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
་བའི་ཕྱིར་དང་རྟོགས་པའི་ཕྱིར་གཉིས་པོ་འདི་ལ་མཁས་པར་འགྱུར་བའི་ནུས་པ་འམ་ལེ་ལོ་མེད་པ་ཉིད་དོ། །རྗེས་སུ་སྟོན་པ་ཉིད་ནི་རྣམ་པར་བཟློག་པ་ལ་ཡང་དག་པར་གནས་པ་ཉིད་དང་རྗེས་སུ་མཐུན་པར་སྨྲ་བ་པོ་ཉིད་དེ། ལེ་ལོར་གྱུར་པ་ལ་ཡང་རབ་ཏུ་འཇུག་པ་དང་། རྗེས་
སུ་མཐུན་པའི་སྨྲ་བ་པོ་དང་། རྗེས་སུ་སྟོན་པར་བྱེད་ཅེས་བྱ་བ་འདོན་པ་འདིས་ནི་འདོན་པ་འདིའི་དོན་འདི་བརྗོད་དོ། །ཁ་ཅིག་ནི་འདི་དག་གི་གནས་ལ་གདམས་ངག་ཏུ་བྱེད་པ་དང་། རྗེས་སུ་སྟོན་པར་བྱེད་པ་ཞེས་བྱ་བ་འདོན་པ་ཡིན་ཏེ། དེ་ལ་རྗེས་སུ་སྟོན་པར་བྱེད་པར་འགྱུར་ཞེས་བྱ་བ་འདི་དང་མཚུངས་
པའོ། །གདམས་ངག་ཏུ་བྱེད་ཅེས་བྱ་བ་ནི་ཡིད་ལ་བྱེད་པའི་དོན་དུ་གདམས་ངག་གང་ཞིག་དེ་ལ་འདིས་བརྗོད་པའོ། །འདིའི་དོན་དུ་རབ་ཏུ་བྱུང་བ་ཉིད་དོ། །དེ་བས་ན་འདིར་བྱེ་བྲག་ཏུ་འཁོར་བསྡུས་པ་འདི་འོས་པ་ཡིན་ཏེ་ཞེས་བྱ་བ་འདིའི་ཉེ་བར་བསྡུས་པའོ། །ལྷན་ཅིག་འཛིན་དུ་འཇུག་ནུས་པ་
ཉིད་ཀྱི་གནས་སམ་ཉེ་བར་གནས་འཛིན་དུ་འཇུག་ནུས་པ་ཉིད་འདི་དང་ལྷན་ཅིག་ཏུ་ཡན་ལག་བཞི་པོ་འདི་རྣམས་ཤེས་ནས་གཉིས་པོ་འདི་དག་ལྷན་ཅིག་སྦྱར་བས་ཏེ། གཅིག་ནི་གནས་ལ་བརྟེན་པ་འདིར་བཅུག་ནས་གཞན་ནི་ཉེ་བའི་གནས་ལ་གནས་པ་ཞེས་བྱ་བ་བསྟན་པའི་དོན་དུ་འམ་གྱི་སྒྲའོ། །མཁན་པོ་
གཞན་དུ་འཆག་པ་ལ་གནས་འཛིན་དུ་འཇུག་ནུས་པ་ཉིད་ཉེ་བར་སྦྱར་བ་ཡིན་ནོ། །མཁན་པོ་གཞན་དུ་གནས་པ་ལ་དེ་སྲིད་ཀྱི་དུས་ལ་དགོངས་པས་འཇུག་པ་དང་གནས་པ་ལ་དགོངས་པ་འགའ་ཞིག་གི་དབང་གིས་ཉེ་བར་གནས་འཛིན་དུ་འཇུག་པ་ནུས་པ་ཉིད་དང་སྦྱར་རོ། །ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་ཡང་བ་
དང་ལྕི་བ་ཉིད་མངོན་པར་ཤེས་པ་ཉིད་དང་སོ་སོར་ཐར་པ་དང་རྒྱས་པ་ཐོན་པ་ཉིད་དོ་ཞེས་བྱ་བ་ནི་དེ་ལ་ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་། མངོན་པར་ཤེས་པ་ཉིད་ལ་བྱ་བ་ཉིད་དང་། བྱ་བ་མ་ཡིན་པ་ཉིད་དང་རྣམ་པར་སྦྱར་བ་ལ་གནས་པའི་སླད་དུ་ཉེ་བར་སྦྱར་བ་ལ་དགོངས་སོ། །ཡང་བ་དང་ལྕི་བ་ཉིད་མངོན་

པར་ཤེས་པ་ཉིད་ནི་ལྟུང་བ་སྦོམ་པོ་བཤགས་པ་ལ་དགོངས་པའོ། །སོ་སོར་ཐར་པ་དང་རྒྱས་པ་ཐོན་པ་ཉིད་ཀྱིས་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཏོ། །རྒྱས་པའི་སྒྲ་འདིས་ནི་འདུལ་བ་མཐའ་དག་བསྡུས་པ་ཉིད་དོ། །སོ་སོར་ཐར་པ་དང་རྒྱས་པའི་སྒྲ་ནི་རྣམ་པར་འབྱེད་པ་ལས་ལྷག་པའི་གཞི་དང་
ཕྲན་ཚེགས་ལ་སོགས་པ་སྟོན་པར་བྱེད་པ་ཞེས་བྱ་བ་ཤེས་པར་བྱ་བ་ཡིན་ཏེ། སོ་སོར་ཐར་པ་རྒྱས་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དང་པོ་ཐམས་ཅད་ལ་ཡང་སོ་སོར་ཐར་པ་ལས་འབྱུང་ངོ་། །གང་ཞིག་ཡང་དགེ་སློང་དང་དགེ་སློང་མ་རྣམས་ལྷན་ཅིག་ཏུ་ཞེས་བྱ་བ་འདི་ལས་རབ་ཏུ་འབྱུང་བའི་གཞི་འབྱུང་བའོ། །གསོ་སྦྱོང་གི་
ཚིག་ཚེ་དང་ལྡན་པ་རྣམས་ཞེས་བྱ་བ་ལ་གསོ་སྦྱོང་གི་གཞི་འབྱུང་ངོ་། །གསོ་སྦྱོང་གི་བྱེ་བྲག་ནི་དགག་དབྱེ་སྟེ། དབྱར་མ་ཚང་བ་ཞེས་བྱ་བས་དབྱར་གྱི་གཞི་འབྱུང་ངོ་། །འདི་ཉིད་ཀྱི་ཕྱིར་དགག་དབྱེའི་གཞི་ལ་དབྱར་གནས་པ་དང་འབྲེལ་བས་རྣམ་པར་གཞག་པའོ། །ཚུལ་ཁྲིམས་ལ་གནས་པ་ལ་ནི་སྲ་བརྐྱང་ཞེས་བྱ་
བ་སྲ་བརྐྱང་གི་གཞི་འབྱུང་ངོ་། །གོས་ཀྱི་མཐར་ཐུག་པའི་དགེ་སློང་ཞེས་བྱ་བས་གོས་ཀྱི་གཞི་འབྱུང་ངོ་། །གོས་ཀྱི་ཕྱོགས་ནི་ཀོ་ལྤགས་དང་སྨན་གྱི་ཕྱོགས་ཞེས་བྱ་བ་དེ་ལས་ལྡང་བར་བྱེད་དུ་འཇུག་པ་ཉིད་ཀྱིས་ཀོ་ལྤགས་ཀྱི་གཞི་འབྱུང་བ་དང་། དགེ་སློང་ནད་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་གང་
ཞིག་སྨན་དེ་རྣམས་གནང་བ་ཞེས་བྱ་བ་དེས་སྨན་གྱི་གཞི་འབྱུང་བའོ། །ཚེ་དང་ལྡན་པ་རྣམས་མ་འོངས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་ཞུ་བར་གྱིས་ཤིག །དགེ་འདུན་དབྱེ་བའི་ཕྱིར་གཞན་དུ་འགྲོ་བར་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པ་ལ་ཀཽ་ཤཱམྦཱིའི་གཞི་འབྱུང་བའོ། །དགེ་འདུན་དབྱེ་བའི་ཕྱིར་
གཞི་དང་འདི་ལས་ཀྱང་རབ་ཏུ་འབྱུང་བ་ལ་སོགས་པའི་ལས་ཡང་དག་པར་མཚོན་པས་མ་ཐོབ་པ་ཉིད་འདིར་གནས་པ་ཞེས་བྱ་བའི་ཚིག་འདི་ལས་ཀྱི་གཞི་འབྱུང་ངོ་། །དགེ་སློང་ཀུན་ནས་འདོད་པས་དགེ་འདུན་ལ་ཡོངས་སུ་གནས་པར་བྱའོ་ཞེས་བྱ་བས་སྐྱ་བ་དང་དམར་བའི་གཞི་འབྱུང་ངོ་། །མི་འདོད་པ་
ཉིད་ཀྱིས་བྱ་བ་ལ་སོགས་པས་སྤོང་བའི་གཞི་འབྱུང་ངོ་། །གང་ཞིག་ལྟུང་བ་རྣམ་པར་གཞག་པའི་སླད་དུ་བྱེད་པ་བསྟན་པ་དང་། དགེ་འདུན་ལྷག་མ་སོ་སོར་བཤགས་པ་རྣམས་ལ་དེ་ནས་གསོ་སྦྱོང་གཞག་པའི་གཞི་འབྱུང་བའོ། །དགེ་སྦྱོང་རྣམས་ཀྱི་གནས་པ་ནི་ཆེན་པོ་ཡིན་ཏེ་ཞེས་བྱ་བས་གནས་

མལ་གྱི་གཞི་འབྱུང་ངོ་། །རྩོད་པ་ལ་ནུས་པའི་བསྟན་པ་དོར་ནས་ཀྱང་ལྟུང་བ་དང་དེ་གསོ་བའི་རྣམ་པར་གཞག་པས་རྩོད་པའི་གཞི་འབྱུང་ངོ་། །བརྗོད་པའི་ཡན་ལག་ཏུ་གྱུར་པ་དེའི་རིགས་ཅན་ཚུལ་ཁྲིམས་གཞན་བྱ་བ་རྣམ་པ་གཉིས་ཡིན་ན་སོ་སོར་ཐར་པ་དང་གཞི་རྣམས་ཀྱི་ལྷག་མའོ། །
ཕྲན་ཚེགས་རྣམས་དང་མ་མོ་ལ་བརྟེན་པའི་གཞི་རྣམས་ཀྱི་རྒྱུ་ཅུང་ཟད་གསུངས་པ་ལ་སོགས་པ་རྣམས་ཀྱི་རྣམ་པར་མཚོན་པ་ནི་དྲི་བ་སྟེ། སྤྱོད་པ་རྣམ་པར་མཚོན་པ་ནི་དྲི་བ་དུལ་བར་བྱེད་པ་རྣམས་སོ། །དེ་ལྟར་འདི་ལས་ལྷག་མ་མེད་པའི་སོ་སོར་ཐར་པ་རྒྱས་པ་ཉིད་ནི་མ་ཡིན་ནོ། །རྣམ་པར་འབྱེད་པ་ཙམ་
གྱིས་འཇུག་པ་ལ་རབ་ཏུ་བྱུང་བ་ལ་སོགས་པར་བྱེད་པ་མ་ཡིན་ཏེ། འདི་ལྟར་བྱ་བ་ཉིད་རྣམས་ལ་ཡང་འདི་ཙམ་གྱིས་བསྟན་པའི་ཕྱིར་རོ། །རྒན་པ་མེད་ན་གཞོན་པ་ལ་གནས་བཅའ་བར་བྱའོ་ཞེས་བྱ་བ་ནི་གལ་ཏེ་རྒན་པ་ལྔ་པ་གང་ཡང་རུང་བ་ཅིག་དང་མི་ལྡན་པར་གྱུར་ན་དེའི་ཆོ་ག་ནི་འདི་ཡིན་ནོ། །བཙུན་
པ་དགེ་སློང་བསྙེན་པར་རྫོགས་པ་ནས་ལོ་དྲུག་ཅུ་ལགས་ལ། དེས་སོ་སོར་ཐར་པའི་མདོ་གདོན་པ་དང་རྒྱས་པར་བཀླགས་པ་དང་ཐོན་པ་མ་ལགས་ན་དེས་ཀྱང་གཞན་ལ་གནས་པར་མཆིས་པར་བགྱི་འམ་ཉེ་བ་འཁོར་དེས་ཀྱང་གཞན་ལ་གནས་པས་འདུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་
ལོ་དྲུག་ཅུ་ལོན་པ་ཉིད་ཀྱང་རང་དབང་ཅན་མ་ཡིན་གྱི། ཤིན་ཏུ་མང་བ་ཉིད་སྟོན་པར་གནས་པ་ཡིན་ཞེས་བྱ་བ་ཁྱད་པར་མེད་པར་རྒན་པ་མེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདུད་པ་འབའ་ཞིག་མ་གཏོགས་སོ་ཞེས་བྱ་བ་ནི་ཕྱག་བྱ་བ་འབའ་ཞིག་མ་གཏོགས་པ་གནས་པའི་ཚུལ་
ཁྲིམས་དེ་ལས་གཞན་པ་དག་ལ་རྒན་པས་གཞོན་པ་ལས་རྗེས་སུ་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལོ་ལྔ་ལོན་ཅིང་ལྷན་ཅིག་སྦྱོར་བ་ཐ་མ་དང་ལྡན་ན་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ་ཞེས་བྱ་བ་ནི་ལྟུང་བ་དང་ལྟུང་བ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལྷན་ཅིག་སྦྱར་བ་ཐ་མ་སྟེ།
དེ་དང་ཡང་དག་པར་ལྡན་པའི་ལོ་ལྔ་ལོན་པས་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ། །གཞན་དུ་ན་གསུམ་རིག་པ་ཡིན་ཡང་མི་བྱའོ་ཞེས་བྱ་བ་ལ། ཆོས་ལྔ་དང་མི་ལྡན་པ་དང་ལོ་ལྔ་མ་ལོན་པ་ཡང་ངོ་། །གང་གི་ཕྱིར་ལམ་དུ་འདུལ་བ་ཉམས་པར་གྱུར་པ་ཡིན་ཏེ། དེར་ལོ་ལྔ་ཚུལ་ཁྲིམས་ཀྱི་

དངོས་པོ་དང་ལྡན་པའི་ཕྱིར་སྡུག་བསྔལ་གྱི་རྣམ་པར་འགྱུར་བ་འབྱུང་བ་ཡིན་ཏེ། ལོ་མ་ཚང་བ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་འདིར་དགོངས་པ་མཐོང་བ་ཡིན་ནོ། །གསུམ་རིག་པ་ཡིན་ཡང་ཞེས་བྱ་བ་ནི་གནས་ལ་གནས་པའི་དོན་དུ་བྱ་བ་དང་བྱ་བ་མ་ཡིན་པ་ལ་ཡོངས་སུ་ཤེས་པ་གཉིས་དང་ཡོངས་སུ་འདུལ་བར་བྱེད་
པའོ། །དེ་ལ་གལ་ཏེ་ཡང་འདི་ལ་ཆོས་ཉིད་མངོན་པར་ཤེས་པ་ཉིད་ཀྱི་ཕྱིར་དང་སྔོན་གྱི་གནས་ཤེས་པ་ཉིད་ཀྱིས་འཇུག་པ་ལ་ལྟ་བའི་ཕྱིར་དང་དཀའ་བ་ཆུང་ངུའི་རིག་པ་བསྟེན་པས་འོང་བ་ཕུན་སུམ་ཚོགས་པས་བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་ཤེས་པར་འགྲུབ་པར་འགྱུར་ཏེ། དེ་ལྟར་ན་
ཡང་ཡོངས་སུ་གདུལ་བར་བྱ་བའི་དོན་དུ་གནས་ལ་གནས་པར་བྱའོ། །གང་གི་ཕྱིར་སྡུག་བསྔལ་བའི་ཐ་སྙད་ནི་འདུལ་བ་ཉིད་དང་བཅས་པའི་དངོས་པོ་སྔོན་གྱི་རང་བཞིན་འཕྲོག་པའི་ཕྱིར་རོ། །དགྲ་བཅོམ་པ་རྣམས་ལ་ནི་སྔོན་གྱི་རང་བཞིན་འཕྲོག་པ་ཐོས་པ་ཡིན་ཏེ། དགྲ་བཅོམ་པ་
ལ་ལ་ཞིག་ནི་མཆོང་ཞིང་མཆོང་ཞིང་ཆུ་བོ་རྣམས་ལས་རྒལ་བར་གྱུར་པ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུས་གང་གཱའི་ལྷ་མོ་ལ་རླངས་མ་འདུག་ཤིག་ཅེས་བྱ་བ་བརྗོད་པར་གྱུར་ཅེས་བྱ་བ་ལ་སོགས་པའོ། །གཞན་ཡང་འདིར་ནི་འདུལ་བ་ཡོངས་སུ་ཤེས་པར་ཅི་ནས་ཀྱང་བྱ་བ་མ་ཡིན་ཏེ།
དཀའ་བ་ཉིད་ཀྱི་ཕྱིར་དང་། མང་བ་དང་ཕྲ་མོ་དང་། གཅིག་ན་མི་གནས་པ་ལྟ་བ་དང་འབད་པ་རྣམས་ལ་བར་ཆད་མང་བ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་གནས་སྐབས་ནི་རྣམ་པ་སྣ་ཚོགས་པ་ཡིན་ནོ། །འདི་ལྟ་སྟེ་བཙུན་པ་གལ་ཏེ་དེ་གསུམ་རིག་པ་ལོ་གསུམ་ལོན་པ་དྲི་མ་གསུམ་རབ་ཏུ་སྤངས་པ་
ཡིན་ལ། དེ་ཡང་ཆོས་ལྔ་དང་ཡང་དག་པར་ལྡན་པར་མ་གྱུར་ན་དེས་ཀྱང་མི་གནས་པ་ལ་ལྗོངས་རྒྱུ་ཞིང་མཆི་བར་མི་བགྱི་འམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །རིང་པོ་ནས་རིང་པོར་འདི་ནི་སྤོང་བར་མཛོད་ཅིག་ཅེས་བྱ་བ་ཡོངས་སུ་བཅས་པ་བསྒྲུབ་པའི་དོན་དུ་འདིས་འདུལ་བ་ལ་
གནས་པ་ཡང་བསྲུང་བར་བྱ་བ་སྟེ། གང་ཞིག་ལྷག་པར་སྤྱོད་པས་གཞན་དག་ལ་དང་བ་མ་ཡིན་པ་སྐྱེ་བར་འགྱུར་བ་དེ་ཡོངས་སུ་སྤང་བའི་དོན་དུ་བསླབ་པ་རྣམས་ལ་དོན་བྱས་པ་དང་འདི་ལ་གུས་པ་དང་ལྡན་པ་ཞེས་བྱ་བ་གུས་པ་བསྐྱེད་པའི་དོན་དང་། བསྟན་པ་གནས་པའི་དོན་དུ་གྲགས་པ་ཉིད་ལ་

སོགས་པ་མི་འདའ་བར་འགྲོ་བར་འགྱུར་རོ། །གཞན་དུ་ན་གང་ཞིག་འདས་པར་གྱུར་ན་བསྟན་པ་ཉམས་པ་གྲུབ་པ་ཡིན་ནོ། །དེ་བས་ན་འདིར་ཇི་ལྟར་གསུམ་རིག་པ་ཡང་མ་གནང་བ་བཞིན་དུ་གཞན་པ་ཡང་དེ་ཁོ་ན་བཞིན་ནོ། །གནས་པའི་སྐབས་སོ།། །།རབ་ཏུ་
འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་ངོ་ཞེས་བྱ་བ་ལ། དྲི་བར་བྱ་ཞིང་ཞེས་བྱ་བས་ནི་མཁན་པོས་སོ། །འདྲི་བར་འགྱུར་རོ་ཞེས་བྱ་བ་ཡོངས་སུ་གྱུར་པ་ལ་བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱིས་ཞེས་
བྱ་བ་འདི་དང་འབྲེལ་པའོ། །བསྙེན་པར་རྫོགས་པར་བྱེད་པ་རྣམས་ཁོ་ནས་དྲི་བ་འདི་ཡིན་ཏེ་གང་ཞིག་གསང་སྟེ་སྟོན་པས་དེ་ལ་དེ་ངེས་པར་སྦྱར་བའི་ཕྱིར་རོ། །ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་
ཞེས་བྱ་བ་ལ། ཤཱཀྱ་དང་མེ་པའི་རིགས་ཅན་དག་ལ་ངེས་པར་བཅོམ་ལྡན་འདས་ཀྱིས་ངེས་པར་འདི་དག་གིས་སྒྲུབ་པ་སྙིང་པོར་བྱེད་པ་ལ་བདེན་པར་བསྒྲུབ་པ་ཡིན་ཏེ། བཅོས་མས་ནི་མ་ཡིན་ནོ་ཞེས་བྱ་བ་ཅུང་ཟད་བཟང་བ་སྐལ་བ་དང་བཅས་པ་ཡིན་ནོ། །གང་དུ་འདི་གནང་བ་ཞེས་བྱ་བ་རྟོགས་
པར་བྱའོ། །བདག་གིས་གཉེན་འདུན་རྣམས་ལ་གཉེན་ཉིད་ཡོངས་སུ་སྤང་བ་བདག་གིས་སྦྱིན་པར་བྱ་ཞེས་བྱ་བ་གང་ཞིག་གསུངས་པ་དེར་གཉེན་འདུན་ཉིད་མ་མཐོང་བ་འདི་རྣམས་ལ་བདེན་པར་བསྒྲུབ་པ་འབྱུང་བར་འགྱུར་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ཡིན་ཏེ། དེ་བས་ན་གཉེན་
འདུན་གྱི་རྒྱུ་མཚན་ཡོངས་སུ་སྤང་བ་སྦྱིན་པ་ཞེས་གསུངས་པ་ཡིན་ནོ། །འདིར་མེ་པ་ནི་བདེན་པར་མེའི་བསྙེན་བཀུར་བྱེད་པའི་ལས་ལ་འཇུག་པ་ཡིན་ཏེ། དེའི་བསམ་པ་ཡོངས་སུ་དག་པ་ལ་འཇུག་བཞིན་པ་བཟུང་བ་ཞེས་བྱ་བ་རིག་པར་བྱ་སྟེ། དེ་ལྟར་གྱུར་པ་ལ་བསམ་པ་ཕུན་སུམ་ཚོགས་པ་མེད་མི་
སྲིད་པ་ཉིད་ཀྱི་ཕྱིར་རོ། །བཀོལ་བ་དེ་ནི་མུ་སྟེགས་ཅན་དང་ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་བཀོལ་བའོ་ཞེས་བྱ་བ་ལ་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་གྱི་མཐའ་ཅན་ལ་གཏོགས་པ་སྟེ་ཞེས་བྱ་བའི་སྒྲ་ལས་ཐོག་མར་མུ་སྟེགས་ཅན་གྱི་སྒྲ་སྤངས་ནས་སེམས་མགུ་བར་མ་གྱུར་པ་སྤངས་

ཏེ། ཤཱཀྱ་དང་མེ་པ་རལ་པ་ཅན་མུ་སྟེགས་པ་ཞེས་བྱ་བ་འདི་ནི་མགུ་བར་མ་གྱུར་པའི་སྒྲ་དང་པོ་མུ་སྟེགས་ཅན་གྱི་སྒྲའི་ཐ་མར་སྤངས་ཏེ། གང་ཞིག་འདི་ཁྱོད་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ནི་མིང་དུ་བཏགས་པར་རིག་པར་བྱའོ། །གང་དུ་བཀོལ་བ་ཞེས་བྱ་བ་བརྗོད་པ་དེར་
ཁྱོད་ནི་མ་ཡིན་ནམ་ཞེས་བྱ་བ་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཁྱོད་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བ་འདི་བརྗོད་པར་རྟོགས་པར་བྱའོ། །འདི་ནས་བརྩམས་ཏེ་འདི་
ཉིད་ལ་རབ་ཏུ་བྱུང་བའི་གཞི་དང་ཕྲན་ཚེགས་ལ་བརྟེན་པ་རྣམས་ལ་ཕྱོགས་བྱས་པ་རྣམས་སོ། །སེམས་མགུ་བར་གྱུར་པ་རྣམས་ཀྱིས་ཇི་ཙམ་གྱིས་མུ་སྟེགས་ཅན་བརྗོད་པར་བྱ་ཞེས་བྱ་བ་མ་ལུས་པ་ཤེས་པའི་དོན་དུ། དཀོན་མཆོག་རྣམས་ཀྱི་བསྔགས་པ་དང་། མུ་སྟེགས་ཅན་རྣམས་
ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་པ་ནི་མི་གཡོ་བ་ཉིད་ནི་སེམས་མགུ་བར་གྱུར་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཁྲོ་བར་མི་བྱེད་པས་ན་མི་གཡོ་བ་སྟེ། མི་གཡོ་བའི་དངོས་པོ་ནི་མི་གཡོ་བ་ཉིད་དོ། །དེའི་དོན་དུ་དེ་དང་མི་ལྡན་པ་དེ་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་དེ་ལ་དགེ་
འདུན་གྱི་ལས་ཀྱིས་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ་ཞེས་བྱ་བ་ལ། དེའི་དོན་དུ་ཞེས་བྱ་བ་ནི་སེམས་མགུ་བར་གྱུར་པ་ཉིད་ཀྱི་དོན་དུའོ། །དེ་དང་མི་ལྡན་པ་ཞེས་བྱ་བ་ནི་སེམས་མགུ་བར་གྱུར་པ་དང་ལྡན་པའོ། །དེ་ཞེས་བྱ་བ་ནི་མུ་སྟེགས་ཅན་ནོ། །དགེ་བསྙེན་ཉིད་དུ་བྱས་པའི་
མཐའ་ཅན་ཞེས་བྱ་བ་ནི་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་གྱི་ཆོ་ག་འདི་ལ་བྱས་པས་ན་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་ནོ། །དེ་ལྟར་གྱུར་པ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་དགེ་འདུན་གྱིས་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ། །གནས་པ་བྱིན་པ་ལ། དེའི་ཟན་ནི་
དགེ་འདུན་ལས་སོ། །གོས་ནི་མཁན་པོ་ལས་སོ། །ལས་སུ་བསྐོ་བ་ནི་བྱེད་པ་པོ་ཉིད་དོ། །རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི་མཁན་པོས་སོ། །མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང་། ནུས་པ་ལོ་བདུན་མ་ལོན་པ་རབ་ཏུ་དབྱུང་བར་མི་

བྱའོ་ཞེས་བྱ་བ་ནི་ལོ་བཅོ་ལྔ་མ་ལོན་པ་མི་ནུས་པ་དང་ལོ་བདུན་མ་ལོན་པ་ནུས་པ་གཉིས་པོ་འདི་དག་རབ་ཏུ་འབྱུང་བར་མི་བྱའོ་ཞེས་བྱ་བ་མང་པོའི་ཚིག་ཅིའི་དོན་དུ་ཡིན་ཞེ་ན། ཞུ་བ་པོས་འདི་ནི་མ་དག་གོ་ཞེས་བྱ་བར་ཤེས་ནས་ཞུ་བར་བྱ་བ་མ་ཡིན་ལ། དགེ་འདུན་གྱིས་
གནང་བར་བྱ་བ་མ་ཡིན་ཏེ། དགེ་ཚུལ་ཉིད་དུ་ཉེ་བར་ཐོབ་པའི་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ཉེ་བར་བསྡུ་བའི་དོན་དུའོ། །དགེ་ཚུལ་གཅིག་ལས་ལྷག་པ་ཉེ་བར་གཞག་པར་མི་བྱའོ་ཞེས་བྱ་བ་ནི་དགེ་ཚུལ་གཉིས་ལས་ལྷག་པར་ཉེ་བར་གཞག་པ་མ་ཡིན་པ་ལ་
གཉིས་པ་ལ་རབ་ཏུ་བྱུང་བ་ལ་ཡང་ཐལ་བ་དེ་བསལ་བའི་དོན་དུ། གལ་ཏེ་སོ་སོར་རབ་ཏུ་འབྱུང་བར་མི་འདོད་ན་རབ་ཏུ་བྱུང་ལ་རྒན་པ་བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བ་སྨོས་ཏེ། གཉིས་ཀ་རབ་ཏུ་དབྱུང་བའི་དོན་དུ་བདག་ཅག་གིས་གནས་གཅིག་ཏུ་རབ་ཏུ་འབྱུང་བར་བྱའོ་ཞེས་བྱ་བ་
འདི་ལྟར་ངེས་ནས་འོངས་པ་དག་ལ་གལ་ཏེ་སོ་སོ་ནི་སོ་སོར་རབ་ཏུ་དབྱུང་བར་མི་འདོད་ན་དེ་ནས་གཉིས་ཀ་རབ་ཏུ་ཕྱུང་ནས་གཅིག་ལས་ལྷག་མར་གྱུར་པ་བསྙེན་པར་རྫོགས་པར་བྱའོ། །གལ་ཏེ་མ་ལོན་ན་གཞན་ལ་རེ་ཞིག་གནས་པའི་དོན་དུ་གཏད་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ལོ་ཉི་ཤུ་མ་ལོན་
ན་དེ་ནས་དགེ་སློང་གཞན་ལ་ཉེ་བར་གནས་པའི་དོན་དུ་གཏད་པར་བྱའོ། །ཉེ་བར་གནས་པའི་དོན་དུ་གང་ལ་གཏད་པ་དེས་ནི་དེ་དབྲོག་པར་མི་བྱའོ་ཞེས་བྱ་སྟེ། གང་ཞིག་གཏད་པ་དེས་འདི་ལ་བསྙེན་པར་རྫོགས་པར་བྱའོ། །མི་སྟེར་བ་ལ་མཐུས་བཀུག་སྟེའོ་ཞེས་བྱ་བ་ལ་གང་གི་ཕྱིར་ཆོ་ག་འདིའི་
དོན་དུ་གཞན་ལ་ཉེ་བར་གནས་པས་སྦྱིན་པ་སྟེ་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །དེ་བས་ན་དབྲོག་པ་མ་ཡིན་ནོ། །བཀོལ་བ་བྲན་ནོ་ཞེས་བྱ་བ་ནི་བཀོལ་བ་ཞེས་བྱ་བའི་མིང་འདིས་ཁྱོད་བྲན་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པའི་མིང་ཅན་བྲན་དང་འབྲེལ་བ་ལ་སོ་སོར་ཉེ་བར་གཞག་པའོ། །དེ་བས་ན་མིང་
བསྟན་པ་འདི་ལ་གང་ཞིག་ལྡན་པ་ཁས་ལེན་པར་བྱེད་པ་དེ་དོན་ཇི་ལྟར་ཡོངས་སུ་གྱུར་ཀྱང་གནས་ཇི་ལྟ་བར་ཡང་དག་པར་གནས་པ་ཡིན་ནོ། །འདིར་ནི་ངག་ཀྱང་འདི་བསྐྱེད་པ་ཡིན་ཏེ། ཁྱོད་ནི་བྲན་མ་ཡིན་ནམ་ཞེས་བྱ་བར་རབ་ཏུ་འབྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་དྲི་བར་བྱའོ། །བསྙེན་པར་རྫོགས་

པར་བྱེད་པ་རྣམས་ཀྱང་བྲན་ལས་རབ་ཏུ་དབྱུང་བ་མ་ཡིན་པ་དང་བསྙེན་པར་རྫོགས་པར་བྱ་བ་མ་ཡིན་པ་ཞེས་བྱ་བའོ། །ཡིན་ནམ་བཏང་ལ་ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་བྱ་བ་ཁྱོད་རྣམ་པར་བཏང་བ་ནི་ཡིན་ནམ་ཞེས་བྱ་བ་བཏང་སྟེ། ཁྱོད་ཀྱི་སྒྲ་དང་བྲལ་
བ་ནི་བཀོལ་བ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཅེས་བྱ་བའི་གནས་འདི་ལ་ཁྱོད་ལ་ཞེས་བྱ་བ་བརྗོད་པར་བྱ་སྟེ། དེ་བས་ན་ངག་ནི་འདི་ཡིན་ཏེ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་བྱ་བ་རབ་ཏུ་འབྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་དྲི་བར་བྱའོ། །
བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ཀྱང་བུ་ལོན་ཆགས་པ་དང་ལྡན་པ་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ་ཞེས་བྱ་བའི་སྔགས་ཀྱིས་སོ། །འདིའི་སྔགས་ལས་རབ་ཏུ་དབྱུང་དུ་བཅུག་ནས་བསྙེན་པར་རྫོགས་པར་བྱ་སྟེ། སྦྱིན་པར་ནུས་པར་འགྱུར་བ་སོ་སོར་ཤེས་
པར་བྱ་ཞིང་བུ་ལོན་ཆགས་པ་མ་གཏོགས་པར་ཞེས་བྱ་བའི་གྲངས་བྱེ་བྲག་སོ་སོར་བསྒྲུབ་པར་བྱའོ། །རབ་ཏུ་འབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བ་ཡུལ་ཐག་མི་རིང་བ་ནི་ཞག་བདུན་བསྲེལ་བར་བྱའོ་ཞེས་བྱ་བ་ནི་ཕ་མ་དག་གསོན་བཞིན་པ་དང་གང་ལ་ཡོད་པ་དེ་ནི་
ཕ་མ་གསོན་བཞིན་པ་ཅན་ནོ། །དེ་གཉིས་ཀྱིས་མ་གནང་བ་ཞེས་བྱ་བ་ནི་ཕ་མ་དག་ལས་སོ། །དེ་གཉིས་ཀྱི་སྒྲས་ནི་ཕ་མ་དག་འདིར་ཕ་མའི་སྒྲ་ཞེས་བྱ་བས་ཤེས་པར་བྱའོ། །དེ་ཡུལ་ཐག་རིང་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་
ཕ་མ་གསོན་བཞིན་པས་མ་གནང་བའོ། །དེ་གཉིས་ཀྱི་ནང་ནས་ཕ་མ་གསོན་བཞིན་ཕ་མ་ཡིན་པའམ་ཕ་མ་དག་གིས་གནང་བ་མ་ཞུས་པ་ཡང་སྐྱོན་དང་བྲལ་བ་ཞེས་བྱ་བར་རྟོགས་པར་བྱའོ། །དེ་ལྟར་ན་ཡང་ཕ་མ་གསོན་བཞིན་པ་ལ་དྲི་བའི་ཀློག་པ་སྟེ། བཙུན་པ་རེ་ཞིག་གང་ལ་ཕ་མ་
དག་དུས་འདས་པར་གྱུར་པའམ། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ནི་དེ་སྐྲ་བྲེག་པའི་ཕྱིར་དགེ་འདུན་ཐམས་ཅད་ལ་ཞུ་བར་བགྱི་འམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པའོ། །ཡུལ་ཐག་རིང་པོའི་ཚིག་ནི་ཅིའི་དོན་དུ་བྱས་ཤེ་ན། གང་གི་ཕྱིར་ཁྱིམ་བདག་གི་ཆུང་མ་འགའ་ཞིག་གི་བུ་རབ་

ཏུ་བྱུང་བ་ལ་འོངས་ཏེ་སྨྲས་པ། ཁྱོད་ནི་ཤཱཀྱའི་སྲས་ཆོམ་རྐུན་འདི་རྣམས་ཀྱི་ནང་དུ་ཅིའི་ཕྱིར་རབ་ཏུ་བྱུང་སྟེ། ཚུར་ཤོག་འགྲོ་བར་བགྱིའོ་ཞེས་སྨྲས་ཏེ། དེས་འདི་བཟུང་ནས་ཁྱིམ་དུ་ཁྲིད་དོ། །དེ་ལྟར་ནི་ཆོམ་རྐུན་ཉིད་དུ་སྐུར་པ་འདེབས་པ་ནི་འདིར་ཉེས་
དམིགས་ཏེ། ཡུལ་ཐག་རིང་བ་ལ་ནི་ཉེས་པ་མེད་དོ། །རང་གི་གནས་ལ་གནས་པ་དག་ལ་ཡང་ཐོས་ནས་བྱས་པ་ལ་ཉེས་དམིགས་སུ་གྱུར་པ་ཉིད་ཀྱི་ཕྱིར་འོངས་ནས་ཀྱང་ཉེས་དམིགས་བྱེད་པ་སྲིད་པ་ཉིད་ཀྱི་ཕྱིར་དེ་བས་ན་ཡུལ་ཐག་རིང་བ་ལ་ཡང་ཞེས་བྱ་བ་མདོར་བྱས་པ་ཡིན་ནོ། །
རབ་ཏུ་འབྱུང་བར་འདོད་པའི་ཟན་ནི་དགེ་འདུན་གྱིས་བྱིན་ན་རུང་ངོ་ཞེས་བྱ་བ་ལ། རུང་བ་ཞེས་བྱ་བ་ནི་འདི་ངེས་པ་མ་ཡིན་ཏེ། དགེ་སློང་དེ་རྣམས་ལ་སྨོས་པ་འཇུག་པའི་ཕྱིར་ཞེས་བྱ་བ་སྟོན་པར་བྱེད་དོ། །བཀོལ་བ་ཕ་མས་ཁྱོད་གནང་ངམ་འཇུག་ཏུ་ཡུལ་ཐག་རིང་པོ་ནི་མ་གཏོགས་སོ་ཞེས་
བྱ་བ་ལ། ཁྱོད་གནང་ངམ་ཞེས་བྱ་བ་ནི་ཁྱོད་མ་ཡིན་ནམ་ཞེས་བྱ་བ་འདིའི་གནས་པ་འདི་ཡིན་ཏེ། བཀོལ་བ་ཞེས་བྱ་བ་འདིའི་བརྗོད་པའི་ཐ་མ་ལ་ཡུལ་ཐག་རིང་པོ་ནི་མ་གཏོགས་པ་ཞེས་བྱ་བའི་སྒྲས་འདི་ལྷག་པར་བརྗོད་པར་བྱའོ། །དེ་ལྟར་ན་ངག་ནི་འདི་ཡིན་ཏེ། ཁྱོད་ཕ་མ་དག་གིས་གནང་ངམ་
ཞེས་བྱ་བའོ། །རབ་ཏུ་འབྱུང་བའི་དོན་དུ་ཞེས་བྱ་བ་ལ་སོགས་པ་ནས་ཇི་སྲིད་དུ་ཕ་མ་དག་གིས་མ་གནང་བ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ་སྟེ། ཡུལ་ཐག་རིང་བ་ནི་མ་གཏོགས་སོ་ཞེས་བྱ་བའོ། །ཉེ་བར་འོངས་པ་ལ་ཁྱོད་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི་རབ་ཏུ་
བྱུང་བའི་དོན་དུ་སྟེ་ཞེས་བྱ་བ་སྐབས་ཀྱིས་ཤེས་པར་བྱའོ། །ཁྱོད་ལ་ནད་གང་ཡང་རུང་བ་མེད་དམ་ཞེས་བྱ་བར་ཡང་རུང་ངོ་ཞེས་བྱ་བ་ནི་འདོན་པའི་རྟོག་པ་ལ་འདིར་ཉེ་བར་འབྲེལ་པའོ། །གཉིས་པོ་དག་ལས་གང་ཡང་རུང་བ་བརྗོད་པར་བྱའོ་ཞེས་བྱ་བ་བསྟན་པར་བྱེད་དོ། །བསྙེན་པར་རྫོགས་པར་
བྱེད་པ་དག་གི་བྱེ་བྲག་ཏུ་འོ་ཞེས་བྱ་ནི་དྲི་བར་བྱའོ་ཞེས་བྱ་བ་འདི་ཡོངས་སུ་གྱུར་པ་ལ་དྲི་བར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །སྐྱེས་པ་རྣམས་ཀྱི་ལུས་ལ་འདི་རྣམས་འདི་ལྟ་བུའི་ངོ་བོ་ཉིད་ལུས་ཀྱི་གནོད་པ་འབྱུང་བ་འདི་ལྟ་སྟེ། མཛེ་དང་འབྲས་དང་ཞེས་བྱ་བ་ལ་སོགས་པ་བྱེ་བྲག་དང་ལྡན་

པ་སྟེ། ཁྱོད་ནི་འདི་ཙམ་དུ་ནད་པ་མ་ཡིན་ནམ་ཞེས་བྱ་བའོ། །ནད་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བ་ནི་ཞུ་བ་བྱེད་པ་པོ་དང་། རབ་ཏུ་འབྱིན་པར་བྱེད་པ་དང་དགེ་ཚུལ་ཉིད་དུ་ཉེ་བར་ཁྲིད་པའི་དགེ་འདུན་མང་པོ་རྣམས་ཀྱི་བྱ་བ་སྟེ། དེ་བས་ན་མང་པོའི་ཚིག་གོ། །བཀོལ་
བ་ཆད་པ་ཡན་ཆད་དོ་ཞེས་བྱ་བ་ནི་རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་དག་ལ་ཞེས་བྱ་བ་འདི་ཡན་ཆད་ལས་ཅི་ཙམ་བསྟན་པ་ཐམས་ཅད་དུ་བཀོལ་བ་ཞེས་བྱ་བའི་དབང་དུ་བྱས་ནས་རིག་པར་བྱ་སྟེ། དེ་རྣམས་ཐམས་ཅད་བཀོལ་བ་དང་འབྲེལ་པ་རྣམས་སོ། །འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་
ཡང་འདྲའོ་ཞེས་བྱ་བ་ནི་འདིར་གང་ཞིག་སྤྲུལ་པ་ལ་སོགས་པ་འགག་པར་འགྱུར་བ་དེ་ལ་ཡང་གི་སྒྲ་ནི་ཡན་ཆད་པ་ཞེས་བྱ་བ་ལས་འབྲེལ་བའི་དོན་དུའོ། །དེ་ལྟ་བུའི་རྟགས་ཅན་ནི་བསྙིལ་བར་བྱའོ་ཞེས་བྱ་བ་ལ། དེ་ལྟ་བུའི་ཞེས་བྱ་བ་ནི་སྐྱེ་བའི་ཆོས་དང་མི་ལྡན་པ་ལའོ། །རྟགས་ཅན་
ཞེས་བྱ་བ་ནི་རབ་ཏུ་བྱུང་ངམ་བསྙེན་པར་རྫོགས་པ་ལའོ། །ཁྱིམ་ན་གནས་པར་གྱུར་པ་ལ་དགེ་སློང་རྣམས་ཀྱིས་དབུས་སུ་གནས་པ་ལ་འགྲོ་བ་པའི་དགོངས་པའི་དབང་གིས་བསྙིལ་བ་ཡང་ནི་མ་ཡིན་ནོ། །ད་ནི་བཀོལ་བ་ལ་སོགས་པ་དང་འབྲེལ་པ་ཅན་བཤད་པར་བྱའོ། །སྤྲུལ་པའོ་
ཞེས་བྱ་བ་ལ། ཁྱོད་ནི་སྤྲུལ་པ་མ་ཡིན་ནམ་ཞེས་བྱ་བ་རབ་ཏུ་འབྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་དྲི་བ་ཡིན་ཏེ། བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་སྤྲུལ་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །འདི་ལ་སྐྱེ་བའི་ཆོས་ཉིད་ཡོད་པ་མ་ཡིན་ཏེ། དེ་ལྟ་བུའི་རྟགས་
ཅན་ནི་བསྙིལ་བར་བྱའོ་ཞེས་བྱ་བའོ། །དེ་བཞིན་དུ་མ་ནིང་ལ་སོགས་པ་གཞན་དག་ལ་ཡང་སྦྱར་བར་བྱའོ། །མ་ནིང་ངོ་། །དེ་ནི་རྣམ་པ་ལྔའོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་མ་ནིང་ལས་སོ། །ལྔ་པོ་གང་ཞེ་ན། སྐྱེས་ནས་དང་། ཟླ་བ་ཕྱེད་པ་དང་། འཁྱུད་ནས་ལྡང་བ་དང་།
ཕྲག་དོག་ཅན་དང་། ཉམས་པའོ་ཞེས་བྱ་བ་ལ། སྐྱེས་ནས་མ་ནིང་ནི་གང་ཞིག་སྐྱེ་བ་ཉིད་ཀྱིས་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་པའོ། །ཟླ་བ་ཕྱེད་པ་ཞེས་བྱ་བ་ནི་གང་ཞིག་ཟླ་བ་ཕྱེད་ལ་བུད་མེད་ཟླ་བ་ཕྱེད་ལ་སྐྱེས་པ་དེ་ནི་ཟླ་བ་ཕྱེད་པའི་མ་ནིང་ངོ་། །ཟླ་བ་ཕྱེད་པ་ནི་ཟླ་བ་ཕྱེད་དོ། །

འཁྱུད་ནས་ལྡང་བ་ཞེས་བྱ་བ་ནི་གང་ཞིག་གཞན་གྱིས་འོངས་པ་ལ་འབྱུང་བར་འགྱུར་བ་དེ་ནི་འཁྱུད་ནས་ལྡང་བའི་མ་ནིང་ངོ་། །ཕྲག་དོག་ཅན་དང་ཞེས་བྱ་བ་ནི་གང་ཞིག་གཞན་དག་གིས་ཉེ་བར་འོངས་པའི་བུད་མེད་མཐོང་ནས་བརྩལ་བར་མ་གྱུར་པ་དེ་ནི་ཕྲག་དོག་ཅན་གྱི་
མ་ནིང་ངོ་། །ཉམས་པའོ་ཞེས་བྱ་བ་ལ། ཉམས་པའི་མ་ནིང་ནི་གང་གི་ཕོའི་དབང་པོ་བཅད་པ་ལ་སོགས་པས་ཉམས་པར་གྱུར་པ་སྟེ། དེ་ནི་ཉམས་པའི་མ་ནིང་ངོ་། །འདི་ལས་ཐ་མ་ནི་ཉེས་པ་བསྟེན་ན་བསྙིལ་བར་བྱའོ་ཞེས་བྱ་བ་ལ། ཐ་མ་ཞེས་བྱ་བ་ནི་ཉམས་པའི་མ་ནིང་ངོ་། །
སྐད་ཅིག་དེ་ལ་མ་ནིང་གི་སྐྱོན་ལ་བརྟེན་པ་དེ་ལས་བསྙིལ་བར་བྱའི་གཞན་དུ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །རྐུ་ཐབས་སུ་གནས་པའོ་ཞེས་བྱ་བ་འདིའི་མཚན་ཉིད་ནི་གང་ཞེ་ན། བསྙེན་པར་རྫོགས་པའི་ཆོ་ག་མ་བྱས་པ་ཉིད་དམ་མ་ཆགས་པ་ཉིད་དུ་ཤེས་ལ་ལན་གཉིས་སུ་དགེ་
འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བསྙེན་པར་རྫོགས་པ་ལ་འདྲེན་པའི་གང་ཞིག་གསོལ་བ་ལ་སོགས་པ་དེ་མ་བྱས་པ་ཉིད་དུ་ཤེས་ཤིང་བྱས་པ་ཉིད་དུ་ཡང་མ་ཆགས་པ་ཉིད་དུ་ཤེས་ཤིང་། གལ་ཏེ་ཡང་ཆོ་ག་བྱས་པ་བསྙེན་པར་
རྫོགས་པ་ནི་ཆགས་པ་མ་ཡིན་ཏེ། ལོ་བཅུ་དགུ་ལོན་པ་ལ་སོགས་པའི་སྐྱོན་གྱིས་དེའི་ཕྱིར་དགེ་འདུན་དང་ལྷན་ཅིག་ལས་གཉིས་པ་ཉམས་སུ་མྱོང་བ་ལ་དེ་ཉིད་ཅེས་བྱ་བ་ནི་རྐུ་ཐབས་སུ་གནས་པ་ཉིད་དོ། །འོ་ན་གང་གི་ཕྱིར་ཉེ་བར་འཁོར་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་
ལྷན་ཅིག་ཏུ་གསོ་སྦྱོང་གི་ལས་ལན་གཉིས་ལན་གསུམ་ཉམས་སུ་མྱོང་བར་གྱུར་པ་དེ་ཙམ་གྱིས་ནི་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་གསུངས་ན། གསུམ་ཞེས་བྱ་བ་དེ་ཅིའི་ཕྱིར་མདོར་མ་བྲིས་ཤེ་ན། གང་གི་ཕྱིར་ངེས་པར་བྱེད་པའི་ཚིག་ནི་འདི་མ་ཡིན་ཏེ། འོན་ཀྱང་རྒྱུན་ལ་
འདི་རབ་ཏུ་བསྟན་པའོ། །རྒྱུན་ལ་རྩོམ་པར་གྱུར་པ་ན་ཉམས་པར་འགྱུར་ཞེས་བྱ་བ་སྟེ། གཞན་དུ་ན་གཉིས་ཞེས་བྱ་བས་འདི་རྣམ་པར་གཞག་པ་ལ། གསུམ་ཞེས་བྱ་བ་འདི་དབུགས་དབྱུང་བ་རྣམ་པར་ཤེས་པར་འགྱུར་རོ། །དེ་ལྟར་ན་འདི་ནི་རྩོམ་པ་སྟེ་ཐ་སྙད་དུ་བྱ་བ་ཆོས་ཉིད་

ཀྱི་རྣམ་པར་གཞག་པ་མ་ཡིན་པ་ཞེས་བྱ་བར་ཐལ་བར་འགྱུར་རོ། །འདིར་ལུང་ཡང་ཡོད་དེ། གཏམ་གྱི་གཞི་ལས། གང་གིས་རྐུ་ཐབས་སུ་གནས་པ་རབ་ཏུ་དབྱུང་བར་མི་བགྱིད། བསྙེན་པར་རྫོགས་པར་མི་བགྱི་བའི་གཞི་དེ་ཉིད་ཀྱིས་རབ་ཏུ་དབྱུང་བར་བགྱི་བ་དང་། བསྙེན་པར་
རྫོགས་པར་བགྱི་བ་མ་མཆིས་སམ་ཞེ་ན། བཀའ་སྩལ་པ་ཡོད་དེ། གང་གིས་ལན་གཉིས་ལན་གསུམ་དུ་གསོ་སྦྱོང་ཉམས་སུ་མྱོང་བར་འགྱུར་བ་དེ་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱའི། གང་གིས་ལན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་གྱུར་པ་དེ་ནི་རབ་ཏུ་
དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བའོ། གང་གི་ཕྱིར་གཞན་དུ་ན་ཁ་ཅིག་གིས་ལན་གཉིས་སོ་སོར་ཉམས་སུ་མྱོང་བ་ལ་འོས་པ་ཉིད་མ་ཡིན་ཏེ། སླར་རིགས་པ་ནི་གང་གི་ཕྱིར་འདིར་ཐོག་མར་རབ་ཏུ་འཇུག་པ་ན་དོགས་པ་དང་བཅས་པར་འགྱུར་རོ། །དེ་ལས་བརྫུན་
པ་ཉིད་ཀྱི་རང་བཞིན་ཉིད་ནི་འགྲོ་བར་མི་འགྱུར་ཏེ། རྒྱུན་དུ་བྱེད་ཅིང་དེའི་རང་བཞིན་ཉིད་ཐོབ་པ་ཡིན་ཞེས་བྱ་བའོ། །འོ་ན་འདིར་གསོ་སྦྱོང་བཟུང་བར་མི་བྱ་བ་སྟེ། དེ་བས་ན་འདིར་ཅིའི་ཕྱིར་ཁྱད་པར་མེད་པར་ལས་ཐམས་ཅད་སོ་སོར་ཉམས་སུ་མྱོང་བ་གང་ཞེ་ན། བརྗོད་པར་བྱ་སྟེ། དགེ་
འདུན་ལ་ཡང་དག་པར་བརྟེན་པའི་བྱ་བ་ལ་འདིའི་ཁོངས་སུ་བསྡུས་པའོ། །གང་ཞིག་གསོ་སྦྱོང་ལ་མཚུངས་པའམ་ལས་གཞན་རྣམས་ལ་ཡང་དགེ་འདུན་གྱི་གནས་པ་ཉིད་དོ། །དེ་བས་ན་དཔེ་ཉིད་ཀྱིས་འདིར་གསོ་སྦྱོང་གཟུང་བ་རྣམ་པར་གནས་པ་ཡིན་ནོ། །བསྙེན་པར་རྫོགས་པར་མ་
ཚང་བའི་ལྟུང་བྱེད་དྲི་བ་ལས་འདི་ལ་ལུང་ཡང་ཡོད་དེ། གང་ཞིག་གསོལ་བ་དང་། བཞིའི་ལས་ཀྱིས་བསྙེན་པར་མ་རྫོགས་པར་དགེ་འདུན་གྱི་ལས་གསོ་སྦྱོང་ངམ། དགག་དབྱེ་འམ། གང་ཟག་བཅུ་གཉིས་བསྐོ་བ་དག་ཉམས་སུ་མྱོང་བར་གྱུར་པ་དེ་ཡང་དེ་ཙམ་གྱིས་ནི་རྐུ་
ཐབས་སུ་གནས་པ་ཡིན་ནོ་ཞེས་གསུངས་སོ། །ཇི་སྲིད་དུ་བསྙེན་པར་མ་རྫོགས་པས་བྱ་བ་མ་ཡིན་པ་རྗེས་སུ་མཚོན་པར་གྱུར་པ་དགེ་འདུན་གྱི་ལས་རབ་ཏུ་འབྱུང་བ་ཞུ་བ་ལ་སོགས་པ་དེ་ཐམས་ཅད་དགེ་འདུན་ལ་རག་ལས་པའི་ཕྱིར་ལས་ཀྱི་ཕྱོགས་པ་ཉིད་དོ། །དེ་བས་ན་ལས་ཀྱི་

ཚིག་ཀྱང་འདིར་དཔེར་རྟོགས་པར་བྱའོ། །གལ་ཏེ་དེ་ལྟ་ཡིན་ན་རབ་ཏུ་འབྱུང་བར་ཞུ་བ་དང་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དང་གསང་སྟེ་སྟོན་པ་དང་ཡོངས་སུ་དག་པ་དང་བསྡུ་བ་དང་། སྤོ་བ་ལ་སོགས་པ་ཞུ་བ་དང་རྗེས་སུ་ཐོབ་པ་རྣམས་ཀྱང་སོ་སོར་ཉམས་སུ་མྱོང་
བ་ལ་རྐུ་ཐབས་སུ་གནས་པ་ཉིད་རྣམ་པར་གནས་པ་ཡིན་ནོ། །མུ་སྟེགས་ཅན་ཞུགས་པའོ་ཞེས་བྱ་བ་ནི་དེའི་རང་གི་ངོ་བོ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། རབ་ཏུ་བྱུང་བ་འདི་ལ་ཡང་དག་པར་བླངས་པ་ལྟ་བ་དང་ལྡན་པ་ཆོས་གོས་འདི་བོར་ཏེ། རྒྱལ་མཚན་དེས་དེར་སྐྱ་རེངས་ཤར་ན་དེ་
ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བ་འདི་ལ་ཡང་དག་པར་བླངས་པ་འདི་ཡིན་པས་ན་ཡང་དག་པར་བླངས་པའི་རབ་ཏུ་བྱུང་བ་འདིའོ། །ལྟ་བ་དེ་དང་ལྡན་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་དེ་རྣམས་ཀྱི་ལྟ་བ་འདི་ལ་ཡོད་པས་ན་དེའི་ལྟ་བ་ཅན་ནོ། །ཆོས་གོས་འདི་བོར་ཏེ་ཞེས་བྱ་བ་ནི་
བདེ་བར་གཤེགས་པའི་དགེ་སློང་གི་ཆ་བྱད་བོར་བར་བྱས་ནས་སོ། །རྒྱལ་མཚན་དེས་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་རྒྱལ་མཚན་གྱིས་སོ། །དེར་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་འདུག་གནས་སུའོ། །སྐྱ་རེངས་ཤར་ན་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཞུགས་པ་ཅན་ཡིན་
ནོ། །དེ་མ་བྱས་པ་ཡང་རྐུ་ཐབས་དང་འདྲའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆ་བྱད་མ་བྱས་པར་བོར་ཏེ། མངོན་པར་འདོད་པའི་མུ་སྟེགས་ཅན་གྱི་རྟགས་འདོད་པས་བགོས་ནས་དེའི་འདུག་གནས་སུ་སྐྱ་རེངས་ཤར་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྟགས་ཅན་གང་གིས་ཡང་
དག་པར་བླངས་པ་སྟེ། མུ་སྟེགས་པའི་ལྟ་བ་ཅན་གྱིས་ནི་མ་ཡིན་ནོ། །འདི་ནི་དེ་མ་བྱས་པའོ། །འོག་མ་འདི་མ་བྱས་པས་གཞན་དུ་ཡང་མུ་སྟེགས་ཅན་དུ་སོང་བ་ཉིད་འབྱུང་བ་ཡིན་ཏེ་ཇི་ལྟར་ཞེ་ན། དཔེར་ན་རྐུ་ཐབས་དང་འདྲའོ། །རྐུ་ཐབས་ཀྱི་དེ་ཉིད་བརྗོད་དེ་ལས་ཉམས་སུ་མྱོང་བ་གཉིས་
པ་ལ་ཞེས་བྱ་བའི་དོན་ཏོ། །རྐུ་ཐབས་ཀྱི་དེ་ཉིད་བརྗོད་ཟིན་ཏོ། །མ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕམ་པར་གྱུར་པ་

བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ་ཞེས་སོ། །རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་དག་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བ་ལ། རྒྱུ་ལས་བཟློག་པའི་ཞེས་བྱ་བ་ནི་རྒྱུ་གང་གིས་འཐབ་རྩོད་བྱེད་པ་ཉིད་ལ་སོགས་པས་བསྡིགས་པ་ལ་
སོགས་པའི་ནན་ཏུར་གྱི་ལས་བྱེད་པར་འགྱུར་བ་དེ་བཟློག་པ་ནི་འཐབ་རྩོད་བྱེད་པ་ཉིད་ལ་སོགས་པ་མ་ཡིན་པའོ། །ཆད་པ་ཁས་མི་ལེན་པ་ནི་སྒྲུབ་པར་བྱེད་པ་བཞིན་པ་མ་ཡིན་པའོ། །བསྙེན་པར་རྫོགས་ན་བཟོད་པ་གསོལ་ཟིན་པ་ཡིན་ནོ་ཞེས་བྱ་བ་ནི་མི་བཟོད་པ་བསྙེན་པར་མ་རྫོགས་པ་
རྣམས་བསྙེན་པར་རྫོགས་པ་ཉིད་བཟོད་པ་ཉིད་ཀྱི་ཕྱིར་སླར་བཟོད་པ་གཞན་ནི་བྱ་བ་མ་ཡིན་ནོ། །བཟོད་པ་ཞེས་བྱ་བ་ནི་བཟོད་པར་བྱ་བའོ། །བཙུན་པ་དགེ་སློང་དག་བསྡིགས་པའི་ལས་བགྱིས་ནས་རེ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱི་འམ། བསྙེན་པར་མ་
རྫོགས་ཞེས་བགྱི། ཉེ་བ་འཁོར་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་ལ། བཟོད་པ་ནི་གསོལ་ཟིན་པ་ཞེས་བྱ་བའོ་ཞེས་བྱ་བ་ནི་གླེང་གཞི་དག་ལས་གསུངས་སོ། །གལ་ཏེ་བསྙེན་པར་རྫོགས་ནས་ཁས་མི་ལེན་པ་ནི་
ཚོགས་པ་ཡོད་ན་ཡང་ཆད་པས་བཅད་དོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་ནས་ནི་འཐབ་ཀྲོལ་མི་བྱེད་པ་ཉིད་ལ་སོགས་པ་རྒྱུ་བཟློག་པ་གལ་ཏེ་ཁས་མི་ལེན་ན་ཚོགས་པ་ཡོད་པ་ན་ཡང་ཆད་པའི་ལས་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མ་མཐོང་ངོ་ཞེས་བརྫུན་ཟེར་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི་ལྟུང་
བ་བདག་གིས་མ་མཐོང་ཞེས་བྱ་བ་གལ་ཏེ་བརྫུན་ཟེར་ན་ལྟུང་བར་བྱེད་པ་འདིའི་ལྟུང་བྱེད་དོ། །འདི་ལྟ་བུའི་རིགས་ཅན་གྱི་བརྫུན་དུ་སྨྲ་བ་རྣམས་ལ་ལྟུང་བྱེད་མེད་པར་དོགས་པར་བྱ་བ་མ་ཡིན་ནོ། །ལག་རྡུམ་དག་དང་རྐང་རྡུམ་དང་། །ལག་སོར་ཟླུམ་པོར་འཇས་པ་དང་། །མཆུ་མེད་ལུས་ལ་
རྨ་མཚན་ཅན། །རྒན་ཆེས་པ་དང་གཞོན་ཆེས་དང་། །འཐེང་པོ་སྨད་འཆལ་ཞར་བ་དང་། །ལག་སོར་རྡུམ་རྒུར་མིའུ་ཐུང་དང་། །ལྦ་བ་ལྐུགས་པ་འོན་པ་དང་། །རྟེན་འཕྱེ་དང་ནི་རྐང་བམ་དང་། །བུད་མེད་ཀྱིས་དུབ་ཁུར་གྱིས་དུབ། །མི་གང་ལམ་གྱིས་དུབ་རྣམས་དང་། །ཡ་ཟ་མ་ལུག་

གཏའ་གམ་དང་། །དེ་ལྟ་བུ་ཡི་མི་རྣམས་ནི། །དྲང་སྲོང་ཆེན་པོས་དགག་པར་མཛད། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་
ལ། ལག་རྡུམ་ཞེས་བྱ་བ་ནི་ནོར་བུ་འཆིང་བ་ནས་བཟུང་ནས་གང་རྣམས་ཀྱི་ལག་རྡུམ་མོ། །རྐང་རྡུམ་ཞེས་བྱ་བ་ནི་གང་རྣམས་ཀྱི་ལོང་བུ་མན་ཆད་ཆད་པ་དེ་རྣམས་ནི་རྐང་རྡུམ་མོ། །གང་རྣམས་ཀྱི་ལག་པའི་སོར་མོ་སྦྲུལ་གྱི་གདེངས་ཀ་འདྲ་བ་དེ་རྣམས་ནི་ལག་སོར་ཟླུམ་པོར་འཇས་པའོ། །
གང་རྣམས་ཀྱི་མཆུ་གཉིས་མེད་པ་དེ་རྣམས་ནི་མཆུ་མེད་པའོ། །གང་རྣམས་ཀྱི་ལུས་ལ་རྨ་མཚན་ཡོད་པ་དེ་ནི་རྨ་མཚན་ཅན་ཏེ། ལག་པ་ལ་སོགས་པ་བྲིས་པ་ནི་རྨ་མཚན་ཅན་ཡིན་ཏེ་རྒྱུན་གྱིས་བྲབས་པ་དང་འདྲ་བར་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རྒན་ཆེས་པ་ཞེས་བྱ་བ་
ནི་བརྒྱ་ལོན་པ་ལ་སོགས་པ་རྣམས་སོ། །གཞོན་ཆེས་པ་ཞེས་བྱ་བ་ནི་བྱ་རོག་སྐྲོད་མི་ནུས་པ་ལོ་བདུན་མ་ལོན་པ་རྣམས་སོ། །འཐེང་པོ་ནི་རྐང་པ་འཐིང་ཞིང་འགྲོ་བ་རྣམས་སོ། །སྨད་འཆལ་བ་ནི་བརླའི་ཕྱོགས་སུ་རླུང་བྱ་རྒོད་འགྲོས་ཀྱིས་ཀུན་དུ་ཉམས་པར་གྱུར་པའོ། །ཞར་བ་
ནི་མིག་ཡ་གཅིག་པའོ། །སོར་མོ་རྡུམ་པ་ནི་གང་གི་མཁྲིག་མའི་ཕྱོགས་ན་མཚན་མ་ཙམ་གྱི་ལག་པ་ཡོད་ཅིང་ཅུང་ཟད་ཀྱང་བྱེད་མི་ནུས་པའོ། །ལྦ་བ་ཅན་ནི་མགྲིན་པ་ལྦ་བ་ཅན་གང་ལ་ཡོད་པ་དེ་ནི་ལྦ་བ་ཅན་ནོ། །ལྐུགས་པ་ནི་སྨྲ་མི་ནུས་པའོ། །རྟེན་འཕྱེ་ནི་གང་རྟེན་དག་ལ་ལག་པ་གཉིས་སོ་སོར་
བཞག་ནས་གཟུགས་བཞིས་ཕྱེ་བའོ། །མིང་གཉིས་པ་ནི་གྲུམ་པོ་ཞེས་ཀྱང་བྱའོ། །བུད་མེད་ཀྱིས་དུབ་པ་ནི་བུད་མེད་རྣམས་ཤས་ཆེར་བསྟེན་པས་སྟོབས་ཟད་པ་སྟེ། གང་གི་ལུས་མི་བདེ་བ་བུད་མེད་ཀྱིས་དུབ་པའོ། །དེ་བཞིན་དུ་མི་བཟོད་པའི་ཁུར་ཐོགས་པའི་ཕྱིར་དང་། ལམ་དུ་འགྲོ་བ་
དྲགས་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་ཁུར་གྱིས་དུབ་པ་དང་ལམ་གྱིས་དུབ་པ་རྣམས་སོ། །ཡ་ཟ་མ་ལུག་ནི་གང་རྣམས་ཀྱིས་ཇི་ལྟར་ཟོས་པ་དག་མ་ཞུ་བ་ཕྱིར་འབྱུང་བའོ། །ཁ་ཅིག་ནི་འདི་སྐད་ཅེས་ཟེར་ཏེ་གང་གིས་འགྲོ་བ་བཅིངས་པས་ཉམས་པ་བཅིངས་པ་ལས་གྲོལ་ཡང་བཅིང་

པ་བཞིན་དུ་ཡོངས་སུ་འགྲོ་བར་བྱེད་པ་དང་། གང་རྣམས་ལང་ཚོ་ལ་བབ་པ་ཁོ་ནར་ནད་ལ་སོགས་པས་དེ་ལྟར་མི་ནུས་པ་ཉིད་བྱས་པ་མཐུག་པ་དང་རབ་ཏུ་སྟོབས་དང་ལྡན་པའི་རྒས་པས་ཉེ་བར་གདུངས་པ་ལྟར་བྱ་བ་ཐམས་ཅད་མི་ནུས་པ་དེ་རྣམས་ནི་གཏའ་གམ་སྟེ། འབྱུང་བ་བཞིན་དུ་དེ་
རྣམས་ཀྱི་ལང་ཚོ་མ་ཉམས་པ་ཞེས་བྱ་བའི་དོན་ཏོ། །བསྡུ་བར་བྱ་བའི་སྐབས་རྫོགས་ཏེ། རབ་ཏུ་བྱུང་བའི་གཞི་རྫོགས་སོ།། །།བཀོལ་བ་རྒྱལ་པོས་བཀྲབས་པའོ། །རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བའོ་ཞེས་བྱ་བ་ལ། ཁྱོད་རྒྱལ་པོས་བཀྲབས་པ་མ་ཡིན་
ནམ་ཞེས་བྱ་བ་རབ་ཏུ་འབྱུང་བ་ཉིད་ཉེ་བར་འོངས་པ་ལ་དྲི་བར་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱིས་ཀྱང་རྒྱལ་པོས་བཀྲབས་པ་རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་ཉིད་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ་ཞེས་བྱ་བའོ། །གང་ཞིག་རབ་ཏུ་བྱུང་བའི་གཞི་ལ་མ་
བཟུང་བ་དེ་ལ་འདིས་སྟོན་པར་བྱེད་པའོ། །གང་ཞིག་རྒྱལ་པོ་དེའམ་དེའི་རྗེ་བོ་ལ་རྣམ་པར་རྒྱལ་བ་དེ་དེ་ལས་གང་ཡང་རུང་བའི་གྲོགས་པོ་ལ་གང་ཞིག་དེའི་ཚིག་གིས་འབྲེལ་པ་དེ་ནི་འདིར་ཡུལ་ཐག་མི་རིང་བའོ། །བཀོལ་པ་ཆོམ་རྐུན་པར་གྲགས་པའོ་ཞེས་བྱ་བ་ནི་རྒྱལ་པོས་མ་གནང་བ་
ཡུལ་ཐག་མི་རིང་བ་ཞེས་བྱ་བ་འདི་བཟློག་པའི་དོན་དུ་སླར་བཀོལ་བའི་ཚིག་སྟེ། ཁྱོད་ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ་ཞེས་བྱ་བ་རབ་ཏུ་འབྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱིས་ཀྱང་དྲི་བར་བྱ་སྟེ། ཆོམ་རྐུན་པར་གྲགས་པ་རབ་ཏུ་
དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཆོ་ག་འདི་ཙམ་ཉིད་ཀྱིས་འདིར་འབྱུང་བའོ། །ཆོམ་རྐུན་པར་གྲགས་པ་ནི་རྒྱལ་མཚན་བཅིངས་པའོ། །གང་དུ་གང་ལ་རབ་ཏུ་གྲགས་པར་གྱུར་པ་ཉིད་མ་ཡིན་པ་དེར་དེ་ལ་རྒྱལ་མཚན་བཅིངས་པ་ཉིད་དོ། །ཤིང་རྟ་བྱེད་པ་དང་། ལྷམ་
མཁན་དང་། གདོལ་པ་དང་། གཡུང་པོ་དང་། དེ་ལྟ་བུ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ལ། ཤིང་རྟ་བྱེད་པ་ནི་ལྷམ་མཁན་ནོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཟན་བཟའ་བར་མི་བྱ་བ་སྟེ། དགེ་ཚུལ་ཉིད་དང་སློབ་པ་ཉིད་ཀྱིས་བསྙེན་པར་རྫོགས་པར་འོས་པ་མ་ཡིན་པ་ཉིད་ཤིང་རྟ་མཁན་

ལ་སོགས་པ་རྣམས་ལ་རབ་ཏུ་དབྱུང་བ་མ་ཡིན་པ་ཉིད་ཀྱི་རྒྱུ་མཚན་ནོ། །དེ་བས་ན་འདི་རྣམས་ལ་ཡང་མི་བྱ་བ་ཉིད་དུ་སྟོན་པའོ། །ལག་རྡུམ་ལ་སོགས་པ་ནི་མཚོན་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་འདིར་རབ་ཏུ་དབྱུང་བའི་གཞི་ལས་ལག་རྡུམ་དང་རྐང་རྡུམ་ལ་སོགས་
པ་བརྗོད་པ་དེ་ནི་མཚོན་པར་རིག་པར་བྱ་སྟེ། ཡོངས་སུ་བགྲང་བ་ནི་མ་ཡིན་ནོ། །ད་ནི་གང་རྣམས་ཀྱིས་འདི་འཚོད་པ་དེ་རྣམས་ཉེ་བར་དགོད་པར་བྱེད་དེ། སྐྲ་སེར་དང་ནི་སྐྲ་སེར་སྐྱ། །དེ་བཞིན་སྐྲ་ནི་ལྗང་གུ་ཁ། །མི་རྣམས་སྐྲ་ནི་དཀར་བ་དང་། །གླང་ཆེན་སྐྲ་འདྲ་སྐྲ་མེད་དང་། །མགོ་
འབར་འབུར་ཅན་གླང་པོ་ཆེ། །ཧ་ཅང་སྦོམ་དང་ལུས་གླེབས་འདྲ། །བང་བུ་ཕག་གི་མགོ་ལྟ་བུ། །མགོ་གཉིས་པ་དང་མགོ་ཆུང་དང་། །གླང་ཆེན་རྣ་འདྲ་རྟ་རྣ་འདྲ། །བ་གླང་རྣ་འདྲ་སྤྲེའུ་རྣ་འདྲ། །བོང་བུའི་རྣ་འདྲ་ཕག་རྣ་འདྲ། །རྣ་གཅིག་པ་དང་རྣ་མེད་དང་། །མིག་དམར་ཧ་ཅང་
མིག་ཆེ་དང་། །མིག་ཆུང་མིག་ནི་ཧ་ཅང་སེར། །ཤེལ་མིག་མིག་ནི་ཆུ་བུར་འདྲ། །མིག་གཅིག་པ་དང་མིག་མེད་དང་། །གླང་ཆེན་སྣ་འདྲ་རྟ་སྣ་འདྲ། །བ་གླང་སྣ་འདྲ་སྤྲེའུ་སྣ་འདྲ། །བོང་བུའི་སྣ་འདྲ་ཕག་སྣ་འདྲ། །སྣ་སྦུབས་གཅིག་དང་སྣ་མེད་དང་། །གླང་ཆེན་ཀོས་འདྲ་རྟ་ཀོས་
འདྲ། །བ་གླང་ཀོས་འདྲ་སྤྲེའུ་ཀོས་འདྲ། །བོང་བུའི་ཀོས་འདྲ་ཕག་ཀོས་འདྲ། །ཀོས་སྨྱུང་དང་ནི་ཀོས་མེད་དང་། །གླང་ཆེན་སོ་འདྲ་རྟ་སོ་འདྲ། །བ་གླང་སོ་འདྲ་སྤྲེའུ་སོ་འདྲ། །བོང་བུའི་སོ་འདྲ་ཕག་སོ་འདྲ། །སོ་གཅིག་པ་དང་སོ་མེད་དང་། །མགུལ་རིངས་ཆེས་དང་མཇིང་ནུབ་དང་། །
ཕྲག་མིག་དང་ནི་ཆེས་སྒུར་དང་། །ཕོ་མཚན་ཆད་དང་རླིག་རླུགས་དང་། །རླིག་གཅིག་པ་དང་རླིག་མེད་དང་། །ཧ་ཅང་རིང་དང་ཧ་ཅང་ཐུང་། །སྐེམ་པོ་མ་འོས་ངལ་སྐྱེན་དང་། །ཤ་མདོག་ཁ་དོག་རྣམ་བཞི་དང་། །དེ་བཞིན་གྱོལ་པོ་ལུས་ཉམས་པའོ། །རྣམ་པ་དེ་ལྟ་བུ་དག་གི་དགག་པ་དེ་ཡང་རབ་ཏུ་
གཟུང་བར་བྱའོ། །དེ་ཞེས་བྱ་བ་ནི་ལག་རྡུམ་དང་རྐང་རྡུམ་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་དེ་དང་དེ་ལྟ་བུ་རྣམས་ཀྱི་དགག་པ་དེ་ཡང་རབ་ཏུ་གཟུང་ཞེས་བྱ་བ་ནི་གཟུང་བར་བྱ་ཞེས་བྱ་བའི་དོན་ཏོ། །གང་རྣམས་ཀྱི་སྐྲ་ཡུང་བས་བཙོས་པ་ལྟ་བུ་དེ་དག་ནི་སྐྲ་སེར་ཅན་ནོ། །སྐྲ་སེང་གེའི་ལྟ་བུ་རྣམས་

ནི་སྐྲ་སེར་སྐྱ་ཅན་ནོ། །གང་རྣམས་ཀྱི་སྐྲ་རམས་ཀྱིས་ཁ་བསྒྱུར་བ་ལྟ་བུ་དེ་རྣམས་ནི་སྐྲ་ལྗང་གུའོ། །གང་རྣམས་ཀྱི་སྐྲ་སྐྱེས་པ་ཉིད་ཀྱིས་དཀར་བ་དེ་རྣམས་ནི་དཀར་བའི་སྐྲ་ཅན་ཏེ། རྒས་པར་གྱུར་པ་ནི་མ་གཏོགས་སོ། །གང་རྣམས་ཀྱི་སྐྲ་གླང་པོ་ཆེའི་ལྟ་བུ་རྣམས་ནི་གླང་པོ་ཆེའི་སྐྲ་སྟེ་གླང་པོ་ཆེའི་
སྤུ་འདྲ་བ་རྣམས་ཡིན་ནོ། །གང་རྣམས་ཀྱི་མགོ་སྐྲ་མེད་ཅིང་ཟངས་མའི་སྣོད་ལྟར་འཇམ་པ་དེ་རྣམས་ནི་སྐྲ་མེད་པའོ། །གང་གི་མགོ་སུལ་གསུམ་མམ་བཞི་པ་དག་རྣམས་ཀྱི་མཐོན་དམན་དུ་སྣང་བ་དེ་ནི་མགོ་འབར་འབུར་ཅན་ནོ། །གང་རྣམས་ཀྱི་ལུས་གླེབས་པ་འདྲ་བར་རྒྱ་ཆེ་བ་ཉིད་ཀྱིས་སོ་སོ་
དང་། འདྲ་བར་བསྡུས་པ་དེ་རྣམས་ནི་ལུས་གླེབས་པ་ཅན་ནོ། །གང་གི་མིག་དག་ཧ་ཅང་ཆུང་ཞིང་ཟླུམ་པ་དེ་ནི་མིག་ཆུང་བའོ། །མགོ་བོ་ནང་དུ་ཞུགས་པ་ཉིད་ཀྱི་ཕྱིར་ཕྲག་པའི་སྐབས་སུ་གང་ལ་མིག་དག་ཡོད་པ་དེ་ནི་ཕྲག་མིག་ཅན་ནོ། །ཕོ་མཚན་ནི་གཅི་བ་འབྱུང་བ་སྟེ། གང་གི་ཆད་
པ་དེ་ནི་ཕོ་མཚན་ཆད་པའོ། །གང་རྣམས་ཀྱི་བྱ་བ་ཆུང་བས་ཀྱང་ཁྱད་པར་ཅན་གྱི་ངལ་བ་བསྐྱེད་པ་དེ་རྣམས་ནི་ངལ་བ་སྐྱེན་པའོ། །རང་གི་ཤ་མདོག་བཞི་རྣམས་ཀྱིས། །ཞེས་བྱ་བ་ནི་སྔོ་བ་དང་། སེར་བ་དང་། དམར་བ་དང་། དཀར་བ་རྣམས་ཀྱིས་ཏེ། འདིས་ནི་རུས་སྦལ་བརྗོད་པའོ། །
གང་ཞིག་དེ་ལྟ་བུའི་རྣམ་པ་ཅན་ཁ་དོག་གི་བྱེ་བྲག་རྣམས་ལ་སྨད་པའི་ངོ་བོ་དེ་རྣམས་ལ་འདི་བཀག་པ་སྟེ། གང་ཞིག་ལྷ་རྣམས་ཀྱི་དང་འདྲ་བར་<ཤིས་ཤེས་>པའི་ངོ་བོ་ཅན་དེ་རྣམས་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་འདི་ལྟ་བུ་རྣམས་ལ་རབ་ཏུ་བྱུང་བ་ལ་སོགས་པ་བཀག་ཟིན་ཏོ། །རབ་ཏུ་བྱུང་བ་དང་
བསྙེན་པར་རྫོགས་པ་འདི་རྣམས་ལ་ཡང་བསྡུ་བར་མི་བྱ་ཞེས་བྱ་བ་ཉེ་བར་སྟོན་པར་བྱེད་ཅིང་རིགས་དང་ལུས་ལ་སྐྱོན་ཆགས་པ་རབ་ཏུ་བྱུང་བ་ནི་ཉེ་བར་གཞག་པར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། རིགས་ལ་སྐྱོན་ཆགས་པ་ཤིང་རྟ་མཁན་པོ་ལ་སོགས་པ་ཟན་བཟའ་བར་མི་བྱ་བ་རྣམས་སོ། །ལུས་
ལ་སྐྱོན་ཆགས་པ་ནི་དབྱིབས་དང་ཁ་དོག་ལས་ཏེ་ལག་རྡུམ་ལ་སོགས་པའོ། །ཉེ་བར་གཞག་པར་མི་བྱ་བ་ནི་གནས་སྦྱིན་པ་གཅིག་པུར་མ་ཟད་ཀྱི་གནས་ཁང་གི་ཡང་ནང་དུ་མི་སྦྱིན་པ་དང་རྗེས་སུ་འབྲང་བའི་འཁོར་ཉིད་ཀྱིས་སོ། །དེ་ལྟར་ཡང་དགེ་སློང་གིས་འཁོར་སུན་འབྱིན་པའི་འཁོར་

ཉེ་བར་གཞག་པར་མི་བྱ་སྟེ། ཉེ་བར་འཇོག་པར་འགྱུར་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་ན། ཇི་ཙམ་གྱིས་ན་འཁོར་སུན་འབྱིན་པའི་འཁོར་ཡིན་པར་བརྗོད་པར་བྱ་ཞེ་ན། རིགས་ལས་དང་ཁ་དོག་ལས་དང་དབྱིབས་ལས་ཏེ། ཇི་ལྟར་རིགས་ལས་
ཤེ་ན་ཤིང་རྟ་མཁན་དང་གདོལ་པ་དང་གཡུང་པོའི་རིགས་ལས་སོ། །ཇི་ལྟར་རིགས་དང་དབྱིབས་ལས་ཤེ་ན་སྐྲ་སེར་ཞེས་བྱ་བ་ལ་སོགས་པ་འདིར་སྨོས་སོ། །དུ་མ་མཁན་པོ་གཅིག་པས་གསུམ་མན་ཆད་ཚིག་གཅིག་གིས་བསྙེན་པར་རྫོགས་པར་བྱར་རུང་ངོ་ཞེས་བྱ་བ་ལ། དུ་མ་
ཞེས་བྱ་བ་ནི་གཉིས་ལ་སོགས་པའོ། །མཁན་པོ་གཅིག་པ་འདི་ལ་ཡོད་པས་ན་མཁན་པོ་གཅིག་པ་སྟེ་དེ་ལའོ། །ཚིག་གཅིག་གིས་ཞེས་བྱ་བ་ནི་གསོལ་བ་གཅིག་གིས་སོ། །དུ་མ་ཇི་ཙམ་གྱིས་ཤེས་ཤེ་ན། འདིར་གསུམ་མན་ཆད་ཅེས་སྨོས་ཏེ་གསུམ་མན་ཆད་རིགས་པ་ཡིན་གྱི་
གཞན་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལུང་ལས་ཀྱང་། ཚོགས་ཀྱིས་ཚོགས་ཀྱི་ལས་རྣམས་མི་བྱའོ་ཞེས་གསུངས་པ་ལ། ཁ་ཅིག་ནི་མཁན་པོའི་བྱེ་བྲག་ཁས་བླངས་པའི་གཞུང་འདི་ལ་བྱེད་པ་ཡིན་ནོ། །ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང་། བཙུན་པ་དུས་གཅིག་དང་སྐད་ཅིག་ཉིད་
ལ་ལས་བྱེད་པ་པོ་གཅིག་ཅིག་གིས་གསོལ་བ་གཅིག་གིས་ལས་གཉིས་བགྱི་བ་དང་བགྱིས་པར་བརྗོད་པ་དང་། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ། དེ་ལས་བྱེད་པ་པོའི་དགེ་སློང་སྟོབས་དང་ལྡན་པར་གྱུར་ན་མཁན་པོ་རྣམས་
དང་། བསྙེན་པར་རྫོགས་པར་འདོད་པ་རྣམས་ཀྱི་མིང་ཡོངས་སུ་བརྗོད་ནུས་ཤིང་གསོལ་བ་ཉམས་པར་མི་འགྱུར་བ་ལས་ཀྱང་བྱེད་ནའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ཉེ་བ་འཁོར་དགེ་ཚུལ་སྦྱིན་བྱེད་དང་སྐྱོང་བྱེད་མཉེས་གཤིན་པ་དང་བཅས་པ་དེ་གཉིས་ཕན་ཚུན་
སེམས་རྗེས་སུ་བསྲུངས་པས་ཅིག་ཅར་བསྙེན་པར་རྫོགས་པར་བྱ་བ་ཡིན་ཏེ། དེ་བས་ན་སོ་སོར་བསྙེན་པར་རྫོགས་པར་མི་བྱའོ། །རྒྱུ་འདིས་མཁན་པོ་གཅིག་གིས་དུ་མ་བསྙེན་པར་རྫོགས་པར་གནང་བ་ལ་རྒྱུ་འདི་ལས་མཁན་པོ་གཅིག་ལ་དུ་མ་ཁས་ལེན་པ་འདི་ནི་གླེང་གཞི་ལས་

མཐོང་བ་ཡིན་ཏེ། དེ་བས་ན་དེ་ལྟར་ཁས་མ་བླངས་པ་ལ་འདི་ཡང་དགོས་པ་མ་ཡིན་ནོ། །དུས་མཉམ་པ་རྣམས་ནི་གཅིག་ལ་གཅིག་ཕྱག་མི་བྱའོ་ཞེས་བྱ་བ་ནི་དུས་གཅིག་ཏུ་ལས་གཅིག་བརྗོད་པས་བསྙེན་པར་རྫོགས་པའམ། སོ་སོར་བསྙེན་པར་རྫོགས་པ་གང་དག་གིས་དུས་མཉམ་
པ་དེ་རྣམས་ལ་ཕན་ཚུན་དུ་ཕྱག་བྱེད་པ་མེད་པ་སྟེ། ཕྱག་ཅེས་བྱ་བ་ནི་ཕྱག་གོ། །སྔར་འོངས་པ་དང་པོ་ཡིན་ནོ་ཞེས་བྱ་བ་ནི་དུས་མཉམ་པ་རྣམས་ཀྱང་རྙེད་པ་དང་ལས་སུ་བསྐོ་བ་དང་ལྡན་པ་ལ་སོགས་པའི་གནས་གང་ཞིག་ལ་དང་པོ་འོངས་པ་དེ་ལ་རྙེད་པ་བླངས་པ་ལ་དང་པོ་ཉིད་དེ། ཇི་ལྟར་
འོངས་པས་རྙེད་པ་བླང་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ལས་སུ་བསྐོ་བ་ལ་གང་ཞིག་ཕྱིས་འོངས་པ་དེས་དང་པོར་བྱ་བ་ཉིད་དེ། ཕྱིས་འོངས་པས་ལས་སུ་བསྐོ་བ་དང་པོ་ཞེས་བྱ་བ་ཞེས་གསུངས་པའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། རྙེད་པ་བླང་བ་ལ་དང་པོར་གནས་ཡང་དག་པར་ཐོབ་
པ་ལ་དང་པོ་ཉིད་དེ་ལས་སུ་བསྐོ་བར་བྱེད་པ་ལ། ཕྱིས་གནས་ཡང་དག་པར་ཐོབ་པ་ལ་དང་པོ་ཉིད་ཅེས་བྱ་བའོ། །དགོན་པ་བས་སྐྲ་སོར་གཉིས་ལས་ལྷག་པར་མི་གཞག་གོ། །གྲོང་མཐའ་བས་ནི་དེའི་འོག་མ་ཉིད་ལས་མི་གཞག་གོ་ཞེས་བྱ་བ་ལ་འོག་མའི་དངོས་པོ་ནི་འོག་མ་ཉིད་དེ། སོར་གཉིས་
པོ་འདིའི་འོག་གི་དངོས་པོ་ལས་ལྷག་པར་སོར་ཕྱེད་དང་གཉིས་ཀྱི་ཚད་ཉིད་ཡང་དག་པར་ཐོབ་པ་སྟེ། ཇི་སྲིད་དུ་གཞག་པར་མི་བྱ་ཞེས་བྱ་བ་འདིར་ཤེས་པར་འགྱུར་ཞེས་བྱ་བར་རིག་པར་བྱའོ། །འདིར་གཞུང་ནི། དགེ་སློང་དགོན་པ་བས་སྐྲ་སོར་གཉིས་སུ་གཞག་པར་བྱ་ལ། གྲང་མཐའ་བས་ནི་དེའི་
འོག་མའོ་ཞེས་གསུངས་སོ། །ཁ་ཅིག་ནི་སོར་གཉིས་བསྐོར་བ་ཞེས་བྱ་བ་སོར་གཉིས་ཀྱི་གནས་ལ་སྨྲ་བ་ཡིན་ཏེ། གལ་ཏེ་འདོན་པ་འདི་ལ་སོར་གཉིས་པའི་ཚད་ཀྱིས་བསྐོར་བ་གང་རྣམས་ཞེས་བྱ་བའི་དོན་ཏེ། སྔོན་གྱི་འདོན་པ་ལས་དོན་གཞན་ཉིད་ནི་མ་ཡིན་ནོ། །འོན་ཏེ་སོར་གཉིས་པ་བསྐོར་བ་ཡིན་ན་ནི་
རིགས་པ་མ་ཡིན་ཏེ། འདི་ཙམ་རིང་པོ་ཉིད་ལ་རྟགས་མི་གནང་བར་གྱུར་པ་ཉིད་ཀྱི་ཕྱིར་དང་། གླེང་གཞིའི་སྐྱོན་གང་གིས་ཀྱང་བསླབ་པའི་གཞི་འདི་བརྟགས་པ་དེའི་སྐྱོན་ལས་བྱུང་བ་ལ་ཡང་གནས་སྐབས་དེ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་སོར་ལྔ་ལས་ལྷག་པའི་ཚད་ནི་འདི་ཡིན་ཏེ། རབ་ཏུ་བྱུང་

བའི་དུས་ན་འབྱུང་བའི་སྐྲ་བྲེག་པའི་ཆོ་ག་ལས་གཞན་དུ་ཡང་སྐྲ་བྲེག་པ་ལ་སོགས་པ་ལ་བྱ་བ་ཉིད་དུ་རིགས་པ་ཡིན་ཏེ། དེ་བས་ན་གནས་འདི་ལ་རྣམ་པར་ཞུགས་པའོ། །སྐྲ་བ་ལང་གི་འདྲ་བར་མི་བྲེག་གོ། །རྨའི་ཐན་ཀོར་ནི་མ་གཏོགས་སོ། །གཙུག་ཕུད་བྱེད་དུ་མི་གཞུག་
གོ། །མདོམས་ཀྱི་སྤུ་བྲེག་ཏུ་མི་གཞུག་གོ་ཞེས་བྱ་བ་ནི་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །མདོམས་གྱི་ཕྱོགས་ནི་གསང་བའི་གནས་སོ། །རྨའི་ཆེད་དུ་གཞན་གྱིས་མི་འཚོ་ན་མཁས་པ་གནས་བརྟན་གནས་བརྟན་དག་ལ་དྲིས་ཏེ་འབྲེག་ཏུ་གཞུག་གོ་ཞེས་བྱ་བ་ལ། མི་འཚོ་ན་
ནི་གཞན་གྱིས་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་གསུངས་པ་བསྐ་བ་ལྔས་བཀྲུ་བར་བྱའོ། །དེའི་འོག་ཏུ་གལ་ཏེ་འཚོ་བར་མ་གྱུར་ན་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་། མ་མོ་འཛིན་པའི་དགེ་སློང་རྣམས་ལ་དྲིས་ཏེ་མདོམས་ཀྱི་སྤུ་བྲེག་ཏུ་གཞུག་གོ་ཞེས་བྱ་བ་གསུངས་ཏེ། དེ་ནི་འདིར་གཞུང་ཡིན་ནོ། །དེ་ལ་དཔེ་
ཡིན་ཏེ། སྦྱང་བའི་ཆོ་ག་འདི་རིགས་པ་ཡིན་ཞེས་བྱ་བ་རྣམ་པ་གཞན་རྣམས་ཀྱང་གསོ་བར་བྱེད་པ་ལ་བསྡུས་པ་ཡིན་ཏེ། དགེ་སློང་གནས་བརྟན་གནས་བརྟན་དག་ལ་བལྟས་ནས་རྨའི་ཆེད་དམ་སྲོག་ཆགས་རྣམས་ཀྱི་ཆེད་དུ་གནོད་པ་མེད་པའི་ས་ཕྱོགས་སུ་སྤུའི་ལས་བྱེད་དུ་གཞུག་གོ་ཞེས་བྱ་བ་འདིར་
གཞན་རྣམས་ཀྱི་གཞུང་ནི་དེ་ལ་མངོན་སུམ་དུ་རིག་པར་བྱས་པར་གྱུར་པ་ཞེས་བྱ་བ་འདིའི་ལྷག་མའོ། །རྒན་པ་གཉིས་དག་གིས་མངོན་སུམ་པ་ཉིད་ཀྱི་ཚུལ་ཁྲིམས་ཉིད་དང་ཆོས་འདུལ་བ་མངོན་པར་ཤེས་པ་ཉིད་ཀྱིས་སོ། །འདི་གཉིས་ཀ་ཡང་ལྟ་བ་སོན་པས་བསྡུས་པའོ། །བསྡུས་པ་ནི་རྣམ་
པར་ཤེས་པའོ། །སྡེ་སྣོད་འཛིན་པ་ཉིད་ཀྱི་ཚིག་ནི་ཤེས་པ་པོ་ལ་རག་ལུས་པར་ཤེས་སོ། །སྲོགས་ཆགས་ཀྱི་ཆེད་ནི་འདིར་རྨ་ལ་གནས་པའི་སྲོག་ཆགས་རྣམས་ལ་དགོངས་པར་རིགས་པ་ཡིན་ཏེ། ཤིག་ལ་སོགས་པའི་དགོངས་པ་ནི་མ་ཡིན་ནོ། །འདི་ལ་ཡང་རྨའི་ཆེད་ཉིད་ཀྱི་ནང་དུ་བསྡུས་པ་
ཉིད་དེའི་ཕྱིར་མ་བཟུང་ངོ་། །བྱིན་པའི་སྤུ་བྲེག་པ་ཡང་དེའི་ཕྱིར་མ་ཡིན་པར་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ལ། དེའི་ཕྱིར་མ་ཡིན་པ་ནི་རྨའི་ཕྱིར་མ་ཡིན་པའོ། །བྱིན་པའི་སྤུ་བྲེག་པ་ནི་ཡན་ལག་གི་སྤུའོ། །ལུས་གཞན་གྱི་ཡང་མི་བྱའོ་ཞེས་བྱ་བ་ནི་མདོམས་དང་བྱིན་པ་དག་ལས་གཞན་པའི་ལུས་ནི་

མགྲིན་པ་མན་ཆད་གང་ཞིག་ལུས་ཀྱི་ཐ་སྙད་དེ་ལ་ཡང་སྤུ་བྲེག་པའི་ལས་འདི་བཀག་པའོ། །དེ་བས་ན་འདིར་སྐྲ་དང་ཁ་སྤུ་དག་ལ་ཡང་བྱ་བ་ཉིད་བཀག་པ་མ་ཡིན་ནོ། །སྣའི་སྤུ་བྲེག་པ་ལ་ནི་ཚིག་ཡོད་དེ་དེའི་ཕྱིར་གྲགས་པ་ལ་ཡིད་ཆེས་པའོ། །འདིར་མ་མོའི་གཞུང་ལས་སྐྲ་དང་ཁ་སྤུ་མ་གཏོགས་པ་
དེ་ལས་གཞན་པའི་ཡན་ལག་དང་ཉིང་ལག་རྣམས་ཀྱི་སྤུ་བྲེག་པར་མི་བྱའོ། །གང་ཞིག་འབྲེག་པར་གྱུར་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་འབྱུང་ངོ་། །སེན་མོ་སྤུ་གྲིའི་སོ་ལྟ་བུ་འམ་སྟེའུའི་ཁ་ལྟ་བུར་བྲེག་པར་བྱའོ། །དེ་དག་སྤྱིལ་བར་མི་བྱའོ། །དྲི་མ་བསལ་བའི་ཕྱིར་བྲུད་པར་བྱའོ། །ཆོས་གོས་
གྱོན་བཞིན་དུ་སྐྲ་དང་ཁ་སྤུ་བྲེག་པར་མི་བྱའོ་ཞེས་བྱ་བ་ནི་བླ་གོས་ལ་འདིར་གཟུང་བར་བྱའི། མཐང་གོས་ལ་ནི་མ་ཡིན་ནོ། །མཐང་གོས་ཐམས་ཅད་ལ་ནི་མ་ཡིན་ནོ། །དེ་བས་ན་ཆོས་གོས་དང་བླ་གོས་དག་ཉིད་ལ་སྟེ། འདིར་རྙིང་པ་དུས་གཞན་དུ་སྟེང་དུ་བགོས་པ་ལ་རིགས་པ་ཡིན་ནོ་ཞེས་བྱ་བ་
འདིར་བཀག་པའི་རྒྱུ་མཚན་རྣམ་པར་གཞག་པའི་ཕྱིར་རོ། །སྐྲ་བཟེད་བཅང་བར་བྱའོ་ཞེས་བྱ་བ་ནི་སྐྲ་བཟེད་པའི་གོས་བཅང་བར་བྱ་སྟེ། དོན་དེ་ཉིད་ལ་གང་དགོས་པའོ། །འདི་སྐྲ་རྣམས་སོ་སོར་འཛིན་པས་ན་སྐྲ་བཟེད་དོ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ། །འདི་ཅིའི་ཕྱིར་གོས་ཞེས་བརྗོད་ཅེ་ན།
གོས་འདི་སྐྲ་བཟེད་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བས་བྱིན་གྱིས་བརླབ་པའི་སྔགས་ལས་གསུངས་པའི་ཕྱིར་རོ། །བགོ་བའི་དོན་དུ་སླར་འདི་ཇི་ལྟར་རྣམ་པར་ཤེས་ཤེ་ན། སླར་དེ་ཉིད་དུ་སྐྲ་རྣམས་ཉེ་བར་བཅང་བའི་དོན་དུ་མ་ཡིན་ཞེས་བྱ་བའོ། །མེད་ན་རྔུལ་གཟན་གྱིས་སོ་ཞེས་བརྗོད་པའི་
ཕྱིར་རོ། །རྔུལ་གཟན་དུ་སྐྲ་བྲེག་པ་ནི་མ་བཀག་པའོ། །མེད་ན་རྔུལ་གཟན་གྱིས་སོ་ཞེས་བྱ་བ་ནི་སྐྲ་བཟེད་པའི་གོས་མེད་ན་རྔུལ་གཟན་གྱོན་པས་སྐྲ་དང་ཁ་སྤུ་དག་བྲེག་པར་བྱའོ། །བཏིང་བར་ཡང་མི་བྱའོ་ཞེས་བྱ་བ་ནི་སྐྲ་དང་ཁ་སྤུ་དག་བྲེག་པར་མི་བྱའོ། །འདིར་གླེང་གཞི་ལ་ཡང་དང་པོ་ཉིད་དུ་སེན་མོ་
བྲེག་པ་ཞེས་བྱ་བའི་ཐ་མར་གཞུང་ནི་འདི་ཡིན་ཏེ། གང་དུ་དགེ་འདུན་ཕྱག་དར་འཕྱག་པར་ཡང་མི་བྱའོ་ཞེས་བྱ་བ་འདི་ནི་གཙུག་ལག་ཁང་གི་དབང་དུ་བྱས་པ་ཡིན་ནོ། །རྒན་པོ་དང་ནད་པ་དང་རླུང་དང་ཉི་མ་དང་ཆར་པ་དག་ལ་ཁྱམས་ལ་སོགས་པར་བྲེག་ཏུ་གཞུག་པར་བྱའོ། །ཕྱོགས་དེར་བྱི་དོར་

བྱའོ། །བྱི་དོར་བྱ་བ་ནི་སྐྲ་མེད་པ་ཉིད་དང་ཆུ་མེད་པ་ཉིད་དང་། དེ་ཇི་ལྟར་བསྒྲུབ་པ་དེ་ལྟར་བྱའོ། །སྐྲ་ནི་ཕྱག་དར་ཁྲོད་དུ་དོར། །ཞེས་བྱ་བ་ནི་ཕྱག་དར་ཁྲོད་ཀྱི་ཕྱོགས་སུའོ་ཞེས་བྱ་བའི་དོན་ཏོ། །སེན་མོ་བཅས་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི་བཏིང་བར་ཡང་མི་བྱའོ་ཞེས་བྱ་བ་
ལ་སོགས་པ་ལ་འདྲེ་བ་འདི་ཡིན་ནོ། །སྐྲ་བཟེད་ལ་མཁས་པ་མཛེས་པར་བྱེད་པར་འགྱུར་བས་ལས་བྱ་བར་འགྱུར་རོ། །དེ་བས་ན་འདིར་བཅད་པ་ནི་གང་དུ་དགེ་འདུན་ཕྱག་དར་འཕྱག་པར་མི་བྱའོ་ཞེས་བྱ་བ་འདི་ལས་འདའ་བ་ཉིད་དམ་ས་ལ་བྱི་དོར་བྱ་བ་ཉིད་དོ། །སྐྲ་དང་ཁ་སྤུ་བྲེག་པ་སྤང་བ་འདི་ལ་མི་སྲིད་པར་
རིག་པར་བྱའོ། །དེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་དགེ་སློང་མས་འདི་ཞལ་ཏ་མ་བྱས་པར་སྐྱེས་པས་སྐྲ་མི་བྲེག་གོ་ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་དགེ་སློང་མ་འདོད་ཆགས་དང་བྲལ་བ་མ་ཡིན་པ་ཞེས་བྱ་བའོ། །གལ་ཏེ་འདོད་ཆགས་དང་བྲལ་བར་གྱུར་ན་ལྟུང་བ་མེད་དེ་ཞེས་བྱ་བའི་གཞུང་འདི་ལ་
བྲེག་པར་བྱའོ་ཞེས་བྱ་བ་བྲེག་པ་ཉིད་འདིར་འདི་ལྟ་བུའི་ཚིག་གོ། །དེ་ནས་སྐྱེ་དགུའི་བདག་མོ་གཽ་ཏ་མ་ཆེན་པོ་ཤཱཀྱའི་དགེ་སློང་མ་བརྒྱ་ཕྲག་དང་ལྷན་ཅིག་ཏུ་རང་ཉིད་ཀྱིས་སྐྲ་བྲེགས་ཏེ། གོས་ངུར་སྨྲིག་གྱོན་ནས་ཞེས་བྱ་བ་སྐྲ་བྲེག་པ་གསུངས་ལ། དེ་བཞིན་དུ་གཽ་ཏ་མ་ཁྱོད་ཀྱིས་མགོ་བོ་རྣམས་མཛེས་པར་
གྱིས་ཤིག་ཅེས་བྱ་བ་མགོ་བོ་ཉིད་དུ་བརྗོད་པའི་ཕྱིར་སྐྲ་རྣམས་རིང་བ་ཉིད་ཀྱིས་གཞན་གྱིས་བྲེག་པ་ལ་རྒྱུ་མཚན་དང་བཅས་པ་འདི་བརྗོད་པའོ། །གཞན་དུ་ནི་ཐ་སྙད་དེ་འདོད་ཆགས་དང་མ་བྲལ་བའི་དགེ་སློང་མ་ནི་དགེ་སློང་མས་ཞལ་ཏ་མ་བྱས་པས་སྐྲ་མི་བྲེག་གོ་ཞེས་བྱ་བའི་དོན་ཏོ། །ཀུན་ཏུ་ཆགས་
པར་གྱུར་ན་ཞལ་ཏ་བྱེད་པ་མོས་རྗེས་སུ་བསྟེན་པར་བྱའོ། །དྲན་པ་ཉེ་བར་ཞོག་ཅིག །ཅི་རྣག་གི་ལུས་འདི་ལ་སྙིང་པོ་ཡོད་དམ་ཞེས་སོ་ཞེས་བྱ་བ་ལ། ཀུན་ཏུ་ཆགས་པར་གྱུར་ན་ཞེས་བྱ་བ་ནི་འབྲེག་མཁན་ལ་དགེ་སློང་མ་དེའོ། །འབྲེག་མཁན་ལ་ནི་མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་ཞོག་ཅིག་
ཅེས་སོ་ཞེས་བྱ་བ་ལ། ཀུན་དུ་ཆགས་པར་གྱུར་པ་ལ་ཞལ་ཏ་མོས་མ་ལ་སོགས་པའི་འདུ་ཤེས་ཉེ་བར་ཞོག་ཅིག་ཅེས་བྱ་བ་ལ་ཡང་དག་པར་རྗེས་སུ་བསྟན་པར་བྱའོ། །དེ་བྱས་ནས་ཁྲུས་བྱའོ་ཞེས་བྱ་བ་ལ། འདིར་དེ་ཞེས་བྱ་བ་ནི་སྐྲ་དང་ཁ་སྤུ་བྲེག་པ་ལའོ། །ཡང་ན་ཡན་ལག་ལྔའི་ཁྲུས་ཀྱང་ངོ་

ཞེས་བྱ་བ་ལ། ཡང་ན་ཞེས་བྱ་བའི་སྒྲ་ནི་ཆོ་ག་གཞན་བསྟན་པའི་དོན་ཏོ། །ཆུ་ཡོད་པ་ལ་འདི་བརྟག་པ་ཉིད་ཡིན་ཏེ། འདིར་གཞུང་ནི་དགེ་སློང་གིས་སྐྲ་བཟེད་བཅང་བར་བྱ་ཞིང་ཁྲུས་ཀྱང་བྱ་སྟེ། ཐ་ན་རྐང་ལག་དག་ཀྱང་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྒྲེན་མོར་ཁྲུས་མི་བྱའོ་ཞེས་བྱ་བ་
ལ། འདི་ལྟར་འཁོར་གསུམ་གཡོགས་པ་ཉིད་ཡོངས་སུ་རྫོགས་པ་ཉིད་ནི་སྒྲེན་མོ་མ་ཡིན་པ་ཉིད་དོ། །ཇི་སྲིད་དུ་འཁོར་གསུམ་གཡོགས་པ་ལ་ཡན་ལག་ལས་སྐྱེས་པའི་སྤུ་དག་གཡོགས་པ་ཉིད་ནི་དེ་སྲིད་དུ་གཡོགས་པ་ཉིད་ཀྱིས་ཐམས་ཅད་ལ་སྤང་བར་བྱ་བ་མ་ཡིན་པ་ཉིད་ཅེས་བྱ་བ་འདི་ནི་འདིར་
ཤུགས་ཀྱིས་རྟོགས་པར་བྱའོ། །དགེ་སློང་མས་སྐྱེས་པའི་ཆུ་ངོགས་སུ་མི་བྱའོ། །བུད་མེད་ཀྱི་ཆུ་ངོགས་སུ་ཡང་ཕྱེ་མས་མི་བྱའོ་ཞེས་བྱ་བ་ནི་སྐྱེས་པ་རྣམས་ཀྱི་ཆུ་ངོགས་སུ་དགེ་སློང་མས་ཁྲུས་བྱས་པ་ཉིད་བཀག་པའོ། །བུད་མེད་ཀྱི་ཆུ་ངོགས་སུ་ནི་སྲན་ཆུང་གི་ཕྱེ་མ་ལ་སོགས་པས་ཁྲུས་བྱ་བ་
བཀག་པར་མཛད་ཀྱི་ཁྲུས་ཉི་ཚེ་ནི་མ་བཀག་གོ། །འདིར་གཞུང་ནི་བཅུ་གཉིས་སྡེ་རྣམས་བུད་མེད་ཀྱི་ཆུ་ངོགས་སུ་ཁྲུས་བྱེད་པར་གྱུར་ཏེ། ཁྱིམ་བདག་གི་བུད་མེད་ཁྲུས་བྱེད་པ་རྣམས་ལ་ང་རྒྱལ་བྱེད་ཅིང་མོན་སྲན་གྲེའུའི་ཕྱེ་མ་ལ་སོགས་པ་ཡང་འདོར་བར་བྱེད་དེ་ཞེས་བྱ་བ་དང་། བཅོམ་ལྡན་འདས་
ཀྱིས་དགེ་སློང་མ་བུད་མེད་ཀྱི་ཆུ་ངོགས་སུ་ཕྱེ་མས་ཁྲུས་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མོན་སྲན་གྲེའུ་ལ་སོགས་པའི་ཕྱེ་མའི་དྲིས་བསྒོས་པ་རུང་ངོ་ཞེས་བྱ་བ་ལ། འདི་ནི་ཐམས་ཅད་དུ་དབང་དུ་བྱེད་པའོ། །དེ་ནི་བླང་བར་བྱའོ། །ནད་པས་ནི་སྨན་གྱི་དགོས་པ་ཡང་ངོ་ཞེས་བྱ་བ་ནི་རུང་ངོ་ཞེས་བྱ་བ་དང་
རྗེས་སུ་མཐུན་ནོ། །དགེ་སློང་མས་བུད་མེད་ལ་ཕྱེ་མས་མི་གཏོར་རོ་ཞེས་བྱ་བ་ནི་ཁྲུས་ཀྱི་དུས་སུ་འམ་དུས་གཞན་ལ་ཡང་ཞེས་བྱ་བ་ཁྱད་པར་ཡོངས་སུ་མ་བཟུང་བ་སྒྲེན་མོ་ཉིད་བསལ་བ་ཞར་ལ་བསྒྲུབ་པ་བརྗོད་པ་ཡིན་ནོ། །ཤམ་ཐབས་ཀྱི་མཐའ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མ་མ་མདུད་པར་སྐས་ལ་
མི་འཛེག་གོ་ཞེས་བྱ་བ་ནི་ཤམ་ཐབས་ཀྱི་གོས་ཀྱི་མཐའ་མ་རྒྱབ་དང་འོག་མ་ནི་འོག་ནས་འབྱུང་བའི་མཐའ་མ་གང་གིས་ན་མདུད་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་སྨད་དཀྲིས་མཐོང་བ་ཡོངས་སུ་སྤང་བའོ། །ཤིང་ལ་སོགས་པ་ལ་འཛེག་པ་ཡང་སྨད་དཀྲིས་མཐོང་བ་བསྒྲུབ་པ་ཡིན་ནོ། །དེ་བས་ན་སྐབས་ཀྱི་

ཚིག་ནི་འདིར་དཔེ་ཙམ་དུ་རྟོགས་པར་བྱའོ། །རྒུད་པའི་དུས་སུ་འཛེག་པ་ལ་གསོ་བའི་དོན་དུ་འཛེག་པ་གང་ཞིག་གལ་ཏེ་ཤམ་ཐབས་དེ་ལ་འདི་ལྟར་མདུད་པས་ཉེ་བར་བཀག་པ་མིན་ནས་དེ་ལ་སྲུང་བ་ཉིད་དོ། །གལ་ཏེ་མ་ཡིན་ན་མ་ཡིན་ཞེས་བྱ་བ་ཤིང་ལ་འཛེག་པ་གནང་བས་རྗེས་
སུ་རྟོགས་པར་བྱའོ། །གཞན་གྱི་དུས་སུ་དེ་ལྟར་མི་བྱའོ་ཞེས་བྱ་བ་ནི་སྐས་ལ་འཛེག་པ་ལས་དུས་གཞན་དུ་ཤམ་ཐབས་ཀྱི་མཐའ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མདུད་པས་གནས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཁའི་ནང་ཡང་སྨད་དཀྲིས་པའི་ཕྱོགས་དང་མཐུན་པ་ཉིད་ཀྱི་ཕྱོགས་འདི་ལ་དེ་
སྒྲེན་མོ་ཡོངས་སུ་སྤང་བ་བརྗོད་པ་ཡིན་ཏེ། ཁ་མ་བཀག་པར་གདངས་པར་མི་བྱའོ་ཞེས་བྱ་བ་ལ། གོས་ལ་སོགས་པས་ཁ་མ་བཀབ་པར་གདངས་པ་གང་ཞིག་དེ་ནི་བསྟེན་པར་མི་བྱ་སྟེ། འདིར་གཞུང་ནི་དགེ་སློང་གླལ་བར་གྱུར་པས་ཁ་ལ་ལག་པས་དགབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་དཔེ་ནི་
ལག་པ་རྣམ་པར་གནས་པ་ཡིན་ནོ། །གླལ་བ་ཡང་འདོད་པ་བཞིན་དུ་བྱ་བ་སྟེ། གང་རྣམ་པར་གསལ་བའི་སླད་དུ་དེའི་དབང་དུ་བྱས་ནས་འདི་གསུངས་པ་ཡིན་ཏེ། ནུས་པ་མེད་པ་ལ་གང་ཞིག་ཁ་ཕྱེ་བ་དེ་བསྟེན་པ་ལ་སྐྱོན་མེད་དོ། །ཁྲུས་རས་བཅང་བར་བྱའོ། །ཉི་རིམ་ལ་ནི་སྲོག་ཆགས་དག་ཀུན་དུ་
འཆགས་སོ་ཞེས་བྱ་བ་ལ་བརྗོད་པར་བྱ་བ་ལ་ཀུན་དུ་ཞེས་བྱ་བ་ནི་གཞུང་མཛེས་པ་སྒྲུབ་པའི་ཕྱིར་ཉེ་བར་བཟུང་བ་སྟེ་འདི་ནི་རྒྱུ་མཚན་བསྟན་པ་ཡིན་ནོ། །གང་གི་ཕྱིར་ཉི་རིམ་ལ་སྲོག་ཆགས་རྣམས་འཆགས་པར་གྱུར་པ་དེའི་ཕྱིར་སྲོག་ཆགས་དང་བཅས་པའི་ཆུ་ལ་དེ་ལྟ་བུའི་གོས་ཀྱིས་ཁྲུས་མི་བྱའོ་ཞེས་བྱ་
བའི་དོན་ཏོ། །ཆོས་གོས་གསུམ་པས་ཀྱང་ངོ་ཞེས་བྱ་བ་ནི་ཁྲུས་རས་བཅང་བར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་སློང་ཆོས་གོས་གསུམ་པས་ཀྱང་ཁྲུས་རས་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་ནི་བྱིན་
གྱིས་མ་བརླབས་པར་ཡང་གཟུང་བར་བྱ་ཞེས་ཟེར་ཏེ། དེ་ནི་མི་རིགས་སོ། །བདག་གིས་ཁྲུས་རས་ཞེས་བྱ་བ་ཀུན་དུ་རྟོག་པ་མ་སྐྱེས་པ་རང་བཞིན་གྱིས་ལྡང་བའི་ཕྱིར་ངེས་པར་ཀུན་དུ་རྟོག་པ་འདི་འདིར་བསྐྱེད་པར་བྱའོ། །འདིར་ཡང་བསྐྱེད་པ་ལ་ཡིད་ཀྱིས་བྱིན་གྱིས་བརླབ་པར་བྱ་བ་ཉིད་འདིར་སྐྱེ་

བ་ཡིན་ཏེ། དེ་བས་ན་བྱིན་གྱིས་བརླབ་པ་གཞན་ལ་བྱ་བར་རིགས་པ་ཡིན་ནོ། །ངག་གིས་བྱིན་གྱིས་བརླབ་པ་ཤིན་ཏུ་བདེ་བ་ཉིད་ཀྱི་ཕྱིར་རོ། །གནང་བ་འདི་ཉིད་ལས་ནི་འདིས་ཡང་དག་པར་བླངས་པ་འདི་ལས་ཉམས་པར་འགྱུར་བ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །<མད་མེད་>ན་མདུན་དང་རྒྱབ་
ནས་ལོ་མ་དག་གིས་གླན་ལ་དབེན་པའི་ཕྱོགས་སུ་ཁྲུས་བྱའོ་ཞེས་བྱ་བ་ལ། ཐམས་ཅད་དུ་ཆོས་གོས་གསུམ་པ་ཉིད་ནི་མ་ཡིན་ཏེ། འདིར་གཞུང་ནི། གཞན་རྣམས་ལ་ཁྲུས་རས་ཀྱི་རྙེད་པ་མེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ཀྱི་མདུན་དང་རྒྱབ་ནས་ལོ་མ་རྣམས་ཀྱིས་
གླན་ལ་དབེན་པའི་ས་ཕྱོགས་སུ་ཁྲུས་བྱའོ་ཞེས་བྱ་བ་ཁྱད་པར་མེད་པར་གསུངས་པ་ཡིན་ནོ། །སྲོག་ཆགས་ཆགས་ན་བཤལ་བས་མེད་པར་འགྱུར་རོ་ཞེས་བྱ་བ་ནི་རིམ་པ་གཅིག་ལས་ཉི་རིམ་ལ་སྲོག་ཆགས་ན་ཞེས་བྱ་བ་འདི་ལས་རྟོགས་པའོ། །ལྷན་པ་ཅན་ཡང་ཉི་རིམ་མེད་པ་མ་ཡིན་ནོ། །དེ་བས་ན་
འདིས་སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་མི་བྱའོ་ཞེས་བྱ་བ་འདིར་གནས་པར་རིག་པར་བྱའོ། །དེ་གཙུག་ལག་ཁང་དུ་ནི་སྟོར་ཁུང་དུའོ་ཞེས་བྱ་བ་ནི་གལ་ཏེ་གཙུག་ལག་ཁང་དུ་འདི་ཁྲུས་བྱེད་ན་སྟོར་ཁུང་ཉིད་དུ་བྱ་སྟེ་གཞན་དུ་ནི་མ་ཡིན་ནོ། །བཙོག་ཆུ་ཡང་དབོ་བར་བྱའོ་ཞེས་བྱ་བ་ནི་རྐང་པ་བཀྲུས་
པ་ལ་སོགས་པའི་ཆུ་སྟོར་ཁུང་ཉིད་དུ་དབོ་བར་བྱའི་གཞན་དུ་ནི་མ་ཡིན་ནོ། །ཁྲུས་ཁང་བྱའོ། །དེར་སོ་ཕག་གི་གཅལ་དགྲམ་མོ་ཞེས་བྱ་བ་ལ། དེར་ནི་ཁྲུས་ཀྱི་ཁང་པ་ལ་བྱའོ། །སྟོར་ཁུང་གདོད་དོ། །ལྗན་ལྗིན་བསལ་བར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། སྟོར་ཁུང་གདོད་པར་བྱའོ། །ལྗན་ལྗིན་ཡོད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་བསལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འོན་ཀྱང་སྟོར་ཁུང་ཁོ་ནར་ཁྲུས་བྱའོ་ཞེས་གསུངས་པས་དེ་བསྡུ་བའི་ཕྱིར། སྟོར་ཁུང་དུ་ཁྲུས་བྱེད་ན་དེ་མི་འབྱུང་ངོ་ཞེས་བྱ་བ་
སྨོས་ཏེ། ལྗན་ལྗིན་ཞེས་བྱ་བ་རྗེས་སུ་འབྲེལ་ལོ། །ཁྲུས་བྱེད་པ་ནི་ཁྲུས་བྱེད་པའོ། །ལྗན་ལྗིན་བྱུང་བ་སོ་སོའི་ཆོ་ག་ལ་བརྗོད་པ་འདི་ཡིན་ནོ། །སྟོར་ཁུང་དུ་ཁྲུས་བྱེད་ན་ལྗན་ལྗིན་མི་འབྱུང་ངོ་ཞེས་བྱ་བ་སྟེ། སྟོར་ཁུང་ཉིད་དུ་ཁྲུས་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་ངེས་པར་གྱུར་པ་སྟེ།

ཁང་པ་ནི་ཁྲུས་ཀྱི་ཁང་པ་ཉིད་ཀྱི་ཕྱིར་རོ། །སོ་ཕག་གི་དུམ་བུས་བྲུད་པས་རྐང་པ་གཉིས་ལས་གཞན་པའི་ལུས་ལ་བྲུད་པར་མི་བྱའོ་ཞེས་བྱ་བ་ནི་སོ་ཕག་གི་དུམ་བུས་དགེ་སློང་གིས་ལུས་བྲུད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་གཞུང་ལས་སོ། །གཞན་པའི་ཞེས་བྱ་བ་ནི་རྐང་པ་
གཉིས་ལས་ཐ་དད་པའོ། །དེ་དག་ལས་ནི་བཀག་པ་མེད་དོ། །དེ་ནི་དཔེ་ཡིན་ནོ་ཞེས་བྱ་བ་ནི་བྲུད་པའོ། །རྫས་ཇི་ལྟ་བུ་ལ་ཤེས་པར་བྱ་ཞེ་ན། རྣོན་པོ་དང་བཞར་སྤྱད་དག་ལའོ། །རྣོན་པོ་ཞེས་བྱ་བ་ནི་མཚོན་ལ་སོགས་པའོ། །བཞར་སྤྱད་ཅེས་བྱ་བ་ནི་སྤུ་བ་ལ་སོགས་པ་སྟེ། སེམས་ཀྱི་རྣམ་
པར་འགྱུར་བ་སྒྲུབ་པར་བྱེད་པའི་ཕྱིར་རོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་སོ་ཕག་གི་དུམ་བུས་ལུས་ལ་བྲུད་པར་མི་བྱའོ་ཞེས་བྱ་བ་བཀའ་སྩལ་པ་དང་། དགེ་སློང་དག་ཉ་ཕྱིས་ཀྱིས་བྲུད་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉ་ཕྱིས་མི་རྣོ་བས་བྱའོ་ཞེས་གསུངས་
པ་ཡིན་ནོ། །འདིར་ཉ་ཕྱིས་རྣོ་བ་ཉིད་འདིར་བཀག་པའོ། །དེ་བས་ན་སོ་ཕག་གི་དུམ་བུ་ནི་དཔེ་ཡིན་ནོ། །རྣོན་པོ་བཞན་ལ་ཡང་གཞར་སྤྱད་ཀྱི་རྫས་ལ་དེས་ཀྱང་ལུས་ལ་བྲུད་པར་མི་བྱའོ། །ཉ་ཕྱིས་ནི་མེས་སྦྱང་ངོ་ཞེས་བྱ་བ་ནི་འདི་ལ་མེས་རབ་ཏུ་གདུང་བ་ཙམ་སྦྱང་བ་སྟེ། གཞན་ནི་ཉ་ཕྱིས་ཉམས་
པའི་ཕྱིར་རོ། །དགེ་སློང་མས་ནི་གང་དུ་ཡང་ཁུ་ཚུར་དག་དང་གོས་གྲིལ་བ་དག་ཡན་ཆད་གང་གིས་ཀྱང་བྲུད་པར་མི་བྱའོ་ཞེས་བྱ་བ་ནི་ཅུང་ཟད་ཅེས་བྱ་བ་ནི་ལུས་ཏེ། འཇམ་པའི་བུད་མེད་ཀྱི་ལུས་ཏེ། འཇམ་པ་དང་རྩུབ་པ་མ་ཡིན་པ་ལས་ཀྱང་དེ་ལ་རྣམ་པར་འགྱུར་བ་བསྒྲུབ་པའོ། །ཤིན་ཏུ་ཁྲུས་པས་འདི་བྱེད་པ་ལ་བུད་མེད་
ལ་བཞར་སྤྱད་ཉིད་ནི། དེའི་ཕྱིར་དགེ་སློང་མ་རྣམས་ལ་ཐམས་ཅད་བཀག་པའོ། །ཅུང་ཟད་ཁུ་ཚུར་ལས་འཇམ་པ་ལས་གཞན་པའི་གོས་འབྱུང་བ་ཡིན་ནོ་ཞེས་བྱ་བའོ། །ཁུ་ཚུར་ཙམ་ཉིད་ཀྱིས་བརྗོད་ནས་གོས་དྲིལ་བའི་ཚིག་གོ། །གཤེར་འགྱུར་གྱི་ཆུ་དང་མ་བྲལ་བས་ཆོས་གོས་དག་བགོ་བར་མི་བྱའོ་
ཞེས་བྱ་བ་ནི་བགོ་བར་གྱུར་པའི་གོས་ཉམས་པ་ཡོངས་སུ་བསལ་བའི་དོན་དུ་འདི་ཡིན་ནོ། །དེ་བས་ན་འདི་རྣམས་ལ་གཤེར་འགྱུར་གྱི་ཆུ་དང་མ་བྲལ་བས་གང་ལ་ཞེས་བྱ་བ་ཤེས་པའོ། །གང་ཞིག་མཐོང་བའི་ཕྱིར་བཅུག་པ་མི་འདོད་པ་དེའི་སླད་དུ་འོག་མའི་ཆོ་ག་དག་གོ། །ལུས་ཕྱིས་བཅང་བར་

བྱའོ། །མེད་ན་ཡུད་ཙམ་ཞིག་ཙོག་པུར་འདུག་ལ་ཁྲུས་རས་ཀྱིས་ཕྱི་བར་བྱའོ་ཞེས་བྱ་བ་ནི་འཇུག་པ་ཇི་ཙམ་གྱིས་འགྲུབ་པས་ཁྲུས་རས་ཀྱིས་ཕྱིས་པས་དོན་བསྒྲུབ་པ་དེ་ཙམ་གྱིས་འདི་ལ་ཇི་ཙམ་པའི་དུས་ཀྱི་ཚད་ཀྱིས་བསྒྲུབ་པ་དེ་ཉེ་བར་མཚོན་པ་ནི་འདར་ནི་ཡུད་ཙམ་མོ། །ཆུང་བ་དག་གིས་དེ་ལ་ཡུད་ཙམ་ཞེས་བྱ་བ་
འདི་བརྗོད་པའོ། །ཙོག་པུར་འདུག་པ་ཞེས་བྱ་ནི་དེ་བཞིན་དུ་མྱུར་དུ་འགྲོ་བའི་ཆུ་ལ་ལུས་ལས་བསྒྲུབ་པའོ། །འདིར་གནས་པའི་སྦས་པའི་ངོ་བོ་སྟེ། དེ་བས་ན་འདི་སྒྲེན་མོས་བསྟེན་པ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་དག་པར་བསྟན་པའོ། །བསྲོ་ཁང་བསྟེན་པར་བྱའོ། །བསྲོ་ཁང་
གི་ཁང་པ་བྱ་བ་ནི་གྲམ་ས་ཆེ་བར་བཟང་ངོ་ཞེས་བྱ་བ་ནི་བསྲོ་ཁང་གི་དོན་དུ་ཁང་པ་ནི་ཁང་པ་སྟེ། གྲམས་ཆེ་བའི་ས་ཕྱོགས་ལ་ཁང་པ་བྱ་ཞེས་བྱ་བའོ། །འདིར་གཞུང་ནི་ཕྱོགས་རྣམས་ལ་འདི་སོང་བ་ལ་ཡང་མ་རྫོགས་པའི་དོན་བསྒྲུབ་པ་ཡིན་ཏེ། གྲམ་ས་ཆེ་བ་ལ་ནི་ཡོངས་སུ་རྫོགས་པའི་དོན་སྒྲུབ་
པར་བྱེད་པ་ཉིད་ཀྱི་ཕྱིར་རུང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གནས་ལ་ཡང་རུང་བའི་སྒྲ་སྦྱོར་བར་རིག་པར་བྱའོ། །བསྲོ་ཁང་གི་ཁང་པ་དེ་ལ་གང་ཞིག་བྱ་བ་དེ་ཉེ་བར་བསྟན་པའི་ཕྱིར། དཀྱིལ་དུ་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུ་གདོད་དོ་ཞེས་བྱ་བ་སྨོས་ཏེ། ཁང་པ་
ལ་བརྟེན་པའི་རྩིག་པའི་དབུས་སུ་སྟེང་འོག་དང་སྟེང་དུ་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེར་སྐར་ཁུང་དྲ་བ་ཅན་དང་སྒོ་གླེགས་དང་འཁོར་གཏན་དང་གནམ་གཟེར་དང་འཕྲེད་གཏན་དང་བཅས་པ་གཞུག་གོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་སྐར་ཁུང་ལའོ། །དབྱུག་གུ་སྐམ་ཁ་ཡང་ཉེ་བར་གཞག་
གོ་ཞེས་བྱ་བ་ནི་དེར་ཞེས་བྱ་བ་འདི་དང་འབྲེལ་པ་ཉེ་བར་བསྒྲུབ་པའི་དོན་དུ་ཡང་གི་སྒྲའོ། །དབྱུག་གུ་སྐམ་ཁས་སྐར་ཁུང་གི་འཕྲེད་གཏན་གཞུག་པ་དང་དབྱེ་བའོ། །སྒོར་སྒོ་གླེགས་དང་སྒོ་གཏན་དང་ཡང་མིག་དང་ལག་གཟུངས་ལེགས་པར་བྱའོ་ཞེས་བྱ་བ་ལ། སྒོར་ཞེས་བྱ་བ་ནི་བསྲོ་ཁང་གི་སྒོ་
ལའོ། །ཆུ་དྲོན་གཞག་པའི་ཕྱིར་ནང་གི་ཕྱོགས་སུ་གཞག་སྟེགས་བྱའོ་ཞེས་བྱ་བ་ལ། གཞག་སྟེགས་ནི་སྟེགས་བུ་སྟེ་གང་ལ་ཆུའི་བུམ་པ་རྣམས་འཇོག་པ་ཡིན་ནོ། །མེ་འབུད་པའི་གནས་ཀྱི་སར་སོ་ཕག་གི་གཅལ་བྱའོ། །མེ་མི་འཆི་བའི་ཕྱིར་སྦ་བར་བྱའོ་ཞེས་བྱ་བ་ནི་ཟླུམ་པོར་བྱ་བའོ། །དེའི་

ཆེད་དུ་ལྕགས་ཀྱི་ཐལ་ཕྱགས་བཅང་བར་བྱའོ་ཞེས་བྱ་བ་ལ། དེའི་ཆེད་དུ་ཞེས་བྱ་བ་ནི་མེ་སྦ་བའི་ཆེད་དུའོ། །མེ་འབར་བ་ན་མི་རྨྱ་བར་བྱ་བའི་ཕྱིར་འཇུག་པ་བསྡད་པར་བྱའོ་ཞེས་བྱ་བ་ནི་བསྲོ་ཁང་ལའོ། །བོག་པ་མི་འབྱུང་བར་བྱ་བའི་ཕྱིར་ཕྱེ་དང་ཉུངས་མར་དུ་བསྲེས་པ་དག་མེར་
བླུགས་སོ་ཞེས་བྱ་བ་ལ། མེའི་ངར་ནི་བོག་པའོ། །དྲི་མི་ཞིམ་པ་ཉིད་བསལ་བའི་ཕྱིར་བདུག་སྤོས་བླུགས་སོ་ཞེས་བྱ་བ་ནི་གང་ཞིག་དེའི་ཕྱེ་རྣམས་ཀྱིས་དྲི་མི་ཞིམ་པར་བྱས་པས་སོ། །མཆི་མ་འཛག་ན་ནས་ཀྱི་བག་ཟན་གྱིས་བཅད་དོ། །སྐྱུ་རུ་རའི་ཕྱེ་མ་སྦྲུས་པའི་ཆང་བུས་ཀྱང་ངོ་། །དེར་རྩྭ་བམ་གྱི་སྟན་
གདིང་ངོ་ཞེས་བྱ་བ་ལ། དེའི་བསྲོ་ཁང་ལ་རྩྭ་བམ་གྱི་སྟན་གདིང་ངོ་། །འདི་ལ་ཆགས་པས་སྟན་གདིང་བའི་དོན་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གནང་བའོ། །ས་གཞིར་སྐྱེས་པ་ཉིད་ཀྱིས་སམ་སྦངས་པས་གཤེར་བའི་རྩྭ་གཤེར་བ་དག་དགྲམ་མོ་ཞེས་བྱ་བ་ནི་དེ་ལ་སྐྱེས་པ་ཉིད་ནི་གང་ཞིག་སྐྱེས་པ་ཉིད་ཀྱིས་
གཤེར་བ་ཉིད་དོ། །དེ་མེད་ན་གང་ཞིག་སྐྱེས་པ་སྦངས་པས་གཤེར་བ་ཉིད་དེ་ལ་བསྟེན་པར་བྱའོ། །འདི་ལ་དོན་ནི་ཚབ་མེད་པའོ། །གཡན་པ་ཕྲུག་པའི་ཆེད་དུ་ལྕགས་ཀྱི་ཕྲུག་སྤྱད་བྱ་བའོ། །རྫས་ཀྱི་གླས་ལུང་མིག་ནས་ཐག་གུས་བཏགས་ཏེ་དབེན་པར་གཞག་གོ། །དེ་ལ་དྲི་མ་མེད་པ་ཉིད་དུ་
བསྒྲུབ་པའི་ཕྱིར་མེས་རུང་བར་བྱའོ། །དེར་ཁྲུས་མི་བྱའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་བསྲོ་ཁང་ལའོ། །དེའི་ཆེད་དུ་ཁྲུས་ཁང་བྱའོ་ཞེས་བྱ་བ་ལ། དེའི་ཆེད་དུ་ཞེས་བྱ་བ་ནི་ཁྲུས་ཀྱི་ཆེད་དུའོ། །ཁྲུས་ཆུ་ལྡུགས་པའི་ཆོས་གོས་དག་མི་ཉམས་པར་བྱ་བའི་ཕྱིར་སོ་ཕག་གིས་བསྒྲོན་པའི་ཁྲུས་དོང་
བྱའོ་ཞེས་བྱ་བ་ནི་ཁྲུས་ཆུ་ལྡུགས་པའི་ཆོས་གོས་རྣམས་མི་ཉམས་པར་བྱ་བའི་ཕྱིར་དོང་དུ་ཞུགས་པས་ནི་ཁྲུས་བྱ་བ་ལ་ཁ་ན་སྡོད་པས་ནི་ཆུ་བླུགས་པར་བྱ་སྟེ། དེ་བས་ན་ཉམས་པར་མི་འགྱུར་རོ། །དེ་ལ་སྟོར་ཁུང་གདོད་དོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་སྟོར་ཁུང་ལའོ། །ཆུ་ཧ་ཅང་ཚ་ན་ཕྱི་མ་རྣམས་
ལ་སྦྲན་པར་བྱའོ་ཞེས་བྱ་བ་ནི་ཆུ་ཚ་བར་ཤེས་ནས་ཕྱི་མ་རབ་ཏུ་བྱུང་བ་རྣམས་ལ་སྦྲན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེར་གྲང་མོས་བསྲེའོ་ཞེས་བྱ་བ་ནི་ཆུ་ཚ་བ་ལའོ། །ཆག་ཆག་གིས་ཆུ་ལ་སོགས་པར་ཡང་ངོ་ཞེས་བྱ་བ་ནི་ཆག་ཆག་གིས་ཆུ་ལ་སོགས་པའི་དོན་དུ་ཡང་གྲང་མོས་འདི་ལ་བསྲེའོ། །ཐལ་

བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་གིས་བཀང་བའི་གྱོ་མོ་དག་གཞག་པར་བྱའོ། །གལ་ཏེ་ཉམས་དམས་པར་གྱུར་ན་ཁྱེའུ་སུས་བྱའོ། །དེར་ངོ་མི་ཤེས་པ་ཞིག་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་ན་དེར་གཏོགས་པས་ངེས་པར་ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་ཞིང་དེའི་ཆེད་དུ་མི་འཇུག་པར་བྱ་བའི་ཕྱིར་
དགེ་སློང་བསྒོ་བ་བསྐོའོ་ཞེས་བྱ་བ་ལ། ཤན་བསྲེ་བས་ཞེས་བྱ་བ་ནི་ཁོ་བོ་ཁྱེད་ཅག་ལས་གང་ཡང་རུང་བ་ཞིག་ཡིན་ནོ་ཞེས་བྱ་བ་གསེབ་ཏུ་འཇུག་པར་བྱ་བས་སོ། །དེར་གཏོགས་པ་ཞེས་བྱ་ནི་བསྲོ་ཁང་ན་རྣམ་པར་གནས་པའི་དགེ་སློང་གིས་ཏེ་དེས་དྲི་བར་བྱའོ། །ཇི་ཞིག་གི་ཕྱིར་ཞེ་ན། ཇི་ཆོས་འདི་པའི་དགེ་
སློང་ཞིག་གམ་འོན་ཏེ་འཚོ་བ་པ་ལ་སོགས་པ་ཞིག་ཡིན་ཞེས་ཏེ་དེ་ལྟར་ངེས་པར་ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་ཞིང་། དེའི་ཆེད་དུ་སྒོ་བ་བསྐོའོ་ཞེས་བྱ་བ་འདི་མི་ཤེས་པ་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་པ་དེ་ངེས་པར་ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་བ་དང་མི་འཇུག་པར་བྱ་བའི་ཕྱིར་ཞེས་བྱ་བའོ། །འདི་
ནི་བདག་ཅག་ལས་གང་ཡང་རུང་བ་ཡིན་པས་ཞེས་བྱ་བའི་དྲི་བས་འདི་ཤེས་པ་ལའོ། །བསྒོ་བ་ཇི་ལྟ་བུ་ཞིག་ཅེ་ན། དགེ་སློང་ཞེས་བྱ་བ་སྨོས་ཏེ། འདི་ནི་དཔེ་ཡིན་གྱི་བསྙེན་པར་རྫོགས་པར་མ་བྱས་པའི་རབ་ཏུ་བྱུང་བ་ལ་ཡང་དགེ་སློང་མ་རྣམས་ལ་དེའི་ཕྱོགས་སུ་གྱུར་པའི་གང་ཟག་ལའོ། །དེར་མ་དད་པ་
འཇུག་ཏུ་མི་གཞུག་པའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་བསྲོ་ཁང་ལའོ། །སོ་སོར་གནས་བཞིན་པ་ལ་ཡང་ཤན་བསྲེ་བས་སོ། །འདི་ནི་འདིར་སྒོ་སྐྱོང་གི་དོན་གཞན་ཡིན་ནོ། །དེར་བྱི་དོར་གྱི་ལས་ནི་ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་བྱའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་བསྲོ་ཁང་ལའོ། །
གཞན་ལས་ནི་གཞོན་རབས་དག་གིས་ཞེའོ་ཞེས་བྱ་བ་ལ། འདི་ནི་འདོད་པ་གཞན་རབ་ཏུ་བསྟན་པ་ཡིན་ནོ། །ཁ་ཅིག་རྣམས་ལ་ནི་འདོན་པ་གཞན་ཡིན་ཏེ། གཞོན་རབས་དག་གིས་བྱི་དོར་གྱི་ལས་བསྲོ་ཁང་གི་ལས་ཞེས་བྱ་བའོ། །བྱི་དོར་གྱི་ལས་ཀྱི་ངོ་བོ་བསྟན་པའི་ཕྱིར་སྦྲེན་པ་དང་ཟངས་དང་འབྲུ་མར་དང་།
སོ་ཤིང་དང་བ་ལང་གི་ལྕི་བ་དང་། ས་དང་བྱེ་མ་དང་ཆུ་ལ་སོགས་པ་ཉེ་བར་གཞག་པ་དང་། ཤིང་བརྟག་པ་དང་དྲིལ་ཕྱིས་དང་། སྣུམ་གྱིས་བསྐུ་བ་དང་བཀྲུ་བ་དང་། ཕྱགས་པ་དང་ཕྱག་དར་དོར་བ་ལ་སོགས་པའོ། །དེ་དག་གི་ནི་གཅིག་གིས་གཅིག་ལའོ་ཞེས་བྱ་བ་སྨོས་ཏེ། གཙུག་ལག་ཁང་གི་ནང་ན་

གནས་པ་རྣམས་དང་ལྷན་ཅིག་ཏུ་དྲིལ་ཕྱིས་ལ་སོགས་པའི་ལས་ལ་གཅིག་ལ་གཅིག་བསྒོ་བའོ། །ཁྲིའུ་དང་ཉ་ཕྱིས་དག་ཀྱང་གཙང་སྦྲ་ཉིད་བྱས་ནས་གནས་ཇི་ལྟ་བར་གཞག་གོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འཕེན་པའི་ལས་བསྡུ་བ་ནི་མ་མོ་ལས་འདར་ཞེས་བྱ་བ་ལ་སོགས་པ་
ནས་མདུན་དུ་འདུག་སྟེ་མེ་མི་འདེའོ་ཞེས་བྱ་བའི་བར་དུའོ། །སྣོད་སྤྱད་ཐམས་ཅད་ལ་ཆོ་ག་དེ་བཞིན་ནོ་ཞེས་བྱ་བ་ནི་གཙང་སྦྲ་ཉིད་བྱས་ཏེ། གནས་ཇི་ལྟ་བར་གཞག་གོ་ཞེ