Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 160

Văn bản gốc(Tây Tạng)

Trang 12 / 19 (50.000 ký tự/trang)
ིའི་ལོ་རྒྱུས་ཤེས་པའི་དགེ་སློང་གང་ཞིག་གིས་དེ་ལ་རིམ་པ་ཐོབ་ན་ཁོངས་སུ་ཆུད་པར་བྱ་བ་ནི་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་
ནི་དགེ་སློང་གཉུག་མར་གནས་པ་རྣམས་ཀྱིས་དགེ་སློང་གློ་བུར་དུ་ལྷགས་པ་རྣམས་ལ་གང་ཟག་ཆེ་གེ་མོ་ཞིག་ལས་ཟླ་བ་རེ་རེ་ཞིང་འདི་ཙམ་ཞིག་མནོད་དོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བའོ།། །།སྔར་བསྟན་མ་ཐག་པའི་བསླབ་པའི་གཞིར་
སྐྱེད་ཕྱིན་ན་དངོས་གཞིའོ་ཞེས་སྨས་ན་སྤྱོད་པ་གང་གིས་ཡིན་པ་མ་བསྟན་པས་དེའི་ཕྱིར་གཞན་གྱིས་སོ་ཞེས་བྱ་བ་སྨོས་ཏེ། སྤྱོད་པ་ཞེས་བྱ་བར་སྦྱར་རོ། །པ་ཎ་དང་རིན་པོ་ཆེ་དག་གིས་སྔར་བསྟན་པ་དེ་བས་ན་དེ་དག་ལས་གཞན་པ་གཞལ་བར་བྱ་བ་ལ་སོགས་པས་སྤྱོད་པ་ལས་སྐྱེད་ཕྱིན་ན་ལྟུང་བ་འདིར་

འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྙེད་པ་གང་ལ་མངོན་སུམ་མམ་བརྒྱུད་པས་སྐྱེད་པ་ཉིད་དང་པ་ཎ་དགོས་པ་ལས་སྐྱེས་པ་ཉིད་དེར་སྔ་མའི་ལྟུང་བའོ། །གང་དུ་ཇི་ལྟར་པ་ཎ་མི་དགོས་པ་ཉིད་དེ་ལ་འདི་ཞེས་བྱ་བ་འདིར་རྣམ་པར་གཞག་པར་རིག་པར་བྱའོ། །གང་དུ་པ་ཎ་གཞན་དང་ལྡན་
པ་ལ་དགོས་པ་དེར་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། སྔར་གྱི་ལྟུང་བ་ཞེས་བྱ་བ་པ་ཎས་ཉོས་པ་ཐམས་ཅད་དེ་ལ་པ་ཎ་དགོས་པས་ཡང་དག་པར་རེག་པ་འདིར་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་བཤོས་ཀྱི་ཕྱིར་དགེ་འདུན་གྱི་འབྲས་རིན་གྱིས་ཉོ་བ་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་འདོད་པ་མེད་པར་ཉེས་བྱས་ཀྱི་
སྤྱོད་པ་ལྷན་ཅིག་སྤྱོད་པ་ལ་དགའ་སྟོན་མ་ཡིན་པ་ལ་ཐོབ་པའོ། །དེ་བས་ན་མི་འཇུག་པར་གྱུར་པ་རྣམས་ཀྱི་སླད་དུ་ཚིག་འདིའོ། །ཆོས་དང་མི་ལྡན་པའི་དོན་ལ་ཐམས་ཅད་ཀྱིས་རང་གི་དོན་ནམ་གཞན་གྱི་དོན་དུ་འདོད་པ་མེད་པར་སྤྱོད་པ་ལྷན་ཅིག་སྤྱོད་པ་མི་བྱེད་པའོ། །ཆོས་དང་ལྡན་པ་རྗེས་སུ་
གནང་བ་ཉིད་འདི་ལས་གཞན་ལ་ཞེས་བྱ་བ་འདིར་གནས་པར་བྱའོ། །ཁྱིམ་པ་ཉོར་གཞུག་གོ། །མེད་ན་ལན་གསུམ་གྱི་བར་དུ་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་འདི་ལ་ཆོ་ག་འདིས་ཉོ་བ་འམ། འཚོང་བ་འདི་འདིར་བྱ་ཞེས་བྱ་བ་རྟོགས་པར་བྱའོ། །གལ་ཏེ་དེ་ཉིད་ཀྱི་ན་འཐེབ་དང་བཅས་པར་རོ་
ཞེས་བྱ་བ་ནི་གང་ཞིག་དགེ་འདུན་དབང་བའི་འབྲས་ཀྱི་སོ་བ་གང་ཡིན་པ་ལས། གལ་ཏེ་དེ་ཉིད་ཀྱི་དགེ་འདུན་གྱི་བཤོས་ཀྱི་ཕྱིར་ཉོ་བར་བྱེད་ན་དེ་ནས་དེས་དེ་ལ་འཐེབ་དང་བཅས་པར་བསྐྱེད་དེ་སྦྱིན་པར་བྱའི་རིན་ཐང་མཉམ་ཏེ་སྦྱིན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཟད་ན་དགེ་འདུན་གྱིས་ཉོ་བར་བྱའོ་ཞེས་
བྱ་བ་ནི་འབྲས་སོ་མ་ཟད་ན་སྐབས་ཉིད་ཀྱི་ཕྱིར་ཉོ་བར་བྱའོ། །སར་པ་ཡང་ངོ་ཞེས་བྱ་བ་ནི་དགེ་འདུན་གྱིས་ཉོ་བར་བྱའོ། །གལ་ཏེ་སྲོག་ཆགས་མེད་ན་རྙིང་པ་བཙོང་བར་བྱའོ། །རིན་ཐང་མི་གདབ་པོ་ཞེས་བྱ་བ་ནི་འདིའི་རིན་ཐང་འདིའོ་ཞེས་ཉོ་བར་མི་འདོད་པ་འམ་ཉོ་བར་འདོད་པ་རང་ཉིད་ཀྱིས་མི་བྱ་བའི་དོན་ཏོ། །
པ་ཎ་ལ་སོགས་པ་དང་འབྲེལ་པའི་སྤྱོད་པ་འདི་ལ་སོགས་པ་སྔར་དང་འབྲེལ་པར་རིག་པར་བྱའོ། །གཞན་ནི་འདི་དང་འབྲེལ་པའོ། །ཁྱིམ་པའི་ཉོ་ཚོང་དག་ཏུ་ལག་གཞུག་པར་མི་བྱའོ་ཞེས་བྱ་བ་ནི་པ་ཎ་ལ་སོགས་པ་སྤྱོད་པས་ཁྱིམ་པ་མ་ཡིན་པ་རྣམས་ཀྱི་ཉོ་བ་ལ་སོགས་པ་རྣམས་ལ་ཡང་ལག་གཞུག་

པར་མི་བྱ་ཞེས་བྱ་བའི་དོན་ཏོ། །འོ་ན་རིན་ཐང་ཡོད་པ་ལ་དགེ་སློང་གིས་ཆོས་གོས་ལ་སོགས་པ་དག་ཇི་ལྟར་ཉོ་བར་བྱ་ཞེ་ན། དེའི་ཕྱིར་ཁྱིམ་པ་ཉོར་གཞུག་གོ་ཞེས་བྱ་བ་སྨོས་སོ། །ཁྱིམ་པ་མེད་ན་དེའི་ཚེ་སུས་ཉོ་བར་བྱ་ཞེ་ན། དེའི་ཕྱིར་མེད་ན་ལན་གསུམ་གྱི་བར་དུ་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་
ཏེ། གལ་ཏེ་ཁྱིམ་པ་མེད་ན་དེའི་རིན་ཐང་ངེས་པར་གཅད་པར་བྱ་ཞིང་དེ་ནས་ལན་གསུམ་གྱི་བར་དུ་དྲི་བའི་ཚིག་བརྗོད་པར་བྱ་སྟེ། རིན་འདི་ཙམ་གྱིས་བྱིན་ཅིག་ཅེས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཟོང་ལ་རྩེག་པ་ནི་གཞན་གྱི་དོན་དུ་ཡང་མི་བྱ་སྟེ། དཀོན་མཆོག་གསུམ་
ནི་མ་གཏོགས་སོ་ཞེས་བྱ་བ་ལ། ཟོང་ཞེས་བྱ་བ་ནི་ཀ་ཀ་ནི་དང་བ་ར་ཏ་ཀ་ལ་སོགས་པའོ། །རྩེག་པ་ཞེས་བྱ་བ་ནི་ཉོ་བའི་ཚེ་ན་ཅུང་ཟད་ཅུང་ཟད་བསྐྱེད་པ་དང་། འཚོང་བར་བྱེད་པའི་དུས་ན་ཅུང་ཟད་འབྲིད་པ་སྟེ། དེ་ནི་གཞན་གྱི་དོན་དུ་ཡང་མི་བྱ་ན་རང་གི་དོན་དུ་ལྟ་སྨོས་ཀྱང་ཅི་དགོས། འདི་ནི་འགའ་ཞིག་
ཏུ་དཀོན་མཆོག་གསུམ་སྤངས་ནས་བསྐྱེད་པར་བྱ་ཞེས་བྱ་བའོ། །དཀོན་མཆོག་གསུམ་གྱི་དོན་དུ་ནི། དེ་བྱེད་པ་ལ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །གཏའ་གཞུག་པར་མི་བྱའོ་ཞེས་བྱ་བ་ནི། གཏའ་མ་ཉིད་ནི་གཏའ་མ་སྟེ། གལ་ཏེ་དེ་ཁོ་ན་ཉིད་མ་ཡིན་ན། བདག་གིས་འདི་
སྦྱིན་པར་བྱ་སྟེ། འདི་གཏའ་ཞེས་བྱ་བ་རྫས་སྦྱིན་པ་ནི་འདིའི་བྱེད་པའོ། །འདིར་གཞུང་ནི་དྲུག་སྡེ་རྣམས་ཡལ་ཟུག་འཁྲ་ཞིང་ལྷུང་བཟེད་ལ་སོགས་གཏར་འཇུད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གི་ཡལ་ཟུག་འཁྲ་ཞིང་གཏའ་གཞུག་པར་མི་བྱའོ། །གལ་ཏེ་དགེ་སློང་ཡལ་
ཟུག་འཁྲ་ཞིང་གཏའ་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱི་རྫས་དེ་སྤོགས་པ་ལ་དགེ་འདུན་གྱི་ལས་བྱེད་པ་ལ་གཏད་དོ་ཞེས་བྱ་བ་ལ་རྫས་དེ་ཞེས་བྱ་བ་ནི་དགེ་འདུན་གྱི་རྫས་སོ། །སྤོགས་པ་ལ་ཞེས་བྱ་བ་ནི་ཉོ་བ་ལ་སོགས་པའི་སྤྱོད་པས་དགེ་འདུན་ལ་རྙེད་
པ་བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ལ་དབྱིག་གཏད་པར་བྱའོ། །ཅི་རང་གི་དེ་གཏད་པར་བྱ་འམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དགེ་འདུན་གྱི་ལས་བྱེད་པ་ལ་གཏད་དོ་ཞེས་བྱ་བ་སྨོས་ཏེ། དམ་གཞག་པ་ལ་སོགས་པ་ལ་དེ་གཏད་པ་རྗེས་སུ་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་

བརྗོད་པར་བྱ་སྟེ། རྒན་རབས་རྒན་རབས་ལ་མ་ཞུས་པར་དགེ་འདུན་གྱི་དོན་དུ་བརྩོན་པར་མི་བྱའོ། །དེའི་ཚིག་ཡི་གེར་བྲི་བའི་དམ་གཞག་ལ་ནན་ཏན་བྱའོ་ཞེས་བྱ་བ་ནི་དུས་ག་གེ་མོ་ཞིག་གི་ཚེ་འདི་ཙམ་ཞིག་གཏད་དོ་ཞེས་བྱ་བ་ལ་སོགས་པ། གང་དུ་ཡི་གེར་བྲི་བའི་དམ་གཞག་
གཏད་པ་འདི་ལ་བརྗོད་པར་བྱའོ། །དེ་བཞིན་དུ་རྫས་དེར་རིན་ཐང་འདི་ཙམ་གྱིས་ཉོས་ནས་འདི་ཙམ་ཞིག་ཏུ་བཙོངས་ཏེ་ཞེས་བྱ་བ་ལ་སོགས་པས་གཏད་ནས་དུས་ཕྱིས་རྗེས་སུ་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏེ། ཉོ་ཚོང་བྱེད་པའི་སྤང་བའོ།། །།བྱིན་གྱིས་མ་བརླབས་པའི་ཆོས་གོས་
འཆང་བའི་ཆོ་ག་གང་ཡིན་པ་ཡོད་ནའོ་ཞེས་བྱ་བ་དང་། ཞག་བཅུར་རྗེས་སུ་ཞུགས་པ་ཉིད་དོ་ཞེས་བྱ་བ་དང་། གཞན་གྱི་ཉི་མའི་དང་པོ་ལའོ་ཞེས་བྱ་བ་ལ་སོགས་པ་དེ་ཉིད་ལྷུང་བཟེད་ལ་ཡོད་ནའོ་ཞེས་བྱ་བ་དང་། རང་ཉིད་ཅེས་བྱ་བ་ལ་སོགས་པའི་གཞུང་ནི་རང་ཉིད་ལ་ལྟོས་ནས་གོས་ཡོད་པའོ། །
ཞེས་བྱ་བ་སྨོས་པའི་གནས་སུ་འདིར་ལྷུང་བཟེད་ཀྱིའོ་ཞེས་བྱ་བ་གཞུག་པར་བྱ་སྟེ། དེའི་ཕྱིར་ལྷུང་བཟེད་ཀྱིའོ་ཞེས་བྱ་བ་སྨོས་ཏེ། བྱིན་གྱིས་མ་བརླབས་པའི་འོ་ཞེས་བྱ་བར་སྦྱར་རོ། །ཡུལ་དང་ཡུལ་ཅན་གྱི་འབྲེལ་པ་ལ་དྲུག་པ་སྟེ། ལྷུང་བཟེད་དང་འབྲེལ་པའི་ཕྱིར་འདིར་ལྷུང་བཟེད་ལ་རང་
ཉིད་ཅེས་བྱ་བ་བརྗོད་དོ། །དེའི་ཕྱིར་གོས་ལ་ཞེས་བྱ་བ་འདི་དང་འདིའི་ཐ་དད་པའི་དོན་ཤེས་པར་མི་བྱའོ། །འཁོར་གསུམ་ཁེབས་པའི་མཐར་ཐུག་པའི་ཚད་ཅེས་བྱ་བ་འདི་ལ་འདི་མི་སྲིད་པའི་ཕྱིར་བཟློག་པའོ། །དེ་ལྟར་ན་འདིར་མདོ་འདི་འབྱུང་བ་སྟེ་ཡོད་ནའོ་ཞེས་བྱ་བ་དང་རང་གི་ཉིད་དོ་ཞེས་བྱ་བ་
དང་། ཞག་བཅུར་རྗེས་སུ་ཞུགས་པ་དེ་ཉིད་དོ་ཞེས་བྱ་བ་དང་། གཞན་གྱི་ཉི་མའི་དང་པོ་ལ་ལྷུང་བཟེད་བྱིན་གྱིས་མ་བརླབས་པ་དང་། བྱིན་གྱིས་བརླབས་པ་ཡོད་ནའོ་ཞེས་བྱ་བ་འདིར་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་གཞན་དུ་ཞེས་བྱ་བའི་ཚིག་གིས་འདི་རྣམས་ནི་སྔར་གོས་འཆང་
བའི་སྤང་བའི་སྐབས་སུ་བཤད་ཟིན་ཏོ། །རབ་ཏུ་བྱུང་བ་ལ་ལྟོས་པའི་དོན་ཉིད་དུ་ངེས་པར་བྱས་པ་ནི་སྤངས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་ཞིག་རབ་ཏུ་བྱུང་བ་ལ་ལྟོས་པའི་དོན་ཉིད་དུ་ལྷུང་བཟེད་བསྡོས་ཤིང་ངེས་པར་བྱས་པ་གང་ཡིན་པ་དེ་ནི་སྤང་བ་ཉིད་ཡིན་པས་དེའི་ཕྱིར་འཆང་ཡང་སྤང་བར་

མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐྱ་བ་དང་དཀར་བ་དང་། ཆེ་བ་རྣམས་ནི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་རུང་བ་ཉིད་མ་ཡིན་པའི་ཕྱིར་འདི་རྣམས་ལ་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་པས་དེ་བས་ན་ན་སྨད་པ་ལ་ལྟུང་བ་བསྟན་པའོ། །མ་ཚོས་པ་ཡང་ཆུང་ངུ་ཉིད་ཡིན་ནོ་ཞེས་བྱ་བ་ལ། རུང་བ་ཉིད་མ་
ཡིན་ནོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ཞེས་བྱ་བའི་སྒྲ་སྨོས་སོ། །མ་ཚོས་པ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་དོན་དུ་ཤིན་ཏུ་ཡང་མི་རུང་བ་ཉིད་དོ། །དེའི་ཕྱིར་ན་ནག་པོར་གྱུར་ཀྱང་། འདི་ནི་མི་རུང་བ་ཉིད་དོ། །འདིར་སྐྱ་བོའི་གཞུང་ནི་ཞུ་བ་ལས། ལྷུང་བཟེད་མ་ཚོས་པ་འཆང་ན་ཉེས་བྱས་སོ། །ལྷུང་བཟེད་
དཀར་པོ་འཆང་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་སྐྱ་བོ་དང་། ཆེན་པོ་དག་ལ་ལྟུང་བ་མེད་དོ། །ལྷུང་བཟེད་ཆུང་ངུ་ཡོད་དམ། ལྷུང་བཟེད་ཆེན་པོ་ཡོད་དམ། ལྷུང་བཟེད་སྐྱ་བོ་ཡོད་པར་གྱུར་ན་ཞེས་གསུངས་པ་ཡིན་ནོ། །སྨན་ཕོར་དུ་ཡོངས་སུ་སྤྱད་པའི་བསམ་པས་འཆང་ན་དེ་ལ་ལྟུང་བ་མེད་པར་གསུངས་
པ་ཡིན་གྱི། ལྷུང་བཟེད་ཀྱི་དོན་དུ་ནི་འདི་རྣམས་ལ་འཆང་བར་བྱ་བ་ཉིད་མ་ཡིན་ནོ། །འདི་ལ་མི་འོས་པ་བྱིན་གྱིས་བརླབས་པ་ལ་ཁ་ཟས་ལ་ཡོངས་སུ་ལོངས་སྤྱད་པའི་དོན་ཉིད་དུ་འཆང་བ་ལ་ཉེས་བྱས་ཏེ། གཞན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་རྣམ་པར་གཞག་པར་རིག་པར་བྱའོ། །ལྷུང་བཟེད་
ཆུང་ངུ་གཅིག་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་ལྷུང་བཟེད་ཆུང་ངུ་གཅིག་ལྷག་པར་འཆང་བ་ལ་ནི་ཉེས་པ་མེད་དོ། །གང་ཞིག་ལྷུང་བཟེད་ཆུང་ངུས་ལྗོངས་རྒྱུར་འགྲོ་བར་བྱའོ་ཞེས་གསུངས་པའི་ཕྱིར་དེ་ནི་འདིའི་ཆེན་པོ་ཉིད་འཆང་བ་ལ་བསྟན་པའོ། །ལྷུང་བཟེད་འཆང་བའི་སྤང་བའོ།། །།
ཧ་ཅང་ཆགས་པར་མི་བྱའོ་ཞེས་བྱ་བ་ནི་འདིར་གཞུང་ནི་གནས་མལ་གྱི་གཞིར་རོ། །ཡོ་བྱད་ཅེས་བྱ་བ་མདོ་དང་པོ་གཉིས་ཏེ་གོས་ཀྱི་གཞིར་རོ། །ཡོ་བྱད་ལ་ཧ་ཅང་ལྷག་པར་ཆགས་པར་མི་བྱའོ་ཞེས་བྱ་བ་ནི་མི་བྱའོ་ཞེས་བྱ་བར་སྦྱར་རོ། །རང་གི་ཞེས་བྱ་བར་སྦྱར་བར་གྱུར་པ་ཉིད་ཀྱིས་ཤེས་པར་
བྱའོ། །ཡོ་བྱད་ནི་ཆོས་གོས་ལ་སོགས་པའོ། །གང་ལ་ཞེན་པ་དེ་བཅང་བར་མི་བྱའོ་ཞེས་བྱ་བ་ལ་ཞེན་པ་ཞེས་བྱ་བ་ནི། ལྷག་པར་ཆགས་པའོ། །གང་དུ་ཞེས་བྱ་བར་ལྷུང་བཟེད་ལ་སོགས་པ་ལས་བྱུང་བ་དེ་བཅང་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །ལྷུང་བཟེད་ཀྱང་མེད་ན་བསླང་བར་བྱའོ་ཞེས་བྱ་

བ་ནི་ལྷུང་བཟེད་ཡོད་པས་སློང་བའི་ཉེས་པ་གང་ཡིན་པ་དེ་མི་འབྱུང་ཞེས་བྱ་བ་བྱས་ཏེ། ཆོས་གོས་བླང་བར་རྗེས་སུ་གནང་བ་གང་ཡིན་པ་དེ་ལ་ལྟོས་པ་ནི། འདིར་ཡང་ནི་སྒྲའོ། །མེད་པ་གང་ཞིག་ལྷུང་བཟེད་ཡོངས་སུ་ཚོལ་བའི་སོ་སོར་ཡང་དག་པར་ལྡན་པ་ཁ་ན་མ་ཐོ་
བར་འགྱུར་ཞེ་ན། དེའི་ཕྱིར་དེ་ཡོད་པ་ཉིད་ནའོ་ཞེས་བྱ་བ་སྨོས་ཏེ། ལྷུང་བཟེད་དེ་ཞེས་བྱ་བའི་དོན་ཏོ། །གཞན་ལ་ནི་ལྟུང་བ་མེད་ཅེས་བྱ་བ། ལྟུང་བའི་ཡུལ་ཉིད་ཀྱི་ཕྱིར་འདིའི་ཆོ་ག་བསྒྲུབ་པའོ། །ཇི་ལྟ་བུ་ཞིག་ཡོད་པ་ཉིད་ན་ཞེ་ན་དེའི་ཕྱིར། ལྷན་པ་བཞི་མན་ཆད་ནས་དེ་དག་རུང་ཞིང་། ཡོངས་
སུ་སྤྱད་བཟོད་པའོ་ཞེས་བྱ་བ་སྨོས་ཏེ། ལྷན་པ་བཞི་མན་ཆད་ནས་ནུས་པ་ཉིད་ཀྱིས་ལྷན་པ་འདི་ཙམ་རྣམས་ཀྱིས་དེ་ནས་བརྩམས་ཏེ། འདི་ལྟ་བུ་ཇི་སྲིད་ལྷུང་བཟེད་ཡོངས་སུ་ལོངས་སྤྱད་པར་ནུས་པ་དེའི་ཞེས་བྱ་བའི་དོན་ཏོ། །ཅུང་ཟད་སྐྱོན་མེད་པ་ཡང་ཤིན་ཏུ་སྙི་བ་ཉིད་ཀྱི་ཕྱིར་དང་། འཇམ་པའི་ས་
གཞི་རང་བཞིན་ཉིད་ཀྱི་ཕྱིར་ཡོངས་སུ་ལོངས་སྤྱད་པར་བཟོད་པར་འགྱུར་བ་དེ་བཟློག་པའི་དོན་དུ་ཡོངས་སུ་སྤྱད་པར་བཟོད་པའོ་ཞེས་བྱ་བའི་བྱེ་བྲག་གོ། །དེ་ཡོད་པ་ཉིད་ན་ཇི་ཞིག་ལྷག་པར་སྤྱད་ན་ཁ་ན་མ་ཐོ་བ་ཅི་འདྲ་བ་འགྱུར་ཞེ་ན། དེའི་ཕྱིར་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་བསླངས་པས་ཡོངས་སུ་
བཙལ་ནའོ་ཞེས་བྱ་བ་སྨོས་ཏེ། ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་བསླངས་ཏེ་ཡོངས་སུ་བཙལ་ན་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ནི་འོག་མ་གཉིས་ལ་ཡང་ངོ་ཞེས་བྱ་བ་ནི་འདིའི་འོག་མ་བསླབ་པའི་གཞི་གཉིས་པོ་གང་དག་ཡིན་པ་དེ་དག་ལ་ཡང་ཉེ་དུ་མ་ཡིན་པ་དང་། ཁྱིམ་པ་ཉིད་ཅེས་བྱ་བ་འདི་
གཉིས་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐ་ག་པ་དང་། སྦྱིན་པ་དང་། གཞན་དག་ལའོ་ཞེས་བྱ་བ་ནི་ཐ་ག་པ་དང་། སྦྱིན་པ་དང་། གཞན་དང་དེ་རྣམས་སོ། །དེ་དག་ཉེ་དུ་མ་ཡིན་པ་དང་། ཁྱིམ་པ་མ་ཡིན་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་
བརྗོད་པའི་དོན་ལ་གཞན་ཞེས་བྱ་བའི་སྒྲས་དེ་བཟུང་བར་རིག་པར་བྱའོ། །ཉེ་དུ་མ་ཡིན་པ་ལྟར་ཉེ་དུ་ལས་ནི་སྐྱེད་དང་ལྷུང་བཟེད་གཉིས་མ་གཏོགས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ལ། ཉེས་པ་མེད་དོ་ཞེས་བྱ་བ་ནི་སྐྱོན་མེད་པའོ། །ཉེ་དུ་མ་ཡིན་པ་ལྟར་ཞེས་བྱ་བ་ནི་འདི་ནི་རྒྱུ་མཚན་གྱི་བདུན་པ་སྟེ། ཉེ་དུ་མ་ཡིན་

པའི་རྒྱུ་མཚན་ཅན་གྱི་ཉེས་པ་བསོད་པ་སློང་བ་ལ་སོགས་པ་གང་ཡིན་པ་ཉེས་པ་དེ་ལ་ཉེ་དུའི་རྒྱུ་མཚན་ཉིད་ཀྱིས་ཡང་དག་པར་བརྟེན་པ་ལ་མེད་པའོ། །འཕེལ་བ་དོར་ནས་འཕེལ་བ་བརྟེན་པ་ཉིད་ལ་ནི་འདི་ལྟ་སྟེ། མངོན་མཚན་ཅན་གྱི་སྤྱོད་པ་དང་ཉོ་ཚོང་གི་སྤྱོད་པ་དག་གིས་རྙེད་པ་གྲུབ་པ་དང་ལྷུང་བཟེད་ལ་
ཡང་འདི་དག་ལ་ན་སྨད་པ་ཉིད་ཅེས་བྱ་བའི་དོན་ཏོ། །གང་ཞིག་ཉེ་དུས་བོས་པ་ལ་ལྟུང་བ་མེད་པའི་ཚིག་གོ། །འདིར་གཞུང་ནི་འདི་ཡིན་ཏེ་གཅེར་བུ་པ་ལ་སྦྱིན་ན་ཉེ་དུ་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་གང་ཡིན་པ་དང་། ཞུ་བ་ལས་ཀྱང་ཉེ་དུ་ལས་ཟས་བསོད་པ་བསླངས་ཏེ་རང་ཟ་བ་དང་གཅེར་
བུ་པ་ལ་སྦྱིན་ཞིང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་བྲལ་བར་འདོད་པས་སྦྱིན་པར་བྱེད་ན་ལྟུང་བ་མེད་དོ། །ཉེ་དུ་ཡིན་ན་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ཞར་ལས་བྱུང་བ་བསྟན་ནས་གང་ཞིག་གང་གསུངས་པ། ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་བསླངས་པས་ཡོངས་སུ་བཙལ་ནའོ་ཞེས་
གང་སྨྲས་པའི་ལྟུང་བ་དེའི་སྐབས་སུ་གཏོགས་པ་བསྟན་པའི་ཕྱིར་འདིར་འདི་བརྗོད་པར་བྱ་སྟེ། ཉེས་བྱས་སོ་ཞེས་བྱ་བ་ནི་འཚོལ་བ་ཙམ་ལས་ཉེས་བྱས་སུ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལས་གྲུ་པ་ན་དངོས་གཞིའོ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ཁྱིམ་པ་ལས་བླངས་པ་
བཙལ་ན་ཐོབ་པ་ལ་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མེད་པ་ཉིད་ལ་ཡོད་པའི་བློ་ཅན་ལ་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་ནི་བདག་ལ་ལྷུང་བཟེད་གཞན་ཡོད་དོ་སྙམ་པའི་བློ་གང་ཡིན་པ་འདི་ཡོད་ཅིང་དེའི་ཚེ་གལ་ཏེ་འཚོལ་བར་བྱེད་ན་རྙེད་པར་འགྱུར་བ་དང་ཡོད་པར་འགྱུར་བའི་
ལྷུང་བཟེད་དག་གི་ནང་ནས་གཞན་དག་ལ་མེད་པ་ཉིད་ལ་ནི་མེད་པ་སྟེ། དབྱེ་བ་ལ་སོགས་པས་འགྱུར་ན་དེ་ལ་ལྷུང་བ་ལ་ན་སྨད་པ་ཉིད་དེ་དངོས་གཞིའི་ལྷུང་བ་ཉིད་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་འགའ་ཞིག་ཡོད་དེ་ལྷུང་བཟེད་མཆིས་བཞིན་དུ་ལྷུང་བཟེད་གཞན་ལ་བསླངས་པར་
གྱུར་ལ་ལྟུང་བར་མི་འགྱུར་བ་འགའ་ཞིག་མཆིས་སམ། བཀའ་སྩལ་པ་ཡོད་དེ། གལ་ཏེ་བསླངས་པ་དག་སྔ་ཕྱི་མེད་པར་ལྷུང་བཟེད་ཆག་པར་གྱུར་ན་ལྷུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །འདིར་སྤང་བ་མེད་པ་ལ་དགོངས་ནས་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་པས་སྦྱོར་བ་མེད་པའི་

དགོངས་པ་ཅན་ནི་མ་ཡིན་ནོ། །འདིར་ན་སྨད་པའི་ཚིག་གིས་དངོས་གཞིའི་ཉེས་བྱས་སོ། །སྦྱོར་བ་ལ་ནི་འདི་མ་ཆོག་པ་ཞེས་བྱ་བ་འདི་བསྟན་པའོ། །རང་གི་ཡོ་བྱད་དག་གིས་སོ། །དེ་དག་ཡོད་པ་ཉིད་ན་ཡང་ངོ་ཞེས་བྱ་བ་ནི་ཡོ་བྱད་རྣམས་ལ་ན་སྨད་པ་ཉིད་ཅེས་བྱ་བར་སྦྱར་རོ། །འདིར་
གཉིས་ཀའི་ཡོ་བྱད་རྣམས་ཀྱིས་ལྷུང་བཟེད་གཞན་ཚོལ་བར་བྱེད་ན་ཉེས་བྱས་ཏེ། ཡོད་ཅིང་བདོག་པ་ཉིད་ན་ལྷུང་བཟེད་ཚོལ་བར་བྱེད་ན་ཉེས་བྱས་ཞེས་བྱ་བའོ། །འདིར་ཡང་དངོས་གཞིའི་སླད་དུ་ལྟུང་བ་མེད་པར་བསྟན་ཏེ་སྦྱོར་བ་ལ་ནི་མ་ཡིན་ནོ། །རྗེས་སུ་གནང་བའི་སློང་བ་གཞན་ལ་ཡང་རང་གི་རིན་ཐང་ཡོད་ན་
འཇུག་པ་ལ་ཉེས་བྱས་སོ་ཞེས་བྱ་བ་འདི་ལ་རྟོགས་པར་བྱའོ། །བཟང་པོ་འདོད་པས་བརྗེ་ན་ཡང་ངོ་ཞེས་བྱ་བ་ནི། ལྷུང་བཟེད་བཟང་པོ་འདོད་པ་ལ་ནི་བཟང་པོ་འདོད་པ་སྟེ། ཚོལ་བར་བྱེད་པ་སྔོན་དུ་འགྲོ་བ་ཅན་གྱི་བཟང་པོ་དེའི་འདུན་པས་བརྗེ་བར་བྱེད་ན་ལྟུང་བ་ན་སྨད་པར་ཤེས་པར་བྱའོ། །བརྗེ་བས་
ལེན་ན་ལྟུང་བ་མེད་དོ་ཞེས་བྱ་བ་གང་ཞིག་གསུངས་པ་ནི་བཟང་བ་འདོད་པ་མེད་པར་བརྗེ་བའི་དབང་དུ་བྱས་ཏེ་དེ་རིག་པར་བྱའོ། །ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་བསླངས་ཏེ་ཐོབ་ན་དངོས་གཞིའོ། །མ་བསླངས་པར་བཙལ་ན་སྤངས་ནས་བརྗེ་བ་ཉེ་དུ་མ་ཡིན་པའི་ཁྱིམ་པ་འམ་གཞན་ལ་སྤངས་ཏེ་ཐོབ་པར་གྱུར་པ་ལ་བཟང་
པོ་འདོད་པས་ཀྱང་བརྗེ་བ་ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ། །བཙལ་བ་མེད་པར་བརྗེ་བས་བཟང་པོ་འདོད་པ་ཉིད་མེད་པར་གྲུབ་ན་ནི་ལྟུང་བ་མེད་དོ་ཞེས་བྱ་བ་འདི་འདིར་གནས་པར་རིག་པར་བྱའོ། །ཞག་བཅུ་ལས་འདའ་བར་བྱེད་པ་ལ་སྤང་བའི་ལྟུང་བྱེད་གཞན་དུ་ཤེས་པར་བྱའོ། །འདི་ནི་དགེ་
འདུན་ལ་སྤང་ངོ་ཞེས་བྱ་བ་ནི་ལྷུང་བཟེད་ལྷག་པ་འདི་ནི་ཇི་ལྟར་སྤང་བ་གཞན་གང་ཟག་ལ་ནི་མ་ཡིན་ནོ། །ཅི་ལྷུང་བཟེད་ཐམས་ཅད་དགེ་འདུན་ལ་སྤང་བར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་དུ་མ་ཉིད་ཡིན་ན་མཆོག་ཏུ་འདོད་པ་གཅིག་གོ་ཞེས་བྱ་བ་སྨོས་ཏེ། ལྷུང་བཟེད་ལྷག་མ་དུ་མ་ཉིད་དུ་ཡིན་ན་མཆོག་
ཏུ་འདོད་པ་གཅིག་དགེ་འདུན་ལ་སྤང་བར་བྱའོ། །འོ་ན་ལྷག་མ་གཞན་སྤང་བར་བྱ་བ་འམ་མ་ཡིན་ཞེ་ན། དེའི་ཕྱིར་གཞན་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་དུ་ཡིན་ཞེ་ན། དེའི་ཕྱིར་རབ་ཏུ་བྱུང་བ་འདི་ལའོ་ཞེས་བྱ་བ་སྨོས་སོ། །ཞུ་བ་ལས་ལྷུང་བཟེད་ལྷག་

མ་རྣམས་ནི་དགེ་སློང་རྣམས་ལ་བགོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་ཞེས་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་དེ་ཆོས་འདི་ལ་རབ་ཏུ་བྱུང་བ་ཐམས་ཅད་ཀྱང་སྤྱིར་བསྡུ་བའོ། །དེ་ལ་ཐ་ཆད་སྦྱིན་པར་བྱའོ་ཞེས་བྱ་བ་ནི་སྤངས་པ་དེ་ཉིད་ལ་ནི་མ་ཡིན་ནོ། །གཞན་དུ་ན་ཡང་ལྷུང་བཟེད་ཐ་ཆད་གང་ཡིན་པ་དེ་
འདི་ལ་སྦྱིན་པར་བྱའོ། །འོན་ཏེ་དེ་ཉིད་དགེ་འདུན་དེ་ལ་ཐ་ཆད་འབྱུང་བར་འགྱུར་ན་དེ་ཉིད་ལ་སྦྱིན་པར་བྱ་བ་ཉིད་དོ། །བྲིམ་པས་བསྙིགས་པར་བྱའོ་ཞེས་བྱ་བ་ནི་ཐ་ཆད་དེ་དགེ་འདུན་དེ་ལས་སོ། །བྱེད་པ་པོ་ཇི་ལྟ་བུས་བྲིམ་པས་དགེ་འདུན་ལས་ཐ་ཆད་དེ་བསྙིགས་པར་བྱ་ཞེ་ན་དེའི་ཕྱིར་བསྐོས་པས་སོ། །
དེས་སང་དེ་བྱེད་པར་འགྱུར་བ་ན་ཚོགས་ཀྱི་དུས་སུ་དགེ་འདུན་ལ་གཞལ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་བྲིམ་པ་ལ་བྱའོ། །དེ་ཞེས་བྱ་བ་ནི་བསྐོས་པས་སོ། །ཇི་སྐད་གཞལ་བར་བྱ་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་དག་བདག་སང་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་འགྱུར་གྱིས་ཁྱེད་
ཅག་རང་རང་གི་ལྷུང་བཟེད་དག་ཐོགས་ལ་དགེ་འདུན་གྱི་ནང་དུ་གཤེགས་པར་མཛོད་ཅིག་ཅེས་སོ་ཞེས་བྱ་བ་སྨོས་ཏེ། ལྷུང་བཟེད་འབྲེལ་པ་མེད་པ་ཞེས་བྱ་བ་ནི་ལྷུང་བཟེད་འདི་ཨུ་ན་དྷ་ཏེ་འབྲེལ་པ་མེད་པ་དང་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་པ་དང་། འཆག་པར་བྱ་བ་མ་ཡིན་པ་དང་། འབངས་བཞིན་
དུ་སྤང་བ་དང་བཅས་པ་ཞེས་བྱ་བ་འདི་ནི་འདིའི་མིང་ངོ་། །འཁོད་པའི་དོན་དུ་ནན་ཏན་བྱའོ་ཞེས་བྱ་བ་ནི་བསྐོས་པ་ཉིད་ཀྱིས་གཉིས་ཀ་དག་གི་སྔ་རོལ་དུ་ཞེས་བྱ་བའི་མདོ་འདི་ལས་ཇི་སྲིད་དུ་བསྐོས་པ་ལ་ཞེས་བྱ་བ་དབང་དུ་བྱ་བ་ཉིད་ལེན་པ་དང་མ་བླངས་པ་ཞེས་བྱ་བ་འདི་དག་ལ་ཤུགས་ཀྱིས་ལེན་པ་པོའི་བྱེད་པ་པོ་
ཉིད་དུ་རྟོགས་པར་བྱའོ། །བསྔགས་པ་བརྩམ་ཞིང་དབུལ་བར་བྱའོ་ཞེས་བྱ་བ་ནི། དེས་ལྷུང་བཟེད་ཀྱི་དབང་དུ་བྱ་བ་སྟེ། རྣམ་པ་ཇི་ལྟ་བུའི་བསྔགས་པ་བརྩམ་ཞིང་དབུལ་བར་བྱ་ཞེ་ན་དེའི་ཕྱིར་གནས་བརྟན་ལྷུང་བཟེད་འདི་ནི་ཤིན་ཏུ་གསལ་བ་དབྱིབས་ལེགས་པ་ལོངས་སྤྱད་བཟོད་པ་ལགས་ཀྱི་གལ་
ཏེ་བཞེད་ན་སྣོམས་ཤིག་ཅེས་སོ་ཞེས་བྱ་བ་སྨོས་ཏེ། ཅི་འདི་ལྟ་བུ་ཉིད་ཐམས་ཅད་ལ་བརྗོད་པར་བྱ་འམ་ཞེ་ན་དེའི་ཕྱིར་ཡོན་ཏན་ཇི་ལྟ་བ་བཞིན་དུའོ་ཞེས་བྱ་བ་སྨོས་ཏེ། འདི་ནི་དཔེ་ཡིན་ནོ། །གང་ལ་ཡོན་ཏན་གང་དང་གང་ཡོད་པ་དེ་དང་དེ་དག་ལ་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །འདོད་ན་བླང་བར་

བྱའོ་ཞེས་བྱ་བ་ནི་འདོད་པ་ཡོད་ན་གཟུང་བར་བྱའོ། །མེད་ན་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །བར་དུ་ཆོད་པས་བླངས་པ་བླང་བར་མི་བྱའོ་ཞེས་བྱ་བ་ནི་འདིར་གཅིག་གིས་བར་དུ་ཆོད་པ་ཉིད་ནི་བརྟེན་པའོ། །གང་གི་ཕྱིར་གསུམ་པས་བླངས་པ་ན་དུ་མས་བར་དུ་ཆོད་པ་ཉིད་ལ་ནི་ཤིན་ཏུ་
ཡང་བླང་བར་མི་བྱ་བ་ཉིད་དུ་བྱའོ་ཞེས་བྱ་བ་འདི་བརྗོད་དོ། །སློང་བ་ཡོད་ན་ཚིག་གཉིས་པ་ལ་ནི་མི་སྦྱིན་ཞིང་གསུམ་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གསུམ་པ་ལ་ནི་མི་རིགས་པ་མ་ཡིན་ནོ། །འབྲེལ་པ་མེད་པར་ཤིན་ཏུ་འདའ་བར་བྱེད་ན་ཞེས་བྱ་བ་འདི་ཙམ་ནི་འདིར་རྒྱུ་མཐོང་བ་ཡིན་ཏེ། དེ་བས་ན་གསུམ་
པའི་ཚིག་ལ་ཅི་ནས་ཀྱང་སྦྱིན་པར་བྱ་བ་ཉིད་དོ། །ལྟུང་བ་བྱུང་བ་ལ་སྤང་བར་མི་བྱ་བ་ཉིད་དང་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དག་གོ་བར་བྱའོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་ཡང་མི་བྱ་བ་ཉིད་དང་། སྤང་བར་མི་བྱ་བ་ཉིད་ཅེས་བྱ་བ་འདི་ལྟར་བསྐོས་པས་ལྟུང་བར་འགྱུར་བ་ལ་གོ་བར་བྱའོ་ཞེས་བྱ་བའི་
དོན་ཏོ། །ཉེ་བར་སྤྱོད་པ་ལ་མ་ཆག་གི་བར་དུ་དལ་བུ་དལ་བུས་སྤྱོད་ཅིག་ཅེས་སོ་ཞེས་བྱ་བ་ནི་ལྟུང་བ་ལ་གོ་བར་བྱ་ཞེས་པ་ཉིད་དུ་རིམ་གྱིས་དལ་བུ་དལ་བུས་ཡོངས་སུ་ལོངས་སྤྱད་པར་བྱ་སྟེ། ཇི་སྲིད་དུ་ནམ་ཆག་པའི་མཐར་ཐུག་གི་བར་དུ་བཟུང་ནས་ཞེས་བྱ་བ་འདིས་འདི་བསྡུས་པའོ། །འདིར་འཆང་
བའི་ཉེས་པ་སྐྱེས་པ་མེད་དོ་ཞེས་བྱ་བའི་ཆོ་ག་འདི་ཉིད་ཀྱི་ཕྱིར་རྟོགས་པར་བྱའོ། །དེ་གཉིས་ཀས་ཀུན་དུ་སྤྱད་པར་བྱའོ་ཞེས་བྱ་བ་ལ་གཉིས་ཀས་ཞེས་བྱ་བ་ནི་ལྷུང་བཟེད་དག་གིས་སོ། །དེས་ཞེས་བྱ་བ་ནི་ལྟུང་བ་བྱུང་བས་དེ་ཀུན་དུ་སྤྱད་པར་བྱའོ། །འདིའི་ཆད་པའི་ལས་ནི་འདི་ལྟ་སྟེ། ལྷུང་བཟེད་
གཞན་ལ་དད་པས་གཅོད་པའི་དོན་དུའོ། །དེ་ལ་ཡོ་བྱད་ཆེས་བཟང་པོ་ངེས་པར་སྦྱར་བར་བྱའི་ཞེས་བྱ་བ་ནི་གང་འདི་ཐ་ཆད་འདི་ལྟ་བུ་བྱུང་ནས་འདི་ལ་སྦྱིན་པ་དེ་ལ་ལྷུང་བཟེད་ཀྱི་སྣོད་དང་ཁ་གཡོགས་ལ་སོགས་པ་ཡོ་བྱད་ཆེས་བཟང་པོ་ངེས་པར་སྦྱར་བར་བྱ་བའོ། །སྤྱོད་པ་ནི་ཆེས་ཡང་བའོ་ཞེས་བྱ་བ་ནི་
བསོད་སྙོམས་བླང་བ་ལ་སོགས་པ་ལ་ངེས་པར་སྦྱར་བར་བྱའོ། །ཟས་ཀྱི་བྱ་བ་ཉིད་ལ་ནི་མི་བྱ་བ་ཁོ་ནའོ་ཞེས་བྱ་བ་ནི་ཟས་བཟའ་བའི་བྱ་བ་བསྒྲུབ་པ་ཉིད་ལ་ནི་འདི་ངེས་པར་སྦྱར་བར་མི་བྱ་བ་ཁོ་ནའོ། །ལྷུང་བཟེད་ཚོལ་བའི་སྤང་བའོ།། །།གང་དུ་འཐག་ཏུ་འཇུག་པའི་སྤང་བར་འགྱུར་ཞེ་ན།

དེའི་ཕྱིར་རིན་ཐང་མེད་པར་བསྒོ་བས་སམ་གཞན་གྱིས་ཀྱང་འཐག་ཏུ་བཅུག་ནའོ་ཞེས་བྱ་བ་སྨོས་ཏེ། ཁྱིམ་པ་ཉེ་དུ་མ་ཡིན་པ་ཞེས་བྱ་བ་སྔར་བསྟན་པའི་རིན་ཐང་མེད་པར་ངག་གིས་བསྒོ་བས་འཐག་ཏུ་བཅུག་ན་དངོས་གཞིའི་ལྟུང་བར་འགྱུར་རོ། །རང་གིས་བསྒོ་བ་གཅིག་པུར་མ་ཟད་ཀྱི་འོན་ཀྱང་ཕོ་ཉ་ལ་སོགས་
པ་གཞན་གྱིས་ཀྱང་འཐག་ཏུ་བཅུག་ན་དངོས་གཞིའི་ལྟུང་བ་ཁོ་ནའོ། །ཕན་ཚུན་བརྒྱུད་ནས་བྱེད་དུ་བཅུག་ན་ན་སྨད་པའི་ཚིག་ལ་དམིགས་ཀྱིས་བསལ་བའོ། །འདིར་གླེང་གཞི་ལས་འདི་ཤེས་པ་ཡིན་ཏེ། བླངས་པའི་སྐུད་པ་ཉིད་འདི་ལ་མ་ཆོག་པར་སོང་བ་སྟེ། དགེ་སློང་གིས་ཉེ་དུ་ལ་སྐུད་པ་བླངས་
ནས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་ནས་སློང་བ་པོ་དེ་ལ་ནི་ལྟུང་བ་མེད་ལ་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་པ་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཞན་ཉིད་དང་བཅས་པ་ལ་ནི་དེ་ལ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་དང་ལྷན་ཅིག་ཏུ་གང་གིས་གང་བྱེད་
པ་དེ་ནི་དེས་མ་བྱས་པར་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉེ་དུ་དང་ཉེ་དུ་མ་ཡིན་པ་གཉིས་ཀ་ལས་འཐག་ཏུ་བཅུག་ན་ཡང་ཉེ་དུའི་ཕྱིར་ལྟུང་བ་མེད་ཀྱི་ཉེ་དུ་མ་ཡིན་པའི་དབང་གིས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བདག་ཉིད་དང་ཉེ་དུ་མ་ཡིན་པར་བཅས་པས་བདག་ཉིད་ལ་དགོས་པ་ཉིད་བྱ་བའི་ཕྱིར་
དགེ་སློང་བཟོ་བྱེད་པ་ལ་ཉེས་བྱས་ཞེས་བྱ་བ་གསུངས་པ་གང་ཡིན་པ་དེ་འདིས་བསྡུས་པ་ཡིན་ནོ། །རིན་བྱིན་པ་དང་མ་བྱིན་པ་གཉིས་ཀ་ལ་འཐག་ཏུ་བཅུག་ན་ཡང་ཆོ་ག་འདི་རྣམ་པར་གཞག་པའོ། །འདི་ཡང་འདིས་བྱེ་བྲག་ཡོངས་སུ་མ་བཟུང་བའི་ཕྱིར་བསྡུས་པའོ། །འཐག་ཏུ་བཅུག་པའི་སྤང་བའོ།། །།
འཐག་པ་སྐྱེད་པ་དང་འཕེལ་བར་འགྱུར་བའི་སྤང་བའི་ཡན་ལག་གང་དག་བྱེད་པ་པོར་གྱུར་པ་དེ་དག་གང་ཞེ་ན། དེའི་ཕྱིར་བཏགས་པར་བྱ་བ་བསམས་པ་ལས་བྱུང་བ་ཉིད་དོ་ཞེས་ཏེ། བསམ་པ་དགོས་པ་འདི་ལ་ཡོད་པས་ན་སེམས་པའོ། །དེའི་དངོས་པོ་སེམས་པ་ལས་བྱུང་བའོ། །དེའི་ཞེས་བྱ་བ་འདིས་
ནི་ལྟུང་བ་བཟུང་བའོ། །ཁོ་ལག་ཆེ་བ་ཉིད་དང་འབྲས་བཟང་བ་ཉིད་ལ་ཐ་ག་པ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་རིང་བ་ནི་འདི་ཙམ་ཞེང་ཆེ་བ་ནི་འདི་ཙམ་ཞེས་བྱ་བ་ཁོ་ལག་ཆེ་བ་ཉིད་ལ་འདི་ངེས་པར་སྦྱར་བར་བྱས་པའོ། །གོས་གཞན་འདོད་པ་མ་ཡིན་པ་ལ་སྦྱིན་པ་པོས་དོན་གྱིས་བསྒྲུབ་པའོ། །གང་

ཞིག་ཁོ་ལག་ཆེ་བ་ཉིད་ལ་ཚེ་དང་ལྡན་པ་ཐ་ག་པ་ཉིད་ལ་གོས་འདི་ཞེང་ཆེ་བ་དང་ཁྲུན་རིང་བ་དང་ཐར་གྱིས་ཞག་པ་དང་ཐག་རན་བཟང་བ་ལེགས་པར་གྱིས་ཤིག་ཅེས་གསུངས་པ་ཡིན་ནོ། །ཐག་རན་བཟང་བ་དང་བྱེར་ཟུག་སྙོམས་པ་དང་ཤས་བཟང་བ་དང་སང་སེང་མེད་པ་ཞེས་བྱ་བ་རྣམ་པར་
བཤད་པར་སྦྱར་རོ།། །།འདིར་དོན་ལྷག་པར་བསྒྲུབ་པ་ནི་སྐྱོན་ཡིན་ཏེ། འདིར་དོན་ལྷག་པར་འགྱུར་རོ་ཞེས་བྱ་བ་གཙོ་བོ་ཉིད་དུ་ཤེས་པའོ། །གལ་ཏེ་སྦྱིན་བདག་གི་ཟད་ནའོ་ཞེས་བྱ་བ་ནི་གལ་ཏེ་དེ་འདི་ལྟར་ཐ་ག་པ་ལས་ངེས་པར་སྦྱར་བ་འཐོབ་པ་ན་སྦྱིན་བདག་གི་སྐུད་པ་ལ་སོགས་པ་ཟད་པར་
གྱུར་ན་གཞན་ལ་བླངས་པས་གྲུབ་པ་ནི་འདིར་སྐྱོན་ཡིན་ཏེ་དེ་བས་ན་ཟད་པ་མེད་པ་ལ་འདི་མེད་པའོ། །འདིར་འཐག་པ་བསྐྱེད་པས་ནི་རིན་སྐྱེ་ལ་རིན་སྐྱེས་པ་ནི་སྦྱིན་བདག་གི་ཟད་པར་འགྱུར་བར་རིག་པར་བྱའོ། །རྔན་པ་མ་བྱིན་པ་ཡང་ངོ་ཞེས་བྱ་བ་ནི་དེ་ལྟར་ཡང་ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་
གླ་རྔན་ཅུང་ཟད་ཉིད་བསྒྲུབ་པར་བྱའོ་ཞེས་བྱ་བ་རང་གིས་ཀྱང་འདིར་འབྲས་བཟང་བའི་དོན་དུ་འདིར་རིན་སྦྱིན་པ་ལ་འདིར་མི་སྡོད་པ་སྲིད་པའོ། །མི་སྡོད་ཅིང་ཉོ་བ་མེད་པར་ཡང་བླངས་པས་ཁོ་ལག་ཆེ་བ་ཉིད་དམ་འབྲས་བཟང་བ་ཉིད་དུ་མི་འགྱུར་ཏེ། ཉེ་བར་བསྒྲུབ་པ་འདི་ཡང་འཚོང་བ་མེད་པར་བླངས་པ་
ལ་སྐྱེ་བར་འགྱུར་རོ། །བླངས་པས་གཞན་ལ་བསྒྲུབས་པས་ཏེ་འདིའི་དོན་དུ་མདོ་འདི་སྨྲས་སོ། །འདོད་པའི་ཚོང་བ་མེད་པ་འདིར་རྐུ་བ་ལ་ཡང་བསྐྱེད་པར་རིག་པར་བྱའོ། །སྦྱིན་པར་བྱེད་པས་དེའི་དོན་དུ་རྗེས་སུ་མ་གནང་བ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་ནི། འདི་རྗེས་སུ་མ་གནང་བ་ཁོ་ལག་
ཆེ་བ་ཉིད་དང་འབྲས་བཟང་བ་ཉིད་ལ་འདིའི་དོན་ཞེས་བྱ་བ་དེའི་རྗེས་སུ་མ་གནང་བ་ལྟུང་བའི་བྱེད་པ་པོ་འམ་གོས་དེའི་དངོས་པོ་ནི་དེ་ཉིད་དོ། །སུས་རྗེས་སུ་མ་གནང་བ་ཞེས་བྱ་བ་སྨོས་པ་ལ་སྦྱིན་པར་བྱེད་པ་པོས་ཞེས་བྱ་བའི་ཚིག་གོ། །ཁས་བླངས་པ་ལེན་པར་མི་བྱེད་ཅིང་རིན་ཐང་ལ་འཇུག་པར་མི་བྱེད་ན་
སྦྱིན་བདག་མ་ཡིན་པ་ཡང་འདིར་སྦྱིན་པ་པོར་འགྱུར་རོ། །དེ་བས་ན་དེ་ལ་འདིས་མ་བཟུང་བ་ཉིད་དོ། །བླངས་པར་གྱུར་པས་རྗེས་སུ་གནང་བ་གང་ཡིན་པ་དེ་ལ་བླངས་པ་བསྒྲུབ་པ་ལས་ལྷག་པ་མ་ཡིན་ནོ། །དེ་ལ་ཡང་འདིར་སྐྱོན་ཉིད་ཅེས་བྱ་བ་འདིར་བརྗོད་པ་ལ་གོ་བར་གྱུར་པའོ། །དེ་བས་ན་

བླངས་པ་མེད་པར་རང་དད་པས་མགྲོན་དུ་གཉེར་བ་མ་ཡིན་ན་རྗེས་སུ་གནང་བ་གང་ཡིན་པ་དེ་འདིར་བཟུང་བ་ཞེས་བྱ་བར་རྟོགས་པའོ། །འདིར་གཞུང་ནི་འདི་ལྟར་བཅོལ་བའི་མདུན་རོལ་དུ་སྔར་རྗེས་སུ་མ་གནང་ན་ཞེས་གསུངས་པའོ། །ཡན་ལག་འདི་རྣམས་ནི་ལྟུང་བའི་བྱེད་པ་པོ་ཡིན་ནོ། །འདི་རྣམས་ནི་
གང་དུ་སྟེ་ཇི་ལྟ་བུ་འཐག་པའི་བསླབ་པའི་གཞི་ཁ་ན་མ་ཐོ་བའི་བྱེད་པ་པོ་རྣམས་ཤེ་ན། གྲུབ་པ་ན་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ། གོས་གྲུབ་པའི་གནས་སྐབས་ན་དངོས་གཞིའི་ལྟུང་བའོ་ཞེས་བྱ་བའི་དོན་ཏོ། །མདུན་རོལ་དུ་དེའི་ཕྱིར་བསམས་པ་ལས་བྱུང་བ་རྗེས་སུ་བསྒྲུབ་པ་ཐ་དད་པ་ནི་ཉེས་
བྱས་ཀྱིའོ་ཞེས་བྱ་བ་ནི་གོས་གྲུབ་པའི་མདུན་རོལ་དུའོ། །ཕྱིར་ཞེས་བྱ་བ་ནི་གཅིག་དང་གཅིག་ཏུ་འདི་དང་འབྲེལ་པའི་བསམས་པ་ལས་བྱུང་བ་རྗེས་སུ་བསྒྲུབ་པ་ལ་ཉེས་བྱས་ཀྱི་བྱེད་པ་པོ་རྣམས་ཏེ། དེའི་བསྒྲུབ་པ་ལ་བརྟེན་ནས་ཇི་སྲིད་དུ་རྩོམ་པ་གཅིག་ཏུ་གྱུར་པའི་རྗེས་སུ་བསྒྲུབ་པ་དེ་སྲིད་དུ་འདིར་
གཅིག་རྗེས་སུ་བསྒྲུབ་པ་ཉིད་ཀྱིས་མངོན་པར་བརྟེན་པ་ཞེས་བྱ་བ་ཤུགས་ཀྱིས་ཤེས་པར་བྱའོ། །འདིར་གཞུང་ནི་དགེ་སློང་ཆོས་གོས་ཀྱི་དོན་དུ་ཇི་ཙམ་དུ་ཅུང་ཟད་ལག་པ་དག་འཁྲུ་བར་བྱེད་པ་དང་། ལྷུང་བཟེད་འཁྲུ་བར་བྱེད་པ་དང་འགྲོ་བ་དང་འོང་བ་དང་བསོད་སྙོམས་ཐོབ་ནས་ཐ་ག་པ་ལ་
སྦྱིན་པར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །གོས་གྲུབ་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཡང་དང་ཡང་དུ་འདོད་པ་ཅན་ཇི་ཙམ་ཅུང་ཟད་ཅེས་བྱ་བ་དང་། ཐམས་ཅད་ཅེས་བྱ་བའི་ཚིག་ནི་རྣམ་པར་གནས་པ་ཡིན་ཏེ། །ལག་པ་འཁྲུ་བ་ལ་སོགས་པ་བསྒྲུབ་པར་
འདོད་པ་ནི་མ་ཡིན་ནོ། །འདི་རྣམས་ལ་རྩོམ་པ་གཅིག་ཉིད་དུ་གྱུར་པའི་ཕྱིར་ཞེས་བྱ་བ་དེ་ལྟར་གསུངས་སོ། །མ་བསྒོ་བས་ཉེ་བར་འགྲོ་བ་ནི་དེ་ཉིད་དོ་ཞེས་བྱ་བ་ལ། དེ་ཉིད་དོ་ཞེས་བྱ་བ་ནི་ཉེས་བྱས་སོ། །བདག་གི་དོན་བསྒྲུབ་པ་མ་བསྒོ་བར་དགའ་བ་ཙམ་གྱིས་ཉེ་བར་འགྲོ་བ་གང་ཡིན་པ་དེ་ནི་འདིར་བཟུང་
བ་སྟེ། གཞན་ལ་སྔར་བསྟན་པ་ལས་ལྷག་པ་མེད་པའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས། དགེ་སློང་གི་ཕྱིར་ཁྱིམ་པས་གོས་འཐག་ཏུ་བཅུག་ནས་དགེ་སློང་དེ་ཡང་ཉེ་བར་འགྲོ་ན་ཐ་དད་པར་མི་བྱེད་ཀྱང་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འཐག་ཏུ་འཇུག་པ་དང་འཐག་པ་

བསྐྱེད་པའི་སྤང་བའོ།། །།འཕྲོག་པའི་སྤང་བ་ལ་ཡན་ལག་གང་དག་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་དབྲལ་བར་བྱ་བ་དགེ་སློང་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གང་ལས་གོས་ཕྲོག་པར་བྱེད་པ་དེ་དགེ་སློང་ཉིད་ཡིན་ནའོ། །དབྲོག་པར་བྱ་བ་རང་གི་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འདི་རང་
གིས་བྱིན་པ་ལ་འདིར་གལ་ཏེ་འདི་བཟུང་ན་དབྲོག་པའི་ཉེས་པར་འགྱུར་རོ། །བདེ་བླག་ཏུ་གཞན་གྱིས་བྱིན་པ་ལ་ཉེས་པ་འདི་ལ་གཞན་གྱིས་དབྱུང་བར་བྱ་བ་ཉིད་གསུངས་པ་ཁོ་ན་སྟེ། དོན་ལ་ནི་མ་ཡིན་ཏེ་སྦྱིན་བདག་གི་ཚིག་གི་སྤང་བ་བརྗོད་པའི་ཕྱིར་རོ། །དེའི་རང་གིས་བྱིན་པ་ཞེས་བྱ་བ་འདིར་
གཟུང་བར་བྱ་བ་མ་ཡིན་ནོ། །རྐུ་བའི་སེམས་མེད་པ་ལ་རང་གིས་བྱིན་པ་གཞན་གྱིས་དབྲོག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཡོད་པ་ལ་ནི་མ་སྦྱིན་པར་ལེན་པར་འགྱུར་རོ། །འདིར་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རང་གི་བློས་ཞུགས་པར་གྱུར་ཏེ། ཁྱོད་ལ་བདག་གིས་མི་སྦྱིན་ཞེས་བྱ་བར་
གསུངས་པའི་ཕྱིར་རོ། །དེ་གོས་ཉིད་ཡིན་ནའོ་ཞེས་བྱ་བ་ནི་གླེང་གཞི་ལས་དབྲོག་པར་བྱ་བ་ཐམས་ཅད་ལ་དགེ་སློང་གི་ཡོ་བྱད་ལ་དངོས་གཞིའི་ལྟུང་བ་བྱེད་པ་ཉིད་དུ་གསུངས་ཏེ། ཤིན་ཏུ་ལྕི་བ་ཡང་འདིར་འཇུག་པ་སྤངས་པ་ཉིད་ཙམ་ནི་འདིར་ལྷག་པ་སྟེ་ལྟུང་བ་ལ་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །
འདིར་ནི་སླར་སྦྱིན་པར་བྱ་བ་ཉིད་སྤང་བ་ཉིད་དེ་འདི་ཡང་ལྟུང་བ་མེད་པ་ལ་ཡང་དངོས་པོ་ལ་གཞན་ཉིད་ཀྱི་ཕྱིར་འདིར་བྱད་པའི་རིགས་པ་ཉིད་དེ་དེ་བས་ན་དཔེ་འདི་ནི་གླེང་གཞིའི་དབང་གིས་བཟུང་བའོ། །དགེ་སྦྱོང་གི་ཡོ་བྱད་ཐམས་ཅད་ལ་ཡང་བྱེད་པ་པོ་ཉིད་ཅེས་བྱ་བ་རྟོགས་པར་བྱའོ། །དེའི་འམ་དེས་བསྐོས་
པའི་ལུས་སམ་ངག་བསྡུས་པ་འམ་ཐ་དད་པ་དག་གིས་དབྲོག་པའི་དོན་དུ་ཞུགས་པ་ལྟ་བུ་ནི་བྱེད་པ་པོ་ཡིན་ཞེས་བྱ་བ་ལ། བསྡུས་པ་འམ་ཐ་དད་པ་ཞེས་བྱ་བ་ནི་འདི་དག་ལ་སོ་སོར་ལྟུང་བ་མེད་དེ་འདིར་གཉིས་པོ་འདི་དག་ཉིད་ལ་ཡོད་པ་ཉིད་ཅེས་བྱ་བ་འདིའི་འདི་བསྟན་པའོ། །དེའི་ཞེས་བྱ་བ་ནི་ལྟུང་
བ་འབྱིན་པར་བྱེད་པའི་འོ། །འདིར་གཞན་བྱེད་དུ་འཇུག་པ་འམ་བྱས་པ་ལས་བྱེ་བྲག་ཅེས་བྱ་བ་འདི་བརྗོད་པའོ། །འདིར་ཁ་ན་མ་ཐོ་བ་ཇི་ལྟ་བུ་གང་གི་ཕྱིར་བྱེད་པ་པོ་དག་ཡིན་ཞེ་ན། དེའི་ཕྱིར་ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པ་ན་མཐའིའོ། །སྦྱོར་བ་ལ་ནི་ཉེས་བྱས་ཀྱིའོ་ཞེས་

བྱ་བ་སྨོས་ཏེ། འདིར་དབྲལ་བར་བྱ་བ་བསྟན་པ་གང་ཡིན་པ་དེའི་ལུས་གང་ཡིན་པ་དེ་ལས་ཐ་དད་པའི་མཐར་ཐུག་པ་ལ་དངོས་གཞིའོ། །སྦྱོར་བ་ལ་ནི་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་དབྲོག་པ་དེའོ། །འདིར་ནི་འཇུ་བར་འོས་པ་ཉིད་
མ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་ཀ་བསྟན་པའོ། །འདིར་གཞུང་ནི་ལྷག་མ་ཡོད་པ་ཐམས་ཅད་སླར་བྱིན་ཅེས་གསུངས་པ་ཡིན་ནོ། །འདི་ལ་རང་གི་དོན་ཉིད་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་དགེ་སློང་ལ་བྲལ་བ་ཙམ་ནི་གཙོ་བོ་སྟེ་བདག་ཏུ་བྱ་བ་ནི་མ་ཡིན་ནོ། །རང་གི་དོན་དང་གཞན་གྱི་དོན་དུ་
ཞེས་བྱ་བ་ཁྱད་པར་ལ་མི་བསྟེན་པའི་དབྲོག་པའོ། །དེ་བས་ན་གཞན་ངེས་པར་སྦྱོར་བས་བྲལ་བ་ལ་འདིར་དངོས་གཞིའི་ཁ་ན་མ་ཐོ་བ་ཉིད་ཅེས་བྱ་བ་གསུངས་པ་ཡིན་ནོ། །རྫོགས་པར་མ་བསྙེན་པ་ལ་ནི་སྐྲོད་པ་དང་འདྲའོ་ཞེས་བྱ་བ་ནི་འདིར་སྐབས་མ་ཡིན་ཞེས་བྱ་བས་འདིར་ཞེས་བྱ་བའི་སྒྲ་འདི་
ལ། འདི་ཞེས་བྱ་བ་ཡོངས་སུ་གྱུར་པ་ལ་འབྲེལ་པའོ། །འདི་སྐྲོད་པ་ནི་དཔེར་ན་གཙུག་ལག་ཁང་ནས་སྐྲོད་པ་ལ་དགེ་སློང་མ་ལ་སོགས་པ་རྣམས་ལ་སྐྲོད་པར་བྱེད་པ་ཉིད་དང་བསྐྲད་པར་བྱ་བ་ཉིད་ལ་ཉེས་བྱས་སུ་གསུངས་སོ། །ཁྱིམ་པ་རྣམས་ཀྱང་སྐྲོད་པར་བྱེད་པ་ནི་བསོད་ནམས་མ་ཡིན་པ་མང་
དུ་འཕེལ་བར་འགྱུར་བ་དེ་བཞིན་དུ་འདི་ཡང་འདི་རྣམས་ལ་ཁ་ན་མ་ཐོ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་འདིར་དགེ་སློང་མ་ལ་སོགས་པ་རྣམས་ལ་དབྲོག་པ་ཉིད་ལ་གཞུང་ནི་དགེ་སློང་མ་དང་དགེ་ཚུལ་དང་དགེ་ཚུལ་མས་ནི་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ། །ཁྱིམ་པ་དང་ཁྱིམ་པ་མོས་ནི་བསོད་
ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འཕྲོག་པ་ནི་རྣམ་པ་གསུམ་སྟེ། རང་གི་ཉིད་སེལ་བར་གྱུར་པ་དང་གཞན་ནི་རྣམ་པ་གཉིས་ཏེ། བློ་གྲོས་ངན་པས་བྱས་པ་དང་། རིགས་དོན་གྱི་དབང་དུ་བྱས་པའོ། །དེ་ལ་བློ་གྲོས་ངན་པ་ནི་བློ་གྲོས་འདི་ནི་ལེགས་པ་
མ་ཡིན་ཏེ། མཆོག་མ་ཡིན་པ་དང་ལྷག་པའི་ཆོས་སུ་གྱུར་པ་ནི་མ་ཡིན་ནོ། །དེ་ལྟར་གང་ཞིག་གྲངས་སུ་འགྲོ་བ་དེས་སོ། །འདི་ལྟ་སྟེ་ཡི་ཆད་པར་གྱུར་ཅིག །གནོད་པར་གྱུར་ཅིག །མཐུ་བརྟན་པར་གྱུར་ཅིག །སྟོབས་ཉེ་བར་གནས་པར་གྱུར་ཅིག་ཅེས་འདིས་འདི་བྱ་སྟེ་སྦྱིན་པར་བྱའོ་

ཞེས་བྱ་བ་ལྟ་བུ་སྟེ། དེ་ལ་ཅི་ཐམས་ཅད་རྣམ་པ་གསུམ་པོ་འདིར་རྟོགས་པར་བྱ་བ་འམ་འོན་ཏེ་ཐམས་ཅད་མ་ཡིན། གང་དུ་འདིར་ཅི་ཞིག་རྟོགས་པར་བྱ་ཞེ་ན། དེའི་ཕྱིར་འདི་ཉིད་བརྗོད་པར་བྱ་བ་སྟེ། དེའི་ཕྱིར་རང་གི་ཉིད་སེལ་བར་གྱུར་པའི་འཕྲོག་པ་འདིར་བསྡུས་པ་ཡིན་ནོ་ཞེས་
བྱ་བ་སྨོས་ཏེ། འདིར་ཞེས་བྱ་བ་བསླབ་པའི་གཞི་ལའོ། །དབྲལ་བར་བྱ་བའི་ཆོས་གོས་ཀྱི་ཐ་མ་ལས་དེ་བསལ་བར་གྱུར་པ་འདིར་འཕྲོག་པ་བཟུང་བ་གང་ཡིན་པ་དེའི་དོན་དུ་འཇུག་པ་ལ་འདིར་སྦྱོར་བ་ལ་ཉེས་བྱས་སུ་བརྗོད་དོ། །མཐར་ནི་དངོས་གཞིའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་གོས་
འོན་ཅིག་ཁྱོད་ལ་མི་སྦྱིན་ནོ་ཞེས་གསུངས་པ་ཡིན་ནོ། །བློ་གྲོས་ངན་པས་བྱས་པ་ནི་རྗེས་སུ་འཕྲོད་པ་ཡིན་ནོ་ཞེས་བྱ་བ་ནི་ཡི་ཆད་པར་གྱུར་ཅིག་ཅེས་བྱ་བ་བློ་གྲོས་ངན་པས་འཕྲོགས་པ་གང་ཡིན་པ་བྱེད་པར་གྱུར་པ་ནི་རྗེས་སུ་འཕྲོད་པ་ཉིད་ཡིན་ནོ། །རྗེས་སུ་འཕྲོད་པ་ཉིད་ཀྱི་ཕྱིར་འདིར་ཉེས་བྱས་རྟོགས་པར་
བྱ་ཞེས་བྱ་བའི་དོན་ཏོ། །གནོད་པ་དང་མི་ཕན་པར་བྱེད་པ་ལ་འཇུག་པའི་གེགས་བྱ་བའི་ཕྱིར་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་གནོད་པ་བྱེད་པའི་ཕྱིར་འཇུག་པ་ལས་ཏེ། མི་ཕན་པར་བྱེད་པའི་ཕྱིར་རམ་གེགས་བྱ་བའི་ཕྱིར་འཕྲོག་པ་ལ་ལྟུང་བ་མེད་དོ། །འདིར་གཞུང་ནི་དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱི་ཕྱིར་ནི་ལྟུང་
བ་མེད་པའི་ཚིག་ཅེས་བྱ་བའོ། །གཉིས་པོ་འདི་ལས་གཞན་དུ་ལྟུང་བ་འབྱུང་བར་འགྱུར་རོ། །འཕྲོག་པའི་སྤང་བའོ།། །།དགོན་པ་པའི་ཆོས་གོས་གཅིག་ལ་ནི་འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོང་ཡང་རང་གི་གནས་དང་འདྲའོ་ཞེས་བྱ་བ་ནི་དགོན་པ་ནི་འདིར་གནས་ཏེ་ཞེས་བྱ་བ་ནི་དགོན་པ་པ་
ཞེས་བྱ་བའི་ཚིག་གིས་རྟོགས་པའོ། །འདིར་ལོར་མ་ཚང་བ་ཉིད་ནི་འདིའི་བྱེ་བྲག་ཏུ་བྱུང་བ་ཡིན་ནོ། །རྣམ་པར་འབྱེད་པ་ལས་ཀྱང་འདིའི་དོན་གསུངས་ཏེ། ལོ་ཕྱི་མ་ལ་ཉེ་བར་འབྲེལ་པར་འགྱུར་ཏེ། དེ་ནི་འདིར་རྟེན་པ་མ་ཡིན་ནོ། །གང་གི་ཕྱིར་འདི་ལ་ལྟུང་བ་བསྟན་པའི་གནས་སྐབས་སུ་ཡང་དག་
པར་རྟེན་པ་ཡོད་པ་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་དེ་བཟུང་ཞེ་ན། གླེང་གཞིའི་དབང་གིས་སྐབས་མ་ཡིན་པར་གྱུར་པའི་དོན་རྣམས་ལ་ཡང་བཟུང་བ་རྣམས་ཡོད་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་རང་གིས་བླངས་པའི་སྐུད་པའི་ཞེས་བྱ་བ་དང་གཅིག་ཏུ་གོས་ཞེས་བྱ་བ་གང་གི་ཕྱིར་དེར་འབྲལ་བའི་ཉེས་པ་

བསྐྱེད་པའོ། །ཆོས་གོས་གཅིག་ལ་ནི་ཞེས་བྱ་བ་གང་གི་ཕྱིར་དེར་འབྲལ་བའི་ཉེས་པ་བསྐྱེད་པའོ། །གྲོང་ཞེས་བྱ་བ་ནི་གང་ཞིག་དགོན་པ་དེའི་སྤྱོད་ཡུལ་དུ་གྱུར་པའི་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པའོ། །འདིར་གཞུང་ནི་དེ་བས་ན་ཆོས་གོས་གསུམ་ལས་གང་ཡང་རུང་སྟེ། ཆོས་གོས་ཁྱིམ་གྱི་ནང་དུ་
གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དོན་གྱི་དབང་གིས་གྲོང་གཞན་དུ་འདུག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་དབྲལ་བར་བྱའོ་ཞེས་བྱ་བ་ལ་འདིར་དབྲལ་པར་བྱ་བ་ནི་འདུག་པའི་གནས་དང་། གྲོང་དེའི་ཕྱི་རོལ་གྱི་ཉེན་ཀོར་དུ་སྐྱ་རེངས་ཤར་བའོ། །དེ་ལས་ཞེས་བྱ་བ་ནི་ཆོས་གོས་གཅིག་ལས་སོ། །
དེས་ཞེས་བྱ་བ་ནི་དགོན་པ་པ་སྟེ། གང་ཞིག་འདིའི་གྲོང་དུ་བརྗོད་པ་འདི་ལ་དེ་རྣམ་པ་གཞན་གྱིས་གྲོང་ཁྱེར་གཞན་དུ་འདུག་པ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱབས་དང་བཅས་པ་ཉིད་དང་དབེན་པའི་གནས་ཡོངས་སུ་བཟུང་བའི་དོན་དུའོ། །དོན་གྱི་དབང་གིས་ཞེས་བྱ་བ་ནི། ཆོས་དང་ལྡན་པའི་དགོས་པའི་
དབང་གིས་སོ། །ཞག་དྲུག་ཚུན་ཆད་ཅེས་བྱ་བ་ནི་ཉིན་མཚན་དྲུག་པ་ཚུན་ཆད་དུའོ། །ལྷག་པ་ལ་ནི་བག་ཡངས་མེད་དོ་ཞེས་བྱ་བ་ནི་ཞག་དྲུག་པ་ལས་ལྷག་པ་འདིར་བྲལ་བའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་དོན་ཏོ། །བག་ཡངས་ཀྱི་དབང་གིས་དུས་ཐམས་ཅད་དུ་འདིར་ཉེས་པ་དང་བྲལ་བ་ཉིད་དུ་ངེས་
པ་ལ་འདི་གསུངས་སོ། །དེའི་ཕྱིར་འདི་ལ་བསླབ་པའི་གཞི་ཁོངས་སུ་བསྡུ་བ་ཉིད་ཀྱིས་བགྲང་བའོ། །འདི་ལ་ནི་དེའི་ཕྱོགས་གཅིག་ཏུ་གྱུར་པ་ཉིད་དོ། །བར་ཆད་ཀྱི་དབང་གིས་མ་འོངས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི། བར་ཆད་ཀྱི་དབང་གིས་མ་འོངས་པ་ལ་ལྷག་པར་ཡང་བག་ཡངས་དང་བྲལ་བའི་
ཆོ་ག་ལས་ཞེས་བྱ་བའི་དོན་ཏོ། །འདིར་བཙུན་པ་དགེ་སློང་དགོན་པ་བས་གྲོང་གཞན་དུ་ཆོས་གོས་བཞག་སྟེ་བགྱི་བ་འགའ་ཞིག་གི་སླད་དུ་མཚམས་ཀྱི་སླད་རོལ་དུ་མཆི་ཞིང་དེ་ཉིད་དུ་སླར་བཟློག་པར་བགྱིའོ་སྙམ་པ་ལས་གལ་ཏེ་དེ་ལ་བར་ཆད་འགའ་ཞིག་བྱུང་ནས་སླར་མཆི་བར་རྔོ་མ་ཐོགས་ན་ཆོས་གོས་
དེ་དང་འབྲལ་ཞེས་བགྱི་བ་ལགས་སམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་འདི་ལྟར་རྣམ་པར་རྟོག་སྟེ་དགེ་སློང་དག་གིས་ཞག་དྲུག་ཕྱི་རོལ་དུ་འགྲོ་བར་བྱའོ་སྙམ་དུ་བརྣག་པ་སྔོན་དུ་བྱས་ཏེ་ཕྱི་རོལ་དུ་འགྲོ་ཞིང་ཞག་ལས་འདས་པ་ལ་ནི་འབྲལ་བའི་ཉེས་པ་མེད་པ་ཡིན་གྱི། གལ་

ཏེ་དེ་ལྟར་བརྣག་པ་མ་བྱས་པར་ཉིན་གཅིག་གམ་མཚན་གཅིག་འགྲོ་བར་བརྣགས་ཏེ་སོང་བ་ལས་ཞག་དྲུག་འདས་པ་དེ་ལ་ནི་ཉེས་པ་ཁོ་ནར་འགྱུར་སྙམ་དུ་རྟོག་པ་དག་ཡོད་པས་དེ་བསལ་བའི་ཕྱིར་འདིར་ཞག་དྲུག་ཏུ་འགྲོ་བ་ཧ་ཅང་ཐལ་བ་ཉིད་ལ་ནི་བརྣག་པ་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་སྨོས་
ཏེ། འདིར་ཞག་དྲུག་ཏུ་འགྲོ་བའི་དུས་དེ་ལ་བརྣག་པ་བྱས་ནས་ཞག་དྲུག་འབྲལ་བར་གྱུར་པ་ལ་ཉེས་པ་མེད་ཅེས་བྱ་བ་ནི་འདིར་རྣམ་པར་གཞག་པ་ཡོད་པ་མ་ཡིན་ཏེ། ཇི་ལྟར་ཡང་རུང་བར་འགྲོ་བ་ལ་ཉེས་པ་མེད་ཅེས་བྱ་བའི་དོན་ཏོ། །ཞག་དྲུག་ན་འབྲལ་བའི་སྤང་བའོ།། །།བདག་ཉིད་
གནས་པར་ཁས་བླངས་པས་ཁས་བླངས་པའི་ཉིན་མོའི་ཟླ་བ་སྔ་མའི་དང་པོ་ཚུན་ཅད་ནས་དབྱར་གྱི་རས་ཆེན་བཙལ་བར་བྱའོ་ཞེས་བྱ་བ་ནི་གང་འདིའི་ལྟུང་བ་ཁས་བླངས་པའི་ཉིན་མོ་ནི་ཁས་བླངས་པའི་ཞག་གང་ཞིག་འདིས་ཉེ་བར་འཁོར་བའི་ཕྱིར་སྔ་མའམ་ཕྱི་མ་འམ་མངོན་པར་འདོད་པའི་ཉི་མའོ། །དེའི་
སྔ་མར་གྱུར་པའི་ཟླ་བ་གང་ཡིན་པ་དེའི་དང་པོ་གང་ཞིག་དེ་དང་པོར་བྱས་ནས་ཞེས་བྱ་བའི་དོན་ཏོ། །དབྱར་གནས་པའི་ཟླ་བ་ཕྱེད་ཀྱི་མཐར་དེ་གཟུང་བར་བྱའོ། །རང་གི་སྔ་མའམ་ཕྱི་མ་ཁས་བླངས་པའི་དབང་གིས་འདིའི་དབྱར་གནས་པའི་གང་ཞིག་རྣམ་པར་གནས་པ་དེ་རྣམས་ལས་ལྷག་པར་གྱུར་པའི་ཟླ་བ་
ཕྱེད་གང་ཡིན་པ་དེའི་ཐ་མའི་དུས་ཀྱི་བར་དུ་འཛིན་པར་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་སྐད་ཅིག་མ་ཚུན་ཆད་ནས་དོན་གྱིས་གོ་བའོ། །སྐྱ་རེངས་ཤར་བ་ནི་ཉིན་མོ་ལ་སོགས་པའི་བར་རོ། །དེ་བས་ན་ཚེས་བཅུ་དྲུག་ལ་སྐྱ་རེངས་ཤར་བ་ལ་འདིར་ལྟུང་བྱེད་དོ། །དབྱར་གྱི་རས་ཆེན་རྣམས་འདིར་བཟུང་བ་སྟེ།
ལོ་དུས་རྣམས་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རང་གི་སྒྲས་རྟོགས་པར་བྱའོ། །འདིར་མདོ་ནི་ཟླ་བ་ཕྱེད་ཀྱིས་ལྷག་པར་དབྱར་གནས་པ་རྣམས་ཀྱིས་བྱ་སྟེ་བཅང་བར་བྱ་ཞེས་བྱ་བའོ། །འདིའི་རྣམ་པར་འབྱེད་པ་ནི་ཟླ་བ་ཕྱེད་དགོས་པ་ཞེས་བྱ་བ་དབྱར་གནས་བྱས་ཏེ་ཟླ་བ་ཕྱེད་ཀྱི་ལྷག་མ་ནི་ལྷག་པར་གྱུར་པ་འཆང་བའི་
དུས་ན་བཅང་བར་བྱ་ཞེས་བྱ་བའི་མདོའི་ཚིག་འདི་ལ་དོན་འདིའོ། །ཡི་གེ་ཁ་ཅིག་ལས་འདི་ཤིན་ཏུ་བསལ་བར་བརྗོད་པ་ཡིན་ཏེ། བཙུན་པ་རེ་ཞིག་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་རུང་བ་མ་ཡིན་པ་འཆང་བར་བྱེད་དེ། ལྷག་མ་ཟླ་བ་ཕྱེད་དང་ལྔ་ལས་ལྷག་ན་ཅི་ལྟུང་བར་འགྱུར་རམ་ཉེས་བྱས་

སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དོན་མ་ཡིན་པ་ལ་ཡང་འདི་ལྟར་དུས་སུ་འཆང་བ་སྐྱེད་པར་འགྱུར་བ་འདི་ནི་མི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་འདི་མྱུར་བ་ཞེས་བྱ་བ་ཉིད་དུ་འཇུག་པར་རིགས་པ་མ་ཡིན་ནོ། །གང་ཞིག་ཆོ་ག་འདི་ལས་འདའ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་དེ་བསྟན་པར་བྱ་སྟེ། དེའི་ཕྱིར་
སྔོན་དང་ཕྱི་མ་གཉིས་ལས་དེ་མ་ཡིན་པའི་དུས་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། བཙལ་བའི་དུས་དང་བཅས་པ་ཇི་ལྟར་བསྟན་པ་ལས་སྔ་མ་དང་ཕྱི་མའི་དུས་དེ་དག་གི་དུས་ལྟུང་བའི་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ། །གང་དུ་ཕྱི་མ་ལ་བྱེད་པ་པོ་ཉིད་གང་དུ་སྔ་མ་ལ་ཡིན་ཞེ་ན། དེའི་ཕྱིར་གཞན་དུ་
འཆང་བ་ལའོ་ཞེས་བྱ་བ་སྨོས་ཏེ། རིགས་པ་ལས་མ་འདས་པའི་འཆང་བའི་དུས་ལས་གཞན་པའི་དུས་ཏེ། དེ་འཆང་བ་ཡོད་པ་ལ་དངོས་གཞིའི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་ནོ། །སྔར་བཙལ་བ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི་བཙལ་བའི་དུས་སྔར་བསྟན་པ་བས་གང་ཞིག་གཞན་ནི་དུས་
ཏེ། དེ་བཙལ་ན་བཙལ་བ་ཙམ་ལ་ཉེས་བྱས་འདི་ལ་བྱེད་པ་པོ་ཉིད་མ་ཡིན་ནོ། །ད་ནི་དངོས་གཞི་ལ་དུ་ཡིན་ཞེ་ན། དེའི་ཕྱིར་གྲུབ་ན་མཐའིའོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་བཙལ་བར་གྱུར་པ་ལ་དེ་གྲུབ་པར་གྱུར་ན་དེའི་ཚེ་དངོས་གཞི་ཞེས་བྱ་བའི་དོན་ཏོ། །རྙང་རྙིང་ལ་ནི་ན་སྨད་པ་མེད་དོ་ཞེས་
བྱ་བ་ནི་འདིར་གཞུང་ནི་ཞུ་བ་ལས། དབྱར་གྱི་གོས་རས་ཆེན་རྙང་རྙིང་དུ་གྱུར་པ་ཞིག་ཟླ་བ་ཕྱེད་དང་ལྔ་ལས་ལྷག་པར་འཆང་ན་ཉེས་བྱས་སོ། །དེ་བཞིན་དུ་དབྱར་གྱི་གོས་རས་ཆེན་བུག་རྡོལ་དུ་གྱུར་པ་ཞིག་ཧ་ཅང་མ་ཚོགས་ཏེ། ཚོལ་བར་བྱེད་ན་ཡང་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དེའི་རྗེས་སུ་
འགྲོ་བ་ནི་ཁས་བླངས་པ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཁས་བླངས་པ་ནི་རྗེས་སུ་འགྲོ་བ་དང་འབྲེལ་པ་ལ་གང་ཅུང་ཟད་དེ་ཐམས་ཅད་ནི་ཁས་བླངས་པ་ཇི་ལྟ་བར་རིག་པར་བྱའོ། །གལ་ཏེ་སྔར་ཁས་ལེན་ན་དེའི་དབང་གིས་དེ་ནས་དེའི་ཕྱི་མའོ། །འདི་ལྟ་སྟེ་མཐའི་ཞག་བཅུ་ལ་བརྟད་པ་ལས་
བྱུང་བའི་གོས་བླངས་སོ་སྙམ་པའི་ཞག་བཅུ་པ་ལ་ཕྱི་མ་ཉིད་ཉེས་པ་མ་ཡིན་པའི་འབྱུང་གནས་ཉིད་དུ་གྱུར་པ་དབྱར་གྱི་གོས་རས་ཆེན་གྱིས་དབྱར་གནས་པར་བྱ་བའི་ཚད་ལ་ལྟོས་ནས་དགག་དབྱེ་དང་སྲ་བརྐྱང་འདིང་བའོ། །དབྱར་གྱི་རས་ཆེན་གྱི་སྤང་བའོ།། །།བརྟད་པ་ལས་བྱུང་བའི་སྤང་བ་ལ་དོན་

གང་ཞིག་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དབྱར་གནས་པའི་ཕྱིར་རྙེད་པ་གང་ཡིན་པ་ལ་སྟེ། གཞན་དབྱར་གྱི་རྙེད་པ་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིའི་བྱེད་པ་པོ་ཉིད་གང་དུ་ཡིན་ཞེ་ན། དེའི་ཕྱིར་དབྱར་
གྱི་ནང་ལོགས་སུ་བདག་གིར་བྱེད་ནའོ་ཞེས་བྱ་བ་སྨོས་ཏེ་དབྱར་གནས་པར་བྱ་བའི་ནང་རོལ་དུ་བདག་གིར་བྱེད་ནའོ་ཞེས་བྱ་བའི་དོན་ཏེ། །དེ་ལ་དམིགས་ཀྱིས་བསལ་བར་བྱ་བར་འདོད་ནས་བརྟད་པའི་དབང་གིས་མཐའ་ཞག་བཅུ་ལ་རྙེད་པ་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། མཐའི་ཞག་བཅུ་ལ་བརྟད་
པ་ཙམ་ཉེ་བར་བརྟགས་པས་བྱས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །བརྟད་པ་ལས་བྱུང་བའི་གོས་ལྔ་པོ་ནད་པ་ལ་སྦྱིན་པ་དང་། ནད་པའི་ཕྱིར་སྦྱིན་པ་དང་། འཆི་བ་ལ་སྦྱིན་པ་དང་། འཆི་བའི་ཕྱིར་སྦྱིན་པ་དང་། འགྲོ་བར་ཆས་པ་ལ་སྦྱིན་པ་ཞེས་བྱ་བ་བརྟག་པ་ལས་བྱུང་བ་ལྔ་པོ་རྣམས་ལ་
འདིར་བཟུང་ངོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་དཔེ་ཙམ་དུ་རྣམ་པར་གནས་པའོ། །རྒྱལ་པོ་དང་ཆོམ་རྐུན་དང་རིགས་རྒྱུད་དང་ཆུ་ལ་སོགས་པས་ཁྱེར་དུ་དོགས་པ་དང་། ཡོངས་སུ་ཟད་པ་ཁས་བླངས་པ་ལྟ་བུ་སྐྱེས་པའི་ཞག་ལ་སོགས་པའི་སྐབས་སུ་བླང་བར་བྱེད་པ་པོའི་ཁོངས་སུ་བསྡུས་པ་
མཆོད་གནས་བགོ་སྐལ་ལ་གཏོགས་པའི་འཆིར་དོགས་པ་ལ་སོགས་པ་དག་ཀྱང་འདི་རྣམ་པར་གཞག་པ་སྟེ། དེ་བས་ན་བརྟད་པ་ཙམ་ཉེ་བར་བརྟགས་པའོ། །དེ་བགོས་ན་ཡང་ངོ་ཞེས་བྱ་བ་ནི་བརྟད་པའི་དབང་གིས་ཀྱང་རྙེད་པར་འགྱུར་བ་ལ་དབྱར་གྱི་ནང་ལོགས་སུ་བགོ་ན་ཡང་བྱེད་པ་པོ་ཉིད་ཡིན་པ་
དང་། དབྱར་གྱི་རྙེད་པ་གཞན་གཅིག་པུ་ལ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་བླང་བར་བྱ་ཞིང་བླངས་ནས་ཀྱང་གོས་འགྱེད་པའི་དུས་ལ་མ་བབ་ཀྱི་བར་དུ་ཆོངས་ཤིག་ཅེས་བྱ་བ་གསུངས་པའི་ཕྱིར་རོ། །འདིར་བགོ་བར་མི་བྱ་བའི་ཚིག་ནི་མངོན་པར་འདོད་པ་སྟེ། རྣམ་པར་བགོས་
པས་མ་ཡིན་ཞེས་བྱ་བར་རྟོགས་པའོ། །བརྟད་པ་ལས་བྱུང་བའི་དབྱར་གྱི་རྙེད་པ་ལ་དབྱར་གྱི་ནང་ལོགས་སུ་བགོ་བར་མི་བྱ་བའི་རྣམ་པ་ལ་ཡང་བདག་ཏུ་སྤང་བའོ། །བརྟད་པ་ལས་བྱུང་བའི་བགོ་བ་ལ་ཡང་བགོ་བ་ཉིད་དོ་ཞེས་བྱ་བ་འདིར་རྣམ་པར་གཞག་པའོ། །གཙུག་ལག་ཁང་གང་དག་ན་ཆོས་གོས་ཀྱི་ཟོང་ངེས་

པར་གྱུར་པ་ཡོད་པ་དེ་ལ་བསྒྲུབ་པ་གང་ཡིན་ཞེ་ན། བཟུང་བ་ཉིད་ན་དེ་བདག་ཏུ་བྱ་བ་ཉིད་དེ་མདུན་དུ་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའོ། །མ་བགོས་ན་ཡང་ངོ་ཞེས་བྱ་བ་ནི་དེ་ཞེས་བྱ་བའི་རྗེས་སུ་སྦྱར་རོ། །བརྟད་པའི་དབང་གིས་གཞན་དབྱར་གྱི་བཟུང་བ་ལ་མ་བགོས་པ་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ། །
དངོས་གཞི་བདག་གིར་བྱེད་པ་དང་། འགོད་པ་དང་མི་འགོད་པ་རྣམས་ལ་བྱེད་པ་པོ་ཉིད་འདིར་བརྗོད་པར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་དབྱར་གྱི་ནང་ཚུན་ཆད་དུ་དབྱར་གྱི་རྙེད་ལ་འགོད་པར་བྱེད་དམ་གོས་འགྱེད་པར་བྱེད་པའི་དུས་ལས་འདས་པའི་བར་དུ་འཆང་བར་བྱེད་ན་ཐམས་
ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །མ་བགོས་ན་ཡང་བརྟད་པ་ལས་བྱུང་བ་ལས་གཞན་ལ་དབྱར་གྱི་ནང་རོལ་དག་ཏུ་མ་བྱས་པ་ལ་མདོའི་གཞུང་ཡང་རིག་པར་བྱའོ། །ལྟུང་བ་མེད་པ་རྒྱས་པར་བཤད་པ་ཡང་བརྟད་པའི་དབང་གིས་ཞག་བཅུའི་མཐར་རྙེད་པར་གྱུར་པ་
ལས་འདི་ལྟར་བླང་བར་བྱ་བ་ཉིད་ཅེས་བྱ་བ་བརྗོད་པའི་ཕྱིར་སྐྱེ་བར་འགྱུར་རོ། །གཞན་དུ་ན་འོག་ནས་རྙེད་པར་གྱུར་པ་ལས་ཞེས་བྱ་བའོ། །སྦྱིན་བདག་གི་ཚིག་གིས་དབང་མེད་ནའོ་ཞེས་བྱ་བ་ནི་གལ་ཏེ་སྦྱིན་བདག་འདི་སྐད་ཅེས་རེ་ཞིག་ཁྱེད་ཅག་གིས་མ་བགོ་ཞིག །བདག་མཆིས་ནས་རང་གི་ལག་
ནས་འབུལ་ལོ་ཞེས་ཟེར་ན། དེའི་དབང་གིས་མ་བགོས་ན་ཡང་མེད་ཅེས་བྱ་བའི་དོན་ཏོ། །དུས་གང་གི་ཚེ་མ་བགོས་ན་ཞེ་ན། དེའི་ཕྱིར་དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་དེ་སྦེད་པར་མ་བསྐོས་པ་རྣམས་ལའོ་ཞེས་བྱ་བ་སྨོས་ཏེ། དགག་དབྱེའི་ཉིན་མོ་ཞེས་བྱ་བ་ནི་དེ་མ་ཐག་པའི་ཚེས་བཅུ་
དྲུག་སྟེ། ཟླ་བ་གསུམ་གྱི་རྗེས་ལ་ཆོས་གོས་སྦེད་པར་བྱེད་པ་མ་བསྐོས་པའོ། །འདི་རྣམས་ཀྱིས་མ་བསྐོས་པ་ལ་གལ་ཏེ་དེ་དང་འབྲེལ་པའི་ཁ་ན་མ་ཐོ་བ་གང་རྣམས་ཀྱིས་འདོད་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཇི་སྲིད་དུ་གོས་འགྱེད་པའི་དུས་ལས་འདས་པའི་བར་དུ་བཅང་བར་བྱ་བ་སྨོས་ཏེ། དེ་
ལས་ལྷག་པར་འཆང་བར་བྱེད་ན་ཞེས་བྱ་བ་ནི་འདིར་མདོ་སྡེ་འགྱེད་པའི་དུས་ལས་ཐོབ་པའི་བར་དུ་ཞེས་བྱ་བའི་དོན་ཏོ། །འགོད་པའི་དུས་ཐོབ་པ་ནི་ཟླ་བ་གསུམ་ལས་འདས་པར་བྱེད་པའོ། །ཟླ་བ་གསུམ་ལས་གཞན་པའི་དུས་ནི་འགེད་པའི་དུས་སོ། །དེ་ལྟར་ཡང་དེའི་རྣམ་པར་འབྱེད་པ་ལས་དགེ་

སློང་གིས་གོས་འགེད་པའི་དུས་དང་སྐབས་མ་ཡིན་པ་གང་ཞེ་ན། སྲ་བརྐྱང་མ་་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཀྱི་ཉ་ཚུན་ཆད་དོ། །སྲ་བརྐྱང་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཕྱིན་ཆད་ནས་དཔྱིད་ཟླ་འབྲིང་པོའི་ཉའི་བར་ཏེ། དེ་ནི་དགེ་སློང་གི་གོས་འགྱེད་པའི་དུས་
མ་ཡིན་ནོ། །ལྷག་མའི་དུས་ཞེས་བྱ་བ་ནི་ཁས་བླངས་པ་ཕྱི་མ་ཤོས་ངེས་པར་བྱས་ན་ནི་སྟོན་ཟླ་ཆུངས་ཉ་ཚུན་ཆད་དོ་ཞེས་གསུངས་སོ། །ཁས་བླངས་པ་སྔ་མ་ལ་ནི་སྟོན་ཟླ་འབྲིང་པོའི་ཉ་ཚུན་ཆད་དུས་མ་ཡིན་ནོ། །དེ་ནི་མི་བསྐོ་བར་མི་བྱའོ་ཞེས་བྱ་བ་ནི་བརྟད་པ་ལས་བྱུང་བའི་དུས་སུ་གཏང་བར་བྱ་བ་
ཉིད་ལ་གོས་སྦེད་པ་མ་ཡིན་པ་འདི་བསམ་པར་མི་བྱའོ། །ཞུ་བ་ལས་བསླབ་པའི་གཞི་འདི་ལ་རིམ་པ་ནི་འདི་ཡིན་ནོ། །རྣམ་པར་འབྱེད་པ་ལས་ནི་འཕྲོག་པའི་བསླབ་པའི་གཞི་ལས་ནི་དེ་མ་ཐག་པའོ། །དེ་ལས་འཆང་བ་ལ་འཆང་བའི་རྗེས་སུ་འབྲེལ་པའི་རིགས་ཏེ་ཞེས་བྱ་བའི་རིམ་པ་འདི་
ལྟར་བསྟན་པའོ། །བརྟད་པ་ལས་བྱུང་བའི་སྤང་བའོ།། །།ཅི་ཞིག་བྱས་ན་བསྔོས་པ་ལས་བསྒྱུར་བའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱིས་གང་ཟག་གཞན་རྣམ་དགེ་འདུན་ལ་བསྔོས་པའི་གོས་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ནའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་
གྱི་རྙེད་པ་ཞེས་བྱ་བ་འདི་ལ་མདོ་འདི་ལྟུང་བ་རྒྱས་པར་བཤད་པ་ལ། གང་ཟག་གི་ཡང་བདག་ཉིད་ལ་བསྔོས་པས་ཐོབ་པ་ལ་དངོས་གཞིར་གསུངས་སོ། །དགེ་སློང་གིས་གང་ཟག་གཅིག་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ཉིད་ལ་སྒྱུར་བར་བྱེད་པ་དེ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་
ལྟུང་བྱེད་དུ་འགྱུར་རོ་ཞེས་བྱའོ། །དེ་ལ་དཔེ་ནི་འདི་ཡིན་ཏེ། སྐྱེ་བའི་དབང་གིས་བརྟེན་པ་ཞེས་བྱ་བ་འདིར་རྣམ་པར་བཞག་པའོ་ཞེས་བྱ་བ་ནི་གང་ཟག་གི་ཚིག་གོ། །གང་ཟག་བདག་ཉིད་ལ་གང་ཟག་ཡིན་ཞེས་བྱ་བ་སྟེ། དེ་བས་ན་བྱེ་བྲག་འབྱེད་པ་ནི་གང་ཟག་གཞན་ནམ་ཞེས་བྱ་བ་སྟེ། གང་ཞིག་
འདི་ལྟུང་བ་འབྱིན་པར་བྱེད་པ་ལས་གང་ཟག་གཞན་ལ་བསྔོས་པ་ལ་སྟེ་དེ་ཉིད་ལ་ནི་མ་ཡིན་ནོ། །རང་གིས་བསྔོས་པ་ལ་བདག་ཉིད་ལ་བསྔོས་པ་ནི་འགོད་པ་མ་ཡིན་ནོ། །དེ་ལ་ཡང་ཉེས་བྱས་སུ་འབྱུང་བར་འགྱུར་ཏེ། དེ་བས་ན་གཞན་གྱིས་ཞེས་བྱ་བའི་ཁྱད་པར་ཏེ། གཞན་གྱིས་བསྔོས་པ་སྟེ་བདག་

ཉིད་ཀྱིས་ནི་མ་ཡིན་ནོ། །བསྔོས་པ་གང་ལ་ཡིན་ཞེ་ན། དེའི་ཕྱིར་གོས་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཡང་རྣམ་པར་འབྱེད་པ་ལས། རང་གི་དོན་དུ་འདི་ལ་གོས་ཀྱི་རྙེད་པ་མངོན་པར་འདོད་ན་ཞེས་གསུངས་པ་ཡིན་ནོ། །བླངས་པར་གྱུར་པ་སུ་ཞིག་དང་ལྷན་དུ་མི་ཤེས་བཞིན་དུ་བསྔོ་བར་འགྱུར་ཏེ། དོར་བྱས་
པའི་དབང་གིས་སམ། འཇམ་པར་བྱས་པའི་དབང་གིས་སམ། སུ་ཞིག་དེ་ལ་རྗེས་སུ་འདོད་ཅིང་འདུག་པ་ཞེས་བྱ་བ་འམ། གང་ཡང་རུང་བ་དེ་ལ་འགེད་པར་གྱུར་ཅིག་ཅེས་བྱ་བ་འམ། གཞན་དུ་བསྔོས་པ་ལ་མི་སྦྱིན་པའོ། །འདིར་ནི་བསྒྱུར་བ་ཉིད་མེད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ས་བོན་མི་
ཤེས་པའི་ཕྱོགས་ལ་རྨོ་བ་ལ་སོགས་པ་ལས་མི་བྱེད་ཅིང་སྐྱེད་པར་བྱེད་པར་མི་འགྱུར་རམ། དེ་བས་ན་ཤེས་བཞིན་དུ་ཞེས་བྱ་བའི་ཁྱད་པར་རོ། །འདིར་མདོ་ནི་གང་སླར་ཤེས་བཞིན་ཞེས་བྱ་བ་ལྟ་བུའོ། །འདིའི་རྣམ་པར་འབྱེད་པ་ནི་རང་ཉིད་ཀྱིས་འདི་ལ་རིག་པར་འགྱུར་རོ། །གཞན་རྣམས་ཀྱིས་གོ་བར་
བྱས་པ་ཞེས་བྱ་བའོ། །དེ་ལྟར་ན། གཞན་ལ་གཞན་གྱིས་གོས་བསྔོས་པ་ཞེས་བྱ་བ་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་བ་ཡིན་པ་དེ་ལ་གང་ཞིག་ཐོབ་པ་གང་ཡིན་པ་དེ་ལ་སྤང་བའི་ལྟུང་བ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐོབ་པ་ལ་དངོས་གཞི་ཡིན་ན་བསྒྱུར་བ་ལ་ཁ་ན་མ་ཐོ་བ་ཅིར་འགྱུར་ཞེ་ན། དེའི་
ཕྱིར་བསྒྱུར་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨོས་ཏེ། འདིར་གོས་ནི་དཔེ་ཡིན་ཏེ། ཁ་ཟས་ལ་སོགས་པ་གཞན་པ་ལ་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་གཞན་དུ་ཡང་རྙེད་པ་ལ་སྤང་བ་འདི་ཡོད་པའོ། །འདི་ནི་རྙེད་པར་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་ཟས་འདི་ལ་ཁས་ལེན་པར་བྱེད་པའོ། །
རྙེད་པ་གཞན་ལ་ནི་རང་ཉིད་ལ་བསྒྱུར་བ་ཞེས་བྱ་བ་འདི་ཁ་ན་མ་ཐོ་བ་སྟེ། བཏུང་བ་ལ་ནི་མ་ཡིན་ཞེས་བྱ་བའོ། །དེ་བས་ན་འདིར་ཉེ་དུ་མ་ཡིན་པ་ཉིད་ནི་སྐབས་མ་ཡིན་ནོ། །འདི་ལྟར་ཞུ་བ་ལས་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཉེ་དུ་མ་ལགས་པ་ལས་གོས་ལེན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ན།
དགེ་སློང་མ་ལས་གོས་ལེན་པར་བྱེད་ན་དེ་ལ་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་བ་མཆིས་སམ། ཡོད་དེ་དེས་གལ་ཏེ་དགེ་འདུན་གྱི་ཕྱིར་ཉེ་བར་གཞག་པ་ཡིན་ལ། དགེ་སློང་གིས་བདག་ཉིད་ལ་སྦྱོར་བར་བྱེད་ནའོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་འདིར་ཉེ་དུ་མ་ཡིན་པ་ཉིད་ཡན་ལག་མ་ཡིན་པ་བཞིན་དུ་ཚིག་

ཉིད་ཀྱང་དེ་དང་འདྲའོ། །གལ་ཏེ་འབྲལ་བར་བྱ་བ་དགེ་སློང་ཡིན་ན་ཞེས་བྱ་བ་མཐོང་བ་ཡིན་ནོ། །འདིར་གཞན་ལ་ཡང་ངོ་ཞེས་བྱ་བ་ལ། གཞན་ལ་ཞེས་བྱ་བ་ནི་བསྔོས་པ་ལའོ། །གང་ཟག་གཞན་ལ་འདི་བསྔོས་པ་གཞན་ལ་སྒྱུར་བར་བྱེད་ན་ཡང་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །དེའི་
འབྲས་བུ་ལ་ཡང་ངོ་ཞེས་བྱ་བ་ནི་ཐོབ་པ་ལ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ལས་གཞན་པ་ལ་སྒྱུར་བར་བྱེད་ན་དངོས་གཞི་ལ་ཡང་ཉེས་བྱས་ཡིན་ལ། སྦྱོར་བ་གཅིག་པུ་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ངོ་ཞེས་བྱ་བ་ནི་ཟས་ལས་གཞན་པའི་རྙེད་པ་སྒྱུར་བར་བྱེད་ན་ཁ་ན་མ་ཐོ་བ་བཤད་ཟིན་ཏོ། །འདིར་
ཟས་ནི་ལྷག་མར་བྱས་པ་སྟེ། བསྒྱུར་བ་དང་བསྒྲུབ་པ་ལ་འདི་ནི་ཉེས་བྱས་སུ་བརྗོད་པའོ། །འདིར་གཞུང་ནི་འདི་ཡིན་ཏེ། མུ་ཏོ་བ་གཅིག་ལ་བསྔོས་པའི་ཟས་མུ་ཏོ་བ་གཞན་ལ་སྒྱུར་བར་བྱེད་ན་ཉེས་བྱས་སུ་བརྗོད་པ་གང་ཡིན་པ་བཟའ་བར་བྱ་བ་ལ་ཡང་དེའོ་ཞེས་བྱ་བ་མཐོང་བ་ཡིན་ནོ། །དབྲལ་བ་དང་
སྦྱར་བ་གཉིས་ཀ་སེམས་ཅན་དུ་བགྲང་བ་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་ནི་གནས་ཁང་ལ་སོགས་པ་སེམས་ཅན་དུ་བགྲང་བ་ཉིད་མ་ཡིན་པ་གནས་ཁང་ལ་སོགས་པ་གང་ལ་རྙེད་པ་འདི་བསྔོས་པ་འདི་ནི་འདིར་དབྲལ་བར་བྱ་བར་བརྗོད་དོ། །གང་དུ་སྔོ་བར་བྱེད་པ་དེ་ནི་སྦྱོར་བའོ། །འདིར་ཡང་བསྔོ་བ་དང་
གྲུབ་པ་ལ་ཉེས་བྱས་ཞེས་བྱ་བ་འདིར་ངག་གི་དོན་ཏོ། །ཕྱོགས་གཅིག་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི་ཐེམ་སྐས་ཀྱི་རིམ་པ་ལ་སོགས་པ་གཅིག་ལ་ལུས་ལ་སོགས་པ་ཉིད་ཀྱིས་ཕྱོགས་གཅིག་པ་ཉིད་ཀྱི་ཕྱིར་དབྲལ་བར་བྱ་བ་དང་། སྦྱར་བ་གཉིས་ཀ་གཞན་ལ་བསྔོས་པ་འདི་ནི་སྦྱར་བར་བྱ་བ་མ་ཡིན་པ་
དེ་བས་ན་དངོས་གཞིའི་ཉེས་པ་མེད་པར་ཤེས་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་བསྔོས་པ་དང་། གྲུབ་པ་ལ་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །ལྷག་མ་ཟ་བ་དུད་འགྲོ་ལ་སོགས་པ་བཙལ་ཏེ་མ་རྙེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ལྷག་མ་ཟ་བ་དུད་འགྲོ་ལ་སོགས་པ་གང་ལ་བསྔོས་པ་དེ་
གལ་ཏེ་བཙལ་ཏེ་མ་རྙེད་ན། དེ་ལས་གཞན་པ་ལ་བསྒྱུར་བ་ན་ཡང་ལྟུང་བ་མེད་དོ། །བདེ་བར་གཤེགས་པའི་སྐུ་གཟུགས་གཞན་ལ་ནི་གཡར་པོར་སྦྱིན་དུ་རུང་ངོ་ཞེས་བྱ་བ་ནི། རྒྱན་ལ་སོགས་པ་གང་ཞིག་གཞན་ནི་བཅོམ་ལྡན་འདས་ཀྱིས་སྐུ་གཟུགས་དང་འབྲེལ་པ་གལ་ཏེ་དེ་ལས་གཞན་པའི་

བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ལ་གཡར་པོ་སྦྱིན་པར་གྱུར་ན་དེ་ལ་ཉེས་པ་མེད་དོ། །བསྔོས་པ་མི་སྦྱིན་ན་ཉེས་བྱས་སོ་ཞེས་བྱ་བ་ནི། ཆེ་གེ་མོ་ཞིག་ལ་སྦྱིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དེ་ལ་སྦྱིན་པར་མི་བྱེད་ན་དེའི་ཕྱིར་འདི་ལ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་
དགེ་འདུན་གྱི་བྱིན་གྱིས་རློབ་པར་བྱེད་ནའོ་ཞེས་བྱ་བ་ནི། དགེ་འདུན་གྱི་རྙེད་པར་བསྔོས་པ་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ། བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །མ་ཚོགས་པ་དག་གིས་འགོད་ནའོ་ཞེས་བྱ་བ་ནི་ཉེས་བྱས་སོ་ཞེས་བྱ་བར་སྦྱར་རོ། །བྱིན་གྱིས་མ་བརླབས་ན་ཡང་ངོ་ཞེས་
བྱ་བ་ནི། ཤི་བའི་ཡོ་བྱད་ལ་སོགས་པ་འགོད་ན་ཡང་ཉེས་བྱས་སོ། །ཀུན་དབང་བའི་རྙེད་པ་དགེ་འདུན་ལས་གཅིག་གམ། གཉིས་སམ་གསུམ་གྱིས་ལེན་ནའོ་ཞེས་བྱ་བ་ནི། ཉེས་བྱས་སོ་ཞེས་བྱ་བ་འདི་ལ་ཐམས་ཅད་དུ་སྦྱར་བར་བྱའོ། །ཀུན་དབང་བའི་རྙེད་པ་ཞེས་བྱ་བ་ནི་རྙེད་པ་དགེ་འདུན་
ལས་ཐོབ་པར་གྱུར་པའོ། །གཅིག་གམ་གཉིས་སམ་གསུམ་ལ་མི་སྟེར་བ་ལ་ཉེས་བྱས་སོ། །གལ་ཏེ་དེ་རྙེད་པ་དེ་རྣམས་ལ་ཡོད་པར་གྱུར་ན་ཅིའི་ཕྱིར་ཉེས་བྱས་སུ་འགྱུར་ཞེ་ན། དེའི་ཕྱིར་དེ་ལ་གཞན་དག་གིས་ཤས་ཉིད་མ་བྲལ་ལོ་ཞེས་བྱ་བ་སྨོས་ཏེ། གང་དག་གིས་རྙེད་པ་བླངས་པ་དེ་ལས་གཞན་
པའི་རྙེད་པ་དེ་ལ་འདིར་ཤེས་པར་བྱའོ། །འདིར་ནི་རྒྱུ་བསྟན་པ་སྟེ་རྐུ་སེམས་མེད་པ་ལ་འདི་རྣམ་པར་གཞག་པ་ཡིན་གྱི། རྐུ་སེམས་ཡོད་ན་ལྟུང་བ་ཅིར་འགྱུར་ཞེ་ན། དེའི་ཕྱིར་རྐུ་སེམས་ཀྱིས་ནི་བརྐུས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་བྲམ་ཟེའི་བུ་མོས་ཞུས་པ་ལས། བྱིན་གྱིས་བརླབ་པ་
གསུངས་པའི་འོག་ཏུ་ཇི་སྟེ་འདི་ལྟར་མི་བྱེད་ན་དགེ་སློང་དེ་གཅིག་པུས་གོས་དེ་བདག་ཏུ་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་དག་ཀྱང་སྐལ་བ་མཉམ་པ་སྟེ། དགེ་འདུན་ལ་བསྔོས་པའི་རྙེད་པ་གཅིག་གིས་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འོན་ཏེ་དེ་རྣམས་
རྐུ་སེམས་ཀྱིས་བརྐུ་ཞིང་བདག་གིར་བྱེད་ན་ནི་འགལ་ཚབས་ཅན་དུ་འགྱུར་རོ། །གཉིས་དང་རབ་ཏུ་མང་པོ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ཏེ། གང་ཞིག་དེ་འདིར་འོན་ཏེ་དེ་རྣམས་རྐུ་སེམས་ཀྱིས་ཞེས་བྱ་བ་ནི་ཚིག་ནི་དེ་ལ་རྐུ་བ་ཉིད་དུ་ཤེས་པའོ། །ཡོངས་སུ་རྫོགས་པ་དང་ཡོངས་སུ་མ་རྫོགས་པའི་

སྤྲོས་པ་སྤང་བའི་དོན་དུ་འདིར་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་ཚིག་ཡིན་གྱི་ཕམ་པ་མི་སྐྱེད་པ་ནི་མ་ཡིན་ནོ། །གང་ཞིག་འདིར་རབ་ཏུ་མང་པོ་ཞེས་བྱ་བའི་ཚིག་དེ་ལ་དགེ་འདུན་དུ་གྱུར་པ་ཉིད་ལ་ཆོ་ག་འདི་དང་ལྡན་པ་སྟེ། དགེ་འདུན་དུ་མ་གྱུར་པ་ལ་ནི་མ་ཡིན་ནོ། །དེར་
གང་ཟག་གི་བྱེད་པར་གྱུར་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་དགོངས་པ་ཉིད་མང་པོའི་ཚིག་ལས་ཤེས་པའོ། །གྱ་ཚོམ་དུ་གཙུག་ལག་ཁང་དོར་བར་མི་བྱའོ་ཞེས་བྱ་བ་ནི་ཕྲན་ཚེགས་དག་ལས་འདི་ཞེས་བྱ་བ་ལ་སོགས་པ་ཇི་སྲིད་དུ་དོར་བ་ལས་འགྱེད་པ་ཞེས་བྱ་བ་འདི་ལས་སོ། །རྗེས་སུ་ཆགས་
པ་དང་བཅས་པ་དེར་སྲུང་མར་བཞག་གོ་ཞེས་བྱ་བ་ནི་གཙུག་ལག་ཁང་དེ་ལ་ཆགས་པ་དང་བཅས་པ་གང་ཡིན་པ་དེ་ནི་སྲུང་མའི་ཕྱིར་གཞག་པར་བྱའོ། །དེ་ལ་འོས་པ་རྣམས་ཀྱིས་གཙུག་ལག་ཁང་གཏད་པར་བྱ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་ཆགས་པ་དང་བཅས་པའི་ཕྱིར་དཀར་པོ་ཐོབ་ཀྱང་འདི་
ཡོངས་སུ་དོར་བར་མི་བྱེད་ཅེས་བྱ་བ་ནི་དགོས་པའོ། །མ་ལྷག་ན་ལོ་བཅུ་འདའ་བར་བྱའོ་ཞེས་བྱ་བ་ནི་དེ་ལྟར་གཙུག་ལག་ཁང་བསྲུང་བ་ལ་དགེ་འདུན་མ་ལྷགས་ཤིང་གང་གིས་བསྲུང་བ་དེར་ལོ་བཅུ་འདའ་བར་བྱའོ། །ཇི་ལྟར་འདའ་བར་བྱ་ཞེ་ན། དེའི་ཕྱིར་ལྔ་ནི་བསོད་སྙོམས་ཀྱིས་སོ། །དེར་དུས་སུ་སྦྱིན་
བདག་མ་བྱུང་ན་ལོ་གཞན་ལྔ་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་ལྷན་ཅིག་ཏུའོ་ཞེས་བྱ་བ་སྨོས་ཏེ། དེར་དུས་སུ་ཞེས་བྱ་བ་ནི་ལོ་ལྔ་འདས་པ་རྣམས་ལ་སྦྱིན་བདག་མ་བྱུང་ན་ལོ་གཞན་ལྔ་པོ་རྣམས་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་ལྷན་ཅིག་འདའ་བར་བྱའོ། །འདིར་གཞུང་ནི་ཁ་ཅིག་ལས་ལྔ་ནི་
བསོད་སྙོམས་ཀྱིས་སོ། །ལྔ་ནི་ཉེ་འཁོར་གྱི་གཙུག་ལག་ཁང་ལ་བརྟེན་པ་སྟེ། དེ་ལྟར་ན་ལོ་བཅུར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ཉིད་འདི་ལྟར་སྨྲས་པ་ལ་བྱ་བ་དང་བཅས་པའི་ལོ་བཅུའི་ཚིག་བྱས་སོ་ཞེས་བྱ་བ་ཤེས་པ་ཡིན་ནོ། །གསོ་སྦྱོང་ཐ་དད་པ་དང་རྙེད་པ་ཐུན་མོང་བའི་ལས་བྱའོ་ཞེས་བྱ་བ་ལ།
ཐ་དད་པར་ཞེས་བྱ་བ་ནི་སོ་སོར་རོ། །ཉེ་འཁོར་གྱི་གཙུག་ལག་ཁང་དང་ལྷན་ཅིག་ཏུ་གཙུག་ལག་ཁང་དེར་གསོ་སྦྱོང་ཐ་དད་པར་རྙེད་པ་གཅིག་པའི་ལས་ཀྱིས་བྱའོ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ན་དངོས་པོ་རྣམས་ཉེ་འཁོར་གྱི་གཙུག་ལག་ཁང་རྣམས་སུ་གདམས་པར་བྱའོ་ཞེས་བྱ་བ་ནི་གཙུག་ལག་ཁང་གཏད་

པ་ན་གང་གི་ཚེ་འཕོངས་པ་ལ་སོགས་པའི་དབང་གིས་གཙུག་ལག་ཁང་ནས་འགྲོ་བར་འདོད་པ་མལ་སྟན་དང་སྣོད་ལ་སོགས་པའི་དངོས་པོ་རྣམས་ཉེ་འཁོར་གྱི་གཙུག་ལག་ཁང་རྣམས་སུ་གདམས་པར་བྱ་ཞེས་བྱ་བའི་དོན་ཏོ། །གཉུག་མར་གནས་ན་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གཏམས་པའི་དངོས་པོ་ལ་
གང་དུ་གཏམས་པ་དེར་གཉུག་མར་གནས་པའི་དགེ་སློང་རྣམས་ཀྱིས་སྦྱིན་པར་བྱའོ། །གནས་གཞན་གྱི་རྫས་གནས་གཞན་དུ་མི་སྦྱིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ངེས་པའི་རྙེད་པ་ལ་རྣམ་པར་གཞག་པ་ཞེས་བྱ་བའི་མདོའི་ཕྱོགས་ཀྱི་རྗེས་སུ་བརྗོད་པའོ། །འདི་ལ་སྦྱིན་པར་བྱ་བ་ཉིད་ཅེས་བྱ་བའི་ཆོ་
ག་འདིའི་ཡུལ་བསྟན་པའི་དོན་དུ་བརྗོད་དོ། །སིལ་བུ་རྣམས་ལ་དེ་ལ་སོགས་པའི་སྟོབས་ཀྱིས་མི་སྦྱིན་པ་ཞེས་བྱའོ། །འདི་ཡང་སྤང་བ་ནི་གནས་མལ་གྱི་ལྟུང་བྱེད་ལས། མི་སྟེར་ན་དེ་དག་གི་སྦྱིན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ལ། དེ་དག་གི་ཞེས་བྱ་བ་ནི་གང་རྣམས་ཀྱི་རྫས་དེ་རྣམས་གཞན་ལ་
སྦྱིན་པར་དེ་རྣམས་ལ་སྟེར་བ་མེད་པར་གྱུར་པ་ལ་སྦྱིན་པར་བྱ་བ་ཉིད་དོ། །ཁྱིམ་བདག་དེ་ཉིད་ཡིན་ཡང་ངེས་པ་ལ་གཞིག་པ་མེད་དོ་ཞེས་བྱ་བ་ནི་གལ་ཏེ་དེ་དང་ཁྱིམ་བདག་དེ་ཉིད་གནས་གཞན་དུ་སྦྱིན་བདག་དུ་གྱུར་ན་གང་གི་དངོས་པོ་དེ་གནས་གཞན་ལ་དངོས་པོར་གྱུར་ན་དེ་ལྟར་ན་ཡང་གང་ཞིག་
གང་ལ་ངེས་པ་དེ་ནི་དེ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །མི་སྟེར་ན་མཐུས་གཟུང་བར་བྱའོ་ཞེས་བྱ་བ་ནི་མི་སྣང་ན་ཡོད་པའམ་མེད་པའི་རྫས་བྱིན་པ་ལ་སྦྱིན་པར་བྱ་བ་ཉིད་ཅེས་བྱ་བའོ། །ཆོ་ག་གཞན་པ་ལ་བསྒྲུབ་པ་གང་ཡིན་པ་དེ་བརྗོད་པའི་དོན་དུ་མདོ་འདི་བསྟན་པའོ། །འདིར་མཐུས་བཟུང་བ་ལ་ཉེས་པ་
མེད་དོ་ཞེས་བྱ་བ་ཡང་འདི་བསྟན་པ་ཡང་རིག་པར་བྱའོ། །གཡར་པོ་ཉིད་དུ་ནི་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གནས་གཞན་གྱི་རྫས་ནི་གནས་གཞན་དུའོ། །མཆོད་རྟེན་གཞན་ལ་བསྔོས་པའི་རྙེད་པ་མ་གྲུབ་པ་ལ་ནི་ཉེས་པ་མེད་དོ་བྱང་ཆུབ་ཆེན་པོ་དང་། ཆོས་ཀྱི་འཁོར་ལོ་དང་། ཆོ་འཕྲུལ་ཆེན་པོ་དང་།
ལྷ་ལས་བབས་པ་རྣམས་ཀྱིས་དེ་དག་ལས་གཞན་ནི་མ་གཏོགས་སོ་ཞེས་བྱ་བ་ལ། མ་གྲུབ་པ་ལ་ཞེས་བྱ་བ་ནི་དེ་ཐོབ་པ་ལའོ། །རྙེད་པ་དེ་ཞེས་བྱ་བ་ནི་མཆོད་རྟེན་གྱི་རྙེད་པ་ལའོ། །འདིར་མཆོད་རྟེན་ཉིད་ཀྱི་ཚིག་ནི་སངས་རྒྱས་ཀྱི་བྱེ་བྲག་ཙམ་ལ་ཡིན་ཏེ། འདིར་གཟུགས་སྐུ་ལ་ནི་མ་བརྗོད་པ་མ་ཡིན་པར་

ཤེས་པར་བྱའོ། །ཧ་ཅང་ཐལ་བ་ལ་དམིགས་ཀྱིས་བསལ་བར་བརྗོད་པ་ནི་བྱང་ཆུབ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། གནས་འདིའི་མཆོད་རྟེན་འདི་རྣམས་ནི་རྙེད་པ་ལ་མི་འགྲུབ་པ་མེད་ཀྱང་བཞི་པོ་འདི་རྣམས་ལས་གཞན་པའི་མཆོད་རྟེན་ལ་སྒྱུར་བར་བྱེད་པ་ནི་སྐྱོན་དང་བྲལ་
བ་མ་ཡིན་ནོ། །འདི་རྣམས་ལས་གཞན་ལ་མ་གྲུབ་པར་གྱུར་ཀྱང་ཉེས་པ་དང་བྲལ་བ་ཉིད་ཅེས་བྱའོ། །རྙེད་པ་གང་ཞིག་བྱང་ཆུབ་ཆེན་པོ་དང་བལྟམ་པ་དང་ཆོས་ཀྱི་འཁོར་ལོའམ་ཡོངས་སུ་མྱ་ངན་ལས་འདས་པ་ལ་ངེས་པར་འབྱུང་བ་དེ་དྲན་པར་བྱ་ནུས་ལ། མཆོད་རྟེན་བཞི་པོ་དག་ལ་ཕུལ་བ་ནི་འདི་དག་
དགེ་བའོ། །གལ་ཏེ་མི་ནུས་ན་མཆོད་རྟེན་གཅིག་ཁོ་ན་ལ་དབུལ་བར་བྱའོ། །ཁ་ཅིག་ལས་གཞན་ལ་ནི་མ་ཡིན་ནོ་ཞེས་འབྱུང་སྟེ། གང་ཞིག་འདིར་བལྟམ་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་དག་བཟུང་བ་ཡིན་གྱི་ཆོ་འཕྲུལ་ཆེན་པོ་དང་ལྷ་ལས་བབས་པ་དག་ནི་མ་ཡིན་ཏེ། དེ་ནི་ཡི་གེ་ཆད་པར་
རིག་པར་བྱ་སྟེ། ངེས་པ་རྣམས་ལ་ཆོ་ག་འདི་དང་ལྡན་པའི་ཕྱིར་དང་། བལྟམ་པ་དང་ཡོངས་སུ་མྱ་ངན་ལས་འདས་པའི་གནས་གཞན་ལ་ནི་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །བསྔོས་པ་ལས་བསྒྱུར་བའི་སྤང་བའོ།། །།ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་བརྗོད་པར་
བྱའོ་ཞེས་བྱ་བ་ནི་དེང་ཕྱིན་ཆད་དུ་ཉི་མ་དང་པོ་འདས་ཏེ་དེང་ཉི་མ་གཉིས་པ་ལགས་སོ་ཞེས་བྱ་བ་ལ་སོགས་པའོ། །གང་དུ་གསོག་འཇོག་གི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་བཟའ་བའི་ཕྱིར་འཆང་ནའོ་ཞེས་བྱ་བ་སྨོས་ཏེ། གསོག་འཇོག་ཉིད་ཀྱི་རྒྱུ་མཚན་ལ་བརྟགས་པའི་ཕྱིར་ཡོངས་སུ་སྤྱོད་པ་ལ་
ལྟུང་བྱེད་འདི་རྣམ་པར་གཞག་པར་བྱས་པའོ། །གང་གི་ཕྱིར་སྤང་བ་ཡོངས་སུ་སྤྱད་པ་ལ་དོན་མེད་པ་གླགས་མེད་པ་ཉིད་དོ། །འོ་ན་དེའི་འོག་ཏུ་ཡོངས་སུ་ལོངས་སྤྱད་པར་བྱ་བ་སྤང་བའི་ལྟུང་བྱེད་ཅེས་བྱ་བ་འདིར་མདོ་ལས་གསུངས་སོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདིའི་འཆང་བ་ལ་ཉེ་བར་མཚོན་པ་
དོན་གྱིས་རྣམ་པར་གནས་པ་ཡིན་ནོ། །དེ་བཞིན་དུ་ལྟུང་བ་རྒྱས་པར་བཤད་པ་ནི་འདིར་འཆང་བ་ལ་ལྟུང་བ་བརྗོད་པའི་ཕྱིར་དགེ་སློང་ལ་ཚེས་གཅིག་ལ་སྨན་ཞིག་བྱུང་ལ་ཚེས་གཉིས་པ་ལ་ཡང་སྨན་ཕྱི་མ་ཞིག་བྱུང་ན་དགེ་སློང་དེས་ཉི་མ་བདུན་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་ཤོས་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་

ཤོས་གཏང་བར་བྱ་བའམ་གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་ཤོས་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་ཤོས་གཏང་བར་བྱ་བའམ་གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་མི་རློབ་པར་བྱད་དམ་གཏོང་བར་མི་བྱེད་དམ་གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བརྒྱད་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དོ་ཞེས་
གསུངས་པའི་ཕྱིར་རོ། །ཇི་སྲིད་འཆང་ཞེ་ན། དེའི་ཕྱིར་དེའོ་ཞེས་བྱ་བ་སྨོས་ཏེ། ཞག་བདུན་པར་བྱིན་གྱིས་བརླབ་པར་བྱས་པ་དེ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་མ་བརླབས་པ་ནི་ཞག་བདུན་ལས་འདས་པར་འཆང་བར་བྱ་བ་ཉིད་མ་ཡིན་ཏེ། གང་གི་ཕྱིར་རུང་བ་ལ་འཆང་བར་བཀག་པ་སྟེ། འཐད་
པའི་ངོ་བོར་ནི་མ་ཡིན་ཏེ། དབྱིག་དང་གསེར་ལ་ཡང་དོན་ལ་བརྟེན་ནས་རྗེས་སུ་གནང་བ་ཉིད་ཀྱི་ཕྱིར་རོ། །ནམ་གྱི་ཚེ་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་ཚད་ནི་བླངས་པ་ཉིད་ན་འབྱུང་བ་ཞེས་བྱ་བ་རྣམ་པར་གནས་པ་ཡིན་ནོ། །ཉེ་བར་ལོངས་
སྤྱད་པར་བྱ་བ་མ་ཡིན་པ་ལ་ཉེ་བར་ལོངས་སྤྱོད་པའི་དོན་དུ་འཆང་བ་ཞེས་བྱ་བ་འདི་ནི་ཁ་ན་མ་ཐོ་བའོ། །བྱིན་ལེན་མ་བྱས་པ་དང་རུང་བ་མ་ཡིན་པ་དང་བརྟག་པ་གཞན་དང་རྫས་གཞན་དང་འདྲེས་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གཞན་ཡང་མི་རུང་བ་ཉིད་དུ་གྱུར་པ་ལ་ཉེ་བར་ལོངས་སྤྱད་པར་བྱ་བ་ཉིད་མ་
ཡིན་ནོ། །དེ་བཞིན་དུ་དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་འཚོ་བའི་བར་དུ་འཆང་བ་རྣམས་ལ་སྐྱོན་གྱིས་རུང་བ་མ་ཡིན་པ་ཉིད་དུ་འགྱུར་བའམ། ཞག་བདུན་པ་ལས་བྱེ་བྲག་འགའ་ཡང་མེད་དོ། །གང་གི་ཕྱིར་འདིར་དེ་རྣམས་ལོངས་སྤྱད་པར་བྱ་བ་མ་ཡིན་པ་རྣམས་ལ་ལོངས་སྤྱད་པའི་དོན་དུ་འཆང་
བས་ཉེས་པ་འདི་མེད་པར་འགྱུར་བའམ་ན་སྨད་པ་མེད་པ་ཉིད་དོ། །དེ་ལྟ་བས་ན་འདིར་སྨོས་པ་ནི་དཔེ་ཙམ་དུ་ཟད་པར་རིག་པར་བྱའོ་ཞེས་བྱ་བ་འདི་རྣམ་པར་གཞག་པ་འདི་རྟོགས་པར་བྱའོ། །གང་ཞེ་ན། དེའི་ཕྱིར་བཟའ་བར་བྱ་བ་རུང་བ་མ་ཡིན་པ་ཉིན་མཚན་འདས་པ་ནི་འདིར་ཟོས་པ་དང་འདྲ་བར་
རྣམ་པར་གཞག་གོ་ཞེས་བྱ་བ་སྨོས་ཏེ། བཟའ་བར་བྱ་བ་ཟོས་པ་ལྟར་ཞེས་བྱ་བ་འདིར་རྣམ་པར་གཞག་པའོ། །རུང་བ་མ་ཡིན་པ་ཉིན་མཚན་འདའ་བར་བྱེད་ན་ལྟུང་བ་ཞེས་བྱ་བ་སྨོས་ཏེ། སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་བྱ་བ་ནི་འདིར་དོན་ཏོ། །འདིར་ཉིན་ཞག་ལ་ཉིན་མཚན་ཞེས་བྱ་བ་བརྗོད་པ་ཡིན་ནོ། །

ཉིན་མཚན་འདའ་བར་བྱེད་པ་ནི་ནང་དུ་ཞག་ལོན་པ་དང་ནང་དུ་བཙོས་པ་ལ་སོགས་པ་རུང་བའི་བཟའ་བ་ཇི་ལྟ་བུ་ཐོས་པ་ལ་ཁ་ན་མ་ཐོ་བ་དེ་ལྟ་བུ་འདིར་འཆང་བ་ལ་རིགས་པ་ཡིན་གྱི་ལྷག་པ་ནི་མ་ཡིན་ནོ། །གང་གི་ཕྱིར་མི་རིགས་པར་གྱུར་པ་ཟ་བར་བྱེད་པ་ལ་ནང་དུ་ཞག་ལོན་པ་དང་
ནང་དུ་བཙོས་པ་ལ་སོགས་པ་རྣམས་ལ་ཉེས་བྱས་ཏེ་འཆང་བ་ལ་ནི་སྤང་བའོ་ཞེས་གསུངས་སོ། །དེ་བས་ན་འདིར་ཟོས་པ་ལྟར་ཞེས་བྱ་བ་བསྟེན་པའོ། །དེ་དོན་གང་གི་ཕྱིར་བརྟགས་པ་དེའི་ཕྱིར་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་བཟའ་བའི་དོན་ལས་དོན་གཞན་གང་ཞིག་ལ་ཞག་བདུན་པ་བརྟག་པ་དོན་དེའི་
ཕྱིར་འཆང་བ་ལ་ལྟུང་བ་མེད་དོ། །དོན་མ་བཅད་པར་འཆང་བ་བཟའ་བའི་དོན་ཉིད་ལ་ཁོངས་སུ་གཏོགས་པ་ཉིད་ནི་མ་ཡིན་ནོ། །དེ་བས་ན་དེར་ཉེས་པ་མེད་པ་འམ་ན་སྨད་པ་མེད་པའོ། །བག་མེད་པ་དང་དྲན་པ་བརྗེད་ངས་པས་འཆང་བ་ནི་འཆང་བ་མ་ཡིན་པའོ། །དེ་བས་ན་འདིར་ཡང་ཡིད་
ཀྱིས་མ་བསྡུས་པ་ཉིད་ལ་རུང་བ་མ་ཡིན་པའི་དོན་ལས་འདིའི་སྒོ་ནས་འདའ་བར་བྱེད་པ་ནི་མ་ཡིན་ནོ། །རུང་བ་མ་ཡིན་པའི་དོན་ལས་བསྡུས་ཏེ། དངོས་པོ་ལ་མ་བརྟེན་པར་རུང་བ་མ་ཡིན་པའི་དོན་ལ་འདི་ཙམ་ཉིད་དུ་དོན་མེད་པར་ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །
སྣར་བླུགས་པ་དང་བསྐུ་མཉེ་བྱས་པ་དག་ནི་གསོག་འཇོག་བྱས་ཀྱང་རུང་ངོ་ཞེས་བྱ་བ་ནི་ཞག་བདུན་པའི་དབང་དུ་བྱེད་པ་ན་མཚུངས་པ་ཉིད་ཀྱི་ཕྱིར་འདི་རྟོགས་པའོ། །ཞག་བདུན་པའི་སྤང་བའོ། །སྤང་བ་རྣམས་རྫོགས་སོ།། །།དགེ་འདུན་འདུས་པ་ལ་ཤེས་བཞིན་དུ་ཆོས་མ་ཡིན་པ་
ཆོས་སུ་དང་། ཆོས་ཆོས་མ་ཡིན་པར་བསྟན་པ་ནི་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ལ། ཤེས་བཞིན་དུ་ཞེས་བྱ་བ་ནི་ཆོས་དང་ཆོས་མ་ཡིན་པ་ཉིད་དོ། །དགེ་འདུན་འདུས་པ་ལ་ཞེས་བྱ་བ་ནི་དགེ་འདུན་དབྱེ་བའི་ཕྱིར་འགྲོ་བ་ལ་དེའི་སྦོམ་པོའི་ལྟུང་བ་བསྐྱེད་པའོ། །དེ་བས་ན་གཞན་དུ་ནི་འ