Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 160

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
ཡང་མ་ཡིན་ནོ། །འདིར་གང་ཟག་ནི་སློང་བར་རིགས་པར་བརྗོད་པར་རིག་པར་བྱའོ། །ཉེ་དུ་མ་ཡིན་པ་ལས་ཆོས་གོས་སློང་བ་རིགས་པ་ཞེས་བྱ་བ་བྱས་ནས་སོ། །སླར་ཡང་དེ་གང་ཞེ་ན་ཆོས་གོས་ཕྲོགས་པ་ལ་སོགས་པའོ། །གང་ལས་འདིར་ཉེས་བྱས་བརྗོད་པ་ཉིད་ཀྱིས་
སློང་བར་མི་རིགས་པ་སློང་བའི་རྙེད་པ་ལ་སྔ་མའི་ལྟུང་བའོ། །འདི་ནི་སློང་བར་རིགས་པ་སློང་བར་བྱེད་པའི་དབང་གིས་བྱས་པའོ། །དེ་གང་ལས་འབྱུང་ཞེ་ན། སོ་སོར་ཐར་པའི་མདོ་ལས་ཆོས་གོས་ཆུས་ཁྱེར་ན་ཉེ་དུ་མ་ཡིན་པའི་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མའི་དྲུང་དུ་སོང་སྟེ་ཆོས་
གོས་བླང་བར་བྱའོ། །དེ་ལ་གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཆོས་གོས་རབ་ཏུ་མང་པོ་དག་དུས་ཀྱིས་སྟོབས་པར་གྱུར་པ་ན་དགེ་སློང་དེས་འདོད་ན་ཆོས་གོས་དེ་ལས་སྟོད་གཡོགས་དང་སྨད་གཡོགས་སུ་བཅས་པ་མན་ཆད་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ་
ཞེས་སློང་བར་རིགས་པས་བླངས་ཏེ་ཐོབ་པ་ན་ལྟུང་བྱེད་དོ་ཞེས་རྣམ་པར་གཞག་པའི་ཕྱིར་རོ། །གང་ཞིག་ཡང་རྣམ་པར་འབྱེད་པ་ལས་དགེ་སློང་གིས་ཁྱིམ་གྱི་ནང་དུ་འོག་མ་འོག་མ་ལ་སློང་བར་བྱེད་ཅིང་། དེ་བླངས་པ་ན་ཉེས་བྱས་སུ་འགྱུར་ཏེ་སྤང་བའི་ལྟུང་བྱེད་དོ་ཞེས་བརྗོད་དོ། །དེ་ལ་སྦྱོར་བ་
ཐོབ་པའི་ཕྱིར་སྔར་གྱི་བསླབ་པའི་གཞི་བརྗོད་པ་དངོས་གཞི་ཐོབ་པའི་ཕྱིར་གཉིས་ཀ་དང་འབྲེལ་པ་འདིར་བསླང་བར་བྱ་བ་དང་། སློང་བར་བྱེད་པའི་དབང་ཉིད་ཀྱིས་དེ་རྙེད་པ་འཛིན་པ་མ་ཡིན་ཏེ། གཞན་ཡང་བསླང་བར་བྱ་བ་དང་བསླབ་པའི་དབང་གིས་ཀྱང་བསླབ་པའི་གཞི་འདི་དང་འབྲེལ་པའོ། །

གཞན་དུ་ན་དངོས་གཞི་ལོངས་མ་སྤྱད་པ་ཉིད་ཐོབ་པའི་ཕྱིར་བསླང་བར་བྱ་བ་མ་ཡིན་པའི་དབང་གིས་གསུངས་པ་གང་ཡིན་པ་དེ་ནི་སྔར་གྱི་བསླབ་པའི་གཞི་དང་འབྲེལ་པ་བསླང་བར་བྱ་བ་དང་། སློང་བར་བྱེད་པ་གང་ཡིན་པ་དེ་ནི་འདིར་བསླབ་པའི་གཞི་ལས་འབྲེལ་པའོ། །ཟུང་བསླང་བར་བྱ་བ་ཉིད་ཅེས་བྱ་བ་
འཆད་པར་འགྱུར་བ་དེའི་རང་བཞིན་བསྟན་པར་བྱ་སྟེ། ཁྱིམ་པའི་སྟོད་གཡོགས་ཆེ་ཚད་ནི་རས་ཡུག་ཆེན་ཁྲུ་བཅུ་གཉིས་པའོ། །སྨད་གཡོགས་ནི་རས་ཡུག་ཕྲན་བདུན་པ་དང་དོ་པའོ་ཞེས་བྱ་བ་ནི་འདིར་དགེ་སློང་གི་སྟོད་གཡོགས་ཆེ་ཚད་ཀྱི་རྐྱེན་མངོན་པར་འདོད་པ་ཞེས་བྱ་བ་རྣམ་པར་གནས་པ་ཡིན་
ནོ། །དེ་བས་ན་དངོས་པོ་གསུམ་ནི་འདིར་ཆེ་ཚད་ཅེས་བྱ་བར་རྟོགས་པར་བྱའོ། །དགེ་སློང་གི་ཆེ་ཚད་ནི། སྣམ་སྦྱར་དང་ཤམ་ཐབས་ཀྱི་རིམ་པ་ཇི་སྐད་བསྟན་པའོ་ཞེས་བྱ་བ་ནི། འདིར་ཆེ་ཚད་ཅེས་བྱ་བར་སྦྱར་རོ། །ཟུང་བསླང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་སྟོད་གཡོགས་དང་སྨད་གཡོགས་ཀྱི་
ཟུང་འདི་ལ་ཁྱིམ་པ་དག་དང་། དགེ་སློང་གི་ཟུང་འདི་དག་ལས་གང་བསླང་བར་བྱ་བ་ཉིད་ཡིན་ཅེ་ན། དེའི་ཕྱིར་གང་ཡང་རུང་བའོ་ཞེས་བྱ་བ་ནི། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་འམ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པའོ་ཞེས་བྱ་བའི་དོན་ཏོ། །
ཤུགས་ཀྱིས་རྟོགས་པ་དང་དངོས་སུ་བརྗོད་པར་བྱ་སྟེ། ཚད་དེ་ལས་ལྷག་པ་ནི་བསླང་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཐ་དད་པར་གྱུར་ཀྱང་རུང་ཐ་དད་པར་གྱུར་པ་མ་ཡིན་པ་ཡང་རུང་སྟེ། ཚད་ལས་ལྷག་པར་བསླང་བར་བྱ་བ་མ་ཡིན་ནོ། །དེའི་སྔ་མ་ཉིད་ལ་བསླབ་པའི་གཞི་ལས་ལྟུང་བའོ། །
འདིར་ཟུང་བཤད་པའི་ཚད་གཙོ་བོ་བརྗོད་པར་འདོད་པ་མ་ཡིན་པ་གཅིག་དང་འབྲེལ་པ་ཉིད་དེར་བྱས་པར་འགྱུར་རོ། །འདིས་ཐ་དད་དུ་གྱུར་པ་ལ་ཆུང་བ་རྙེད་པ་ལ་རྫོགས་པར་བྱེད་པ་ལ་བླངས་པ་ཉིད་དོ། །དེ་ནི་ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ལས་འདའ་བར་བརྗོད་པར་བྱ་སྟེ། ཚད་དེ་
ལས་ལྷག་པར་ནི་བསླང་བར་བྱ་བ་ཉིད་མ་ཡིན་ནོ། །སྔ་མ་ལས་ན་ཁ་བསྐང་བ་ཡང་ངོ་ཞེས་བྱ་བ་ནི་བསླང་བར་བྱ་བ་ཉིད་མ་ཡིན་པའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །སྔ་མ་ཞེས་བྱ་བ་ནི་ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་མ་ཆོག་པ་རྙེད་པ་ལ་དེའི་ཁ་བསྐང་བ་བསླང་

བར་མི་བྱ་བའི་དོན་ཏོ། །ཁྱིམ་པའི་ཆེ་ཚད་ནི་ཁྲུ་བཅུ་གཉིས་པའོ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པ་ལ་ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ཀྱི་ཚད་དུ་གསུངས་སོ། །དེ་བས་ན་འདི་ལས་ཆུང་བ་ཐམས་ཅད་ཉིད་དུ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ལ་མེད་པ་མ་ཡིན་ནོ། །
སླར་གང་ཞིག་འདིའི་མཐར་ཐུག་པའི་རིགས་པ་ཡིན་ཏེ། རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང་། རས་ཡུག་ཕྲན་བདུན་པ་དང་། དོ་པ་མན་ཆད་ནས་རས་ཡུག་ཆེན་ཁྲུ་ཕྱེད་དང་གསུམ་པ་དང་། ཇི་སྲིད་དུ་ཕྱེད་པ་དང་ལྔ་པའི་བར་དང་རས་ཡུག་ཕྲན་འཁོར་གསུམ་ཁེབས་པའི་ཚད་ཀྱི་བར་ནི་ཆུང་བའི་
མཐའ་ཡིན་པར་རིག་པར་བྱའོ། །གང་གི་ཕྱིར་འདིའི་དོན་གྲུབ་པ་ཉིད་ལ་མ་བླངས་པ་ཉིད་ནི་རྒྱུ་ཉིད་འདིར་མཐར་ཐུག་པའི་དོན་མཐར་ཐུག་པའི་ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ཐོབ་པ་ལ་ཁྲུ་བཅུ་གཉིས་པ་ལ་སོགས་པ་ཁ་སྐོང་བར་བྱེད་པ་ལ་འདི་བསླང་བར་མི་བྱ་བ་ཉིད་བསྟན་པའོ། །
མཐར་ཐུག་པར་གྱུར་པ་ལས་ཀྱང་མ་ཆོག་པ་རྙེད་པ་ལ་བླངས་པ་ཉིད་ཁོ་ན་ཞེས་བྱ་བར་རིག་པར་བྱའོ། །ཆོས་གོས་མ་དྲས་པར་འཆང་བར་འདོད་པ་ལས་ལྷག་མ་གང་ཞིག་ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་འདོད་པ་འདི་ལ་མ་ཆོག་པ་ཉིད་ཀྱིས་རྫོགས་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་
མ་ཚང་བ་འདི་ལ་བསླང་བར་བྱ་བ་ཉིད་མ་ཡིན་ནོ། །ལྷག་པ་སྦྱིན་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ཙམ་གྱིས་ཡང་མཆོག་ཏུ་གྱུར་པའི་དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་ཡོངས་སུ་རྫོགས་པ་དེ་ཙམ་ལ་ཡིན་གྱི། འདི་ལས་འོག་ཏུ་མ་ཡིན་ནོ། །ཕྱི་མ་ཐོབ་ན་ལྷག་མ་སྦྱིན་
པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་གིས་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པ་སློང་བར་བྱེད་པ་ནི་ཚད་ལས་ཆེས་ལྷག་པ་ཞིག་ཐོབ་ན་དེ་ནི་སྦྱིན་བདག་དེ་ཉིད་ལ་སྦྱིན་པར་བྱ་བ་སྟེ་ཡོངས་སུ་རྫོགས་པའི་དོན་ལས་འདི་ལྷག་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་ལོངས་སྤྱོད་པའི་དོན་དུ་
ངོ་བོ་གང་ཞིག་ཚིག་རྐྱང་ལ་སོགས་པ་འདོད་པ་དེས་འདིར་རྣམ་པར་གཞག་པར་རིག་པར་བྱའོ། །བོར་རླག་བྱུང་བ་ཉིད་ལ་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་ཆོས་གོས་ལེན་པ་ལ་རྗེས་སུ་གནང་བ་གང་ཡིན་པ་དེའི་སྟོད་གཡོགས་དང་སྨད་གཡོགས་མེད་པ་དེར་གཙོ་བོ་ཉིད་དོ། །འདི་ཙམ་ནི་གཟུང་བར་

བྱ་བ་ཉིད་དོ། །ཡོངས་སུ་མ་རྫོགས་པ་འདི་མེད་པ་ལ་རྫོགས་པ་ཙམ་ལ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ། །གང་གི་ཕྱིར་འདི་ལ་ལྟུང་བ་མེད་དོ་ཞེས་བྱ་བ་སྔར་བརྗོད་པ་དེ་ཡང་འདི་ལས་སྟོད་གཡོགས་དང་སྨད་གཡོགས་ཙམ་ཉིད་ལ་ཞེས་བྱ་བ་ཤེས་པར་བྱའོ། །གང་གི་ཕྱིར་སློང་བ་ལ་ཞུགས་པ་ཉིད་
ནི་འདིར་ཕྱི་མ་སོ་སོར་འཛིན་པ་སྤོང་བར་བྱེད་པའི་རྒྱུ་ཡིན་ཏེ། དེ་བས་ན་སློང་བ་ལ་མ་ཞུགས་པ་ཉིད་ལ་ཆོས་གོས་མེད་པ་ཉིད་དང་ཆོས་གོས་ཡོངས་སུ་རྫོགས་པ་ཉིད་ཐོབ་པ་ལ་ཤིན་ཏུ་མང་བ་ཡིན་ན་ཡང་འདི་ལ་འཛིན་པ་སྐྱོང་མེད་པ་ཞེས་བྱ་བར་རྟོགས་པར་བྱའོ། །ཅི་སྟེ་བླངས་པ་གཞན་རྣམས་ལ་དེ་
སྔོན་དུ་འགྲོ་བ་ཅན་གྱིས་དོན་བསྒྲུབ་པ་རྣམས་ལ་གཏོགས་པ་གང་ཡིན་པ་དེ་ཙམ་གྱི་ཆོས་གོས་ལ་སྐྱོན་ཡོད་པ་མ་ཡིན་ཏེ། ཆོས་གོས་མ་ཡིན་པ་ལ་དགོས་པ་མེད་པའམ། ལྷག་པ་འཆང་བའི་དགོས་པ་ཅན་ཡོད་པ་ཞེས་བྱའོ། །སློང་བར་རིགས་པ་ཡིན་ནོ་སྙམ་དུ་རྟོགས་པ་འདིས་སློང་བ་ལ་ཞུགས་ན་
བྱ་བ་གང་ལ་ལྟུང་བར་འགྱུར་ཞེ་ན། དེའི་ཕྱིར་བསླང་བར་བྱ་བ་མ་ཡིན་པ་བསླངས་ན་ཉེས་བྱས་སོ། །ཐོབ་ན་དངོས་གཞིའོ་ཞེས་བྱ་བ་ནི་གང་ཞིག་དགེ་སློང་ལ་གོས་དང་ཁ་ཟས་ལ་སོགས་པ་རུང་བ་མ་ཡིན་པ་དེ་སློང་བ་ལས་ཉེས་བྱས་སོ། །བསླངས་ནས་རྙེད་ན་དངོས་གཞིའོ། །མ་རྙེད་ན་ཉེས་
བྱས་སོ། །དོན་གྱིས་སྔ་མར་གཏོགས་ཏེ་འདི་ནི་ཉེས་བྱས་སོ། །གལ་ཏེ་དངོས་གཞིའི་ལས་སློང་བ་འདི་ནི་འདིའི་བསླང་བར་བྱ་བ་ལས་སྔར་རྙེད་པའོ། །བསླང་བར་བྱ་བ་མ་ཡིན་པ་སློང་བར་བྱེད་པ་སྦྱིན་པར་བྱ་བ་མི་སྦྱིན་ན་ཡང་ངོ་ཞེས་བྱ་བ་ལ་དངོས་གཞིའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་
ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །བསླང་བར་བྱ་བ་མ་ཡིན་པ་བསླངས་པས་མ་ཐོབ་པ་ལ་འདིར་ལྷག་པར་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨོས་པས་ཐོབ་པ་ཉིད་ལ་གཞན་ལ་ལྟུང་བ་འགྲུབ་པ་ལ་ཡང་མི་རིགས་པའི་ཕྱིར་སྦྱིན་པར་བྱ་བ་ཉིད་དེ། དེ་བས་ན་འདི་ཉིད་འདིར་མ་སྦྱིན་ན་དངོས་གཞིའི་ཞེས་བྱ་
བར་རྟོགས་པར་བྱའོ། །སློང་བར་རིགས་པའི་སྤང་བའོ།། །།སྤགས་པ་སློང་བའི་སྤང་བ་ནི་སློང་བའི་རབ་ཏུ་དབྱེ་བར་གྱུར་པ་ཡིན་པས་སྤགས་པ་སློང་བའི་སྤང་བ་དེ་ཉིད་འདིར་ཆོ་ག་ཐོབ་པའི་བསམ་པ་ཙམ་གྱི་བྱེ་བྲག་དེ་ལ་དེའི་ཆོ་ག་ཐོབ་པ་ལ་འདི་ལ་བརྗེད་པར་བསྒྲུབ་པར་འགྱུར་ཏེ།

དེའི་ཆོ་ག་ཡོངས་སུ་ཐོབ་པ་བསྒྲུབ་པའི་དོན་དུ་བྱེ་བྲག་འདི་མཚུངས་པ་ཉིད་བརྗོད་པར་བྱ་སྟེ། དེའི་ཕྱིར་སྤགས་པ་མ་ཕུལ་བ་ཤེས་པ་ནི་མ་སྤགས་པ་དང་འདྲའོ་ཞེས་བྱ་བ་སྨོས་ཏེ། འདིར་ཡུལ་གྱི་ཁྱད་པར་ནི་བྱེ་བྲག་གོ་ཞེས་བྱ་བ་འདི་ཙམ་གྱི་མཚུངས་པ་ཉིད་བརྗོད་པས་
མ་ཕུལ་བ་ཡོད་པར་གྱུར་པ་ལ། གང་ཞིག་འདི་ལ་ཆོས་གོས་སྟེར་བར་འགྱུར་བ་ཞེས་བྱ་བར་སྤགས་པ་ཇི་ལྟར་ཡང་མ་ཤེས་པ་དེ་ནི་མ་སྤགས་པ་དང་འདྲ་བ་སྟེ། བསླངས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གཞན་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིས་མ་ཤེས་པ་སྤགས་པ་ནི་མ་
སྤགས་པ་ཉིད་དོ། །འདི་ནི་སློང་བའི་སྤང་བའི་གཞི་ཉིད་ཀྱི་ཁོངས་སུ་གཏོགས་པར་རིག་པར་བྱའོ། །དེའི་བསླབ་པའི་གཞིར་གྱུར་པ་འདི་ལ་འཇུག་པ་ལ་སྐྱེད་པ་ཞེས་བྱ་བའི་དོན་ཏོ། །རང་ཉིད་འདི་ལ་དོན་གྱིས་འཇུག་པ་ཞེས་བྱ་བ་དགོངས་པའི་དབང་གིས་འདིར་འཇུག་པའི་རྣམ་པ་ཉིད་
དེ། དེ་བས་ན་མི་བསྐྱེད་པ་ཉིད་དོ། །འདི་མི་ཤེས་པ་ཉིད་ལ་ཞེས་བྱ་བ་འདི་ཤེས་པའོ། །གང་ལ་མི་ཤེས་པ་ཉིད་ལ་སློང་བ་ལ་འཇུག་པ་ཤེས་པ་ཉིད་ལ་ཡང་ལེན་པ་ལ་དེ་དངོས་གཞི་འདི་ཡིན་ནམ། འོན་ཏེ་དེ་དང་འབྲེལ་བའི་ཉེས་བྱས་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ། །སྤགས་པ་
སློང་བའི་སྤང་བའོ།། །།སྦྱིན་པ་པོ་འདི་དག་ལས་སྤུངས་ཆེ་བ་ཡང་ངོ་ཞེས་བྱ་བ་ནི་འདིར་རབ་ཏུ་གཏོང་བ་ཉིད་དང་ཚམ་ཚོམ་མེད་པ་ཉིད་ལ་དོན་གྱིས་འཇུག་པ་འདི་ཞེས་བྱ་བ་བྱེ་བྲག་འདིས་སོ་སོར་སྤགས་པ་དག་ལ་སློང་བ་དང་དེ་སྔོན་དུ་འགྲོ་བ་ཅན་གྱི་སློང་བ་ལ་འཇུག་པ་འདི་གཞན་ཡིན་
ཏེ་སྔ་མ་ནི་མ་ཡིན་ནོ་ཞེས་བྱ་བའི་བློའོ། །གང་གི་ཕྱིར་འདིར་འཇུག་པ་ཡང་ཉེས་པ་མེད་པའི་བློས་སྔར་བསླབ་པའི་གཞི་ཡོད་པ་ལ་ཡོད་པར་གྱུར་པའི་བསླབ་པའི་གཞི་གཞན་ཡོད་པར་འགྱུར་བ་དེ་ལ་བཏགས་པའོ། །འདི་ནི་ལྟུང་བ་དང་ལྡན་པ་མ་ཡིན་ཏེ། སྔར་ཉིད་དུ་མི་འཇུག་པ་བྱ་བ་སྲིད་པ་
ཡིན་ནོ། །དེ་ལ་འདི་ལ་ཡང་དེའི་ཆོ་ག་ཡོངས་སུ་ཐོབ་པས་ཉེ་བར་བརྗོད་པ་མི་སླུ་བར་བྱེད་ཅིང་། དེའི་ཆོ་ག་ཡོངས་སུ་ཐོབ་པ་ལ་བསྒྲུབ་པའི་དོན་དུ་ཡུལ་འདི་ལ་མཚུངས་པ་ཉིད་དུ་བྱེ་བྲག་ལ་བརྗོད་པར་བྱ་སྟེ། སྦྱིན་པར་བྱེད་པ་སྤུངས་ཆེ་བ་ཡང་ངོ་ཞེས་བྱ་བ་ནི་སྤགས་པ་མ་ཕུལ་བ་ཞེས་བྱ་བ་

ནི་མ་སྤགས་པ་དང་འདྲའོ་ཞེས་བྱ་བར་སྦྱར་བར་བྱའོ། །སྦྱོར་བ་གཅིག་པའི་ཕྱིར་ཐོབ་ན་གཅིག་ཉིད་དོ་ཞེས་བྱ་བ་ནི། སྦྱོར་བ་གཅིག་པའི་ཕྱིར་ཐོབ་ན་རྫས་ཐ་དད་པ་ཅན་ལ་ཡང་རྙེད་པ་ལ་གཅིག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ལེན་པ་ལ་སོགས་པ་ལ་དུ་མ་ཉིད་ལ་ཡང་ཡོངས་སུ་རྫོགས་པའི་གོས་སྦྱིན་
པ་དགེ་སློང་མ་ལ་ལྷུང་བཟེད་དང་དབྱར་གྱི་རས་ཆེན་ཐོབ་པ་ལ་ཡང་སྦྱོར་བ་གཅིག་པ་ཉིད་ཡིན་ན་ལྟུང་བ་གཅིག་ཅེས་བྱ་བ་དེ་འདིའི་བྱེད་པའོ། །སོ་སོ་ནས་སྤགས་པ་སློང་བའི་སྤང་བའོ།། །།ཅི་ཞིག་བྱས་ན་བསྐུར་བའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་བསྐུར་བར་རུང་བ་མ་ཡིན་པ་
ཆོས་གོས་ཀྱི་རིན་སྤངས་ནས་ཡོངས་སུ་དྲི་བ་སྔོན་དུ་བཏང་ཞིང་བསྟན་ཏེ་བསྒོ་ཞིང་སྨྲས་པ་བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པའི་ཞལ་ཏ་བྱེད་པ་ལ་བསྐུར་བར་གྱུར་ནའོ་ཞེས་བྱ་བ་སྨོས་ཏེ། སྤངས་ནས་ཞེས་བྱ་བ་ནི་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་རྣམས་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ་ཞེས་བྱ་བ་
ལ་སོགས་པས་ཡོངས་སུ་དྲི་བ་སྔོན་དུ་བཏང་ཞིང་ཞེས་བྱ་བའོ། །འཕགས་པ་རྣམས་ལ་ཞལ་ཏ་བྱེད་པ་འགའ་ཞིག་ཡོད་དམ་ཞེས་བྱ་བ་ལ་སོགས་པ་འདི་སྔོན་དུ་བཏང་ཞིང་ཞེས་བྱ་བ་སྨྲས་པ་ནི་བསྟན་ཏེ་ཞལ་ཏ་བྱེད་པ་ཞེས་བྱ་བ་ནི་དགེ་སློང་སྤོང་བར་བྱེད་པ་པོས་ཤེས་པར་བྱ་བ་གནས་སྐབས་ཀྱིས་ཤེས་
པར་བྱའོ། །བསྟན་ཏེ་ཞེས་བྱ་བ་ནི་ཁྱོད་ཀྱི་རིན་བྱེད་པ་འདི་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་བསྐུལ་བར་གྱུར་ན་ཞེས་བྱ་བ་འདི་ལ་ལྟོས་པ་འདི་སྔོན་དུ་སྨོས་པར་རིག་པར་བྱའོ། །སུས་བསྟན་པ་ཞེ་ན། དེའི་ཕྱིར་བསྒོ་ཞེས་སྨྲས་པ་ཞེས་བྱ་བ་སྨོས་སོ། །བསྒོ་ཞིང་ཇི་སྐད་སྨྲས་ཤེ་ན། དེའི་
ཕྱིར་བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པ་ཞེས་བྱ་བ་སྨོས་ཏེ། གང་ཞིག་འདི་འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ཞེས་བྱ་བ་ལ་སོགས་པས་སོ། །བསྐུལ་བར་གྱུར་ནའོ་ཞེས་བྱ་བ་ནི། དགེ་སློང་གི་ཞལ་ཏ་བྱེད་པའོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་
འདོད་དོ་ཞེས་བྱ་བ་ལ་སོགས་པས་སོ། །འགྲོ་བར་མ་ནུས་པ་ཉིད་ནི་བསྐུལ་བ་འདི་མ་ཡིན་ནོ་ཞེས་བྱ་བ་ནི་དལ་བ་མ་ཡིན་པ་རྗོད་པར་བྱེད་པ་ལ་གང་དུ་གཞན་གྱི་ཚིག་ལ་སྐབས་མེད་པར་འགྱུར་བ་ཞེས་བྱ་བ་མྱུར་བར་བརྗོད་པ་ནི་འདིར་རྒྱུ་བསྟན་པ་ཡིན་ནོ། །བཏང་བར་སྨྲས་པའམ་གཉིད་ལོག་པའམ།

ར་རོ་བ་དང་འབྲེལ་པ་ཉིད་དམ། འོན་པ་ཉིད་དམ་ནད་ཀྱིས་བཏབ་པའམ། གཞན་གྱི་དབང་དུ་གྱུར་པ་ལ་སོགས་པའི་རྐྱེན་གྱིས་མི་འབྱུང་བར་འགྱུར་ཏེ། དེ་བས་ན་འདིར་འགྲོ་བ་མ་ནུས་པ་ཉིད་ཀྱི་དཔེ་ཡིན་ཏེ། དེའི་ཕྱིར་མྱུར་བར་བརྗོད་པ་ལ་སོགས་པ་འདི་རྣམས་ཀྱིས་མི་ནུས་པ་
ཉིད་ལ་ཡང་དག་པར་འགྲོ་བས་བསྐུལ་བ་ནི་ཞེས་བྱ་བའི་དོན་ཏོ། །གང་འགྲོ་བ་ཞེས་བྱ་བ་བྱེ་བྲག་མ་སྨོས་པ་ཐམས་ཅད་ལ་འདིའི་དོན་གྱིས་དངོས་པོ་དང་འབྲེལ་བའི་ཚིག་ལ་ཡང་བསྐུལ་བར་གྱུར་པའི་དོན་ལ་ཡང་མཚན་མ་འདི་ལ་ཡང་གང་དུ་མེད་པ་ཉེ་བར་འགྲོ་བའི་ལན་སྟེར་བ་ལ་དེའི་དོན་དུ་གནས་
བརྟག་པར་རིག་པར་བྱའོ། །དེ་འདིར་འདི་ལྟར་གཞན་ལ་ཡང་བསྐུལ་བར་བྱས་པ་ཉིད་དེ་ལ་འདིར་གང་ཞིག་གྲངས་གསུམ་གྱི་རྗེས་སུ་གནང་བ་དེའི་ཁ་བསྐང་བ་ཉིད་ཅེས་བྱ་བ་འདིའི་བྱེད་པ་བསྐུལ་བའི་སྒོ་དྲུག་པོ་གང་དག་གསུངས་པ་དེ་དག་ཀྱང་དུས་ལ་འཇུག་པ་ཞེས་བྱ་བ་དེར་ཆོས་ཀྱི་གཏམ་གྱི་སྒོའི་
ཚིག་དེ་ལའོ། །དུས་ཞེས་བྱ་བ་ནི་དེའི་སྒོ་ཐོབ་པ་ལ་རྒྱས་པ་ཙམ་བསྟན་པ་སྟེ། འདི་ནི་དཔེ་ཡིན་ནོ། །ཚེ་དང་ལྡན་པ་དག་ནི་གོས་དེ་དོན་དུ་གཉེར་བ་སྟེ། བདག་ནི་ཅུང་ཟད་ཅིག་སྨྲ་ཡིས། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །སོང་ཤིག་ནི་གོས་དེ་དོན་དུ། །གཉེར་བས་བདག་ལ་གོས་བྱིན་ཅིག །
ཞེས་བྱ་བ་ལ་སོགས་པ་ཡང་གཏམ་གཞན་དུ་གྱུར་པ་འབྲེལ་པ་ཅན་གྱི་གཏམ་གྱི་སྒོ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ། མངོན་པར་སྨྲ་བ་དང་། ལེགས་པར་སྦྱོར་བ་དང་། ཟས་སྐོམ་དག་གི་དབང་དུ་བྱས་ནས་རེ་རེ་ལ་ཡང་གཉིས་གཉིས་ཏེ་དྲུག་ཏུ་འགྱུར་རོ། །དེ་ལ་མངོན་པར་སྨྲ་བ་ནི། ཁྱོད་འོངས་སམ་ཞེས་
ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དང་། ལེགས་པར་འོངས་སམ་ཞེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ། །ལེགས་པར་སྦྱོར་བ་ནི་སྟན་འདི་ལ་འདུག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དང་། རྐང་པ་ཁྲུས་གྱིས་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ། །ཟས་སྐོམ་གྱི་དབང་དུ་བྱས་པ་
ནི་ཟན་ཟོ་ཞིག་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དང་། སྐོམ་འཐུངས་ཤིག་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ། །སོ་སོའི་དངོས་པོས་བྱས་པའི་དེ་རྣམས་ལ་དེའི་དོན་དུ་འགྲོ་བ་ལ་རྣམ་པ་གང་གིས་ཀྱང་ཉེ་བར་བཀོད་པ་ལ་དེའི་ཕྱིར་རོ་ཞེས་བྱ་བ་བསྟན་པར་རིག་པར་བྱའོ། །གང་གི་ཕྱིར་མི་རིགས་པའི་

ངོ་བོ་འདི་ནི་གཞན་དུ་འགྱུར་རོ། །མ་གྲུབ་ན་ལན་གཉིས་སུ་ཡང་ངོ་ཞེས་བྱ་བ་ནི་བསྐུལ་བ་དང་པོ་དེས་མ་གྲུབ་ན་ལན་གཉིས་སུ་ཡང་བསྐུལ་བར་བྱའོ། །ལན་གསུམ་དུ་ཡང་ངོ་ཞེས་བྱ་བ་ནི་ལན་གཉིས་སུ་བསྐུལ་བ་དེས་ཀྱང་མ་གྲུབ་ན་ལན་གསུམ་དུ་ཡང་བསྐུལ་བར་བྱའོ། །དེའི་འོག་ཏུ་ལན་གསུམ་གྱི་
བར་དུ་ཕྱོགས་སུ་བསྡད་པར་བྱའོ་ཞེས་བྱ་བ་ལ་དེའི་ཞེས་བྱ་བ་ནི་ལན་གསུམ་བསྐུལ་བས་གོས་ཀྱི་རྙེད་པ་མ་གྲུབ་ན་ཕྱོགས་སུ་གང་དུ་འདི་དོན་གྱིས་ཐོབ་པར་བྱ་བ་དེ་གནས་དེར་ལན་གསུམ་གྱི་བར་དུ་བསྡད་པར་བྱས། ལན་བཞི་འམ་ལྔ་འམ་དྲུག་གི་བར་དུ་བྱ་སྟེ། དེའི་འོག་ཏུ་ཅང་མི་སྨྲ་བས་ཕྱོགས་སུ་
བསྡད་པར་བྱ་ཞེས་གསུངས་སོ། །འདིར་གཞུང་ནི་བསྐུལ་བ་དང་འབྲེལ་པའི་གཅིག་ལ་སོགས་པའི་གྲངས་དང་ལྷན་ཅིག་ཏུ་འདི་ནི་གྲངས་ཡིན་གྱི་རང་དང་འབྲེལ་པས་ནི་མ་ཡིན་ཏེ་མ་གསུངས་པ་ཉིད་ཀྱི་ཕྱིར་རོ། །འདིར་འདི་ལ་ལན་གཅིག་གམ་ལན་གཉིས་སམ་གསུམ་མམ་བཞི་འམ་ལྔ་འམ་ལན་
དྲུག་གི་བར་དུ་བྱ་སྟེ་འདི་ལྟར་བརྗོད་ན་དེའི་རིགས་སོ། །བསྟན་པ་ནི་བཞི་སྟེ། ཀུན་ནས་ཞུགས་པ་དང་། ངེས་པར་ཞུགས་པ་དང་། ལས་ཀྱི་མཐའ་དང་། ལས་ཀྱི་ཁང་པ་ཞེས་བྱ་བ་དེར་གསུངས་སོ། །གཞན་དུ་ན་ཡང་ཀུན་ནས་འཇུག་པ་དང་། ངེས་པར་འཇུག་པ་དང་། ཀུན་ནས་སྤྱོད་པ་དང་།
ཚོང་པ་ཞེས་བྱ་བ་ཤིན་ཏུ་གྲགས་པ་དང་། གང་ན་ཀུན་ནས་སྡོད་པ་རྣམས་ཀྱིས་དཔེ་འདི་རྟོགས་པར་བྱའོ། །འདིར་ཡང་སྔ་མ་བས་ནི་ཡོ་བྱད་ཆུང་བའི་ཚོང་པ་རྣམས་ཀྱི་དབང་དུ་བྱས་ནས་སོ། །གཉིས་པ་ནི་ཚོང་པ་ཙམ་ལའོ། །མ་གྲུབ་ན་སྦྱིན་པར་བྱེད་པ་ལ་བསྒྲག་པར་བྱའོ། །དེ་ལྟར་
སྤངས་པར་གྱུར་ཟིན་པ་ནི། འབུལ་བར་བྱེད་ན་སྤངས་པར་སྨྲ་སྟེ། སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་ལེན་པ་ལས་བླང་བར་བྱའོ་ཞེས་བྱ་བ་ལ་འབུལ་བར་བྱེད་ན་ཞེས་བྱ་བ་ནི་ཞལ་ཏ་བྱེད་པས་སོ། །སྤངས་པ་སྨྲ་ཏེ་ཞེས་བྱ་བ་ནི། སྦྱིན་བདག་ལ་སླར་སྦྱིན་པ་ཉིད་འདི་ལ་ཞེས་
བྱ་བ་འདིས་བསྡུས་པའོ། །གཞན་བསྐུལ་བ་ལ་གནས་ཀྱི་ཁས་བླངས་པ་ལའོ། །བསྐུལ་བ་ལ་ཡང་གཞན་སྒོ་གསུམ་ལས་གནས་དང་ཕྱོགས་ལ་སྒོ་གསུམ་ལས་གཞན་དུ་ཁས་མི་ལེན་པ་ལ་ཡང་ཁས་བླངས་པ་ཉིད་ལ་སྦྱིན་པར་བྱེད་པ་ནི། སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཞེས་བྱ་བའི་དོན་

ཏོ། །འདིར་འཇུག་པ་ནི་གཙོ་བོ་སྟེ་རིམ་པས་ནི་མ་ཡིན་ནོ། །དེ་བས་ན་སྔར་གནས་པ་དང་། ཕྱིས་བསྐུལ་བ་ཞེས་བྱ་བ་དབང་དུ་བྱ་བ་འདི་དག་ལ་འདྲེན་མར་བྱས་པ་ཉིད་དོ། །བསྐུལ་བས་ཤེས་པར་གྱུར་པ་ཉིད་ལྷག་པའི་གནས་ལ་མ་ཆོག་
པ་ཉིད་ཀྱི་ཕྱིར་འདི་ལ་བསྐུལ་བས་ཤེས་པར་བྱ་བ་རིག་པར་བྱའོ། །ཅི་སླར་འདིས་དངོས་གཞིའི་རྗེས་སུ་བསྒྲུབ་པ་འདི་ལ་འདི་བརྗོད་པ་ལ་སྔར་གྱི་ཆར་གྱུར་པ་ཡོད་པ་ལ་གང་དུ་བྱེད་བཞིན་པའི་སྤང་བ་འདིས་ཤེ་ན། དེའི་ཕྱིར་ཁས་ལེན་པ་ལས་ཞེས་བྱ་བ་སྨོས་ཏེ། སྦྱིན་པར་བྱེད་པའི་སེམས་བཟུང་བ་ལ་
རྗེས་སུ་བསྒྲུབ་པ་ནི་དེ་གང་གིས་ཁས་བླངས་པ་བརྗོད་པ་འདི་ལས་སུན་འབྱིན་པ་ལ་སོགས་པ་རྗེས་སུ་བསྒྲུབ་པས་སོ། །རྗེས་སུ་བསྒྲུབ་པ་གང་ལ་བཟུང་བ་ལས་སྔོན་གྱི་ཆར་གྱུར་པ་ཡོད་པ་ལས་བསྐུལ་བའི་སྤང་བའི་དེའི་ཕྱིར་བླངས་ནའོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བུ་ཉིད་ལ་སྦྱིན་པ་པོ་དང་། ཕོ་ཉ་དང་།
ཞལ་ཏ་བྱེད་པས་ཤེ་ན། དེའི་ཕྱིར་གསུམ་ཆར་མི་ཉིད་དང་། ཁྱིམ་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་སོ། །འདིར་གཞུང་ནི་མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པས་ཕོ་ཉ་བྱེད་ལ་མི་མ་ཡིན་པས་རུང་བར་བྱེད་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་། མི་མ་
ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་། མིའི་ཕོ་ཉ་དང་མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་། མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་
ཅིང་མིའི་ཕོ་ཉ་དང་མིས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་ཅིང་། མི་མ་ཡིན་པའི་ཕོ་ཉ་དང་མིས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པས་རུང་བར་བྱེད་ཅིང་མིའི་ཕོ་ཉ་དང་མིས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་
དང་། མིས་རུང་བར་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མི་མ་ཡིན་པས་གསུམ་གཅིག་དང་། །གཉིས་པ་གསུམ་དུ་བྱས་པ་དང་། །མི་ཡི་གཉིས་པ་གསུམ་དག་དང་། །གསུམ་གཅིག་དེ་དག་མུ་བརྒྱད་དོ། །མ་སྨྲས་ན་ཉེས་བྱས་སོ་ཞེས་བྱ་བ་ནི་གལ་ཏེ་ཕོ་ཉས་བྱུང་བའི་མཐའ་རྗེས་སུ་བརྗོད་པ་

སྔར་བྱས་པ་མ་སྨྲས་པར་ཞལ་ཏ་བྱེད་པ་ལ་སྐུལ་བར་བྱེད་ན་དེ་ལས་ཉེས་བྱས་སུ་འགྱུར་རོ། །མ་སྤངས་པ་ལའོ་ཞེས་བྱ་བ་ནི་རུང་བ་མ་ཡིན་པ་ཆོས་གོས་ཀྱི་རིན་ལ་སོགས་པ་བདག་ཅག་ནི་གོས་ཀྱི་རིན་དག་བླང་དུ་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་མ་སྤངས་པ་ལ་ཞལ་ཏ་བྱེད་པས་བསྐུལ་བ་བྱས་པ་དང་།
ཕྱོགས་སུ་བསྡད་པས་གོས་སྦྱིན་པར་བྱེད་པ་མ་སྤངས་པར་ལེན་ན་ཉེས་བྱས་སོ། །མ་དྲིས་པར་སྟོན་ན་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་ཕོ་ཉས་མ་དྲིས་པ་ཉིད་ཞལ་ཏ་བྱེད་པ་ལ་སྟོན་ན་དེ་ལ་ཡང་ཉེས་བྱས་སོ། །རེ་བ་རེ་བ་མེད་པ་ཉིད་ན་མ་སྦྲན་ན་ཡང་ངོ་ཞེས་བྱ་བ་ནི་རེ་བ་མེད་པ་ཉིད་ན་སྦྱིན་པར་བྱེད་པ་ལ་མ་
སྦྲན་ན་ཡང་ཉེས་བྱས་སུ་འགྱུར་བའོ། །འདི་ནི་འདི་རྣམས་མེད་པར་དངོས་གཞིར་གྱུར་པའི་སྤྱོད་པ་འབྲིང་པོར་གྱུར་པ་ཉིད་ཀྱི་ཕྱིར་འདི་རྣམས་ལ་ཞེས་བྱ་བར་འདིའི་དོན་དུ་ནི་མ་ཡིན་ནོ། །གཞན་ཡང་བསྒྲུབ་པ་འདི་ཉིད་ནི་མི་མཐུན་པ་ཞེས་བྱ་བས་ན་འདི་རྣམས་མེད་ཀྱང་གོས་འཛིན་པ་ལ་ཉེས་པ་མེད་
ཅེས་རིག་པར་བྱའོ། །མ་བསླངས་པ་ཉིད་ཀྱིས་འདི་རྣམས་ལ་ཤིན་ཏུ་བསླངས་པ་ཉིད་ནི་འདིར་མཚན་མ་ཡིན་ཏེ། འདི་ལ་ཡང་གོ་བར་བྱ་བར་འོས་པའི་བསླབ་པའི་གཞི་ལ་སོགས་པ་བཞིན་དུ་བསླངས་པའི་བསླབ་པའི་གཞི་དང་འདྲ་བར་ལྷག་མར་གྱུར་པ་ཉིད་ནི་བསླབ་པའི་གཞི་སྟེ། དེའི་འོག་ཏུ་ཆོས་
གོས་བསྒྲུབ་པའི་ཕྱིར་འབད་པར་བྱའོ། །གོས་བསྒྲུབ་ན་སྤང་བའི་ལྟུང་བྱེད་ཅེས་གསུངས་པའི་ཕྱིར་རོ། །བསྐུར་བའི་སྤང་བ་རྣམས་སོ།། །།སྟན་གཙང་བར་བྱའོ་ཞེས་བྱ་བ་ལ། སྟན་ནི་རྣམ་པ་གཉིས་ཏེ། ནང་ཚངས་ཅན་དང་། བླིངས་པའོ། །སྤྱིར་སྟན་ཞེས་བྱ་བ་འདིས་གཉིས་ཀ་ཡང་
བཟུང་བ་ཉིད་ཡིན་ནོ། །ནང་ཚངས་ཅན་ཞེས་བྱ་བ་ནི་ཚིག་གིས་འདིར་ཕྱི་ཤུན་གྱི་རྫས་ཀྱང་རྗེས་སུ་གནང་བར་བསྒྲུབ་པར་རིག་པར་བྱའོ། །འདིར་འདུག་པའི་རྣམ་གྲངས་ནི་འདིར་བརྗོད་པ་ཡིན་ཞེས་བྱ་བ་ཁ་ཅིག་གིས་རྣམ་པ་འདི་མི་བདེན་པར་འདུག་པ་ལ་དངོས་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་དག་
ལ་ཡང་ཐ་དད་པ་ཉིད་ཀྱི་ཕྱིར་དོན་ལ་རིམ་པ་གཅིག་པ་དང་། རིམ་པ་གཉིས་པ་རྣམ་པར་གཞག་པས་གོས་གཉིས་པ་ཉིད་འདུག་པ་ལ་གོ་བར་གྱུར་པ་ནི་ཆས་འདུག་པ་བླངས་ནས་ཞེས་བྱ་བའི་ཚིག་གིས་མི་མཐུན་པ་ཆས་བླངས་ཏེ། སྟན་ནང་ཚངས་ཅན་དང་ཞེས་བྱ་བ་ལ་སྟན་ནི་གྲང་བའི་གཉེན་པོ་

ཡིན་ནོ། །འདི་ལྟར་འབྲོག་ཕྱོགས་དག་ཏུ་གྲང་བའི་གཉེན་པོ་ནི་འདིང་བའི་དགོས་པ་སྟེ། འདི་རྒྱུ་མཚན་དུ་རྗེས་སུ་གནང་བའི་ཕྱིར་རོ། །གང་གི་ཕྱིར་དགོན་པ་ལ་གནས་པ་རྣམས་ལ་གྲང་བས་གནོད་པར་གྱུར་པ་རྣམས་ཀྱི་དབང་དུ་མཛད་ནས་འདི་རྗེས་སུ་གནང་བ་ཡིན་ལ་
གདིང་བ་ནི་མལ་སྟན་ལ་གཡོགས་པའི་ཕྱིར་དང་། ཀུན་དུ་བསྲུང་བའི་ཕྱིར་གདིང་བའི་དགོས་པ་སྟེ། དེ་ལྟར་ན་འདིའི་གདིང་བ་ཞེས་བྱ་བ་རྣམ་པར་འབྱེད་པའོ། །གདིང་བའི་ཚད་ནི་གང་ཞིག་སྟན་ལ་དེ་ཉིད་རིག་པར་བྱ་སྟེ་ཡུལ་འདྲ་བ་ཉིད་ཀྱི་ཕྱིར་རོ། །གང་ཞིག་སྲིན་བལ་གྱི་སྤང་བ་ཞེ་ན། དེའི་
ཕྱིར་སྲིན་བལ་གྱི་ལས་བྱས་སམ་བྱེད་དུ་བཅུག་ནའོ་ཞེས་བྱ་བ་སྨོས་ཏེ། བྱས་པ་འམ་བྱེད་དུ་བཅུག་པ་ལ་སྲིན་བལ་གྱི་གདིང་བ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་པ་འམ་སོ་སོ་བ་བྱས་པ་འམ་བྱེད་དུ་བཅུག་པ་དག་ལ་ཉེས་པ་དང་ལྡན་པ་ཉིད་དོ། །གང་ཞིག་གནས་པ་ལ་མཐར་ཐུག་པས་འཁོར་
གསུམ་གཡོགས་པ་ཉིད་དོ། །དེ་ཉིད་འདི་སྤང་བར་བྱེད་པ་ཉིད་ལ་རྟོགས་པར་བྱའོ། །འདི་ཙམ་ཉིད་ཀྱིས་འདིར་ཡང་མཐར་ཐུག་པར་གྱུར་པའི་དོན་ལ་བཀྲམ་པ་ལ་སོགས་པ་སྟེ། གང་ཞིག་མཐར་ཐུག་པའི་གོས་རྙིང་པར་གྱུར་པ་རྣམས་ལ་བརྐུས་ན་ལོངས་སྤྱོད་པ་རྣམས་ནི་བལ་ལས་བྱས་པ་རྣམས་
ལ་སྤང་བར་བྱེད་པ་ཉིད་དུ་རྣམ་པར་གནས་པ་ཞེས་བྱ་བར་རིག་པར་བྱའོ། །འདི་རྣམས་ལ་ཐམས་ཅད་ཕྱི་མ་དག་ལ་ཉེས་བྱས་ཉིད་དེ་ཆུང་བ་ལ་ཡང་འདིར་འཇུག་པས་རྗེས་སུ་མཐུན་པ་ཉིད་ཀྱང་བྱི་དོར་ལ་སོགས་པའི་དོན་དེ་ལ་དེ་ཙམ་དུའོ། །སྟན་ལ་ནི་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པའི་དང་པོ་ཉིད་
ཡིན་ནོ་ཞེས་བྱ་བ་ལས་གདིང་བ་ཉིད་ཐམས་ཅད་ཀྱི་དང་པོའོ། །འདི་ཙམ་བྱས་པ་ལ་དངོས་གཞི་བསྐྱེད་པའོ། །གཞན་ལ་ཡང་རྩོམ་པ་གཅིག་པར་གྱུར་པ་ཉིད་ཀྱི་ཕྱིར་འདི་ལས་ཐ་མི་དད་པ་ཉིད་ཅེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བའི་ཡི་གེ་ཁ་ཅིག་ལས། ཇི་ཙམ་གྱིས་ན་ལྟུང་བ་རྫོགས་
པར་འགྱུར། གང་ཚུན་ཆད་བཀྲམ་པར་གྱུར་ནའོ་ཞེས་གསུངས་པ་ཡིན་ནོ། །བྱས་ཟིན་པ་རྙེད་པ་དང་། ཡོངས་སུ་ལོངས་སྤྱོད་པ་དང་། མངོན་པར་འདུ་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་བྱས་ཟིན་པ་རྙེད་པ་དང་། གཞན་གྱིས་བྱས་ཟིན་པ་ལོངས་སྤྱོད་པ་དང་རྙིང་བའི་བྱི་དོར་མངོན་པར་འདུ་

བྱེད་པ་དག་ལ་ནི་ལྟུང་བ་མེད་དེ། འདིར་རྗེས་སུ་སྒྲུབ་པ་ལ་ཉེས་པ་དང་ལྡན་པ་ཉིད་དེ། བདག་གིར་བྱེད་པ་དང་ཡོངས་སུ་སྤྱོད་པ་ལ་ནི་མ་ཡིན་ནོ། །ལྡོག་པར་གྱུར་པ་གཞན་ལ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར་ལྟུང་བ་མེད་པའི་བསྟན་པ་འདིའོ། །སྲིན་བལ་གྱི་སྤང་བ་རྣམ་པར་འབྱེད་པའོ།། །།
ཉུང་ངུ་དང་བསྲེས་པ་ཉིད་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་ནི། བལ་དཀར་པོ་འམ། ཤ་ནའི་རས་ལ་སོགས་པ་ན་སྨད་པའི་རྫས་རྣམས་དང་འདྲེས་པའི་རས་བལ་གྱི་གདིང་བ་བྱེད་དུ་བཅུག་པ་ལ་ན་སྨད་པ་ཉིད་དེ། ཁ་ན་མ་ཐོ་བ་ཡོངས་སུ་མ་རྫོགས་པ་ཉིད་དེ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྫས་
ཀྱི་ཚད་དེ་ལ་མ་སྐྱེས་པ་ཉིད་དེ་གང་གི་ཕྱིར་དངོས་གཞི་ལྡང་བ་ཞེས་བྱ་བའི་དོན་ནི་གདིང་བ་ཐམས་ཅད་ཀྱི་དབང་དུ་བྱེད་པ་འདི་ཁྱད་པར་ཡོངས་སུ་མ་བཟུང་བས་རྟོགས་པར་བྱའོ། །རྫས་ཉམས་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བའི་རྗེས་སུ་སྙེགས་པར་
བྱེད་དོ། །འདིར་གཞུང་ནི། རེ་ཞིག་བཙུན་པ་དགེ་སློང་ཉམས་པའི་རས་བལ་གྱི་གདིང་བ་བྱེད་དུ་བཅུག་ན་ཅིར་འགྱུར། ཉེས་བྱས་ཞེས་གསུངས་པ་ཡིན་ནོ། །འདྲ་བ་ཉིད་ཀྱི་ཕྱིར་ཐམས་ཅད་དུ་བལ་གྱིས་བྱས་པ་ལ་སོགས་པས་ཞེས་བྱ་བའོ། །སྲིན་བལ་གྱི་སྤང་བ་ཞུ་བའོ།། །།བལ་ནག་
པོ་འབའ་ཞིག་གི་སྤང་བའི་ཆོ་ག་འདི་ཉིད་དོ་ཞེས་བྱ་བ་ཁས་བླངས་ནས་སྲིན་བལ་ཞེས་བྱ་བ་དེའི་གནས་སུ་བལ་ནག་པོ་འབའ་ཞིག་པའི་མིང་གཞན་བརྗོད་པར་བྱ་སྟེ། དེའི་ཕྱིར་ལུག་གི་བལ་ནག་པོ་འབའ་ཞིག་དག་གོ་ཞེས་བྱ་བ་སྨོས་སོ། །བྱས་པ་བྱེད་དུ་བཅུག་པ་དག་གི་གདིང་བ་ཞེས་བྱ་བ་དང་སྦྱར་
བར་བྱའོ།། །།ཅི་ཞིག་གིས་བལ་ནག་པོར་གྱུར་པ་ཡིན་ནོ། །རང་བཞིན་གྱིས་སམ་ཁ་སྒྱུར་བས་སམ་གཉིས་ཀས་སམ་ཞེ་ན། དེའི་ཕྱིར་རང་བཞིན་གྱིས་སོ་ཞེས་བྱ་བ་སྨོས་སོ། །གཞན་གྱིས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྔོན་པོ་དང་འདམ་ཁ་དང་ཁམ་པ་དག་ཀྱང་དེ་ཉིད་དོ་ཞེས་བྱ་བ་ནི་སྔོན་
པོ་ལ་སོགས་པ་རྣམས་ཀྱི་བར་དུ་དེ་ཉིད་བལ་ནག་པོ་འབའ་ཞིག་དང་འདྲ་བར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བལ་ནག་པོ་འབའ་ཞིག་གི་སྤང་བའོ།། །།དམན་པ་དང་བལ་ནག་པོའི་རྫས་བསྲེས་པ་དེ་ལས་སྟན་བྱེད་ན་ཉེས་བྱས་སུ་ཐལ་བར་འགྱུར་བ་བསལ་བའི་ཕྱིར་ཆ་གཉིས་བསྲེ་བའི་སྤང་བ་བཅའ་

བ་མཛད་དོ། །འདིར་ཡང་སྔར་བསྟན་པའི་ཆོ་ག་ཁས་བླངས་ནས་ཚད་ཀྱི་བྱེ་བྲག་འབའ་ཞིག་ཙམ་བརྗོད་པར་བྱ་སྟེ། དེ་དག་ཕྱེད་པས་ལྷག་པ་ཉིད་ནའོ་ཞེས་བྱ་བ་ནི་ལུག་གི་བལ་ནག་པོ་དེ་དག་ཕྱེད་ཀྱི་ཚད་ལས་ལྷག་པ་ཉིད་ན་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་དཀར་པོ་དང་། འཁོབ་
བལ་དག་ནི་ལྷག་པར་གྱུར་ལ་ལུག་གི་བལ་ནག་པོ་དག་ནི་ཉུང་བ་འམ་མཉམ་པར་གྱུར་ན་ནི་དེའི་ཚེ་ལྟུང་བ་མེད་དོ། །ཕྱེད་དཀར་པོ་དང་འཁོབ་བལ་དག་ལས་ཆ་མཉམ་པ་ཉིད་དུའོ་ཞེས་བྱ་བ་ལ། ཕྱེད་ལ་ཞེས་བྱ་བ་འདི་རྣམས་ཀྱི་ཕྱེད་ལ་འདིར་ཆ་མཉམ་པ་ཉིད་དེ། དཀར་པོ་དང་འཁོབ་བལ་དག་གི་དཀར་
པོ་རྣམས་ལ་འདིར་ཤིན་ཏུ་རྒྱ་ཆེ་བ་ཉིད་དེ། དེ་རྣམས་ལ་མི་འཕེལ་བའི་དོན་དུ་ཚིག་འདི་ཡིན་གྱི་འཁོབ་བལ་དག་ལ་ནི་མ་ཡིན་ནོ། །གང་གི་ཕྱིར་འདི་རྣམས་ཀྱི་འཕེལ་བ་ནི་ཉེས་པ་མེད་པ་སྟེ། འདིར་དཀར་པོ་རྣམས་འཕེལ་བ་དང་བཅས་པ་འདི་ལ་དུས་ཀྱི་འཕེལ་བ་ཉིད་སྤང་བར་བྱ་བ་ཉིད་དམ་གཅིག་པ་
ཉིད་ལ་ཡང་འདི་ལ་ཞེས་བྱ་བར་རིག་པར་བྱའོ། །སྲིན་བལ་ལས་བྱས་པ་ལ་ཡང་རྫས་གཞན་གྱིས་བསྒྲུབ་པར་བྱ་བའི་ན་སྨད་པ་འདི་ཙམ་ལ་སྤང་བ་ཉིད་དོ། །ན་སྨད་པའི་སྟན་ལ་ཉེས་བྱས་ཞེས་བྱ་བ་འདིའི་རྗེས་སུ་འབྲངས་པས་རྟོགས་པར་བྱའོ། །ཤིན་ཏུ་རྙེད་པར་དཀའ་བ་ཉིད་ཀྱི་ཕྱིར་དང་། འདི་ནི་འདི་བས་
ཤིན་ཏུ་རིན་ཐང་ཆེ་བ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་སླར་འདི་ལ་གསུངས་ཏེ། ཆུང་བ་ལ་ཡང་འདི་ལས་གདིང་བ་སྦྱིན་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཆུང་བ་ལ་ཡང་འདི་ལས་གདིང་བ་ལ་ཡང་གླེང་གཞི་ལས་འདི་ཉིད་ཀྱི་ཕྱིར་གང་དུ་རས་བལ་རྣམས་ནི་རྙེད་པར་དཀའ་བ་དང་། རིན་ཐང་ཆེ་བ་ཉིད་དེ་བལ་ནག་པོ་འདི་
རྣམས་དང་དཀར་བ་དེ་ཅི་ཞིག་རྟོགས་པར་བྱ་བ་ཞེ་ན། རས་བལ་ལ་ནི་ལྟུང་བ་མེད་པའོ། །བལ་གྱིས་བྱས་པ་ལ་ནི་ལྟུང་བས་དེ་ཡང་རས་བལ་ལས་བྱས་པ་ལ་ནི་ལྟུང་བ་མེད་པའོ། །བལ་ནག་པོ་འབའ་ཞིག་ལ་ལྟུང་བ་མེད་དེ། དཀར་པོ་ལ་ནི་ལྟུང་བ་ཡོད་དོ་ཞེས་བྱ་བ་གོ་བཟློག་ནས་བརྗོད་དེ་འདིར་རྫས་
ཀྱི་སྙིང་པོ་ཉིད་ཀྱི་གཙོ་བོ་ཅན་རྙེད་པར་དཀའ་བ་དང་། རིན་ཐང་ཆེ་བ་ཉིད་ཀྱི་ཚིག་རྣམ་པར་གནས་པ་ཡིན་གྱི་རྒྱ་ཆེ་བ་ལ་རྟོགས་པར་བྱ་བ་ཞེས་བྱ་བ་འདི་ལ་འདིར་ཁས་ཟས་གྱ་ནོམ་པར་བསྒོ་བར་བྱེད་པ་ལྟར་དོན་རྣམ་པར་གཞག་པས་སོ། །ལུག་གི་བལ་དཀར་པོ་ནི་གང་ཡིན་འཁོབ་བལ་ནི་གང་ཡིན་ཞེ་ན་དེའི་ཕྱིར་གློ་

དང་རྒྱབ་དང་གཉའ་བར་སྐྱེས་པ་ནི་སྔ་མའོ་ཞེས་བྱ་བ་ནི་གློ་དང་གཉིས་ལྡན་གྱིས་བསྡུ་བ་གཅིག་པའི་དངོས་པོའོ། །སྔ་མ་ཞེས་བྱ་བ་ནི་དཀར་བའོ། །མགོ་དང་། རྐང་པ་དང་། ལྟོ་བ་ནས་སྐྱེས་པ་ནི་ཕྱི་མའོ་ཞེས་བྱ་བ་ནི་འཁོབ་བལ་ཞེས་བྱ་བའི་དོན་ཏོ། །ཆ་གཉིས་བསྲེ་བའི་སྤང་བའོ། །མ་དག་པ་ནི་གསོལ་
བར་མི་བྱའོ། །རང་དག་རྟོག་ཏུ་འདོད་པར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་གོ་ཞེས་བྱ་བ་བཤད་ཟིན་ཏོ་ཞེས་བྱ་བ་དེ་ལ་སོ་སོར་བརྟགས་ནས་གང་ཞིག་གདིང་བའི་བྱ་བ་དེ་བརྗོད་པར་བྱ་སྟེ། ཆུ་དང་ཞེང་གཉིས་ཀར་ལྷག་པ་ཉིད་ཡིན་ན་གཅད་པར་བྱའོ། །ཇི་སྐད་བཤད་པའི་ཚད་ལས་གལ་ཏེ་རིང་བ་དང་
ཞེང་གདིང་བ་ལས་ལྷག་པར་གྱུར་ན་དེ་དག་ནི་གཅད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐུང་བ་ཉིད་དང་དོག་པ་ཉིད་དག་ནི་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། ཅི་སྟེ་ཐུང་བ་དང་དོག་པར་གྱུར་ན་དེ་ནས་བསྐྱེད་པར་བྱའོ། །རལ་ན་བཙེམ་པར་བྱའོ་ཞེས་བྱ་བ་ནི་བརྟེན་པ་ལ་སོགས་པའོ། །བུག་རྡོལ་དུ་གྱུར་ཏམ་ཤ་ཟད་
པ་དག་ནི་སྦྱར་བར་བྱའོ་ཞེས་བྱ་བ་ནི། བུག་རྡོལ་དུ་གྱུར་པའམ་ཤ་ཟད་པ་ནི་མཐུག་པའི་ངོ་བོའི་ཕྱིར་བལ་རྣམས་སྦྱིན་པ་ནི་སྦྱར་བར་བྱའོ། །བཅོས་དཀའ་བ་ཉིད་ཡིན་ན་སྦྱིན་ནོ་ཞེས་བྱ་བ་ནི་གནང་བ་ཞེས་བྱ་བ་དོན་གྱིས་སྨོས་པ་སྟེ། འདི་རྣམས་ལ་ཐབས་ཐམས་ཅད་ཀྱིས་སྦྱིན་པར་བྱ་བ་སོ་སོར་འདུས་བྱས་པའི་
ཕྱིར་ནུས་པ་མ་ཡིན་པ་དེའི་ཚེ་སྟན་གཞན་བྱ་བའི་ཕྱིར་གནང་བ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ལག་གི་བླའི་ཕྱིར་གསུངས་པ་ནི་གླེང་གཞིའི་དབང་གི་ཕྱིར་འདི་རྣམ་པར་གནས་པ་ཡིན་གྱི་གཞན་ལ་ཡང་གྲང་བས་རྣམ་པར་འཚེ་བར་འགྱུར་བ་ལ་ཉེ་བར་སྦྱར་དུ་རུང་བའི་ཕྱིར་སྤྱིར་མདོར་བྲིས་སོ། །ཅི་ཞིག་
བྱས་ན་ལོ་དྲུག་ཏུ་བཅང་བའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གནང་བ་མ་ཐོབ་པ་གཞན་ཡོད་པའམ་རང་དགར་བཏང་བས་ལོ་དྲུག་མ་ལོན་པར་སྟན་བྱས་པ་ཉིད་ནའོ་ཞེས་བྱ་བ་སྨོས་ཏེ། བྱས་ཟིན་པ་ཉིད་ལ་གནང་བ་མ་ཐོབ་པ་ལ་གདིང་བ་ལོ་དྲུག་མ་ལོན་པར་དང་པོར་བྱས་ཟིན་པ་ཉིད་ནས་བརྩམས་ཏེ། གང་
ལ་ཡོངས་སུ་རྫོགས་པ་དེར་གདིང་བ་གཞན་ཡོད་པ་ལ་རང་དགར་བཏང་ནས་ཞེས་བྱ་བའི་དོན་ཏོ། །བརྩམས་པ་ཉིད་ནི་རྩོམ་པ་ཟིན་པ་དང་འདྲའོ་ཞེས་བྱ་བ་རྩོམ་པ་གཞན་ལ་ཟིན་པ་དང་འདྲ་བར་ཇི་ལྟར་ཉིད་དུ་མཐར་ཐུག་པ་ཡོད་པ་ལ་བྱ་བ་གཞན་ལ་ཉེས་བྱས་སུ་འགྱུར་ཏེ། དེ་བཞིན་དུ་རྩོམ་ནའོ་ཞེས་བྱ་བའི་

དོན་ཏོ། །དེར་ཡོད་པ་ཉིད་ལ་ཡོད་པ་ཉིད་ཡིན་ཏེ། གང་ཞིག་དུས་མཉམ་པ་ལ་དེ་བས་ན་དུས་མཉམ་དུ་འདིས་བརྩམས་པ་ལ་ཉེས་བྱས་མ་བྱས་པ་ཉིད་མ་ཡིན་ཏེ། ལྷན་ཅིག་གམ་ཕྱིས་ཉེས་བྱས་ཉིད་དོ། །སྦྱོར་བ་བྱས་པ་རྩོམ་པ་སྔར་གྱི་མཐར་ཐུག་པ་ལ་ཡང་ལྟུང་བ་མེད་པར་
ཤེས་པར་བྱའོ། །མེད་པ་ཉིད་དོན་གྱིས་བྱས་པ་བསྒྲུབ་པ་ཉིད་ཀྱིས་ཉེས་བྱས་བྱས་པ་མ་ཡིན་པའི་སྦྱོར་བ་མཐར་ཐུག་པ་ལ་ནི་འདིར་ལྟུང་བའོ། །དེ་ལ་གང་ཞིག་གིས་ཕྱིས་བརྩམས་པ་ལ་མཐར་འགྲོ་བ་མ་ཡིན་པ་ཉིད་གང་ལ་ཡང་ཕྱིས་མཐར་གྱུར་པ་དེར་འདི་ཡོད་པར་བརྗོད་པར་རྣམ་པར་
གནས་པའོ། །མཐར་ཐུག་ན་སྦྱར་བའི་ལྟུང་བར་མི་འགྱུར་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་བརྩམས་པ་གཞན་ལ་གང་ཞིག་གཉིས་པ་རྩོམ་པར་བྱེད་པ་ལ་གལ་ཏེ་འདིར་སྔར་ཡོངས་སུ་རྫོགས་པར་གྱུར་ན་དེ་ལ་དངོས་གཞིའི་ལྟུང་བ་འདོད་པ་མ་ཡིན་ཏེ། དེ་ལ་གང་གི་སྔར་ཟིན་པར་བྱེད་ན་དེར་སྦྱོར་བ་ལ་ཡང་
ལྟུང་བ་མ་ཡིན་པས་གནས་པར་བྱ་ཞེས་བྱ་བས་གང་ཞིག་འདོད་པ་དེའི་ཕྱིར་མདོ་འདིའོ། །འདི་ནི་འཐད་པ་ཡང་དག་པར་བསྟན་པ་ཡིན་ཏེ། མཐར་འགྲོ་བ་ལ་ནི་སྦྱོར་བ་ལ་ལྟུང་བ་མེད་པར་བྱས་པ་ཉིད་ནི་མ་ཡིན་ཏེ། ལྟུང་བ་མེད་པར་བྱས་པ་ཉིད་དུ་གྱུར་པ་ལ་ཡང་ཡོངས་སུ་བསྒྱུར་བ་སྐྱེས་པ་མ་ཡིན་
ནོ། །དེ་བས་ན་འདིར་སྦྱོར་བ་ལ་ལྟུང་བ་མ་ཡིན་པར་བྱས་པ་ཉིད་དུ་རྟོགས་པར་བྱ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་འདིའི་ངག་གི་དོན་ཏོ། །རབ་ཏུ་བྱུང་བ་གཞན་གྱི་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི། སྔོན་དང་ཕྱིས་རབ་ཏུ་བྱུང་བ་དང་རབ་ཏུ་དབྱུང་བ་དག་ལ་རྒྱུན་གཅིག་པ་ཉིད་མ་ཡིན་པ་ཞེས་བྱ་བ་འདི་ཤེས་
པར་གྱུར་པའི་དོན་ལ་འདི་རྗེས་སུ་བརྗོད་པའོ། །རབ་ཏུ་བྱུང་བ་གཞན་བྱས་པ་མི་རྩོམ་པའམ་རྙེད་པ་མ་ཡིན་པ་གདིང་བ་ལ་གཞན་རབ་ཏུ་མ་བྱུང་བ་ལ་དུས་འོག་མ་ཡོངས་སུ་རྫོགས་པ་ལ་བྱ་བ་ཉིད་མེད་པ་འདི་བསྟན་པའི་དོན་དུ་གཅིག་བརྩམས་པ་ལ་གཞན་མཐར་ཐུག་པ་ལ་དངོས་གཞི་མེད་པ་ལ་ཇི་ལྟར་
ཡང་ཁྱིམ་པའི་གནས་སྐབས་བཞིན་ཏེ། མི་རྩོམ་པ་འམ་ཐོབ་པར་བྱ་བ་ཉིད་མེད་པ་དེ་བཞིན་དུ་འདིར་ཡང་ཞེས་བྱ་བ་རྣམ་པར་གནས་པ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་འགའ་ཞིག་ཡོད་དེ། ལོ་དྲུག་གི་མདུན་རོལ་དུ་དེས་གདིང་བ་བྱེད་དུ་བཅུག་ན་ལྟུང་བ་མེད་པར་ཡང་འགྱུར་ལ་ལོ་

དྲུག་གི་མདུན་རོལ་དུ་བབས་ཤིང་དེས་སླར་ཡང་བསྙེན་པར་རྫོགས་ནས་སྟན་གཞན་བྱེད་དུ་བཅུག་ན་ལྟུང་བ་མེད་པ་ཡིན་ནོ། །བརྩམས་ཏེ་འབབས་པ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ལོ་དྲུག་ཏུ་བཅང་བའི་སྤང་བའོ།། །།ཅི་ཞིག་བྱས་ན་མཐོ་གང་གིས་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་
གདིང་བ་རྙིང་པ་ལས། བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་སར་པ་སྤྱོད་ནའོ་ཞེས་བྱ་བ་ནི། གདིང་བ་སར་པ་གང་ལ་གདིང་བ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་དེ་ནི་གདིང་བ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་སྟེ། ཡོངས་
སུ་ལོངས་མ་སྤྱད་པའི་སར་པ་ཞེས་བྱ་བ་ནི་སར་པ་རྙེད་ཀྱང་རྙེད་པ་བྱས་པ་ལ་ཡང་སྦྱིན་པ་ཉིད་མཐོང་བ་རྫས་རྙིང་པ་ལ་ཡང་འདིར་སྦྱིན་པར་བྱ་བ་ཉིད་དོ། །འདིར་བྱས་པ་ཉིད་ཀྱི་སར་པ་ཉིད་དུ་བརྗོད་དེ་རྫས་ལ་ནི་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །ཅི་མཉམ་པ་ཉིད་ལ་ཡང་གདིང་བ་ལས་ཁྲུ་གང་མ་གླན་
པར་སར་པ་ལོངས་སྤྱོད་པ་ལ་ལྟུང་བ་འདི་ཡིན་ནམ་ཞེ་ན། དེའི་ཕྱིར་གལ་ཏེ་དེ་ཡོད་ནའོ་ཞེས་བྱ་བ་སྨོས་སོ། །ཅི་གལ་ཏེ་རིལ་གྱིས་མི་བདོག་ན་ཡང་། དེའི་ཕྱིར་ལྟུང་བ་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར་དེ་ཙམ་ན་ཡང་ངོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བདེ་བར་གཤེགས་པའི་མཐོ་གང་ཙམ་ཞིག་
ཡོད་ན་ཡང་ངོ་ཞེས་བྱ་བའི་དོན་ཏོ། །ཅི་གལ་ཏེ་སྲ་བ་དེ་ཙམ་ཞིག་ཡོད་ན་འམ་ཞེས། དེའི་ཕྱིར་བཅོས་པར་ནུས་ན་ཡང་ངོ་། །མཐུད་ཅིང་སྦྱར་དུ་རུང་བས་ཀྱང་ངོ་ཞེས་བྱ་བ་ནི་བཅོས་པར་རུང་བ་ཡང་གལ་ཏེ་དེ་ཙམ་དུ་གྱུར་ན་མཐུད་པས་སམ། དམ་དུམ་དུ་སྦྱར་དུ་རུང་ན་དེས་ཀྱང་གཟུང་བར་བྱའོ་ཞེས་
བྱ་བའི་དོན་ཏོ། །དེ་ལྟར་ཡང་མེད་པ་ཉིད་ལ་ལྟུང་བ་མེད་ཅེས་བྱ་བ་འདིར་སྐྱེས་པར་རིག་པར་བྱའོ། །མཐོ་གང་གི་སྤང་བའོ།། །།ཅི་ཞིག་བྱས་ན་བལ་ཐོགས་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་ཁྱེར་བ་མེད་ན་དཔག་ཚད་གསུམ་ལས་ལྷག་པར་ལུག་གི་བལ་ཁྱེར་ནའོ། །ཡོད་ན་ཡང་ངོ་
ཞེས་བྱ་བ་སྨོས་ཏེ། ཁྱེར་བ་མེད་ན་དཔག་ཚད་གསུམ་ལས་འདས་པར་ཁུར་བ་ཡོད་པ་ལ་ཁུར་བ་ཉིད་དུ་བརྩམས་ནས་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ནི་གཉིས་སུ་གསུངས་ཏེ། ལྟུང་བ་དང་བཅས་པ་དང་། ལྟུང་བ་མེད་པའོ། །དེ་ལ་ལྟུང་བ་དང་བཅས་པ་ནི་བལ་ཐོགས་པ་དང་། དགེ་སློང་མ་

དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། དགེ་སློང་མ་དང་། ལྷན་ཅིག་གྲུར་འཇུག་པ་དང་། སྐྱེས་པ་མེད་པར་ལམ་དུ་འགྲོ་བ་དང་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའོ། །དེ་ལ་ལྟུང་བ་མེད་པ་ནི་ཡང་ཡང་ཟ་བ་དང་། འདུས་ཤིང་ཟ་བ་དང་། ཁྲུས་བྱེད་པའོ། །དེ་ལ་ལྟུང་བ་མེད་པ་ནི་
དཔག་ཚད་ཕྱེད་དོ་ཞེས་འོག་ནས་འབྱུང་ངོ་། །དེའི་ཚད་ལྟུང་བ་ལ་བསྟན་པའི་ཕྱིར། ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་པོ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དམག་ལ་ལྟ་བའི་ཕྱིར་འགྲོ་བར་བྱ་བ་ལ་སོགས་པ་ལས་རྣམ་པར་བཅད་པའི་ཕྱིར་འདིར་ལམ་གྱི་ཚིག་གོ། །གང་ཞིག་ཆུའི་ལམ་ནས་འགྲོ་
བ་ནི་འདི་ཡིན་ཏེ་གྲུས་གང་ཡིན་པའོ། །དེ་བས་ན་འདི་དང་འགྲོ་བའི་དོན་དུ་ལམ་བཟུང་བས་འཕངས་པ་ཉིད་མ་ཡིན་ནོ། །དེ་ལྟར་ན་གྲུའི་ལམ་གྱིས་སོང་བ་དང་། ཆུའི་ལམ་གྱིས་སོང་བ་ཞེས་བྱ་བ་ནི་གྲགས་པའོ། །དེ་བས་ན་རྐུན་མ་དང་ལྷན་ཅིག་གམ་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་
གྲུ་གཅིག་གི་ནང་དུ་འགྲོ་བར་མི་བྱ་བ་ཉིད་དོ་ཞེས་བྱ་བར་རྟོགས་པར་བྱའོ། །འདི་ནི་ཤིན་ཏུ་ཡང་སྐྱོན་དང་ལྡན་པ་ལམ་དུ་འགྲོ་བ་ལས་ཤིན་ཏུ་གསང་བ་ཉིད་ཀྱི་ཕྱིར་རོ། །གླེང་གཞི་ལས་མི་འབྱུང་བས་འདིར་ཐ་དད་པའི་ཚིག་ནི་གྲུབ་པ་མ་ཡིན་ཞེས་བྱ་བ་རྣམ་པར་གནས་པ་ཡིན་ནོ། །ཁྲུས་ལ་ནི་ཆོ་ག་
འདི་མི་རིགས་པས་མ་གྲུབ་པའི་ཕྱིར་གྲུར་འགྲོ་བ་ལ་ཁྲུས་ལ་འོངས་པ་ཉིད་ལ་ཡང་ཡང་ཟ་བ་ལ་འདིར་ལྷག་པོར་མེད་པར་དེའི་དབང་གིས་ཀྱང་ཉམ་ཆུང་བ་དང་ཤིན་ཏུ་གྲགས་པ་དག་ལ་ཚོགས་སུ་ཟ་བ་ལ་འདིར་ཡོད་པ་ཡིན་ནོ། །རྒྱུ་མཚན་ནི་སྦྱིན་པ་པོ་གཅིག་མ་གྲུབ་པའོ། །བལ་ཐོགས་པའི་བསླབ་
པའི་གཞི་གཞན་ཡོད་པས་ལྷག་པོར་གྱི་གླགས་མེད་པའོ། །མཚན་ཉིད་བརྗོད་པ་ཉིད་ཀྱི་ཕྱིར་མདོ་འདི་ལ་ཐམས་ཅད་དུ་དབང་བྱས་པ་ཉིད་དོ། །འདིའི་དམིགས་ཀྱིས་བསལ་བ་ནི་དཔག་ཚད་ཕྱེད་ཀྱི་ལམ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་ཐ་མར་ཡོངས་སུ་རྫོགས་པ་ཉིད་འགྲོ་བའི་མཚན་ཉིད་ལ་འདི་ཙམ་རྫོགས་
པ་ལ་ལྷག་པོར་རམ། དེ་འདིར་དེ་དང་ལྷན་ཅིག་སྐྱེས་པའི་རྣམ་པར་རིག་པ་ལ་དངོས་གཞི་རྒྱང་གྲགས་རེ་རེ་གཞན་དང་གཞན་ཞེས་བྱ་བ་འདིའི་བྱེད་པའོ། །ཕྱེད་དུ་ན་སྦྱོར་བའོ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་ཕྱེད་ཀྱི་བདག་པོ་ཉིད་དུ་སོང་ན་སྦྱོར་བར་འགྱུར་ཏེ། དེ་ཙམ་དུ་སོན་ན་སྦྱོར་བ་ཡོངས་སུ་རྫོགས་པ་ཉིད་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནས་བརྩམས་ཏེ། སྦྱོར་བ་ཡོངས་སུ་རྫོགས་པའི་མཚན་ཉིད་དུ་གྱུར་པ་ཉིད་དོ། །མདུན་དུ་ནི་ན་སྨད་པ་མེད་པ་ཉིད་དང་ན་སྨད་པའི་མདུན་ནས་ཉེས་བྱས་མེད་པ་འདི་ནས་བརྩམས་ཏེ་རྫོགས་པ་ཉིད་ལ་འདི་བྱེད་པའོ། །འདིར་གཞུང་ནི་རྒྱང་གྲགས་ཕྱེད་དུ་སོན་པར་གྱུར་ན་ཉེས་བྱས་
ཀྱི་ལྟུང་བར་འགྱུར་རོ། །རྒྱང་གྲགས་སུ་སོན་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །རྫུ་འཕྲུལ་གཞན་བས་ནམ་མཁའ་ལ་འགྲོ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། རྫུ་འཕྲུལ་དང་བཅས་པས་ནམ་མཁའ་ནས་འགྲོ་ན་ལྟུང་བ་མེད་དོ། །རྣམ་པ་གཞན་གྱིས་ནམ་མཁའ་ནས་འགྲོ་ན་ཉེས་བྱས་སོ་ཞེས་
བྱ་བའི་དོན་ཏོ། །སྤྲུལ་པས་ཀྱང་ངོ་ཞེས་བྱ་བ་ལས་ཀྱང་ངོ་ཞེས་བྱ་བའི་སྒྲ་ནི། ཉེས་བྱས་སོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་རོ། །འདི་ཡང་རྫུ་འཕྲུལ་དང་བཅས་པར་འགྲོ་བ་ཞེས་བྱ་བ་དེའི་ཕྱིར་ལྟུང་བ་མེད་པའི་སྐབས་ཡོད་པ་ལ་རྩོམ་པ་འདིའོ།། །།འདི་ཡང་མི་རིགས་པ་མ་ཡིན་ཏེ། །དེའི་
ལུས་ཀྱི་རྣམ་པར་རིག་བྱེད་ཡང་དག་པར་ལྡང་བར་བྱེད་པ་མངོན་པར་བརྩོན་པ་སྤྲུལ་པ་ལ་ཡོད་པའི་ཕྱིར་བརྒྱུད་ནས་འབྱུང་བའི་ཡོད་པས་མཚན་ཉིད་པ་ནི་མ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་ནམ་མཁའ་ལས་བལ་འཚལ་ན་ལྟུང་བ་ཅིར་འགྱུར། རྫུ་འཕྲུལ་གྱིས་ཁྱེར་ན་
ནི་ལྟུང་བ་མེད་དོ། །རྣམ་པ་གཞན་གྱིས་ཁྱེར་ན་ནི་ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་སྤྲུལ་པས་རུང་བར་བགྱིས་པ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུར་ཞེས་གསུངས་པ་ཡིན་ནོ། །ཞྭ་དང་ལྷམ་སྒྲོ་གུ་ཅན་དང་སྟོད་ཀོར་ནང་ཚངས་ཅན་དང་། རྒྱ་ཅང་དང་ལྕག་པོད་དང་
ཤུར་བུ་ཕྲེའུ་ལ་སོགས་པའི་དོན་དུ་དེ་ཙམ་དག་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་ཞྭ་ལ་སོགས་པའི་ཚད་ལྡང་བའི་བལ་རྣམས་ལ་ཞྭ་ལ་སོགས་པའི་ཚད་དུ་ཁྱེར་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རྒྱང་གྲགས་ཀྱི་ཚད་བརྗོད་པར་བྱ་སྟེ། རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། ཆུ་དང་། ལྕགས་དང་།
རི་བོང་དང་། ལུག་དང་། གླང་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། ཤིག་དང་། ནས་དང་། སོར་རྣམས་ནི་སྔ་མ་དྲུག་ལ་ཕྱི་མའོ། །སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་བཞི་ལ་ནི་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུ་གང་ངོ་། །དེ་ལྔ་བརྒྱ་ལ་རྒྱང་གྲགས་སོ་ཞེས་བྱ་བ་ནི་ནས་འབྲུ་དྲུག་གློས་གཞིབས་

པ་ལ་སོར་གཅིག་ཏུ་རིག་པར་བྱ་སྟེ། འདིར་གཞུང་ནི་ནས་དྲུག་ལ་སོར་མོའི་ཚིགས་གཅིག་གོ་ཞེས་གསུངས་པ་ཡིན་ནོ། །སོར་མོ་གང་ཡིན་པའི་ཚིགས་ཀྱི་ཚིགས་ལ་ཞེས་བྱ་བ་ནི་འདི་བསྟན་པའི་དོན་དུ་འདིར་ཚིགས་ཀྱི་ཚིགས་རིག་པར་བྱའོ། །འཇིགས་པ་དང་བཅས་པ་
ཉིད་དུ་ནགས་ཁྲོད་དགོན་པ་བསྟེན་པ་ལ་དགེ་སློང་མས་དགོན་པར་གནས་པར་མི་བྱ་བ་གསུངས་པས་མངོན་པར་བསྟེན་པར་བྱ་བའི་དགོན་པའི་ངོ་བོ་བརྗོད་པར་བྱ་སྟེ། དེའི་ཕྱིར་དགོན་པའི་དང་པོ་ནི་དེའི་མཐའོ་ཞེས་བྱ་བ་སྨོས་ཏེ། རྒྱང་གྲགས་ཀྱི་མཐར་ཞེས་བྱ་བའི་དོན་ཏོ། །ལུས་ཀྱིས་ཁུར་མི་
བསྐུར་རོ་ཞེས་བྱ་བ་ལ་ལུས་ཀྱི་ཁུར་ཞེས་བྱ་བ་ཕྲག་གདང་གི་ཁུར་ལ་བྱ་སྟེ། ཕྲག་གདང་གིས་ཁུར་བསྐུར་བར་མི་བྱའོ། །གློ་དང་རྒྱབ་དང་རྐེད་པ་དང་། མགོ་བོ་དག་གིས་མི་བསྐུར་རོ་ཞེས་བྱ་བར་རོ། །ཁུར་བསྐུར་བ་ཐམས་ཅད་ལ་ནི་འདི་རྣམས་ཉིད་བཀག་པའོ། །འདིར་ཐུན་མོང་མ་ཡིན་པ་
ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ནི་ལུས་ཀྱིས་མི་བསྐུར་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་མ་རྣམས་ཀྱིས་ཐུན་མོང་བ་ཡིན་པ་ཉིད་དུ་དོགས་པར་མི་བྱ་སྟེ། དགེ་སློང་མ་རྣམས་ཀྱིས་ཀྱང་འདི་མི་བྱ་ཞེས་བྱ་བའི་དོན་ཏོ། །ཁུར་ཕྱེད་ལས་ལྷག་པ་བསྐུར་བར་མི་བྱའོ་ཞེས་བྱ་བ་ལ་འདིར་གཞུང་ནི་མི་ཁུར་
གང་ཡིན་དེ་དགེ་སློང་གཉིས་ཀྱིས་བསྐུར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བལ་ཐོགས་པའི་སྤང་བའོ།། །།འཁྲུར་འཇུག་པའི་སྤང་བ་ལ་ཚོག་གང་ཡིན་པ་དེ་ཉིད་ལས་བལ་རྨེལ་དུ་འཇུག་པའི་སྤང་བ་ལ་བརྟེན་ནས་བྱེ་བྲག་བརྗོད་པར་བྱ་སྟེ། ཆོས་གོས་རྙིང་པའི་གནས་སུ་ལུག་གི་བལ་
དག་གོ། །འཆག་པར་རྨེལ་བའོ་ཞེས་བྱ་བ་ནི་གནས་སུ་ཞེས་བྱ་བ་ཉིད་དུ་འཁྲུར་འཇུག་པའི་སྤང་བའི་སྐབས་སུ་འཁྲུར་འཇུག་པ་འམ་འཚེད་དུ་འཇུག་ནའོ་ཞེས་བྱ་བ་སྨོས་པ་དེ་འདིར་ནི་འཁྲུར་འཇུག་གམ་འཚེད་དུ་འཇུག་གམ་རྨེལ་དུ་བཅུག་ནའོ་ཞེས་བརྗོད་པར་བྱའོ། །གང་གི་ཕྱིར་དེ་ཉིད་འདིར་
རྫོགས་པ་ནི་ལྟུང་བའི་བྱེད་པ་པོའི་གཞུང་ངོ་། །བལ་རྨེལ་དུ་འཇུག་པའི་སྤང་བའོ།། །།ཅི་ཞིག་བྱས་ན་གསེར་དངུལ་ལ་རེག་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་རིན་པོ་ཆེ་བདག་གིར་བྱས་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་རྐང་པའི་དྲུང་ན་མོའི་རོ་མྱང་ངམ་

ཐོབ་པའི་གནས་སམ་ས་ལེ་སྦྲམ་གྱི་རྫས་འདུག་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ལྕོགས་པ་ཉིད་ན་དེ་རྫོགས་སོ་ཞེས་བྱ་བ་ནི་ལྕོགས་པ་ཉིད་དུ་བདག་གིར་བྱ་བར་ནུས་པ་ཉིད་ལ་ཐོབ་པ་ལག་ཏུ་འོང་བར་རུང་བ་ཉིད་ལ་ལག་ཏུ་གྱུར་པ་མ་ཡིན་པ་ཉིད་ལ་སྟོན་པ་ན་བདག་
གིར་བྱ་བ་དེ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བས་ཕ་ཟད་ན་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། ལྕོགས་པ་ཉིད་ཀྱི་གནས་སྐབས་པས་གལ་ཏེ་རྫས་དེ་འདི་བླངས་པ་ལ་དངོས་གཞི་སྟེ། གལ་ཏེ་མ་ཡིན་ལྕོགས་པ་ཉིད་ཀྱི་གནས་སྐབས་ན་ཐོབ་པ་ན་དངོས་གཞི་སྟེ། ལེན་པ་པོའི་སྦྱོར་བ་ལ་ནི་ཁ་ན་མ་ཐོ་བ་
ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་གང་ཞིག་འདི་ཐོབ་པའི་གནས་ལ་ས་ལེ་སྦྲམ་གྱི་རྫས་འཇུག་པ་བདག་གིར་བྱེད་ན་མ་ཐོབ་པའི་སྤང་བ་འདི་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་བདག་གིར་བྱེད་པ་ཞེས་བྱ་བ་གཅིག་ཏུ་རྗེས་སུ་སྒྲུབ་ན་སྤང་བ་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར་རང་གི་རུང་བ་མ་བྱས་པ་ཡང་ངོ་
ཞེས་བྱ་བ་སྨོས་ཏེ། རང་གི་ཞེས་བྱ་བ་ནི་གཞན་གྱི་དག་ལ་ལྟུང་བ་རྣམ་པར་གཞག་པས་སྤང་བའི་ལྟུང་བ་འདི་ལ་ཞིང་ཉིད་ཀྱི་ཕྱིར་མ་བྱས་པ་དང་འདྲ་བ་ལ་འཛིན་པ་གང་ཞིག་གསུངས་པ་འདི་ནི་འདིར་ལུང་ངོ་། །གང་གིས་བྱིན་པ་ལན་ཏམ་ལེན་དུ་འཇུག་པ་མེད་ན་འཛིན་པ་སྐྱེ་བར་མི་འགྱུར་རོ། །འདིར་
བདག་ཏུ་བྱས་པ་ནི་དེ་དང་རྗེས་སུ་མཐུན་པ་སྟེ། དེ་དང་རྗེས་སུ་མཐུན་པ་ནི་འཛིན་པ་བརྗོད་ཀྱིས་ངེས་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། འདི་ནི་འཐད་པ་མ་ཡིན་ཏེ། བདག་ཏུ་བྱ་བ་དང་དོར་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །རུང་བ་རྣམས་ལ་ནི་བདག་ཏུ་བྱ་བ་དང་དོར་བར་བྱ་བའི་ཕྱིར་རོ། །གང་གི་ཕྱིར་བར་དུ་ཆད་
པར་གྱུར་པ་འདི་རྣམས་ལ་བདག་ཏུ་བྱེད་པ་སྟེ། གང་ཞིག་དེའི་ལོགས་སུ་བྱེད་པར་འགྱུར་བ་ཉིད་དོ། །དེ་བས་ན་འདིར་བདག་གིར་བྱ་བ་རྗེས་སུ་གནང་བ་ཡོད་པ་མ་ཡིན་ནོ། །གང་ཞིག་འདིར་བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱ་བར་རྗེས་སུ་ངས་གནང་ངོ་ཞེས་
གསུངས་པ་དེ་ནི་རུང་བ་དང་པོ་ཡིན་ནོ། །ཇི་ལྟར་འདིར་བདག་གིར་བྱེད་པ་མི་བསྐྱེད་པའོ། །རུང་བར་བྱ་སྟེ་གཟུང་བར་བྱའོ་ཞེས་བྱ་བ་འདིའི་དོན་ནི་འདི་ཡིན་ནོ། །འདུད་པའི་དོན་གྱིས་མངོན་པར་འབྲེལ་པར་གྱུར་པ་ཞེས་བྱ་བ་སྟེ། དེ་བས་ན་འདུད་པ་ཉིད་ཁས་ལེན་པ་ནི་འདིར་ལེན་པར་ཤེས་པར་

བྱའོ། །བདག་ཏུ་མ་བྱས་པ་ཉིད་ཀྱིས་འདུད་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །བདག་པོ་ཉིད་ཀྱིས་ལྷག་པོར་མོས་པ་དང་པོར་གཟུང་ནས་ལེན་པ་ལ་བྱ་བ་ཉིད་ནམ་ཡང་མ་བྱས་པ་དང་འདྲ་བ་ལ་ལེན་པ་ཡོད་པ་མ་ཡིན་ནོ། །འཇུག་པ་གང་ལ་རང་གིར་མ་བྱས་པ་དང་འདྲ་བའི་
རིན་པོ་ཆེ་མ་ཡིན་ཞེ་ན། དེའི་ཕྱིར་རེག་གམ་རེག་ཏུ་བཅུག་ནའོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་རེག་པས་ཤེ་ན། དེའི་ཕྱིར་གང་ཡང་རུང་བས་སོ་ཞེས་བྱ་བ་སྨོས་ཏེ། ཕྱོགས་གཅིག་པར་རེག་ན་ཡང་ལོངས་ཤིག་ཁྱེར་ཅིག་ཞོག་ཅིག་ཅེས་བྱ་བ་ལྟ་བུ་དམིགས་ཀྱིས་མ་སྨྲས་པར་ཡང་རེ་ཞིག་ཅེས་བྱ་བ་
དངོས་སུ་ཚིག་གིས་ཀྱང་མ་སྨྲས་ཤིང་། ཉེ་བར་གནས་པ་ལ་ཡང་གནས་གཞན་ན་གནས་པ་དེ་ལ་ཞེས་བྱ་བ་བསྟན་པས་ཉེ་བར་གནས་པ་ཉིད་ལ་འདི་ཞེས་བྱ་བའོ། །སྙད་གདགས་སུ་རུང་བའི་ཟངས་མ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་འདི་ལ་དམན་པའི་རིན་པོ་ཆེ་ཉིད་ཡོད་པའི་ཕྱིར་རོ། །གཞན་ལ་ནི་
ལྟུང་བ་མེད་དོ་ཞེས་བྱ་བ་ནི་སྙད་གདགས་སུ་རུང་བའི་ཟངས་མ་འདི་ལ་ནི་རྫས་ལས་རིན་པོ་ཆེ་ཉིད་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཞ་ཉེ་དང་ཁྲོ་ཆུ་དང་རོ་ཉེ་དང་ལྕགས་དག་ལ་ཡང་ངོ་ཞེས་བྱ་བ་ནི་འདི་རྣམས་ཀྱང་རིན་པོ་ཆེ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །དགེ་ཚུལ་གཉིས་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི།
དགེ་ཚུལ་དང་དགེ་ཚུལ་མ་གཉིས་ཀྱིས་རིན་པོ་ཆེ་ལ་རེག་གམ་རེག་ཏུ་བཅུག་ན་ལྟུང་བ་མེད་དོ། །གང་གི་རུང་བ་མ་བྱས་པ་ཡང་ངོ་ཞེས་སྨྲས་ན་རུང་བ་གང་ལ་བྱས་ན་རུང་བ་མ་ཡིན་པའི་རུང་བ་དེ་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་སྦྱིན་བདག་བདག་པོ་ཉིད་དུ་སྨོས་སུ་གཞུག་པ་དང་། ཞལ་ཏ་བྱེད་པ་བདག་པོ་ཉིད་དུ་
ཁས་ལེན་དུ་གཞུག་པ་དང་། བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་རུང་བ་དག་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདིར་རུང་བ་གསུམ་གྱི་གཞུང་ནི་དགེ་སློང་དག་དེ་ལྟ་བས་ན་རྗེས་སུ་ཤེས་པར་བྱ་སྟེ། ཆོས་གོས་ཀྱི་རིན་དག་རྙེད་པ་ན་བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ། །
དེ་བཞིན་དུ་སྦྱིན་བདག་ཀྱང་སྤྲོ་བར་བྱའོ། །བྱིན་གྱིས་བརླབ་པ་ཡང་བྲམ་ཟེའི་བུ་མོས་ཞུས་པའི་གཞུང་ལས་གང་ཞིག་བདག་དགེ་སློང་མིང་འདི་ཞེས་བགྱི་བར་དངོས་པོ་རུང་བ་མ་ལགས་པ་འདིས་དངོས་པོ་རུང་བར་བསྒྲུབ་པར་བགྱི་ཞིང་དེ་ནི་བདག་གིར་བགྱིའོ་ཞེས་གསུངས་པ་ཡིན་ནོ། །ལན་ཇི་ལྟ་བར་

འདི་རྣམས་ལ་གཙོ་བོ་ཉིད་དུ་རིག་པར་བྱའོ། །གང་གི་ཕྱིར་སྦྱིན་བདག་གི་ཤིན་ཏུ་གསལ་བ་བདག་པོ་ཉིད་དུ་ལྷག་པར་མོས་པས་ཞལ་ཏ་བྱེད་པའི་བདག་པོ་ཉིད་དུ་ཁས་ལེན་པ་ལ་གཞན་གྱི་བློ་དང་གཞན་གྱི་རྣམ་པར་རིག་བྱེད་དང་བདག་གིར་བྱེད་པ་ཉིད་ལ་ཤིན་ཏུ་གསལ་བ་ཉིད་དོ། །གང་ཞིག་འདིར་ཞལ་ཏ་
བྱེད་པ་ལ་བདག་པོ་ཉིད་དུ་ཁྱོད་ཀྱིས་ཁས་ལེན་ཞིང་འདི་ལྟར་སྤྲོ་བར་བྱེད་པ་འདི་འདིར་བདག་པོ་ཉིད་དུ་ཁས་ལེན་པར་རིག་པར་བྱའོ། །ཡང་ཅིའི་ཕྱིར་བདག་ཏུ་བྱ་བ་མ་ཡིན་པ་ལ་གོ་བར་བྱེད་པ་དང་། བྱིན་གྱིས་བརླབས་པ་ཡོངས་སུ་སྐྱོང་བ་ཉིད་ཀྱིས་བདག་གི་འདི་གཙུག་ལག་ཁང་ལ་སོགས་པ་དང་འདྲ་བར་
བསྲུང་བ་དང་བྱིན་གྱིས་བརླབ་པར་བགྱིའོ། །འདིར་བདག་གི་བློ་ནི་འདི་ཡིན་ཏེ་བདག་ཏུ་བྱ་བས་ནི་མ་ཡིན་གྱི། བདག་ལ་བདག་ཏུ་བྱ་བའི་དབང་གིས་བསྒྲུབ་པ་ཡང་མ་ཡིན་ཏེ། འདི་སྐད་ཅེས་ཚེ་དང་ལྡན་པ་དགོངས་སུ་གསོལ་ཞེས་བྱ་བའི་ངོ་བོ་ལས་གང་ཞིག་བདག་དགེ་སློང་མིང་འདི་ཞེས་བགྱི་བས་
དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ་ཞེས་བྱ་བའི་ཚིག་འདི་དེ་ཇི་ལྟར་བདག་ཏུ་བྱ་བ་རུང་བ་ཉིད་ཁས་ལེན་པ་ནི་འདིར་བསྒྲུབ་པ་སྟེ། བདག་ཏུ་བྱ་བ་འོངས་པའི་དོན་དང་སྦྱར་བ་ནི་མ་ཡིན་ནོ། །ཆོས་དང་ལྡན་པའི་དོན་མི་བདོག་པའི་རྐྱེན་ལས་གཞན་པ་ལ་མི་འཆགས་སོ་ཞེས་བྱ་བ་ལ། ཆོས་ལས་
མི་འདའ་བའི་ཆོས་དང་ལྡན་པ་སྟེ། རང་གི་དོན་དུ་ཆོས་གོས་དང་སྨན་ལ་སོགས་པ་ཡོ་བྱད་དག་གོ། །དེ་ནི་ཆོས་དང་ལྡན་པ་ཡང་ཡིན་ལ་དོན་ཡང་ཡིན་པས་ཆོས་དང་ལྡན་པའི་དོན་ཏེ། ཆོས་གོས་དང་སྨན་ལ་སོགས་པའི་དོན་ཏོ། །དེའི་རྐྱེན་ཞེས་བྱ་བ་ནི་རྫས་གང་ཡིན་པ་སྟེ། རྫས་ཇི་ཙམ་གྱིས་
ཆོས་དང་ལྡན་པའི་དོན་ཏེ། སྒྲུབ་པར་འགྱུར་བའོ། །དེ་མི་བདོག་པར་གྱུར་པ་ལ་རུང་བ་འདི་རྣམས་གྲགས་པའོ། །ཆོས་དང་ལྡན་པའི་དོན་མི་བདོག་པ་དེའི་རྐྱེན་ལས་གཞན་དུ་གྲགས་པ་མ་ཡིན་ནོ། །གལ་ཏེ་བདོག་པ་ཉིད་རེ་ཞིག་རྐྱེན་རྫས་སུ་གྱུར་ན་ཆོས་དང་ལྡན་པའི་དོན་མེད་པར་ཡང་ལྷག་
པར་གནས་ན་རུང་བ་འདི་རྣམས་ཀྱང་སྐྱེ་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེར་བྱས་པ་ཉིད་ཡང་རུང་བ་འདི་རྣམས་ཆོས་འདི་མ་ཡིན་པ་ལ་ལྟུང་བ་ཉིད་ཀྱི་ཕྱིར་དེ་བྱེད་པ་དང་། དེ་ལ་རེག་པ་དང་རེག་པར་བྱེད་པ་དག་ལ་སྤང་བའི་ལྟུང་བྱེད་སྐྱེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ལུང་ནི་ཆོས་

གོས་སེམས་པར་བྱེད་ཅིང་ཐོབ་པར་གྱུར་པ་རྣམས་སྦྱིན་པ་པོའི་ལག་ཏུ་ཡིད་བརྟན་པས་བཅང་བར་བྱ་ཞེས་བྱ་བ་ཆོས་གོས་ལ་སེམས་པར་བྱེད་པའི་ཚིག་ཅེས་གསུངས་པ་ཡིན་ནོ། །ཆོས་གོས་ཀྱི་དོན་དུ་སེམས་པར་བྱེད་པའི་ཚིག་ནི་དཔེར་ཤེས་པར་བྱའོ། །དེ་ལྟར་ཡང་ལམ་དུ་
མཛའ་བོའི་དོན་དུ་ཡང་གཟུང་བར་བྱ་ཞེས་བྱ་བ་སྨོས་ཏེ། ཆུ་དང་མེའི་དོན་དུ་ཆུ་ཤེལ་དང་མེ་ཤེལ་དག་བཅང་བར་བྱ་བར་གསུངས་སོ། །སྦྱོར་བ་དང་ཡང་མི་མཐུན་པ་ཉིད་ཀྱི་ཕྱིར་རབ་ཏུ་བྱུང་བ་རྣམས་ཀྱི་ལུས་འཚོ་བར་བྱ་བའི་དོན་དུ་བསོད་སྙོམས་ཙམ་ལ་ཡང་འདི་རྣམས་ཀྱིས་ལྷག་པར་འཆང་
བ་ལ་རུང་བ་རྣམས་ལ་མི་འཇུག་པས་རྣམ་པར་རྟོག་པ་ཙམ་མམ་ཚིག་སྦྱོར་བ་ཙམ་འདིར་སྤོང་བ་ལ་གཙོ་བོ་ཡིན་པས་གཞན་ཉིད་དུ་ཐོབ་པས་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་བྱ་བ་བྱེད་པར་འགྱུར་རོ། །རྣམ་པར་ཉམས་པར་གྱུར་པ་ཚངས་པར་སྤྱོད་པ་དང་བཅས་པ་རྣམས་ལ་ཡོ་བྱད་
བཅུ་གསུམ་རྣམས་ལས་ཅིག་ཤོས་མ་ཚང་བས་རྗེས་སུ་གཟུང་བར་བགྱིའོ། །ཕོངས་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པའི་རྟོགས་པ་དང་ལྡན་པ་རྣམས་ལ་ལྷུང་བཟེད་དང་ཆོས་གོས་བསྒྲུབ་པར་བགྱི་ཞེས་བྱ་བའི་དོན་གང་ཡིན་པ་དེ་ལ་ནི་ཆོས་དང་མི་ལྡན་པ་ཉིད་མ་ཡིན་ནོ། །བདག་པོ་རིང་བ་ཉིད་
ཡིན་ན་ཡང་ཉམས་པ་མེད་དོ་ཞེས་བྱ་བ་ནི་བདག་པོ་སྦྱིན་བདག་གམ་ཞལ་ཏ་བྱེད་པ་རིང་བ་ཉིད་ཡིན་ཏེ། ཡུལ་ཐག་རིང་པོ་ཉིད་དུ་སོང་ཞིང་ཡུལ་གྱིས་བསྐལ་པ་ཉིད་ཡིན་ཡང་རུང་བ་དག་ལ་ཉམས་པ་མེད་དོ། །བདག་ཉིད་ཀྱི་དོན་དུ་བཟའ་བ་བྱེད་དུ་གཞུག་ཏུ་རུང་ངོ་། །དེ་བྱད་པ་ལ་དབུལ་བའི་ཕྱིར་ཀཱར་ཥཱ་
པ་ཎ་བླང་བ་ལ་ཡང་ངོ་ཞེས་བྱ་བ་ནི་ཕྲན་ཚེགས་རྣམས་ལས་འདི་ལ་སོགས་པའི་ལམ་དུ་བཟའ་བ་དང་རིན་པོ་ཆེ་ལ་སོགས་པ་རྣམས་འདི་སྤང་བའི་ཇི་སྲིད་དུ་སའི་རང་བཞིན་ཞེས་བྱ་བ་འདི་མཐར་དེ་བྱེད་པ་ཞེས་བྱ་བ་ནི་བཟའ་བ་བྱེད་པ་ལ་དབུལ་བའི་ཕྱིར་ཀཱར་ཥཱ་པ་ཎ་བླང་བ་ཡིན་ཞེས་བྱ་བའི་དོན་ཏོ། །འདིའི་
ཆོས་དང་མི་ལྡན་པའི་དོན་མ་ཡིན་ཞེས་བྱ་བར་ཤེས་པར་བྱའོ་ཞེས་བྱ་བ་འདི་ལ་འདི་བསྟན་པ་སྟེ། རུང་བ་མེད་པས་ལེན་པ་རྗེས་སུ་གནང་བ་མ་ཡིན་ཞེས་བྱ་བའོ། །འདི་ནི་རུང་བ་གཞན་བརྗོད་པ་སྟེ། དེ་བཞིན་དུ་རྗེས་སུ་གནང་བ་གཞན་རྣམས་ལ་ཡང་རིག་པར་བྱའོ། །ལམ་རྒྱགས་ནི་རིན་པོ་

ཆེ་མན་ཆད་ལས་སོ་ཞེས་བྱ་བ་ནི་རིན་པོ་ཆེ་མན་ཆད་ནས་ལམ་དུ་བཟའ་བ་ལེན་པ་རུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་དག་གིས་ལམ་རྒྱགས་ཇི་ལྟ་བུ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟའ་བ་ལྔ་དང་བཅའ་བ་སྨོས་པ་ལྔ་དང་། རིན་པོ་ཆེ་ལྔ་དང་།
རིན་པོ་ཆེར་སྨོས་པ་ལྔའོ། །དེ་ལ་བཟའ་བ་ལྔ་གང་ཞེ་ན། འབྲས་ཆན་དང་། ཟན་དྲོན་དང་ཤ་དང་ཉ་ཤ་དང་སྣུམ་ཁུར་རོ། །བཅའ་བར་སྨོས་པ་ལྔ་གང་ཞེ་ན། ཇི་ཙེ་དང་ཁྲེ་རྒོད་དང་རྒྱ་སྲན་དང་བྲ་རྒོད་དང་ཁྲེའོ། །རིན་པོ་ཆེ་ལྔ་གང་ཞེ་ན། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་
དང་། མུ་ཏིག་གོ། །རིན་པོ་ཆེ་ལྔར་སྨོས་པ་གང་ཞེ་ན། ཞ་ཉེ་དང་རོ་ཉེ་དང་ཟངས་དང་། ཁྲོ་ཆུ་དང་། ལྕགས་སོ་ཞེས་གསུངས་པ་ཡིན་ནོ། །མེའི་དོན་དུ་དགེ་སློང་གིས་མེ་ཤེལ་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ལ་འདི་ནི་ཆོས་དང་མི་ལྡན་པའི་དོན་མ་ཡིན་ཏེ་ཞེས་བྱ་བ་འདི་བསྟན་པའོ། །དེ་མ་
སྦས་པར་གཞག་པར་མི་བྱའོ་ཞེས་བྱ་བ་ནི་གཏོར་བའི་སྐྱོན་བསལ་བའི་དོན་དུ་སྦ་བའོ། །མ་སྦྱིན་པར་ལེན་པ་ལ་བསྟན་པར་མི་བྱའོ། །དེའི་འབྲས་བུ་ཕྱུང་ནས་དེ་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་མེ་ཤེལ་དེའི་འབྲས་བུ་མེ་ཞེས་བྱ་བ་ཕྱུང་ནས་རྐུན་པོ་དེ་ལ་མེ་སྦྱིན་པར་བྱའོ། །ཆུའི་དོན་དུ་ཆུ་ཤེལ་ཡང་
ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་ཉེ་བར་གཞག་པར་བྱའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་རོ། །བསྲུང་བའི་ཆོ་ག་ནི་འདྲའོ་ཞེས་བྱ་བ་ནི་མེ་ཤེལ་དེ་འདི་མ་སྦས་པར་གཞག་པར་མི་བྱ་ཞེས་བྱ་བ་ལ་སོགས་པའོ། །ཡོ་བྱད་རྗེས་སུ་གནང་བར་རིན་པོ་ཆེ་བདག་གིར་བྱ་བའི་ཤན་བསྲེ་བར་མི་བྱ་བ་
ཉིད་དོ་ཞེས་བྱ་བ་ནི་གང་ཞིག་རྒྱ་ལ་སོགས་པའི་འཚོག་ཆས་ནི་ཡོ་བྱད་དེ་དེ་ནི་རྗེས་སུ་གནང་བ་ཡིན་ནོ། །དེའི་རྗེས་སུ་གནང་བའི་ཁོངས་སུ་རིན་པོ་ཆེ་བདག་གིར་བྱ་བའི་ཤན་བསྲེ་བ་གཞུག་པར་མི་བྱ་བ་ཉིད་དོ། །དེ་བས་ན་རིན་པོ་ཆེའི་རང་བཞིན་ལ་ཡང་འདིར་རྗེས་སུ་གནང་བ་ཉིད་དོ། །གནོད་པར་བྱེད་
པ་སྤང་བའི་ཆོ་ག་ལ་ཞེས་བྱ་བ་འདོད་པ་ལ། དོན་ནི་འདི་ཡིན་ཏེ། རྒྱ་ལ་སོགས་པ་རྗེས་སུ་གནང་བ་གང་ཡིན་པ་དེ་ལ་རིན་པོ་ཆེའི་རང་བཞིན་གྱི་རྒྱ་ལ་སོགས་པ་ལ་བདག་ཏུ་བྱེད་པ་གང་ཡིན་པ་དེའི་མཐའ་བྱས་པ་ཉིད་ནི་མ་ཡིན་ཏེ་རྗེས་སུ་མ་གནང་བ་ཉིད་དོ། །དེ་ལ་རིན་པོ་ཆེའི་རང་བཞིན་བདག་ཏུ་བྱ་བ་

ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་ཕྲན་ཚེགས་རྣམས་ལ་འདིར་རྒྱ་ལ་སོགས་པ་ལ་རིན་པོ་ཆེའི་རང་བཞིན་བཀག་པའི་གཞུང་ངོ་། །གླེང་གཞི་རྣམས་ལས་ཀྱང་གསུངས་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དུད་པའི་སྨན་གཅེའུ་བཅང་བར་བྱའོ་ཞེས་གསུངས་པ་དང་། ཞུས་པ་ཇི་
ལྟ་བུ་བཅང་བར་བགྱི། བཀའ་སྩལ་པ། ཉེ་བ་འཁོར་རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ། །སྣར་བླུགས་པའི་སྤྱད་དང་འཕུལ་བའི་བཏུང་ཕོར་དང་ཁབ་དང་ཁབ་རལ་དང་མིག་སྨན་གྱི་གབ་ཙེ་དང་། སྨན་ཕོར་དང་རྐང་རྟེན་དང་ཁྲིའུ་དང་སྨན་གྱི་ནལ་ཟེ་བཅང་བར་བྱའོ། །ལྕགས་ཀྱི་གར་བུ་
ལ་ལུ་གུ་རྒྱུད་གདགས་པར་བྱའོ་ཞེས་གསུངས་པ་ཐམས་ཅད་ལ་ཡང་ཇི་ལྟ་བུ་ཞིག་བཅང་བར་བགྱི། ཉེ་བ་འཁོར་རིན་པོ་ཆེའི་རང་བཞིན་ལས་བྱས་པ་མ་གཏོགས་སོ་ཞེས་བཀའ་སྩལ་པ་དེ་ལྟ་བུའི་ཚིག་ཡོད་དོ། །ར་གན་དང་ཟངས་དང་འཁར་བ་དང་ཤིང་གི་ལྷུང་བཟེད་དང་བདག་གིར་མི་བྱའོ་ཞེས་བྱ་
བ་ནི། ལྷུང་བཟེད་ཅེས་བྱ་བའི་སྒྲར་ར་གན་ལ་སོགས་པ་སོ་སོ་དང་སྦྱར་རོ། །དེ་དག་བདག་གིར་བྱས་པའམ་གཞན་ཡང་རུང་སྟེ། གལ་ཏེ་ཡོངས་སུ་སྤྱད་དགོས་པར་གྱུར་ན་སྨན་ཕོར་གྱིས་ཡོངས་སུ་སྤྱད་པས་སོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་ར་གན་ལ་སོགས་པའི་ལྷུང་བཟེད་ལའོ། །འབྲུ་མར་
གྱི་སྣོད་ཀྱི་རྣམ་པ་ཉིད་ཀྱིས་ཤིན་ཏུ་འདི་མཐུན་པ་ཉིད་མ་ཡིན་ཏེ་ཞེས་བྱ་བ་འདི་འཆང་བ་དང་། མངོན་པར་རྗེས་སུ་ཡི་རང་བའོ། །གཞན་ཡང་རུང་སྟེ་ཞེས་བྱ་བ་ནི་བདག་གིར་མ་བྱས་པར་གན་ལ་སོགས་པའི་ལྷུང་བཟེད་འདི་ལ་ཡང་ཡོངས་སུ་སྤྱད་དགོས་པ་སྨན་དང་སྨན་ཕོར་གྱི་རིགས་པ་ཉིད་ཀྱིས་དེ་
ཞེས་བྱ་བའི་དོན་ཏོ། །སྨན་ཞེས་བྱ་བ་ནི་ལྷུང་བཟེད་ཡོངས་སུ་སྤྱད་དགོས་པ་བསལ་བའི་གཙོ་བོ་འདི་སྨན་དང་སྨན་ཕོར་གྱིས་ཡོངས་སུ་སྤྱད་དགོས་པའི་ཚིག་གོ། །གསུངས་པའི་སྨན་དང་འབྲེལ་པ་ཉིད་ཀྱི་འབྲས་བུ་ངེས་པར་སྤྱོད་པ་ལ་ནི་མ་ཡིན་ཞེས་ཏེ། གཞན་དུ་ན་ཡང་མ་ཡིན་ཞེས་བྱ་བར་
རིག་པར་བྱའོ། །འདིར་གཞུང་ནི་ཉེ་བར་མ་བཞག་པ་དེ་རྣམས་ནི་ཉེ་བར་གཞག་པར་མི་བྱའོ་ཞེས་གསུངས་པའོ། །གཞག་པར་བྱས་པ་ནི་སྨན་ཕོར་ཡོངས་སུ་ལོངས་སྤྱོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱིན་གྱིས་བརླབ་ཏུ་རུང་བ་ནི་གཉིས་ཏེ། ལྕགས་ལས་བྱས་པ་དང་ས་ལས་བྱས་པའོ་

ཞེས་བྱ་བ་ནི་ལྷུང་བཟེད་ཅེས་བྱ་བར་སྦྱར་རོ། །ལྷུང་བཟེད་འབའ་ཞིག་པ་འདིར་བསྟན་པའི་རིན་པོ་ཆེའི་ངོ་བོ་བརྗོད་པར་བྱ་སྟེ། ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ་དང་མན་ཤེལ་དཀར་པོ་དང་བྱི་རུ་དང་དངུལ་དང་གསེར་དང་། རྡོའི་སྙིང་པོ་དང་སྤུག་དང་དམར་པོ་དང་གཡས་སུ་འཁྱིལ་བ་ལ་སོགས་པ་ནི་རིན་པོ་ཆེའི་
ཞེས་བྱ་བ་ལ་སོགས་པ་ལ་ནོར་བུ་ཞེས་བྱ་བ་ལ་སོགས་པས་ཤེལ་དག་འཕངས་སོ། །སོགས་པ་ཞེས་སྨོས་པ་ནི་སངས་རྒྱས་ཀྱི་སྐུ་གདུང་ལ་སོགས་པ་དག་བསྡུ་བའོ། །ཆུ་ཤེལ་དང་མེ་ཤེལ་དག་ལ་ཡང་འདིར་ནོར་བུའི་ཚིག་གིས་གཟུང་བ་ཉིད་དོ། །ནོར་བུར་གྱུར་པའི་ཁབ་ལེན་གང་ཡིན་པ་དེ་
ཡང་འདིས་འཕངས་པ་ཉིད་དོ། །རྡོ་བར་གྱུར་པ་ལ་ནི་མ་ཡིན་ཏེ། དེར་རིན་པོ་ཆེ་ཉིད་མེད་པའི་ཕྱིར་རོ། །འདིར་ནོར་བུ་ལ་སོགས་པ་བརྗོད་པའི་རིན་པོ་ཆེ་ལ་དཔེ་ཉིད་དུ་རིག་པར་བྱ་སྟེ་གཞན་དུ་རིན་པོ་ཆེའི་སྙིང་པོ་ལ་སོགས་པའི་དངོས་པོ་ཉིད་ལ་འདྲ་བ་ཉིད་ཀྱི་ཕྱིར་རོ། །དངུལ་ཞེས་བྱ་བ་ནི་དངུལ་
སྐྱའོ། །གསེར་ཞེས་བྱ་བ་ནི་ས་ལེ་སྦྲམ་མོ། །མདོ་ལས་འདི་གཉིས་སྨོས་པ་གང་ཡིན་པ་དེ་ནི་དཔེ་ཡིན་ཏེ། ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ་དང་དུང་དང་མན་ཤེལ་དཀར་པོ་དང་བྱི་རུ་དང་དངུལ་དང་ས་ལེ་སྦྲམ་དང་རྡོའི་སྙིང་པོ་དང་སྤུག་དང་དམར་པོ་དང་གཡས་སུ་འཁྱིལ་པ་ལ་སོགས་པ་ལ་རེག་པར་
བྱེད་ན་སྤང་བའི་ལྟུང་བ་ཞེས་བྱ་བ་ཚིག་ཏུ་བརྗོད་པར་བྱ་བའི་ཕྱིར་རྣམ་པར་འབྱེད་པ་ལས་འདིར་དབྱིག་གམ་གསེར་རམ་ས་ལེ་སྦྲམ་དུ་གྱུར་པ་འདི་གཉིས་ཀ་ཡང་སྙད་གདགས་སུ་རུང་བ་ཞེས་བྱ་བའི་དོན་ཏོ། །འདིའི་དོན་འདི་རྫས་གཅིག་པུ་ཉིད་དེ་རིན་པོ་ཆེ་ཉིད་དུ་སྙད་གདགས་སུ་རུང་བ་དང་བཅས་པ་རྫས་
ཉིད་དང་བཅས་ཆ་གཅིག་པུ་ཉིད་ལ་འདིས་བསྟན་པ་ཉིད་དོ། །དེ་ལྟར་ན་ཡང་ཟངས་མའི་སྙད་གདགས་སུ་རུང་བ་ལ་ནི་ཉེས་བྱས་སུ་རྣམ་པར་གཞག་པའོ། །དེ་བས་ན་འདི་ནི་དཔེ་ཡིན་ཏེ་རིན་པོ་ཆེའི་རང་བཞིན་མ་ཡིན་པ་གཞན་ལ་ཡང་སྙད་གདགས་སུ་རུང་བ་ལ་ནི་ཉེས་བྱས་ཞེས་རྟོགས་པར་བྱའོ། །གང་
ཞིག་དེ་མངོན་པར་རྟེན་པ་སྙད་གདགས་སུ་རུང་བའི་མངོན་མཚན་ཅན་ལ་འདིར་ངོ་བོ་སྟེ། སྐྱེས་པ་ལ་སོགས་པ་ནི་མ་ཡིན་ཏེ། འདི་ལྟ་བུའི་མཚན་ཉིད་ཅན་ཁྱད་པར་མེད་པའི་ཕྱིར་གཉིས་པོ་འདི་དག་ལ་སྙད་གདགས་སུ་རུང་བ་ཉོ་ཚོང་གི་བྱ་བ་ཉིད་ནི་འདིར་མངོན་མཚན་ཅན་ལ་གཙོ་བོ་སྟེ། དེ་ལྟར་ན་ཡང་

སྙད་གདགས་སུ་རུང་བའི་ཟངས་ལ་རེག་ན་ཞེས་བྱ་བ་ལ། སྙད་གདགས་སུ་རུང་བའི་ཚིག་སྟེ་མངོན་མཚན་ཅན་ལ་ནི་མ་ཡིན་ནོ། །དེ་བས་ན་མངོན་མཚན་ཅན་མ་ཡིན་པ་ལ་ཡང་པ་ཎ་ཉིད་ཀྱིས་སྙད་གདགས་སུ་རུང་བའི་རིན་པོ་ཆེར་གྱུར་པ་མ་ཡིན་པ་ལ་གཙོ་བོ་ཉིད་དུ་འདིར་ཉེས་བྱས་སུ་
བྱ་བ་ཉིད་རྟོགས་པར་བྱའོ། །དཔེར་ན་འགྲོན་བུ་རྣམས་ལ་སྟེ། འདི་རྣམས་ལ་ནི་སྤང་བར་བྱ་བ་ཉིད་མ་ཡིན་པར་ཤེས་པར་བྱ་སྟེ། རིན་པོ་ཆེ་ཉིད་ལ་རྫས་ལས་མེད་པའི་ཕྱིར་རོ། །རིན་པོ་ཆེའི་རང་བཞིན་སྙད་གདགས་སུ་མི་རུང་བའི་མངོན་མཚན་ཅན་གྱི་རིན་པོ་ཆེ་དེ་ལ་སྙད་གདགས་སུ་མི་རུང་བ་ཉིད་
ལ་ཉེས་བྱས་སུ་རིག་པར་བྱའོ། །ཐ་སྙད་རྫོགས་པ་ལ་ཡང་པ་ཎ་ཉིད་དུ་མངོན་མཚན་ཅན་ཉིད་ཀྱི་གཙོ་བོ་སྟེ། འདིར་རིན་པོ་ཆེའི་སྙིང་པོའི་བློ་ལ་ནི་མ་ཡིན་ནོ། །གཞན་ཡང་ཡིད་ཆེས་པ་ལ་བདེ་བར་གནས་པ་ཉིད་སྤོབས་པ་ཡང་དག་པར་གནས་པའི་སྲེད་པ་དང་རྒྱགས་པ་དང་ང་རྒྱལ་རྣམས་ལ་དངོས་པོ་ཉིད་
མ་ཡིན་སྟེ། བདག་ཏུ་བྱ་བ་ལ་རེག་པར་བྱེད་པ་དག་ལ་སྤང་བ་རྣམ་པར་གཞག་པ་ལ་རྒྱུ་ཡིན་ནོ། །ཐ་སྙད་ལྷན་ཅིག་སྤྱོད་པ་དང་ཉོ་ཚོང་ལྷན་ཅིག་སྤྱོད་པ་འདི་བྱེད་པ་ཞེས་བྱ་བའི་ལན་རྣམ་པར་གཞག་པའོ། །འདིར་ཐ་དད་པ་ལ་བཟུང་བ་སྟེ། འདི་འདིར་མཐར་ཐུག་པ་ཞེས་བྱ་བ་འདི་ནི་མདོར་བསྡུས་
པའི་དོན་ཏོ། །རིན་པོ་ཆེ་ལ་ཡང་ཁས་ལེན་པ་ཉིད་ཐམས་ཅད་དུ་བྱ་བ་བསྒྲུབ་པ་ལ་སྒྲིབ་བྱེད་དུ་གྱུར་པ་གཞི་བྱེད་པ་ལྷག་མ་ལ་ཡང་ཐོབ་པར་བྱེད་པ་པོ་རུང་བ་ལ་སོགས་པ་ཐམས་ཅད་ལ་འདི་རྣམ་པར་གཞག་པས་སོ། །སྙད་གདགས་སུ་མི་རུང་བ་ལ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་ནི་སྙད་གདགས་སུ་མི་རུང་
བ་ནི་ཉོ་ཚོང་བྱར་མི་རུང་བ་སྟེ། དེ་ལ་རེག་པ་ལ་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །འོག་མ་དག་ལ་ཡང་ངོ་ཞེས་བྱ་བ་ནི་ཐ་སྙད་རྫོགས་པའི་བསླབ་པའི་གཞི་ལ་ཡང་ན་སྨད་པ་ཉིད་འདི་སྙད་གདགས་སུ་མི་རུང་བ་ལ་ཞེས་བྱ་བའི་དོན་ཏོ། །སྙད་གདགས་སུ་མི་རུང་བ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་པར་རིག་
པར་བྱ་ཞེ་ན། དེའི་ཕྱིར་དེ་ནི་གས་པ་དང་ཆག་པ་དང་དུམ་བུ་དང་ཚིག་པ་དང་སྔོན་མ་སྤྱད་པ་དང་མ་བྱས་པ་དང་མཚན་དང་མི་ལྡན་པ་དང་བཅོས་པའོ་ཞེས་བྱ་བ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་སྙད་གདགས་སུ་མི་རུང་བའོ། །གས་པ་ཉིད་དང་ཆག་པ་ཉིད་དང་ཞེས་བྱ་བ་ནི་སེར་ག་བྱུང་བ་སྟེ། འབྱར་ཀྱང་རུང་མ་

འབྱར་ཀྱང་རུང་བ་དང་བུ་ག་བྱུང་བའོ། །ཚིག་པ་ཞེས་བྱ་བ་ནི་རིན་པོ་ཆེ་དེ་མེ་དང་ཕྲད་ནས་རིན་པོ་ཆེ་མ་ཡིན་པ་ཉིད་དུ་གྱུར་ཏེ། ཉོ་ཚོང་བྱར་མི་རུང་བར་གྱུར་པ་ཡིན་པར་ཤེས་པར་བྱའོ། །པ་ཎ་ནི་མངོན་མཚན་ལྷག་པ་ཡོད་པ་ཉིད་དུ་ཉམས་པ་ཡིན་གྱི་ཐམས་ཅད་ཀྱི་ཐམས་ཅད་དུ་ཐལ་བར་གྱུར་པ་ནི་མ་ཡིན་ཏེ།
དེ་ལེན་པ་ལ་ཉེས་པ་མེད་པའི་ཕྱིར་རོ། །སྔོན་མ་སྤྱད་པ་ཞེས་བྱ་བ་ནི་ཐ་སྙད་འཇུག་པ་ཤེས་པར་གྱུར་པ་མ་ཡིན་པར་མངོན་མཚན་ཅན་ནོ། །པ་ཎ་ཉིད་ལ་འདི་སྦྱར་བར་བྱའོ། །རིན་པོ་ཆེ་ཉིད་ལ་ནི་མ་ཡིན་ནོ། །ཡང་ན་ཚིག་པ་ཞེས་བྱ་བ་ནི་བདར་བ་སྟེ། དང་པོར་དྲི་མ་ཅན་བསྲེགས་པས་ཀྱང་ངོ་། །མཚན་དང་
མི་ལྡན་པ་ཞེས་བྱ་བ་ནི་མཚན་ཉིད་དང་བྲལ་བའོ། །མ་བྱས་པ་ཞེས་བྱ་བ་ནི་གང་ལ་མཚན་ཉིད་ཁོ་ན་མ་བྱས་པའོ། །བཅོས་པ་ཞེས་བྱ་བ་ནི་གང་ཞིག་ས་དང་རྩྭ་དང་རྡོ་ལ་སོགས་པ་རྣམས་ལ་ནོར་བུ་དང་དང་ཙེ་དང་མངོན་མཚན་ཅན་དང་རྒྱན་དང་འགྲོན་བུ་ལ་སོགས་པའི་རྣམ་པར་དབྱིབས་སུ་ཉེ་བར་བཀོད་
པའོ། །ཁ་མ་བསྒྱུར་བ་ནི་དེ་ལྟ་བུའི་ཚོན་གྱིས་མ་བཅོས་པའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། དགེ་སློང་གིས་གསེར་གྱི་ཕྲེང་བ་ལ་རེག་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་སོག་མའི་ཕྲེང་བ་ལ་རེག་ན་ཉེས་བྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གསེར་དང་
དངུལ་ལ་རེག་པའི་སྤང་བའི་ལྟུང་བྱེད་དོ།། །།རྙེད་པ་འདོད་པ་ལ་ལྟུང་བ་འབྱུང་ངོ་ཞེས་བྱ་བ་ནི་ཁེ་སྤོགས་འདོད་པ་ཉིད་ཀྱིས་འདུན་པ་བརྗོད་པ་དེའི་ཕྱིར་འདིར་ནི་སྐྱེད་ཕྱིན་ན་རྙེད་པ་ཡིན་གྱི་ཐོབ་པ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །བདག་ཉིད་ཀྱི་དོན་ཉིད་དུ་གཙོ་བོ་དེ་ལ་ཞེས་བྱ་བ་འདི་
ལས་རང་གི་དོན་ཉིད་ལ་དངོས་གཞི་སྟེ། སྦྱོར་བ་ལ་ནི་ཉེས་བྱས་སོ། །གཞན་གྱི་དོན་ཉིད་ལ་ནི་ཉེས་བྱས་དང་འདིའི་སྦྱོར་བ་ལ་ནི་ན་སྨད་པ་ཉིད་དེ་ཞེས་བྱ་བ་རྟོགས་པར་བྱའོ། །ལྟུང་བ་འབྱུང་ངོ་ཞེས་བྱ་བ་ནི་དངོས་གཞི་འབའ་ཞིག་ནི་མ་ཡིན་ཏེ་སྦྱོར་བར་གྱུར་པ་ཡང་ངོ་། །ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་
མ་ཡིན་པ་ཉིད་ཡིན་ན་དངོས་གཞིའོ་ཞེས་བྱ་བ་ནི་ཕ་རོལ་པོ་གང་དང་ལྷན་ཅིག་ཏུ་འདིར་ཐ་སྙད་དུ་བྱེད་པ་དེ་གལ་ཏེ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་ཡིན་ན་དེ་ནས་འདིར་དངོས་གཞིའི་ལྟུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས་ཉེ་དུ་རྣམས་དང་ལྷན་ཅིག་སྤྱོད་ན་ཉེས་བྱས་སོ་ཞེས་

བྱ་བ་ནི་ཉེས་བྱས་སུ་གསུངས་པ་གང་ཡིན་པའོ། །དེ་བས་ན་འདིར་ཉེ་དུའི་ཚིག་འདི་ཡིན་ནོ། །གཞན་ཉེ་དུ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་འདིར་འགལ་ཟླའི་ཁྱད་པར་ཡོད་པ་ལ་འདིར་དངོས་གཞི་གང་དུ་ཞེ་ན། དེའི་ཕྱིར་སྐྱེད་ཕྱིན་ནའོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་སྐྱེད་ཕྱིན་ན་དེའི་ཚེ་
དངོས་གཞིའི་ལྟུང་བར་འགྱུར་རོ། །སྐྱེད་མེད་ན་ནི་སྦྱོར་བ་ཙམ་དུ་ཟད་དོ་ཞེས་བྱ་བ་ལ་ནོར་འཕེལ་བར་གྱུར་པའི་ནོར་ལ་འདིར་སྤང་བ་ནི་སྦྱིན་པ་པོ་ཉིད་ལ་ཡང་དག་པར་གནས་པ་དགོས་པར་བྱའོ། །རྩ་བ་དང་བཅས་པ་ལ་ལྟུང་བར་རིག་པར་བྱའོ། །སྐྱེད་ཕྱིན་པའི་ནོར་བསྒྲུབ་པ་ལ་སྦྱིན་པ་པོ་ཉིད་ལ་
ཞེན་པས་རྣམ་པར་གཞག་ཅིང་དེ་ལས་སྐྱེད་དུ་གྱུར་པ་མངོན་པར་ཞེན་པ་སྦྱིན་པ་པོ་ལ་བྱས་པ་ཉིད་དོ། །འོག་མ་ལ་ཡང་ངོ་ཞེས་བྱ་བ་ནི་ཉོ་ཚོང་གིས་ཀྱང་རྙེད་པར་འདོད་པ་ཉིད་ལ་ལྟུང་བ་སྟེ། ཉེ་དུར་མ་གྱུར་པ་ཉིད་དང་ཁྱིམ་པའི་བདག་ཉིད་ཅན་ཉིད་ལ་སྐྱེད་ཕྱིན་པ་ཉིད་དུ་སྒྲུབ་ན་གཞན་ལ་དངོས་གཞིའོ། །
འདིར་ཅིའི་ཕྱིར་སྐྱེད་བསྒྲུབ་པ་ལ་དངོས་གཞི་ཡིན་ཞེ་ན། དེའི་ཕྱིར་པ་ཎ་འམ་རིན་པོ་ཆེས་སྤྱོད་པ་ལས་སོ་ཞེས་བྱ་བ་སྨོས་ཏེ། འདིར་རེག་གམ་རེག་དུ་འཇུག་པར་བྱེད་པ་དག་ལ་སོ་སོར་བསྒྲུབ་པ་སྔོན་དུ་འགྲོ་བས་སྤང་བའི་ལྟུང་བྱེད་དུ་རིག་པར་བྱའོ། །ཉོ་བ་ལ་ཡང་རྙེད་པ་གྲུབ་ན་དངོས་གཞི་སྟེ། ཉོ་བ་མ་
ཡིན་པ་ལ་ཡང་རྙེད་པ་མ་གྲུབ་པ་ལ་ཉེས་བྱས་སོ། །ཉོ་བ་མ་ཡིན་པ་ལ་སྔོན་དུ་འགྲོ་བའི་རྙེད་པ་ལ་ཡང་དངོས་གཞིའི་བྱས་པ་ཉིད་ཅེས་བྱ་བ་འདིར་རྣམ་པར་གཞག་པ་འདི་རིག་པར་བྱའོ། །སྦྱོར་བ་ལས་ནི་གཅིག་པོ་ཉིད་དོ་ཞེས་བྱ་བ་ནི་སྐྱེད་གྲུབ་པ་བས་མདུན་རོལ་དུ་ཇི་སྲིད་དུ་འདིར་ཐམས་ཅད་ལ་བསྒྲུབ་པ་དེ་ལ་
གཅིག་པ་ཉིད་དེ་ཐ་དད་པ་ནི་འགའ་ཡང་མ་ཡིན་ནོ། །མཐའ་ནས་ཕྱོགས་ཡོངས་སུ་བཙལ་བ་ལ་ཡང་འདི་ལྟ་བུར་གྱུར་པ་གཞན་ཐམས་ཅད་ལ་དེར་སྦྱོར་བའི་ལྟུང་བ་གཅིག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་འདིར་གཞུང་ནི་ཇི་སྲིད་དུ་རྙེད་པ་སྒྲུབ་པར་མི་བྱེད་ཀྱི་བར་དུ་ནི་ཉེས་བྱས་སོ། །རྙེད་པ་
གྲུབ་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཀུན་དགའ་ར་བ་འམ་དགེ་བསྙེན་དག་ཡོད་ན་བསྒོ་བས་དཀོན་མཆོག་གི་དོན་དུ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ཀུན་དགའ་ར་བ་འམ་དགེ་བསྙེན་དག་ཡོད་པར་གྱུར་ན་དེ་གཉིས་འདིར་བསྐོ་བས་དཀོན་མཆོག་གི་དོན་དུ་སྦྱོར་

བ་བྱེད་པ་ལ་ངེས་པར་སྦྱར་བར་བྱའི་རང་ཉིད་ཀྱིས་ནི་འཇུག་པར་བྱ་བ་མ་ཡིན་ནོ། །འདིར་གཞུང་ནི་མ་མོ་ལས་འདི་ལྟ་སྟེ་ཡངས་པ་ཅན་གྱི་ཚོང་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ཡང་བྱེད་དུ་བཅུག་གཙང་ཁང་བྱུར་བུ་ཡང་བྱེད་དུ་བཅུག་ནས། དགེ་སློང་རྣམས་ལ་མཆོད་རྟེན་དང་གཙང་ཁང་བྱུར་
བུ་གང་ཞིག་རལ་དུ་མི་འགྱུར་བའི་ཡོ་བྱད་རྗེས་སུ་གཏོད་པ་ན་དགེ་སློང་དག་འགྱོད་ཅིང་ལེན་པར་མི་བྱེད་ནས་སྐབས་དེ་དགེ་སློང་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ར་བ་འམ་དགེ་བསྙེན་དག་གིས་མཆོད་རྟེན་ཞིག་རལ་དུ་མི་འགྱུར་བའི་ཡོ་
བྱད་བླང་བར་བྱ་ཞིང་བླངས་ནས་ཀྱང་བསྐྱེད་པར་བྱ་སྟེ། དེ་ལ་རྙེད་པ་ཇི་ཙམ་བྱུང་བ་དེས་མཆོད་རྟེན་ལ་མཆོད་པ་བྱ་བར་ངས་རྗེས་སུ་གནང་ངོ་ཞེས་གསུངས་སོ། །གཏའ་ཉིས་རིར་བླང་བར་བྱའོ་ཞེས་བྱ་བ་ནི་ཆུད་མི་གཟན་པར་བྱ་བའི་ཕྱིར་འདི་སྤང་བ་མི་སྐྱེད་པའི་ཡན་ལག་ཅེས་བྱ་བ་ཤུགས་ཀྱིས་
རྟོགས་པར་བྱའོ། །ཇི་ལྟར་འདི་བླངས་ནས་སྦྱར་བར་བྱ་ཞེ་ན། དེའི་ཕྱིར་དཔང་པོ་དང་ལོ་དང་ཟླ་བ་དང་ཉི་མ་དང་དགེ་འདུན་གྱི་གནས་བརྟན་དང་དགེ་སྐོས་དང་ལེན་པ་པོ་དང་རྫས་དང་སྐྱེད་རྣམས་དཔང་རྒྱར་བྲིས་ནས་སོ། །རྒྱུས་ཤེས་པས་དེ་གཞན་ལ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་སྨོས་ཏེ། དགེ་
སློང་གང་ལ་འཇུག་པ་འདི་དེས་འདི་ཙམ་ཞིག་འདི་ལས་སྤྱད་པ་དང་དེས་འདི་ཙམ་དུས་དེ་ལ་སྦྱིན་པར་བྱ་བ་ཞེས་བྱ་བའི་རྒྱུས་ཤེས་པར་གྱུར་པ་དེས་གཞན་གྱི་སྟེང་དུ་འད