Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 158

Văn bản gốc(Tây Tạng)

Trang 19 / 21 (50.000 ký tự/trang)
པ་འདེབས་པ་གང་ཡིན་པ་དེ་ནི་ཕམ་པར་གཏོགས་པའི་སྦོམ་པོས་སྐུར་པ་འདེབས་པ་ཡིན་ཏེ། བསྟེན་དུ་རུང་བ་མེད་ན་ཕམ་པ་མི་སློང་བའི་ཕྱིར་རོ། །སྦོམ་པོས་སྐུར་བ་བཏབ་པ་
ལ་སྦོམ་པོར་འགྱུར་བ་ཡང་བརྗོད་པར་མི་ནུས་ཏེ། དགེ་འདུན་ལྷག་མས་སྐུར་པ་བཏབ་པ་ལ་ཡང་ལྟུང་བྱེད་དུ་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་གཞི་མེད་པར་ཉེས་པ་སྦོམ་པོར་སྐུར་པ་བཏབ་ན་ཉེས་བྱས་སོ་ཞེས་གསུངས་སོ། །དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོ་འདིར་
གསུངས་སོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། སྤྱིར་གསུངས་པའི་ཕྱིར་དང་གཞན་གང་ལས་ཀྱང་ཕམ་པར་གཏོགས་པའི་ཉེས་པ་སྦོམ་པོར་སྐུར་པ་བཏབ་པ་ལ་ལྟུང་བ་གཞན་མ་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་ཉེས་པ་སྦོམ་པོར་སྨོས་པ་ནི་འགའ་ཞིག་གིས་བཤད་པའི་དབང་གིས་
སྒྲོ་བཏགས་པ་ཡིན་པས་འདིར་ཉེས་བྱས་སུ་གསུངས་པ་ཉིད་བཟང་ངོ་ཞེས་ཟེར་རོ། །གཞི་མེད་པར་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །།གཞན་གྱི་ཆ་དང་མཐུན་པ་མ་ཡིན་པ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ།
འཁོར་བ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །དེའི་ཆ་དང་མཐུན་པ་མ་ཡིན་པ་ནི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་ཅན་གྱི་ཕྱོགས་རྣམས་སོ། །དེ་ལ་ཡོད་པ་ནི་གཞན་གྱི་ཆ་དང་མཐུན་པ་མ་ཡིན་ཏེ། ཕམ་པ་རྣམ་པ་བཞིའོ། །ཡང་ན་གཞན་དུ་བསྟན་པ་ནི་གཞན་གྱི་ཆའོ། །

དེ་དང་མཐུན་པ་ནི་གཞན་གྱི་ཆ་དང་མཐུན་པ་སྟེ། གཟུགས་པོར་སྐུར་པ་འདེབས་པའི་རྣམ་པ་ལས་གཞན་པ་གཟུགས་པོ་མ་ཡིན་པར་སྐུར་པ་འདེབས་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་གཞན་གྱི་ཆ་དང་མཐུན་པ་མ་ཡིན་པ་ཞེས་བྱ་བ་ལ་གཞན་ཞེས་
བྱ་བ་ནི་མྱ་ངན་ལས་འདས་པའོ། །དེའི་ཆ་དང་མཐུན་པ་མ་ཡིན་པ་ནི་ཕམ་པའི་ཆོས་བཞིའོ་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་རྣམ་པར་འབྱེད་པ་ལས་བཤད་པའི་ཕྱིར་གཞུང་འདི་ལ་མ་ཡིན་པ་ཞེས་བྱ་བ་ཁོ་ན་ཡོད་པར་ཤེས་པར་བྱའོ་ཞེས་ཟེར་རོ། །འདིར་ཕམ་པ་སྨོས་པ་ཡོད་བཞིན་
དུ་གཞན་གྱི་ཆ་དང་མཐུན་པ་མ་ཡིན་པ་ཞེས་སྨོས་པ་གང་ཡིན་པ་དེ་ནི་ཕམ་པའི་སྐྱོན་བརྗོད་པའི་ཕྱིར་ཏེ། ཕམ་པའི་ཆོས་ནི་མྱ་ངན་ལས་འདས་པ་དང་། འགལ་བ་ཡིན་པའི་ཕྱིར་རོ། །རྩོད་པ་གཞན་གྱི་ཆ་དང་མཐུན་པ་མ་ཡིན་པས་ཞེས་བྱ་བ་ནི་ཕམ་པའི་ལྟུང་བའི་རྒྱུ་ཅན་ལས་སོ། །བག་ཙམ་ཞེས་བྱ་བ་
ལ་སོགས་པ་ལ་བག་ཙམ་ནི་ཤན་ཙམ་མོ། །དེ་ལས་བསམས་པ་ནི་མནོས་པ་སྟེ། བག་ཙམ་ལས་བསམས་པའི་ཐབས་ཀྱིས་སྨྲས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་དེ་ཁོ་ན་ཙམ་གྱི་ཚད་ཅིག་ཡོད་པས་ན་བག་ཙམ་ལས་བསམས་པ་ཙམ་སྟེ། དཔེར་ན་དགེ་སློང་བཙུན་པ་བཤེས་
གཉེན་དང་། ས་ཕ་དག་གིས་རི་དགས་དག་འཇུག་པ་མཐོང་ནས་ཚེ་དང་ལྡན་པ་གྱད་བུ་ནོར་ཡང་མཐོང་ངོ་། །དགེ་སློང་མ་ཨུཏྤ་ལའི་མདོག་ཀྱང་མཐོང་ངོ་། །མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་པ་ཡང་མཐོང་ངོ་ཞེས་སྨྲས་པ་ལྟ་བུ་སྟེ། བརྗོད་པར་འདོད་པའི་དོན་གོ་བར་བྱེད་
ན་བྱེད་པ་པོ་དང་བྱ་བ་འབྲེལ་པ་བཀར་ཏེ། མ་སྨོས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བླངས་པར་གྱུར་པ་ནི་ཡོངས་སུ་བཟུང་བར་གྱུར་པ་སྟེ། དེ་ཡིད་ལ་བཞག་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞུང་ལྷག་མ་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་ཞེས་བྱ་བ་ལ་སོགས་པ་ཡིན་
ནོ། །གཞན་གྱི་ཆ་དང་མཐུན་པ་མ་ཡིན་པས་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །།དགེ་འདུན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཏེ། གཞན་གྱི་ཚོགས་ཕྱེ་ན་ལྟུང་བ་གཞན་ཡོད་པའི་ཕྱིར་རོ། །མཐུན་པ་ནི་རྟགས་དང་། ལས་དང་།

ཚུལ་ཁྲིམས་དང་། ལྟ་བ་དང་། སྤྱོད་པ་དང་། འཚོ་བ་དག་གི་རོ་གཅིག་པ་སྟེ། མི་མཐུན་པ་ཕྱེ་བ་ལ་ནི་ལྟུང་བ་འདི་མེད་དོ། །དབྱེ་བའི་ཕྱིར་ཞེས་བྱ་བ་ལ། འབྱེད་པ་ནི་སྟོན་པ་དང་། ལམ་གཞན་ལ་བཟོད་ན་གཉིས་སུ་འབྱེད་པ་སྟེ། དེའི་ཆེད་དུའོ། །རྟུལ་བར་བྱེད་པ་ནི་རྩོལ་བར་
བྱེད་པ་སྟེ། ཚུལ་ཤིང་འདྲིམ་པའམ་གསོལ་བ་བྱེད་པས་བརྩོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཡིད་ཀྱིས་ནི་ལྟུང་བ་འདིར་མི་འགྱུར་བའི་ཕྱིར་རོ། །ཅིང་ཞེས་བྱ་བའི་སྒྲ་ནི་འམ་ཞེས་བྱ་བའི་སྒྲའི་དོན་ཏོ། །དབྱེན་བྱེད་པར་འགྱུར་བ་ནི། དབྱེན་བྱེད་པའི་རྒྱུ་མཚན་ཟས་སྐོམ་ལ་
སོགས་པ་སྦྱིན་པ་དང་། གྲོགས་ཚོལ་བ་ལ་སོགས་པ་ཡིན་ནོ། །རྩོད་པ་ནི་འགྱེད་པའི་རྩོད་པའོ། །ཡང་དག་པར་བླངས་ནས་ཞེས་བྱ་བ་ནི་ཡང་དག་པ་ཉིད་དུ་འཆེལ་ནས་སོ། །རབ་ཏུ་བཟུང་སྟེ་ཞེས་བྱ་བ་ནི་མངོན་པར་ཞེན་པར་བྱས་པ་སྟེ། དམ་དུ་འཛིན་པས་བཟུང་སྟེ།
ཞེས་བྱ་བའི་ཐ་ཚིག་གོ། །འདུག་ན་ཞེས་བྱ་བ་ནི་རྩོལ་བའི་ངོ་བོར་འདུག་པར་བྱེད་ནའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་གཅུགས་པ་རྣམས་སོ། །མཐུན་པར་གྱིས་ཤིག་ཅེས་བྱ་བ་ནི། གཅིག་ཏུ་གྱིས་ཤིག་པའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་འདུན་མཐུན་པ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། གང་གི་ཕྱིར་དགེ་འདུན་མ་ཕྱེ་ན་འཐབ་པ་དང་། རྩོད་པ་དྲི་མ་མི་བདེ་བའི་འདམ་དང་བྲལ་བས་བདེ་བར་གནས་པ་དེའི་ཕྱིར། ཁྱོད་དགེ་འདུན་དང་ལྷན་ཅིག་མཐུན་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །མི་ཕྱེད་པ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་
འབྲེལ་པའོ། །ཀུན་དུ་དགའ་བ་ནི་གཅིག་ལ་གཅིག་ཡོན་ཏན་བརྗོད་པའམ། དགེ་བའི་ཕྱོགས་འཕེལ་བའི་རབ་ཏུ་དགའ་བས་མགུ་བར་བྱེད་པའོ། །མི་རྩོད་པ་ནི་ཕན་ཚུན་ལྟ་བ་དང་འདོད་པ་མི་མཐུན་པའི་རྩོད་པ་ཡོངས་སུ་སྤོངས་པས། མི་རྩོད་པར་གྱུར་པའོ། །མཆོག་
གཅིག་ནི་འབྲས་བུ་མྱ་ངན་ལས་འདས་པ་གཅིག་པའི་ཕྱིར་རོ། །འདོན་པ་གཅིག་པ་ནི་སོ་སོར་ཐར་པའི་མདོ་འདོན་པ་འདྲ་བའི་ཕྱིར་རོ། །ཆུ་དང་འོ་མ་གཅིག་ཏུ་འདྲེས་པར་གྱུར་པ་ལྟ་བུ་ནི། དགག་དབྱེ་ལ་སོགས་པའི་ལས་འདྲ་བའི་ཕྱིར་རོ། །ཡང་ན་གཞན་གྱིས་

བཀྲིར་མི་བཏུབ་པའི་ཕྱིར་རོ། །སྟོན་པའི་བསྟན་པ་ནི་བཅོམ་ལྡན་འདས་ཀྱི་བཀའོ། །གསལ་བར་བྱེད་པ་ནི་རབ་ཏུ་སྟོན་པའོ། །བདེ་བ་དང་། རེག་པ་ཞེས་བྱ་བ་ལ་བདེ་བ་ནི་ལུས་ཀྱིའོ། །རེག་པ་ནི་སེམས་ཀྱི་སྟེ། མཐོང་བའི་ཆོས་ལ་ལུས་དང་སེམས་ཀྱི་
བདེ་བ་དང་ལྡན་ཞིང་། བདེ་བར་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འབྱེད་པར་བྱེད་པའི་གཞི་ནི་སྤྱོད་པ་དང་གྲོགས་ཚོལ་བའི་ངོ་བོ། ཐོང་ཤིག་ཅེས་བྱ་བ་ནི་འོར་ཅིག་པའོ། །བསྒོ་བར་བྱ་བ་ནི་བཟློག་པར་བྱ་བའོ། །བསྒོ་བ་ན་ཞེས་བྱ་བ་ནི་གཅུགས་པས་ཟློག་པ་ནའོ། །
ལེགས་པ་ནི་བཟང་པོའོ། །གཏང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འདོར་དུ་གཞུག་པའི་ཕྱིར་རོ། །ལན་གཉིས་ནི་རེས་གཉིས་སོ། །ལན་གསུམ་ནི་རེས་གསུམ་སྟེ། དེས་བཤེས་པའི་ཚིག་གིས་མ་ལོག་ན་ལན་གསུམ་གྱི་བར་དུ་འདི་ལ་གསོལ་བ་དང་བཞིའི་ལས་བྱའོ་ཞེས་བྱ་བའི་
དོན་ཏོ། །ཡང་དག་པར་བསྒོ་བར་བྱ་བ་ནི། དགེ་འདུན་གྱི་དབྱེན་བྱེད་པའི་ངོ་བོའི་སྡིག་པ་བཟློག་པའི་ཕྱིར་རོ། །ཡང་དག་པར་བསྟན་པར་བྱ་བ་ནི་མཐུན་པའི་ངོ་བོའི་དགེ་བའི་ཆོས་ལ་སྦྱོར་བའི་ཕྱིར་རོ། །བཤེས་པའི་ཚིག་གིས་ཞེས་བྱ་བ་ནི་མཛའ་བའི་ཚིག་གིས་སོ། །མ་བསྒོ་བར་ཞེས་བྱ་བ་
ནི་བརྡ་མ་སྤྲད་པར་ཏེ། མ་བཟློག་པར་ཞེས་བྱ་བའི་ཐ་ཚིག་གོ། །གསོལ་བ་དང་བཞིའི་ལས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་བྱེད་པ་སྟེ། ལས་བྱེད་པ་སྒྲོགས་པ་ཞེས་བྱ་བའི་དོན་ཏོ། །ལས་ནི་བརྗོད་པའོ། །དེས་ན་ལས་གང་ལ་བཞི་པ་གསོལ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བཀའ་སྩལ་པ་ཞེས་བྱ་བ་ནི།
བཅོམ་ལྡན་འདས་ཀྱིས་སོ། །ཉེ་བ་འཁོར་མི་འཆགས་ཞེས་བྱ་བ་ནི། བཤེས་པའི་ཚིག་གིས་བསྒོ་བ་ནི་ཆོ་ག་ཉིད་ཡིན་པས་དེ་མ་བྱས་ན་ལས་འཆགས་པ་མེད་དེ། བཤེས་པའི་ཚིག་གིས་བསྒོ་བ་ཉིད་ཡན་ལག་ཉིད་ཡིན་ཏེ། ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་འབྱུང་བའི་ཕྱིར་རོ། །དགེ་འདུན་
ལ་ཡང་དེས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་ཆོ་ག་ལས་འགལ་བའི་ལས་བྱེད་པ་དེས་ཉེས་བྱས་ཀྱི་ལྟུང་བ་དང་ལྡན་པར་འགྱུར་ཏེ། ཆོས་མ་ཡིན་པར་མི་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཅི་བསྒོ་བ་བཤེས་པའི་ཚིག་ཁོ་ནས་བྱ་བའམ། འོན་ཏེ་ལས་ཀྱིས་ཀྱང་བྱ་ཞེ་ན། འདུལ་བ་འཛིན་པ་རྣམས་ན་རེ་

ཁྱད་པར་དུ་མ་སྨོས་པའི་ཕྱིར། བཤེས་པའི་ཚིག་གིས་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ལས་ཀྱིས་ཀྱང་བྱེད་དོ་ཞེས་ཟེར་རོ། །དེ་ལྟ་བས་ན་འདིས་ནི་དགེ་འདུན་གྱི་དབྱེན་དང་། དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མར་གཏོགས་པའི་ཞུས་པ་དང་ལན་གདབ་པ་མཛད་པ་ཤེས་པར་བྱའོ། །བཙུན་པ་བསྐྲད་པའི་ལས་
མ་བགྱིས་པས་ཞེས་བྱ་བ་ལ་སོགས་པ་ལ་བསྐྲད་པའི་ལས་ནི་བསྐྲད་པ་དང་མཐུན་པ་གསོལ་བ་དང་བཞིའི་ལས་ཏེ། ཁྱིམ་སུན་འབྱིན་པར་བྱེད་པ་ཡོད་པ་ལ་དེ་དང་མཐུན་པའི་ལས་བྱས་པས་གནས་དེ་ནས་སྐྲོད་པ་ཡིན་ནོ། །བཤེས་པའི་ཚིག་གིས་བསྒོ་བར་བགྱིད་ན་ཞེས་བྱ་བ་ལ་སོགས་པས་དགེ་འདུན་ལ་
འགལ་ཚབས་ཅན་དུ་འགྱུར་བར་གསུངས་པ་འདིས་ནི་བསྐྲད་པའི་ལས་མ་བྱས་པར་ཤེས་པའི་ཚིག་གིས་བསྒོ་བ་ནི་ཅི་ཡང་མི་ཕན་ནོ་ཞེས་བསྟན་པར་ཤེས་པར་བྱའོ། །ཚར་གཉིས་པ་ལ་བསྐྲད་པའི་ལས་བགྱིས་ཏེ་ཞེས་བྱ་བ་ལ་སོགས་པས་ནི། བཤེས་པའི་ཚིག་གིས་བསྒོ་བའི་དགོས་པ་དང་བཅས་པ་
ཡིན་ཏེ། དེས་ན་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་བར་གསུངས་སོ། །འདུན་པས་འགྲོ་བ་ཞེས་བྱ་བ་ལ། འདུན་པ་ནི་རྗེས་སུ་ཆགས་པའོ། །དེས་འགྲོ་བ་ནི་འཇུག་པ་སྟེ། དཔེར་ན་ཉེས་པ་འདྲ་བ་དམར་སེར་བ་རྣམས་ལ་སྐྲོད་པར་མི་བྱེད་པའི་རྗེས་སུ་ཆགས་པས་འཇུག་པ་ཞེས་བྱ་བ་ལྟ་
བུའོ། །ཞེ་སྡང་གིས་འགྲོ་བ་ནི་དཔེར་ན་རྟ་ཅན་དང་ནབ་སོ་དག་ལ་ཞེ་སྡང་གིས་ཀུན་ནས་དཀྲིས་པའི་དབང་གིས་འཇུག་པ་ཞེས་བྱ་བ་ལྟ་བུའོ། །གཏི་མུག་གིས་འགྲོ་བ་ནི་བསྐྲོད་པར་འོས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་པའི་ཕྱིར་རོ། །འཇིགས་པས་འགྲོ་བ་ནི་ལྷགས་པ་རྣམས་ཀྱིས་བྲེད་པར་སེམས་པའི་ཕྱིར་རོ། །
ཉེས་བྱས་སོ་ཞེས་བྱ་བ་འདི་ལ་ནི་འདུན་པས་འགྲོ་བ་ལ་སོགས་པས་རྣམ་པར་རིག་པར་བྱེད་པའི་གནས་སྐབས་འདི་ན་རྒྱུ་མཚན་དུ་གྱུར་པ་ལ་བསྐྲད་པའི་ལས་མེད་པའི་ཕྱིར་མངོན་པར་ཞེན་པས་ཆེས་ཆུང་བར་གནས་ཏེ། དེའི་ཕྱིར་འདི་ཤེས་པར་བྱའོ། །བསྒོ་བར་མི་བྱ་ཞེས་བྱ་བ་ལ་སོགས་པ་ནི་དོན་གང་ཞིག་
གཞོམ་པའི་ཕྱིར་འདི་ལ་བསྒོ་བར་བྱ་བ་དེའི་ཚེ་འདི་ལ་བསྒོ་བས་མི་འགྲུབ་སྟེ། འདི་ལྟར་འཇུག་པ་འདི་ནི་གནས་སྐབས་དེ་ན་ཚུལ་འཆོས་ཀྱི་སྤྱོད་པ་ཙམ་དུ་ཟད་པས། དེའི་ཕྱིར་འདི་ཡིན་ནོ། །འདི་ནི་བཀའ་བློ་མི་བདེ་བ་ལ་ཡང་ཅི་རིགས་པར་བྱའོ། །དེ་ལྟ་བས་ན་འདིས་ནི་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་

མ་ཞུས་པ་དང་ལན་བཏབ་པ་མཛད་པར་ཤེས་པར་བྱའོ། །ཉེས་བྱས་སོ་ཞེས་བྱ་བ་འདིར་ནི་སྦོམ་པོའི་སྦྱོར་བ་ཡིན་པའི་ཕྱིར་རོ། །འདི་ནི་བཀའ་བློ་བདེ་བ་ལ་ཡང་ཤེས་པར་བྱའོ། །མ་གླེངས་བ་ལ་ནི་ཉེས་པ་མ་བསྒྲགས་པའི་ཕྱིར་རོ། །དྲན་པར་མ་བགྱིས་པ་ནི་ཡུལ་དང་དུས་དང་གྲོགས་
མ་བསྒྲགས་པའི་ཕྱིར་ཏེ། གླེངས་པ་ནི་ཕྱོགས་གཅིག་པར་གྱུར་པའོ། །དྲན་པར་བྱས་པ་ནི་རྫོགས་པར་གྱུར་པའོ་ཞེས་བྱ་བའི་ཐ་ཚིག་གོ། །བཀའ་བློ་མི་བདེ་བ་ནི་ཚིག་མི་བཟོད་པ་ཉིད་དེ་བདག་ཉིད་ཀྱི་ཡུལ་ལ་ཕན་པ་དང་མི་ཕན་པའི་ཚིག་བཟློག་པའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ལས་ནི་བཀའ་བློ་མི་
བདེ་བ་ཅན་ཉིད་ཅེས་འབྱུང་སྟེ། དེས་ནི་གང་ལ་བཀའ་བློ་མི་བདེ་བ་ཡོད་པ་དེ་ནི་བཀའ་བློ་མི་བདེ་བ་ཅན་ནོ། །དེའི་ངོ་བོ་ནི་བཀའ་བློ་མི་བདེ་བ་ཅན་ཉིད་དེ། བཀའ་བློ་མི་བདེ་བ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་རེ་ཞིག་གླེངས་པ་མེད་ན་རྒྱུ་མཚན་མེད་པའི་ཕྱིར་སྡིག་པའི་བསམ་པ་ཆེས་ཆུང་བ་ཡོད་པར་ནི་འགྱུར་
གྲང་ན་དྲན་པར་བྱས་པ་མེད་པ་ལ་གོ་ཇི་ལྟར། འདི་ལ་སྡིག་པའི་བསམ་པ་ཆེས་ཆུང་བ་ཡོད་ཅེ་ན་སྨྲས་པ། གླེང་བར་བྱ་བའི་གང་ཟག་གིས་དྲན་པ་མ་རྙེད་ན་ཡིན་ལ་བདག་ཉིད་ཁ་ན་མ་ཐོ་བ་མེད་པ་ཉིད་དང་། གླེང་བ་ཡང་ཉེས་པར་གླེང་བ་ཉིད་དུ་སེམས་ཏེ། དེས་ན་དྲན་པ་མེད་ན་འདིའི་བཀའ་བློ་མི་བདེ་
བ་ལ། སྡིག་པའི་བསམ་པ་ཆེས་ཆུང་བ་ཡོད་དོ་ཞེས་བྱ་བར་ཤེས་པར་བྱའོ། །ཁ་ཅིག་ནི་འདི་གཉིས་ལ་ཉེས་པ་སྦོམ་པོར་འགྱུར་བར་བརྗོད་དེ། བཙུན་པ་བསྐྲད་པའི་ལས་བགྱིས་ནས་འདུན་པས་འགྲོ་བའོ་ཞེས་མཆི་ཞིང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་
བའོ་ཞེས་མཆི་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྒོ་བར་བགྱི་འམ་འོན་ཏེ་བསྒོ་བར་མི་བགྱིད་ལགས། བསྒོ་བར་བྱའོ། །བསྒོ་བ་འཆགས་སམ་འོན་ཏེ་མི་འཆགས་ལགས། ཉེ་བ་འཁོར་འཆགས་སོ། །གླེངས་ཤིང་དྲན་པར་བགྱིས་པ་ལས་བདག་ཉིད་བཀའ་བློ་མི་
བདེ་བ་ལ་གནས་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྒོ་བར་བགྱི་བའམ་འོན་ཏེ་བསྒོ་བར་མི་བགྱི་ལགས། བསྒོ་བར་བྱའོ། །བསྒོ་བ་འཆགས་ལགས་སམ། ཉེ་བ་འཁོར་འཆགས་སོ་ཞེ་འོ། །འདིས་ནི་བསྐྲད་པའི་ལས་བྱས་ནས་འདུན་པས་འགྲོའོ་

ཞེས་བྱ་བ་ལ་སོགས་པ་ཟེར་ན་ཉེས་པ་སྦོམ་པོར་བྱེད་པ་ཉིད་ཡིན་ལ། དེ་བཞིན་དུ་གླེངས་ཤིང་དྲན་པར་བྱས་པ་ལས་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་ཡང་སྦོམ་པོར་བྱེད་པ་ཁོ་ན་སྟེ། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་དག་གི་སྦྱོར་བར་གྱུར་པའི་ཕྱིར་རོ་ཞེས་བསྟན་
པ་ཡིན་ནོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། འདི་ལས་འགྲོའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དང་། བརྗོད་པར་བྱ་བ་མ་ཡིན་པར་བྱེད་པ་ནི་ཚིག་ཀྱལ་པ་ཉིད་ཀྱིས་ཉེས་བྱས་སློང་བའི་ཕྱིར་འདུན་པས་འགྲོ་བའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དང་། བརྗོད་པར་བྱ་བ་མ་ཡིན་
པར་བྱེད་པ་ལ་ནི་ཉེས་བྱས་པའི་སྦྱོར་བ་ཉིད་ཡིན་ནོ། །སྦོམ་པོ་ལ་ནི་ཉེས་བྱས་པའི་སྦྱོར་བ་ལ་སྦོམ་པོ་ཉིད་དུ་རུང་བ་མ་ཡིན་ཏེ། སྦྱོར་བ་ནི་ཆུང་བའི་ཕྱིར་རོ། །དེ་ལྟ་བས་ན་འདིར་ཉེས་བྱས་ཁོ་ན་བཟང་གི་སྦོམ་པོ་ནི་མ་ཡིན་ནོ། །མཚམས་ཀྱི་ནང་ན་མཆིས་པ་དག་གིས་ཞེས་བྱ་བ་ལ་སོགས་པས་བསྒོ་བ་
མ་ཡིན་པར་གསུངས་པ་ནི། མཚམས་གཞན་ན་གནས་པའི་ཕྱིར་ཏེ། མཚམས་གཞན་ན་གནས་པ་ནི་གང་གི་ཡང་ཡན་ལག་ཉིད་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ལས་བགྱིད་པ་ནི་གསོལ་བ་དང་བཞིའི་ལས་ལ་སོགས་པ་བྱེད་པའོ། །མཚམས་མནན་པ་ནི་མཚམས་ཀྱི་བར་ཤིང་ལ་སོགས་པས་གཅིག་
ཏུ་བྱས་པའོ། །ནོན་པར་བགྱིས་པ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་མཚམས་བཅད་པ་སྟེ། མནན་པ་ཀུན་ལ་འདུག་པ་ནི་ནོན་པ་ལ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་གཞན་དག་ན་རེ་མཚམས་མནན་པ་ནི་རྐང་པ་གཉིས་ཀྱིས་ཏེ། ལུགས་ལས་གཅིག་ལ་རྐང་པ་དང་། གཞན་ལ་
ཅིག་ཤོས་གཞག་པ་ནི་གཉི་ག་ན་འདུག་པ་ཉིད་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ནོན་པར་བྱས་པ་ནི་ཤིང་ལ་སོགས་པས་གཅིག་ཏུ་བྱས་པའོ་ཞེས་ཟེར་རོ། །མ་བསྐོས་པ་ནི་བྱེད་དུ་མ་བཅུག་པའོ། །བསྐྲད་པ་ནི་ལྟུང་བ་མ་མཐོང་བ་ལ་སོགས་པས་བསྐྲད་པའི་ལས་བྱེད་པ་སྟེ། དགེ་སློང་
གི་ཚོགས་ལས་འབྱིན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བ་འཁོར་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་ལས་ནི་དགེ་འདུན་ལ་རག་ལས་པའི་ཕྱིར་རོ། །མ་བསྐོས་པ་ལས་བྱེད་པ་ནི་ཆ་མ་ཡིན་པ་ཉིད་དོ་ཞེས་བསྟན་པར་ཤེས་པར་བྱའོ། །གལ་ཏེ་དེས་རེ་རེ་དང་ཞེས་བྱ་བ་ལ་སོགས་པ་ནི་གཅིག་དང་གཉིས་

དང་། གསུམ་པོ་དག་ལ་ཅིག་ཅར་ལས་བྱེད་པ་ནི། ཚོགས་མེད་པའི་ཕྱིར་ཉེས་པར་མི་འགྱུར་རོ། །ཚོགས་ལ་ལས་བྱེད་པ་ནི་དགག་པ་ཉིད་ཀྱི་འོག་ནས་འབྱུང་བའི་གཞུང་ལས། ཚོགས་ཀྱིས་ཚོགས་ཀྱི་ལས་དག་བྱར་མི་རུང་བས་སོ་ཞེས་བྱ་བ་འདིར་འཆད་པར་
འགྱུར་རོ། །མཚུངས་པར་གནས་པ་ནི་ཚུལ་ཁྲིམས་དང་ལྟ་བ་མཚུངས་པ་དག་གོ། །མཆིས་པ་དག་གིས་ཞེས་བྱ་བ་ནི་འཁོད་པ་དག་གིས་སོ། །འོག་མ་དག་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། འཁོད་ནས་ལས་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ལྟུང་བ་ཡང་གང་དུ་ཡང་མི་འགྱུར་
བ་ནི་མཐུན་པའི་ལས་བྱེད་པ་ལས་བྱུང་བའོ། །མཚམས་ཀྱི་ནང་ན་གནས་པ་འདུས་པར་མ་ཞུགས་པ་དག་གིས་དེ་ལས་གཞན་པ་མི་མཐུན་པ་ཉིད་དུ་འགྱུར་བས་དེའི་ཕྱིར་འདི་ཡིན་ཏེ། མཚམས་དེའི་ནང་ན་འདུག་པ་ཁ་སྐོང་བར་འོས་པའི་ལུས་སམ་འདུན་པར་འདུས་པར་མ་ཞུགས་
པ་ཉིད་ནི་ཞེས་བྱ་བ་ལ་སོགས་པས་མི་མཐུན་པ་ཉིད་དུ་བཤད་པའི་ཕྱིར་རོ། །ཕན་ཚུན་འདུན་པ་བྱིན་པས་ཞེས་བྱ་བ་ནི་དགེ་འདུན་གྱི་ཕྲིན་ལས་ཆོས་དང་མཐུན་པ་འདུན་པ་དབུལ་ལོ་ཞེས་ཕན་ཚུན་དད་པ་སྦྱིན་པ་སྟེ། འདུན་པ་བྱིན་ན་དེས་མཐུན་པ་ཉིད་དུ་འགྱུར་རོ་ཞེས་འབྱུང་
བའི་ཕྱིར་རོ། །ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཚོགས་ནི་དགེ་འདུན་ཏེ་ལས་རྣམས་ལ་ནི་དགེ་འདུན་དབང་བའི་ཕྱིར་འདི་གསུངས་སོ། །ལས་ཐམས་ཅད་ནི་གསོལ་བ་དང་བརྗོད་པ་དང་སོ་སོར་ཐར་པའི་མདོ་འདོན་པ་དང་། དགག་དབྱེ་ཞེས་བྱ་བ་རྣམས་སོ། །ཁྲི་ནི་
ཁྲི་ཆེན་པོའོ། །རེ་ལྡེ་ནི་སྨྱུག་མ་ལ་སོགས་པ་ལས་ལྷས་པ་གྲུ་བཞིའོ། །འམ་ཞེས་བྱ་བའི་སྒྲ་ནི་སོ་སོར་ཚིག་རྐྱ་ཐུབ་པར་བསྟན་པའི་ཕྱིར་རོ། །རེ་ལྡེ་ལྗོངས་རིངས་ནི་དེ་ཉིད་ཆུ་རིངས་སུ་འདུག་པའི་ངོ་བོའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་སྟོན་པའི་ཚིག་ཡིན་ནོ། །བཞིའི་ཚོགས་ཀྱིས་བྱ་བ་ནི་
ཕམ་པར་གྱུར་པའི་ཉེས་པ་སྦོམ་པོ་ཡང་བ་བཤགས་པའམ། གསོ་སྦྱོང་བྱེད་པའོ། །ལྔའི་ཚོགས་ཀྱིས་བྱ་བ་ནི་དགེ་འདུན་ལྷག་མར་འགྱུར་བའི་ཉེས་པོ་སྦོམ་པོ་ལྕི་བ་བཤགས་པའམ་དགག་དབྱེ་བྱེད་པའོ། །བཅུའི་ཚོགས་ཀྱིས་བྱ་བ་ནི་བསྙེན་པར་རྫོགས་པའི་ལས་སོ། །ཉི་ཤུའི་ཚོགས་ཀྱིས་བྱ་བ་

ནི་དབྱུང་བའོ། །དེ་དེ་དག་ཁ་ཅིག་གི་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་ལས་བྱེད་པའི་ཕྱིར་ལས་བྱེད་པ་ཡིན་ནོ། །གཞན་དག་གིས་ལས་ཉམས་སུ་མྱོང་བའི་ཕྱིར་ཚོགས་སྐོང་བ་ཡིན་ནོ། །ནམ་མཁའ་ལ་མཆིས་པ་ནི་ནམ་མཁའ་ལ་འདུག་པའོ། །ཉེ་བ་འཁོར་མ་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའ་མཚམས་
གཞན་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདིས་ནི་ལས་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བཤད་དོ་ཞེས་བསྟན་པར་ཤེས་པར་བྱའོ། །བསླབ་པ་བྱིན་པ་དང་དགེ་སློང་མ་ཡང་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ནི་དགེ་འདུན་གྱི་དབྱེན་བྱེད་པའི་རྗེས་སུ་ཕྱོགས་པ་མ་ལོག་ན་ལས་ཀྱི་མཐའ་
ལ་འདི་ཡིན་ནོ། །དགེ་སློང་མ་ལ་སོགས་པ་ལ་ཡང་ལས་ཀྱི་མཐའ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་འདི་དག་གིས་ཐོས་པ་དང་བཅས་པར་ལས་མི་བྱའོ་ཞེས་འབྱུང་བའི་ཕྱིར་འདི་དག་ལས་ཆུང་བ་མེད་དོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ཡང་ཚུལ་འདི་ཉིད་ཡིན་ཏེ། སོགས་
པ་ཞེས་སྨོས་པ་ནི་རྐུ་ཐབས་སུ་གནས་པ་ལ་སོགས་པ་འཕངས་སོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་མདོར་སྡུད་པར་བྱེད་པ་རྣམས་ཀྱིས་བསྒྲེ་བར་བཤད་པ་ཡིན་ནོ། །དེ་ལྟར་ན་གཞུང་འདི་ནི་དགེ་འདུན་ལྷག་མ་གསུམ་ལ་ཡང་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་གྱི་གྲོགས་བསྒྲུབ་པ་
ཉིད་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་ཞེས་བྱ་བ་དག་ལ་ཡང་བཙུན་པ་རེ་ཞིག་དགེ་སློང་གིས་བཤེས་པའི་ཚིག་གིས་མ་བསྒོ་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱ་བ་ཉིད་ཡིན་ནོ། །ཅི་རིགས་པ་ནི་གང་ལ་གང་རིགས་པ་སྟེ། འདི་ལྟ་སྟེ་
རྗེས་སུ་ཕྱོགས་པ་ལ་ནི་བཙུན་པ་རེ་ཞིག་དགེ་སློང་གིས་བཤེས་པའི་ཚིག་གིས་མ་བསྒོ་བར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཁྱིམ་སུན་འབྱིན་པ་ལ་ནི་བཙུན་པ་བསྐྲད་པའི་ལས་མ་བགྱིས་པར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བཀའ་བློ་མི་བདེ་བ་ལ་ནི་བཙུན་པ་རེ་ཞིག་མ་
གླེངས་དྲན་པ་མ་བགྱིས་པར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མདོར་སྡུད་པར་བྱེད་པ་རྣམས་ཀྱིས་དགེ་འདུན་ལྷག་མ་བཞི་པོ་ཁྱད་པར་མེད་པར་བསྡུ་བ་བརྗོད་པ་སྨོས་མོད་ཀྱི། འོན་ཀྱང་དེ་དག་གི་རང་གི་ངོ་བོ་གདོན་མི་ཟ་བར་བརྗོད་དགོས་ཏེ། རང་གི་ངོ་བོ་ཡོངས་སུ་ཤེས་

ན་ལྟུང་བ་རྣམ་པར་དབྱེ་བ་གཏན་ལ་དབབ་པར་ནུས་སོ། །བདག་གིས་ཀྱང་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་སོ་སོར་ཐར་པའི་མདོ་ལས་སྨོས་པ་གསུམ་པོ་འདི་དག་གི་གཞུང་བློ་ལ་བཞག་ནས་ཚིག་
རྣམ་པར་དབྱེ་བ་ཉེ་བར་བསྟན་པར་བྱ་སྟེ། དེ་བས་ན་འདི་ལ་སྐབས་སུ་མ་བབ་པར་སྨྲས་པ་ཉིད་དུ་མངོན་པར་ཞེན་པར་མི་བྱའོ། །དེ་ཡང་དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཞེས་བྱ་བའི་སྒྲ་ནི་ཚིག་གི་རྒྱན་གྱི་དོན་ཏམ་གལ་ཏེ་ཞེས་བྱ་བའི་དོན་ཏོ། །
དེའི་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་ལ་ཞུགས་པའི་འོ། །གྲོགས་བྱེད་པ་ནི་འཁོར་ངན་པ་རྣམས་སོ། །དེ་དག་ཇི་ལྟ་བུ་ཞིག་ཅེ་ན། རྗེས་སུ་ཕྱོགས་པ་ཞེས་བྱ་བ་གསུངས་ཏེ། མཐུན་པར་བྱ་བ་བྱེད་པ་སྟེ། བསམས་པའི་དོན་ཡོངས་སུ་རྫོགས་ཀྱི་བར་དུ་རྗེས་སུ་འཇུག་པའི་ཞེས་བྱ་བའི་
ཐ་ཚིག་གོ། །ཅིའི་ཆེད་དུ་ཞེ་ན། མི་མཐུན་པར་སྨྲ་བ་ཉིད་ཀྱི་ཞེས་བྱ་བ་གསུངས་ཏེ། སྟོན་པ་དང་ལམ་གཞན་ལ་བཞག་པའི་འོ། །འདི་ནི་རྒྱུ་མཚན་གྱི་བདུན་པ་སྟེ། མི་མཐུན་པར་སྨྲ་བ་ཆེད་དུ་ཞེས་བྱ་བའི་ཐ་ཚིག་གོ། །གཅིག་ཉིད་ལ་སོགས་པས་བྱས་པའི་ཁྱད་པར་མེད་པར་བསྟན་པའི་
ཕྱིར། གཅིག་གམ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མང་པོ་ནི་གཉིས་ཀྱི་གོང་མ་གསུམ་ལ་སོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བ་ནི་ཕན་པའོ། །སྡིག་པ་ནི་མི་ཕན་པའོ། །མ་སྨྲ་ཅིག་ཅེས་བྱ་བ་ནི་མ་བརྗོད་ཅིག་པའོ། །སྨྲར་མི་སྟེར་བའི་རྒྱུ་ཆོས་སྨྲ་བ་ཞེས་བྱ་བ་
ལ་སོགས་པའོ། །ཆོས་ནི་ལམ་གྱི་ཡན་ལག་ལྔའོ། །འདུལ་བ་ནི་ཡང་དག་པའི་ངག་ལ་སོགས་པ་གསུམ་མོ། །ཡང་ན་གཞན་དག་ན་རེ་ཚིག་འབྲུ་བཟང་པོ་དང་དོན་བཟང་པོ་བརྗོད་པའི་ཕྱིར་གོ་རིམས་བཞིན་ནོ་ཞེས་ཟེར་རོ། །ལ་ལ་གཞན་དག་ལ་སྨྲ་བའི་བདག་ཉིད་མི་དཔྱོད་པ་ལ་ཡང་ཡོད་
པས་དེའི་ཕྱིར་འདི་ནི་ཆོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དངོས་པོའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་བཞིན་དུའོ། །འདོད་པ་ནི་རྩོལ་བའི་དུས་ནའོ། །བཟོད་པ་ནི་ཡོངས་སུ་གྱུར་པ་ན་བདེ་བ་འདྲེན་པའི་ཕྱིར་རོ། །ཡང་ན་འདོད་པ་ནི་ཡིད་དང་འཐད་པས་སོ། །

བཟོད་པ་ནི་རིགས་པས་ངེས་པར་བརྟགས་པས་སོ། །འདི་ནི་ཆོས་སྨྲ་བ་ཡིན་པ་ཞེས་བྱ་བ་ནི་འདི་ནི་མ་ཡིན་པ་ཁོ་ནའོ། །དགེ་སློང་རབ་ཏུ་མང་པོ་དག་ཅེས་བྱ་བ་ལ་སོགས་པ་ལ་དགེ་སློང་རབ་ཏུ་མང་པོ་ཞེས་བྱ་བ་འདིར་མང་པོའི་ཚིག་སྨྲས་པ་ནི་ཚེགས་མི་ཆེ་སྟེ། བྱུང་བའི་དབང་གིས་རེ་ལྡེ་རི་བའི་དགེ་
སློང་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ། །གྲོང་ནི་སྐྱེ་བའི་ཚོགས་ཀྱི་གནས་ཕྱིར་དང་། ཉོ་ཚོང་ལ་སོགས་པ་དང་བྲལ་བའོ། །གྲོང་རྡལ་ནི་ཉོ་ཚོང་ལ་སོགས་པ་ཡོད་པའོ། །གཅིག་ནས་ཞེས་བྱ་བ་ནི་གཞན་དག་ལས་ཆེས་ཁྱད་པར་དུ་འཕགས་པའམ། མིང་མ་བསྟན་པ་ཡིན་
ནོ། །ཉེ་བར་བརྟེན་པ་ནི་དེ་ལ་བརྟེན་ནས་ཆོས་དང་བསོད་སྙོམས་ལ་སོགས་པ་འགྲུབ་པའི་ཕྱིར་རོ། །གནས་པར་གྱུར་པའི་ནི་མངོན་པར་དགའ་བས་གནས་པར་བྱེད་པའོ། །ཁྱིམ་སུན་འབྱིན་པ་ནི་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་བུད་མེད་དང་བཅས་པ་རྣམས་མ་དད་པར་བྱེད་པ་དག་གོ། །
དེ་དག་ཏུ་ནི་རྣམ་པ་གཉིས་ཀྱིས་སུན་འབྱིན་པར་འགྱུར་ཏེ། བུད་མེད་དང་ལྷན་ཅིག་ཁྱིམ་གཅིག་དང་མལ་ཆ་དང་སྟན་གཅིག་ལ་འདུག་པའི་ཕྱིར་དང་། སྣོད་གཅིག་ཏུ་ཆང་འཐུང་བ་དང་ཟན་ཟ་བ་ལ་སོགས་པས་ལོངས་སྤྱོད་པར་བྱེད་པ་ལས་སོ། །འབྲས་བུའི་སྒོ་ནས་བསྟན་ནས་རྒྱུའི་སྒོ་ནས་
བསྟན་པའི་ཕྱིར། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཞེས་བྱ་བ་གསུངས་སོ། །སྡིག་པའི་ཆོས་ནི་ཉེས་པར་སྤྱོད་པ་སྨད་པའི་ཆོས་ཏེ། སྡིག་པ་ཅན་གྱི་ལས་ཞེས་བྱ་བའི་དོན་ཏོ། །གང་དག་དེ་ཀུན་དུ་སྤྱོད་ཅིང་བྱེད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གཞན་དག་ན་རེ་ཁྱིམ་སུན་འབྱིན་པའི་གཞིས་ཉིན་རེ་བཞིན་
ཁ་ན་མ་ཐོ་བ་འཕེན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་དག་གིས་ནི་བདག་ཉིད་ཀྱང་སྡིག་པ་སྤྱོད་པས་ཁྱིམ་བདག་སུན་ཕྱུང་ལ་གཞན་དག་ལ་ཡང་མི་སྙན་པ་སྨྲས་པའི་ཕྱིར་སྤྱོད་པ་ངན་པས་ཁྱིམ་བདག་སུན་འབྱིན་པའི་ཕྱིར་རོ། །མཐོང་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །ཐོས་པ་ནི་རྣ་
བའི་རྣམ་པར་ཤེས་པས་སོ། །རབ་ཏུ་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །འམ་ཞེས་བྱ་བའི་སྒྲ་ནི་ཚིག་ཀྱལ་པའི་ཕྱིར་རམ། ལན་ཅིག་མ་ཡིན་པར་བྱེད་པ་བརྗོད་པ་ཡིན་ནོ། །དེ་ལྟ་བས་ན་འདིས་ནི་མཐོང་བ་དང་། ཐོས་པ་དང་། དོགས་པ་ཉིད་བསྟན་པ་ཡིན་ནོ། །དགེ་སློང་རྣམས་ཀྱིས་ཞེས་

བྱ་བ་ནི་སྐྲོད་པར་བསྐོས་པ་རྣམས་ཀྱིས་སོ། །དེ་སྐད་ཅེས་བྱ་བ་ནི་བློ་ལ་གནས་པའོ། །དེ་ཉིད་བསྟན་པའི་ཕྱིར། ཚེ་དང་ལྡན་པ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱེད་ཀྱིས་ཞེས་བྱ་བ་ནི་དེ་ལྟ་བུ་ཁྱེད་ཀྱིས་སོ། །ཁྱེད་ཀྱིས་ཞེས་བྱ་བ་ནི་ཁྱེད་ཅག་གིས་ཏེ། ཁྱིམ་གང་དག་
ངན་པར་སྤྱད་པ་མ་ཡིན་པའི་གནས་དེ་དག་ཁྱེད་ཀྱིས་སུན་ཕྱུང་བས་དེའི་ཕྱིར་དེང་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །གནས་པར་ཞེས་བྱ་བ་ནི་འདུག་པའོ། །གནས་འདི་ནས་ཞེས་བྱ་བ་ནི་གྲོང་ངམ་གྲོང་རྡལ་ནས་སོ། །དེང་ཤིག་ཅེས་བྱ་བ་ནི་སོང་ཅིག་པ་སྟེ། དེ་ལྟ་བས་ན་འདིས་ནི་བསྐྲད་པར་བྱ་བའི་ལས་བསྙད་དོ། །
འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །འདྲ་བ་ཁོ་ན་ལས་ཞེས་བྱ་བ་ནི་དེ་དང་འདྲ་བ་ལས་སོ། །ཚིག་གི་ལམ་ནི་ཚིག་ཉིད་ལམ་ཡིན་ཏེ། དེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་དེའི་སྒོ་ནས་འཇུག་པའི་ཕྱིར་རོ། །ཡང་ན་གཞན་དག་ན་རེ་ཚིག་གི་ལམ་ཡིན་ཏེ། འདུན་པས་འགྲོ་བ་ཉིད་
ལ་སོགས་པའི་བསམ་པ་དེའི་སྒོ་ནས་ཚིག་འཇུག་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་འདི་ན་དགེ་སློང་ཞེས་བྱ་བ་ལ་སོགས་པ་ལ་འདི་ལ་ཞེས་བྱ་བ་ནི་བསྟན་པ་པའོ། །འགའ་ཞེས་བྱ་བའི་སྒྲ་ནི་གྲོགས་མེད་པ་རྗོད་པར་བྱེད་པ་ཡིན་ནོ། །བཀའ་བློ་མི་བདེ་བ་ཉིད་ཀྱིས་རང་བཞིན་ཅན་ནི་འདི་ལ་
ཚིག་ངན་པ་འབྲས་བུ་མེད་པ་ཡོད་པས་ན་བཀའ་བློ་མི་བདེ་བ་སྟེ། ཉན་དུ་མི་བཏུབ་པའོ། །དེའི་ངོ་བོ་ནི་བཀའ་བློ་མི་བདེ་བ་ཉིད་དོ། །དེ་ལྟ་བུ་ནི་བཀའ་བློ་མི་བདེ་བ་ཉིད་ཀྱི་རང་བཞིན་ཅན་ཏེ། ཚིག་མི་བཟོད་པ་ཞེས་བྱ་བའི་དོན་ཏོ། །གདོན་པར་གཏོགས་པ་ནི་སོ་སོར་ཐར་པའི་མདོ་འདོན་པ་རྣམ་པ་
བཞིར་གཏོགས་པ་དག་གོ། །བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་རིལ་དུ་གཏོགས་པ་རྣམས་ཀྱིས་སོ། །ཚིག་གཉིས་སྨོས་པ་ནི་འདོན་པའི་དུས་ན་བཀའ་བློ་མི་བདེ་བར་བྱེད་པ་ན་ཡང་ཉེས་པར་འགྱུར་ལ། གཞན་ན་
བྱེད་ན་ཡང་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །གཞན་དག་ན་རེ་འདོན་པར་གཏོགས་པ་ནི་སོ་སོར་ཐར་པའི་མདོ་འདོན་པ་རྣམ་པ་ལྔར་གཏོགས་པ་དག་ཡིན་ནོ། །བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་

འདས་རྣམས་ཀྱིས་མདོར་གསུངས་པ་མདོ་སྡེའི་སྡེ་སྣོད་གང་ཡིན་པ་དེར་གཏོགས་པ་རྣམས་ཀྱིས་སོ་ཞེས་ཟེར་རོ། །ཆོས་དང་མཐུན་པ་ནི་མཐོང་བ་དང་། ཐོས་པ་དང་། དོགས་པས་སོ། །འདུལ་བ་དང་མཐུན་པ་ཞེས་བྱ་བ་ནི་དུས་སུ་དང་། ཡང་དག་པར་དང་། དོན་དང་ལྡན་པར་དང་། བཤེས་པ་
ཉིད་དུ་སྟེ། ཞེ་སྡང་གི་ཁྱད་པར་གྱིས་མ་ཡིན་ནོ། །བརྗོད་པར་བྱ་བ་མ་ཡིན་པར་ཞེས་བྱ་བ་ནི་གདམས་ངག་ལ་སོགས་པའི་སྣོད་མ་ཡིན་པར་ཏེ། སྨྲ་བར་བྱ་བ་མ་ཡིན་པ་ཉིད་དུ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་ཅེ་ན། ཚེ་དང་ལྡན་པ་དག་ཅེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཅང་མ་སྨྲ་ཅིག་ཅེས་བྱ་བ་ལ་སོགས་པས་ནི་ད་ལྟར་འདེམས་པ་འགོག་པར་སྨྲས་པ་ཡིན་ནོ། །ཆོག་གི་ཞེས་བྱ་བ་ནི་ཁོ་བོ་ལ་སྨྲས་པ་གང་ཡིན་པ་དེས་ཆོག་གི་ཁོ་བོ་ལ་ལྷག་པ་ཅུང་ཟད་ཀྱང་མ་སྨྲ་ཅིག་པའོ། །ཐོང་ཤིག་ཅེས་བྱ་བ་འདིས་ནི་མ་འོངས་པ་འགོག་
པར་སྨྲས་པ་ཡིན་ནོ་ཞེས་བྱ་བའི་སྨྲས་ནི་བཀའ་བློ་མི་བདེ་བ་ཡོངས་སུ་རྫོགས་པར་སྟོན་ཏོ། །དེ་ལ་དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་བརྗོད་པར་བྱ་བ་ཉིད་ལ་ཕན་ཡོན་ཅི་ཞིག་ཡོད་ཅེ་ན། འདི་ལྟ་སྟེ་གཅིག་ལ་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་བ་འདི་ནི་འདི་
ལྟར་ཞེས་བྱ་བའམ་ཉེ་བར་སྟོན་པའི་ཚིག་ཡིན་ན། །གཅིག་ལ་གཅིག་བརྗོད་པ་ཉིད་དུ་བྱེད་པ་ནི་ཕན་ཚུན་གླེང་བའི་ཕྱིར་རོ། །གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་ནི་ཕན་ཚུན་སློབ་པའི་ཕྱིར་རོ། །གཅིག་ལ་གཅིག་ལྟུང་བ་ལས་སློང་བ་ཉིད་ནི་ཕན་ཚུན་ལྟུང་བ་སྦྱོང་བའི་ཕྱིར་རོ། །འཕེལ་བར་
གྱུར་གྱི་ཞེས་བྱ་བ་ནི་དར་བའམ་ཡང་དག་པའི་འཕེལ་བས་རྒྱས་པར་གྱུར་པའོ། །བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་ནི་གླེང་བར་བྱ་བ་མ་ཡིན་པར་བྱེད་པའོ། །ལྟུང་བ་རྣམ་པར་དབྱེ་བ་ནི་བསླབ་པའི་གཞི་སྔ་མའི་རྗེས་སུ་འབྲངས་ཏེ་ཅི་རིགས་པ་རྣམ་པར་བཤད་པར་བྱའོ། །དགེ་འདུན་གྱི་
དབྱེན་དང་རྗེས་སུ་ཕྱོགས་པ་དང་། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །།གཞུང་བླ་མའི་ཚིག་དཀའ་བ་རྣམ་པར་བཤད་པའི་རིགས་པ་དང་ལྡན་པ་སློབ་དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་བཀོད་པ་ལས་ལྷག་མ་རྣམས་རྫོགས་སོ།། །།

གཅིག་པུ་གཅིག་དང་ཞེས་བྱ་བ་ལ་སོགས་པ་ལ། གཅིག་དང་གཅིག་ནི་གཅིག་པུ་གཅིག་དང་ངོ་། །བྱ་བ་གང་ལ་དེ་དག་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བ་དེ་དང་སྟེ། གཞན་མེད་པ་ཉིད་དུ་ཞེས་བྱ་བའི་ཐ་ཚིག་གོ། །དབེན་བ་ནི་སྐྱེ་བོ་འདུ་བ་དང་བྲལ་བའི་ཕྱོགས་སོ། །
སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་རྩིག་པ་ལ་སོགས་པས་བསྐོར་བ་ནའོ། །མངོན་པར་བྱ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་དུའོ། །རུང་བར་བྱ་ཞེས་བྱ་བ་ནི་བཏུབ་པར་རོ། །སྟན་ལས་ཞེས་བྱ་བ་ནི་ཁྲི་ལ་སོགས་པ་འདོམ་གང་ཁོར་ཡུག་གི་ནང་ནའོ། །འདུག་པར་ནི་འཁོད་པར་རོ། །བྱེད་ཅིང་ཞེས་བྱ་
བ་ནི་བྱེད་པ་ལའོ། །དགེ་བསྙེན་མ་ནི་ཐར་བ་དང་ཉེ་བར་བདེ་འགྲོ་འཐོབ་པ་དང་ཉེ་བར་གནས་ཤིང་འདུག་པའི་ཕྱིར་རོ། ཡིད་ཆེས་པའི་ཚིག་དང་ལྡན་པས་ཞེས་བྱ་བ་ནི་བདེན་པ་མཐོང་བ་ཉིད་ཀྱིས་མ་འཁྲུལ་བའོ་ཞེས་རབ་ཏུ་གྲགས་པས་ཞེས་བྱ་བའི་ཐ་ཚིག་གོ། །དོན་ནི་འདི་ཡིན་ཏེ།
ལྟུང་བ་ཁས་ལེན་པས་ལྟུང་བ་རྣམ་པར་གཞག་པ་ནི་མེད་དོ། །འོ་ན་ཅི་ཡིན་ཞེ་ན། དགེ་བསྙེན་མའི་ཚིག་ལས་ཏེ། དགེ་བསྙེན་མའི་ཡང་བདེན་བ་མཐོང་བའི་ཕྱིར་བརྫུན་མི་སྨྲའོ། །གང་དང་གང་གིས་ཞེས་བྱ་བ་ནི་ཉེས་པ་སྦོམ་པོ་ལ་སོགས་པ་གཞན་གྱིས་སོ། །བྱེད་དུ་གཞུག་པ་ནི་སྒྲུབ་ཏུ་
གཞུག་པ་སྟེ། བཤགས་པ་ལ་སོགས་པ་བཅོས་པ་བྱེད་དུ་གཞུག་ཅེས་བྱ་བའི་ཐ་ཚིག་སྟེ། ལུང་ལས་ཁས་ལེན་པ་བཞིན་དུ་འདི་ལས་ངེས་པར་འགྱུར་རོ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །མ་ངེས་པ་ནི་ལྟུང་བ་ངེས་པ་མེད་པས་ཆེ་བཞིས་ཕྱེ་བའི་སྒོ་ནས་ཕས་ཕམ་པ་ལ་སོགས་པ་རྣམ་པར་བཞག་
པའི་ཕྱིར་མ་ངེས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པ་བྱར་མི་རུང་ངོ་ཞེས་བྱ་བ་ནི་མི་ཚངས་པར་སྤྱད་པ་བྱར་མི་རུང་བ་སྟེ། ཡུལ་ཐག་རིང་པོ་ན་གནས་པའི་ཕྱིར་རོ། །དེའི་ཕྱིར་འདི་ལ་མི་ཚངས་པར་སྤྱོད་པའི་ཕམ་པའི་དོགས་པ་མེད་པས་དགེ་འདུན་ལྷག་མ་དང་ལྟུང་བྱེད་ཅེས་བྱ་བའི་
ཆོས་གཉིས་ཀྱིས་གླེང་བར་བཤད་དོ། །དེ་སྐད་དུ་ཡང་ཆོས་གཉིས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཙུན་པ་དག་ཅེས་བྱ་བ་མང་པོའི་ཚིག་འདི་ནི་བོད་པ་ཡིན་ནོ། །མཐའ་དང་པོ་ནི་མི་ཚངས་པར་སྤྱོད་པའི་ཕམ་བ་སྟེ། དེ་ནི་བཙུན་པ་བཟང་སྦྱིན་གྱིས་བསྟན་པ་ལ་ཕམ་པ་འབྱུང་

བའི་ཚེ་དང་པོར་གྱུར་པས་སོ། །བགྱིད་དུ་སྩལ་ཏམ་ཞེས་བྱ་བ་ནི་ཞུ་བའོ། །བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི་ལན་ཏོ། །དེ་ལ་བྱེད་དུ་གཞུག་པ་ནི་ཅི་རིགས་པར་བཅོས་པ་བསྒྲུབ་ཏུ་གཞུག་པ་སྟེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། །དེ་ལ་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི་
ཟླ་ལ་རྨ་བའི་ཕྱིར་རོ། །དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ནི་དྲན་པ་བརྗེད་པ་རྣམ་པར་གཞག་པའི་ཕྱིར་ལྟུང་བ་འདིའི་རིགས་ནི་ཅི་ཡིན་པ་ལྟུང་བ་འདི་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ངོ་བོ་ཉིད་དུ་གཞུག་པའི་ཕྱིར་སྤོང་བ་ལས་རྫོགས་པར་རྟོགས་པའི་ཆད་པའི་ལས་བྱེད་དུ་གཞུག་པ་གང་ཡིན་པའོ། །
མི་གཞུག་སྟེ་ཞེས་བྱ་བ་ནི་ད་དུང་ཆེ་བཞི་རྨ་བ་ལ་སོགས་པའི་ཆོ་ག་མ་བྱས་པའི་ཕྱིར་རོ། །འདི་ལ་ནི་གང་གི་ཚེ་ཆེ་བཞི་རྨ་བ་ལ་སོགས་པས་ནི་ངེས་པ་ཉིད་ཡིན་ལ་གླེང་བར་བྱ་བ་དེ་ནི་ཕྱིར་ཉེས་པ་ནི་ཁས་མི་ལེན་གྱི། བུད་མེད་དང་ལྷན་ཅིག་འདུག་པ་ལ་སོགས་པ་ནི་ཁས་ལེན་ན་དེའི་ཚེ་འདི་གསུངས་
ཏེ། ཁས་མི་ལེན་ན་འདི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཡོད་དམ་ཞེས་བྱ་བ་ནི་ཡོད་པར་གྱུར་ཏམ་ཞེས་པའོ། །མཐུན་ན་ཞེས་བྱ་བ་ནི་མཐུན་པར་གྱུར་ན་སྟེ། ཁ་མཐུན་ན་ཞེས་གལ་ཏེ་ཅིའི་ཕྱིར་ཅིག་ཤོས་ལ་འདྲི་བར་བྱ་ཞེས་ཟེར་ན། འདུལ་
བ་འཛིན་པ་རྣམས་ན་རེ་རྨ་བ་འདི་ངེས་པ་མི་གཡོ་བ་རྙེད་ན་འཁྲུལ་པ་མེད་པར་ཤེས་པར་བྱ་བའི་ཕྱིར་དང་། མི་གཡོ་བའི་ཆོས་མ་རྙེད་ན་གཡོ་བ་སྲིད་པ་ཤེས་པར་བྱ་བའི་ཕྱིར་ཏེ། སྔར་སྡིག་པ་ལ་མ་ཞུགས་པ་མི་འཇུག་པས་སོ་ཞེས་ཟེར་རོ། །གླེང་བར་བྱེད་པ་དགེ་བསྙེན་མ་ཡིད་ཆེས་པའི་
ཚིག་དང་ལྡན་པ་དང་། བུད་མེད་ཆེ་བཞིར་གྱུར་པ་ནི་ཡོན་ཏན་ཕུལ་དུ་བྱུང་བའི་དཔེའོ། །དེ་ཉིད་ཀྱི་ཕྱིར་བདེན་པ་མཐོང་བ་ཉིད་ཀྱང་ཡིན་ལ། ཕུལ་དུ་བྱུང་བ་ཉིད་ཀྱང་ཡིན་ན་སྨྲ་བ་པོ་འདི་ཁྱིམ་པའང་རུང་ཡོན་ཏན་གྱི་སྒོ་ནས་ཚད་མར་བྱའོ་ཞེས་བཤད་དོ། །དེའི་ཕྱིར་འདུལ་བ་འཛིན་པ་རྣམས་
ན་རེ་འདིར་ལུགས་ནི་བདེན་པ་མ་མཐོང་བ་རྣམ་པས་བདེན་པ་མཐོང་བ་དང་། ཡོན་ཏན་ཕུལ་དུ་བྱུང་བ་མ་ཡིན་པས་ཡོན་ཏན་ཕུལ་དུ་བྱུང་བ་དང་། གཉི་ག་བདེན་པ་མཐོང་བ་ཉིད་ཡིན་ན་བདེན་པ་མཐོང་བའི་ཡོན་ཏན་ཕུལ་དུ་བྱུང་བ་ཚད་མར་བྱའོ་ཞེས་བྱ་བ་འདི་ཡིན་པར་ཤེས་པར་བྱའོ་ཞེས་

ཟེར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་བ་ལ། དེ་ཞེས་བྱ་བ་ནི་དགེ་བསྙེན་མའོ། །ཐེ་ཚོམ་ཟ་བར་གྱུར་ན་དོན་དེ་ཤེས་པ་མ་ཡིན་ཏེ། འདི་ལྟར་ངེས་པའི་ཤེས་པ་མ་སྐྱེས་པའི་ཕྱིར་རོ། །དེ་བས་ན་འདིས་ནི་དོན་འདྲ་བ་སྨྲ་བའི་སྒོ་ནས་གླེང་བར་བྱེད་པའམ་ཆེ་བཞི་གང་ལ་
ཡང་རུང་བ་ལ་དགེ་འདུན་ཐེ་ཚོམ་དུ་གྱུར་བ་ཡིན་ནོ། །དེ་ནས་དགེ་འདུན་ལ་ཤེས་པར་བརྗོད་པ་གང་ཡིན་པ་དེ་མེད་པ་ཉིད་དུ་ཤེས་པར་བྱ་སྟེ། དེས་ཤེས་པ་དེ་ལ་རྩོད་པ་རྣམ་པར་གཞག་པར་མི་འགྱུར་རོ་ཞེས་བྱ་བ་དེ་བསྟན་པར་ཤེས་པར་བྱའོ། །འདི་ལྟར་གང་གི་ཚེ་གླེང་བར་བྱེད་པའམ་ཆེ་
བཞིར་དང་པོར་འདི་སྐད་ཅེས་བདག་གིས་མཐའ་དང་པོ་འབྱིན་པ་མཐོང་ངོ་ཞེས་སྨྲས་ལ། དེས་ཀྱང་དགེ་འདུན་དེའི་ཡུལ་ལ་འདི་ནི་ཕམ་པར་གྱུར་ཏོ་ཞེས་སྙམ་པའི་ངེས་པའི་ཤེས་པ་ལས་གང་གི་ཚེ་ཕྱིས་བདག་གིས་མཐའ་གཉིས་པ་ལ་སོགས་པ་འབྱིན་པར་མཐོང་ངོ་ཞེས་སྨྲ་ན། དེའི་ཚེ་
འདིས་དྲན་པ་སྨྲ་བའི་སྒོ་ནས་གནས་གཞན་དུ་སྦེད་པར་དགེ་འདུན་ལ་ཐེ་ཚོམ་སྐུལ་བར་བྱེད་དེ། དེས་ནི་རྩོད་པ་ལ་རྣམ་པར་གཞག་པ་མི་འགྲུབ་བོ་ཞེས་བྱ་བའི་ཐ་ཚིག་སྟེ། ལུགས་ལ་ཐེ་ཚོམ་ཟད་པར་གྱུར་ན་ཤེས་པ་ཉིད་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །རྨེད་དུ་གཞུག་པ་ནི་བདག་
ལྟུང་བ་འབྱུང་ངོ་ཞེས་སམ། འོན་ཏེ་མ་ཡིན་ནོ་ཞེས་དེ་ལྟར་ཁས་ལེན་དུ་གཞུག་པའི་ལྟུང་བ་བཅོས་བྱེད་དུ་གཞུག་པ་ནི་མ་ཡིན་ནོ། །འདི་ལྟར་གནས་གཞན་དུ་སྦེད་པ་དང་འཁྲུགས་པར་གྱུར་པ་ལ་ནི་གླེང་བ་མི་འཆགས་སོ་ཞེས་འབྱུང་བའི་ཕྱིར་འདྲ་བ་སྨྲ་བ་ཉིད་ཀྱིས་གནས་གཞན་དུ་སྦེད་
པས་གླེང་བ་མ་ཆགས་པའི་ཕྱིར་རོ། །དེ་བས་ན་གླེང་བར་བྱེད་པའམ་ཆེ་བཞི་ལ་ཐེ་ཚོམ་ཟ་ན་གླེང་བར་བྱ་བ་དེ་ཉིད་ན་ཅི་འདི་ཁྱོད་ཀྱིས་བྱས་སམ་འོན་ཏེ་མ་ཡིན་ཞེས་དྲི་བར་བྱའོ། །བདག་ལྟུང་བ་འབྱུང་ངོ་ཞེའམ། མ་ཡིན་ནོ་ཞེས་ཟེར་ན་ཐོས་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་
པའི་ཡོན་ཏན་ཕུལ་དུ་བྱུང་བས་ཚད་མ་ཉིད་ཡོད་དུ་ཟིན་ཀྱང་རྩོད་པ་དེ་ཉེ་བར་ཞི་བར་བྱ་སྟེ། འདི་ལྟར་རྩོད་པ་དེའི་རྒྱུ་མཚན་ཅན་གྱི་ཐེ་ཚོམ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། གླེངས་པས་ཁས་བླངས་པ་ནི་མཐར་ཐུག་པའོ་ཞེས་འབྱུང་བའི་ཕྱིར་རོ། །གཞན་ལས་ནི་ཁས་

ལེན་པས་བྱེད་དུ་གཞུག་གོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། བདག་ཉིད་ཀྱི་ཁས་ལེན་པས་ལྟུང་བ་བཅོས་པ་བྱེད་དུ་གཞུག་གོ། །གླེང་བར་བྱེད་པར་མ་གཏོགས་པའམ་ཆེ་བཞིར་གཏོགས་པའི་ཚིག་གིས་མ་ཡིན་ཏེ། འདི་ལྟར་ཐེ་ཚོམ་ཟ་བར་གྱུར་ན་ངེས་པ་མ་གྲུབ་པའི་ཕྱིར་རོ། །
ཚུལ་འདི་ཉིད་ནི་འཆད་པར་འགྱུར་བའི་གཞུང་འོག་མ་དག་ལ་ནི་ཅི་རིགས་པར་ཤེས་པར་བྱའོ། །གཉིས་བ་ནི་མ་བྱིན་པར་ལེན་པའི་ཕམ་པའོ། །གསུམ་པ་ནི་གསོད་པའི་ཕམ་པའོ། །བཞི་པ་ནི་སྨྲ་བའི་ཕམ་བའོ། །སྔོ་བསངས་མོ་ནི་པྲི་ཡང་ཀུའི་མདོག་ལྟར་སྔོ་བསངས་སུ་འདུག་པའོ། །སྡུ་གུ་
མ་ནི་ལུས་མཛེས་བའོ། །ཚོན་མོ་ནི་ལུས་སྦོམ་པོའོ། །རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བ་འདི་ནི་མདོར་བསྡུས་པའི་ཚིག་གོ། །མཐའ་དང་པོའི་ཕུང་པོ་ནི་ཕམ་པའི་རིས་སོ། །མཐུན་ན་ཞེས་བྱ་བ་ནི་ཁ་མཐུན་ན་སྟེ། འདི་ལྟར་གཞི་བདེན་པའི་ཕྱིར་རོ། །གཉིས་པ་ནི་དགེ་འདུན་ལྷག་མའི་
རིས་སོ། །གསུམ་པ་ནི་ལྟུང་བྱེད་ཀྱི་རིས་སོ། །བཞི་པ་ནི་སོ་སོར་བཤགས་པའི་རིས་སོ། །ལྔ་པ་ནི་ཉེས་བྱས་ཀྱི་རིས་སོ། །དགེ་འདུན་ལྷག་མ་དང་པོ་ནི་ཁུ་བ་འབྱིན་པ་ལས་བྱུང་བའོ། །གཉིས་པ་ནི་རེག་པ་ལས་བྱུང་བའོ། །གསུམ་པ་ནི་འཁྲིག་པ་དང་ལྡན་པ་སྨྲ་བ་ལས་བྱུང་བའོ། །
བཞི་པ་ནི་བསྙེན་བཀུར་བསྔགས་པ་ལས་བྱུང་བའོ། །ལྔ་པ་ནི་སྨྱན་བྱེད་པ་ལས་བྱུང་བའོ། །དྲུག་པ་ནི་ཁང་པ་ལས་བྱུང་བའོ། །བདུན་པ་ནི་གཙུག་ལག་ཁང་ལས་བྱུང་བའོ། །བརྒྱད་པ་ནི་གཞི་མེད་པ་ལས་བྱུང་བའོ། །དགུ་པ་ནི་བག་ཙམ་ལས་བྱུང་བའོ། །བཅུ་པ་ནི་དགེ་འདུན་གྱི་དབྱེན་ལས་
བྱུང་བའོ། །བཅུ་གཅིག་པ་ནི་དེའི་རྗེས་སུ་ཕྱོགས་པ་ལས་བྱུང་བའོ། །བཅུ་གཉིས་པ་ནི་ཁྱིམ་སུན་འབྱིན་པ་ལས་བྱུང་བའོ། །བཅུ་གསུམ་པ་ནི་བཀའ་བློ་མི་བདེ་བ་ལས་བྱུང་བའོ། །བར་ལ་ཞེས་བྱ་བ་ནི་མདོར་སྡུད་པར་བྱེད་པ་རྣམས་ཀྱིས་གཞུང་བར་ན་ཡོད་པ་འཕེལ་བ་བསྟན་པ་ཡིན་ནོ། །བརླ་
ཕྲག་ནི་བརླ་དག་གི་བར་རོ། །རྐུབ་ཚོས་ནི་མཇུག་གི་ཕྱོགས་སོ། །སྐྱོ་མ་ནི་ཕྱེ་དང་མར་དང་། སེའུ་དང་ཤ་ཁ་ར་ལ་སོགས་པ་ལས་བྱས་པའི་བཏུང་བའོ། །བུ་རམ་ཆང་ནི་ཆང་གི་རིགས་སོ། །ཧྭགས་ནི་བུ་རམ་གྱི་སྦུ་བར་གྱུར་པའོ། །ཤ་ནི་ཤ་ཉིད་དོ། །ཁ་ཟས་ནི་འབྲས་ཆན་ལ་སོགས་པའོ། །

མར་ནི་ཞུན་མར་རོ། །དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་ཞེས་བྱ་བའི་སྒྲ་ནི་རྣམ་པའོ། །མ་ངེས་པ་ནི་གཏན་ལ་མ་བབ་པ་སྟེ་ཐེ་ཚོམ་ཟ་བའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །བདེན་པ་མཐོང་བས་ནི་ཟག་པ་མེད་པའི་ཤེས་པས་སྡུག་བསྔལ་དང་། ཀུན་འབྱུང་དང་།
འགོག་པ་དང་། ལམ་རྣམས་ཤེས་པའི་ཕྱིར་རོ། །གལ་ཏེ་ངེས་པར་གྱུར་ན། དེའི་ཚེ་དེའི་ཚིག་གིས་བྱེད་དུ་གཞུག་གོ་ཞེས་བྱ་བ་འཕངས་པར་ནི་ཤུགས་ཀྱིས་ཤེས་པར་བྱའོ། །མ་ངེས་པ་གཏན་ལ་དབབ་པའོ། །གཞུང་བླ་མའི་ཚིག་དཀའ་བ་རྣམ་པར་བཤད་པ་རིགས་པ་དང་ལྡན་པའི་སློབ་
དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་བཀོད་པ་ལས་མ་ངེས་པ་དག་རྫོགས་སོ།། །།དགེ་སློང་ཆོས་གོས་ཟིན་པས་ཞེས་བྱ་བ་ལ་སོགས་པ་ནི་གང་ལ་ཆོས་གོས་རྣམས་འཐག་པ་དང་། བཀྲུ་བ་དང་། ཁ་བསྒྱུར་བ་དང་། དྲུབ་པ་ལ་སོགས་པས་རང་གིར་བསྒྲུབ་པའི་
སྒོ་ནས་ཟིན་ཅིང་གྲུབ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཆོས་གོས་མ་ཟིན་པ་ལ་ནི་ཟླ་བར་བརྗོད་པར་ཆད་པར་འགྱུར་བས་ཁྱད་པར་འདི་དཔྱད་དོ། །སྲ་བརྐྱང་ཕྱུང་ནས་ཞེས་བྱ་བ་ལ། སྲ་བརྐྱང་ནི་རེ་ཞིག་བག་འཁུམས་པ་མེད་པར་བྱེད་པ་ཉིད་ཀྱིས་དགེ་སློང་རྣམས་ཉམས་བག་ཏུ་བྱ་བའི་
ཕྱིར་བཤད་པ་ཡིན་ནོ། །སྲ་བརྐྱང་དང་འདྲ་བས་ན་སྲ་བརྐྱང་སྟེ་མཚུངས་པའི་ཕྱིར་རོ། །འདི་ལྟར་ཆོས་གོས་འགྲུབ་པ་ལས་ཁ་ཀུམ་མེད་པར་བྱ་བའི་ཕྱིར་ཤིང་ལས་བྱས་པའམ། སྨྱུག་མ་ལས་བྱས་པའི་སྲ་བརྐྱང་གྲུ་བཞི་པ་ལ་ལེབ་ལེབ་པོ་ཞིག་དགོས་སོ། །དེ་དང་འདྲ་བར་གསོལ་བ་དང་
གཉིས་ཀྱིས་སྲ་བརྐྱང་ཞེས་བྱ་བའི་ཆོས་གོས་བཏིང་བ་ནི་དགེ་འདུན་བྱ་བ་གཅིག་པ་དང་། རོ་གཅིག་པ་དང་རྙེད་པ་མཚུངས་པ་ལ་སོགས་པ་གྲུབ་པའི་སྒོ་ནས་ཉམས་པ་ཐག་པའི་རྒྱུ་མཚན་ཡིན་ནོ་ཞེས་བཤད་དོ། །འདི་ལྟར་སྲ་བརྐྱང་བཏིང་བ་ལ་བཅོམ་ལྡན་འདས་ཀྱིས་ཕན་ཡོན་བཅུ་བོ་ཞག་བཅུ་པོའི་
བར་མེད་པ་དང་། མཚན་མོ་འབྲལ་བ་མེད་པ་དང་། ཟླ་བའི་བར་མེད་པ་དང་། བླ་གོས་དང་མཐོང་གོས་དང་བཅས་ཏེ་ལྗོངས་རྒྱུ་ཞིང་འགྲོ་བ་དང་། ཚོགས་ཤིང་ཟ་བ་མེད་པ་དང་། ཡང་ཟ་བ་མེད་པ་དང་། ཁྱིམ་བདག་ཏུ་མ་སྦྲན་པར་རྒྱུ་བ་དང་། ཇི་ཙམ་འདོད་པས་ཆོས་གོས་རྣམས་ཚོལ་བ་

བ་དང་། ཇི་ཙམ་འདོད་པས་མ་རུང་བར་བྱས་པའི་ཆོས་གོས་འཆང་བ་དང་། དབྱར་ཟླ་བ་ནས་སྟོན་ཟླའི་བར་འདི་རྙེད་པས་སྲ་བརྐྱང་བཏིང་བ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་འབྱིན་པ་ནི་བདག་ཉིད་དམ་ལས་ཀྱིས་འགྱུར་ཏེ། དེ་ཕྱུང་བ་བྱས་པ་ནི་ཕན་ཡོན་རྣམས་ཀྱང་ལྡོག་
གོ། །དེ་བས་ན་འདི་ནི་གོས་ཀྱང་བདོག་ལ་སྲ་བརྐྱང་ཡང་མ་ཕྱུང་ན་སྟོན་ཟླ་འབྲིང་པོ་ནས་དཔྱིད་ཟླ་ར་བའི་བར་དུ་ཟླ་བ་སྔ་མ་བྱས་པའི་ཆོས་གོས་རྣམས་འཆང་བ་ལ་ལྟུང་བ་མེད་དོ། །སྲ་བརྐྱང་ཡང་བྱུང་ལ་ཆོས་གོས་རྣམས་ཀྱང་བདོག་ན་ནི་ཞག་བཅུ་འདས་ན་ལྟུང་བ་འདིར་འགྱུར་རོ་ཞེས་བསྟན་པར་ཤེས་
པར་བྱའོ། །ཞག་བཅུའི་བར་དུ་ཞེས་བྱ་བ་ལ། ཞག་བཅུ་ནི་ཞག་བཅུའི་ཚོགས་སོ། །ཆོས་གོས་གང་ལ་འཆང་བའི་དུས་དེའི་བར་དེ་མཐར་ཐུག་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཞག་བཅུ་ན་ཞེས་བྱ་བའི་ཐ་ཚིག་གོ། །གོས་ལྷག་པ་ནི་བྱིན་གྱིས་བརླབས་པའི་ཆོས་གོས་ལས་ལྷག་པའི་གོས་
གང་ཡང་མེད་དོ། །རུང་བར་མ་བྱས་པའི་ཞེས་བྱ་བ་ལ་རུང་བའི་མཁན་པོ་ལ་སོགས་པའི་ཡིད་གཅུགས་པས་སྔགས་སྔོན་དུ་འགྲོ་བ་ཅན་གྱིས་ངེས་པར་བྱས་པ་སྟེ། གཞན་དབང་བ་ཉིད་དུ་རྣམ་པར་བསམས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་དེ་མ་བྱས་པ་དེ་ནི་རུང་བར་མ་བྱས་པ་ཞེས་
སོ། །འདས་པར་ཞེས་བྱ་བ་ནི་འོག་རོལ་ཞག་བཅུ་གཅིག་ལ་སོགས་པར་ཞེས་བྱ་བའི་ཐ་ཚིག་གོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལ། སྤང་བ་ནི་ནོར་གཏང་བ་སྟེ། རང་གིར་བྱེད་པ་སྟེ་ཡོད་པ་བསམ་པ་ཐག་པ་ནས་འདོར་བའོ། །དེས་དག་པར་འགྱུར་བས་ན་སྤང་བ་སྟེ།
དེས་ན་འདི་ནི་སྤང་བ་ཡང་ཡིན་ལ་ལྟུང་བྱེད་ཀྱང་ཡིན་པས་སྤང་བའི་ལྟུང་བྱེད་དེ། སྤང་བས་སྦྱང་བར་བྱ་བའི་ལྟུང་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་སྤང་དགོས་པ་ནི་སྤང་བ་སྟེ། ཆོས་གོས་ལ་སོགས་པ་སྤང་བར་འོས་པའི་དངོས་པོའོ། །དེ་ལས་བྱུང་བའི་ལྟུང་བྱེད་ནི་སྤང་
བའི་ལྟུང་བྱེད་དེ་དངོས་པོ་གཏང་བས་སྦྱང་བར་བྱ་བ་ལྟུང་བ་གང་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དགུང་བཅུ་འདས་པ་ཞེས་བྱ་བ་འདིས་ནི་ཞག་བཅུའི་སྤང་བ་བཤད་དོ། །དགུང་གཅིག་བྲལ་བ་ཞེས་བྱ་བ་འདིས་ནི་བྲལ་བའི་སྤང་བ་བཤད་དོ། །འདི་ལྟར་ཞེས་བྱ་བ་ནི་འདི་ལྟ་སྟེ་ཞེས་བྱ་བ་སྟེ།

བྱུང་བ་མེད་པ་འདི་ཡང་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱ་རེངས་འཆར་བར་བྱེད་ཅེས་བྱ་བ་ལ། གཙོ་བོ་ཡིན་པའི་ཕྱིར་ཤར་ཕྱོགས་ནས་ཉི་མའི་མགོ་རྩོམ་པར་གྱུར་པ་སྐྱ་རེངས་དང་པོ་གསལ་བའི་ངོ་བོ་འཆར་ཞིང་བྱུང་གི་བར་དུ་ལྡོག་པ་སྟེ། དུས་དེ་སྲིད་འདའ་བར་བྱེད་ན་ཞེས་
བྱ་བའི་དོན་ཏོ། །དེ་ལྟ་བས་ན་འདིས་ནི་ཞག་བཅུ་འདས་པའི་ཆོས་གོས་ཀྱིས་འབྲལ་བའི་སྤང་བ་སློང་བར་བཤད་དོ། །འདི་ལྟར་བྱིན་གྱིས་མ་བརླབས་པའི་ཆོས་གོས་ནི་འབྲལ་བའི་ལྟུང་བ་མི་སློང་ངོ་། །བྱིན་གྱིས་བརླབས་པ་ནི་དགོས་པ་ལ་རྣམ་པར་ངེས་པར་སྦྱོར་བ་ཡིན་ན་སྤང་བ་ལ་དགོས་པ་
རྣམ་པར་ངེས་པར་སྦྱར་དུ་མི་རུང་བ་ནི་མེད་དེ། །ཉམས་པར་གྱུར་པ་ནི་བརྗོད་པ་དང་ལྟུང་བ་དང་། མི་སྣང་བ་ལ་སོགས་པས་མཐོང་བའི་ལམ་ལས་འདས་པའོ། །འབའ་ཞིག་པ་ནི་སྤང་བར་བྱ་བའི་ནོར་མེད་པའི་ཕྱིར་ཏེ། འདི་ལྟར་སྤང་བའི་ནོར་དང་བྲལ་བའི་ཕྱིར་སྤོང་བར་བྱེད་ན་ནོར་མེད་པ་
ཁོ་ནས་ཀྱང་སྤང་བའི་ནོར་དང་བྲལ་བ་གྲུབ་པའི་ཕྱིར་རོ། །འདིར་འབའ་ཞིག་པའི་ལྟུང་བ་བཤགས་པར་བྱའོ་ཞེས་གསུངས་པས་ནི་སྤང་བའི་ནོར་མེད་པ་ཉིད་དུ་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྤང་བར་མ་བྱས་པའི་ཕྱིར་ཇི་ལྟར་ལྟུང་བ་བཤགས་པ་ལེགས་པར་བྱས་པར་འགྱུར་རོ། །
གལ་ཏེ་ལྟུང་བ་བཤགས་ལགས་ནས་སླར་རྙེད་ན་སྤང་བར་བགྱིའམ། ཉེ་བ་འཁོར་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་ཉམས་པའི་དུས་ཉིད་ན་རང་ཉིད་ཡིན་པ་དང་བྲལ་བར་འགྱུར་བ་ལས་ཀྱང་ཕྱིར་རྙེད་པ་ནི་སྔོན་མེད་པའི་གོས་ཤིག་རྙེད་པ་དང་འདྲ་བས་སྤང་བར་འོས་པ་ཉིད་མེད་དོ་སྙམ་དུ་དགོངས་
པ་ཡིན་ནོ། །ཞུས་པ་ལ་ལ་ལས་ནི། འདི་བཙུན་པ་དགེ་སློང་གིས་ཆོས་གོས་སྤང་བ་ཉམས་པར་གྱུར་ན་ལྟུང་བ་བཤགས་པར་བགྱིའམ། འབའ་ཞིག་པའི་བཤགས་པར་བྱའོ་ཞེས་གཞན་དུ་འབྱུང་སྟེ། དེར་དོན་ནི་འདི་ཁོ་ནར་ཟད་དེ་འོན་ཀྱང་ཚིག་འབྲུ་ཐ་དད་པ་ཉིད་ཡིན་ནོ། །ལྷག་མ་ནི་
གལ་ཏེ་ལྟུང་བ་བཤགས་ནས་སླར་རྙེད་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡོད་དོ། །དུམ་བུ་ནི་དམ་དུམ་དག་གོ། །འབའ་ཞིག་པའི་ལྟུང་བ་བཤགས་པར་བྱ་བ་ནི་གོས་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་ཏེ། འདི་ལྟར་གོས་ལ་སྤང་བའི་ལྟུང་བ་བཅས་ན་ཆོས་གོས་ཀྱི་ཚད་མེད་པའི་

ཕྱིར་དུམ་བུ་རྣམས་ལ་ནི་གོས་ཉིད་མེད་དོ། །སྤང་བ་རྣམས་ཀྱི་ནང་ན་ཀུན་ནས་མཐོ་གང་བའི་གོས་གང་ཡིན་པ་ནི་ཕྱི་མ་མེད་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །ཀུན་ནས་ཁྲུ་གང་བ་ཞེས་བྱ་བ་ལ་ཁྲུ་ནི་ལག་པའོ། །དེས་ན་གལ་ཏེ་གོས་ཀུན་
ནས་ཁྲུ་གང་བའི་ཚད་ཅིག་ཡིན་ན་དེ་ནི་སྤང་བར་འོས་པའི་ཕྱིར་ཏེ། སྤང་བར་བྱའོ། །ཞུས་པའི་གཞུང་ལ་ལ་ལས་ནི། བཙུན་པ་དགེ་སློང་གིས་ཆོས་གོས་སྤང་བ་ཚིག་གམ་སྲོག་ཆགས་དག་གམ་སྲིལ་དག་གིས་འཚལ་བར་གྱུར་ན་དེ་ལ་ལྷག་རོལ་དམ་དུམ་གང་དག་མཆིས་པ་དེ་དག་སྤང་
བར་བགྱིའམ། ཉེ་བ་འཁོར་མ་ཡིན་ཏེ། འབའ་ཞིག་པའི་ལྟུང་བ་བཤགས་པར་བྱའོ། །བྱིན་གྱིས་བརླབ་པར་བགྱིའམ། ཉེ་བ་འཁོར་མ་ཡིན་ཏེ་དེ་ཉིད་དེ་དག་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་གཞན་དུ་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ་འཚལ་བ་ཞེས་བྱ་བ་ནི་ཟོས་པའོ། །གང་གིས་
ཟོས་ཤེ་ན། སྲོག་ཆགས་དག་གམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲོག་ཆགས་ནི་གོས་ཟ་བར་བྱེད་པ་བ་དང་བེའུ་རྣམས་སོ། །སྲིལ་ནི་སྲིན་བུ་དག་གོ། །དམ་དུམ་ནི་ཆུང་ངུ་དག་པས་ཀྱང་ཆུང་བ་སྟེ། ཀུན་ནས་མཐོ་གང་དུ་མི་ཆོག་པ་རྣམས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་
ཉིད་དེ་བྱིན་གྱིས་རློབ་པ་ཡིན་པ་ནི་རང་གི་ཡིན་པ་དང་མ་བྲལ་བའི་ཕྱིར་ཏེ། འདི་ལྟར་དམ་དུམ་དུ་གྱུར་པས་རང་གི་ཡིན་པར་མེད་པར་མི་འགྱུར་ལ། བྱིན་གྱིས་རློབ་པ་ཡང་རང་གི་ཡིན་པ་ལ་བརྟེན་པས་འདི་ཤེས་པར་བྱའོ། །རྙེད་ནས་དགུང་ལྔ་ལོན་པ་དང་ཞེས་བྱ་བ་ནི་རྙེད་ནས་ཞག་ལྔ་ལོན་པ་
དང་ངོ་། །སེམས་འཁྲུགས་པ་ནི་ལས་དང་། སྐྲག་པ་དང་། གནོད་པ་དང་། མ་སྙོམས་པ་དང་། མྱ་ངན་དག་གིས་སོ། །གང་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་ལས་ཉམས་ན་སྔོན་གྱི་ངོ་བོ་དང་ཁྱད་པར་ཡོད་པའི་ངོ་བོ་གཞན་ལྟ་བུ་ཞིག་འབྱུང་བས་འདི་ཤེས་པར་བྱའོ། །
བྱིན་གྱིས་མ་བརླབས་པ་ནི་རང་གི་ཉིད་ཡིན་པར་རྣམ་པར་ངེས་པར་མ་བྱས་པའོ། །ཉིན་རེ་ཞིང་ཞེས་བྱ་བ་ལ་སོགས་པ་བྱུང་སྟེ་ཞེས་བྱ་བ་ནི་རང་གི་ཡིན་པར་བྱིན་གྱིས་བརླབས་པར་བྱས་པ་སྤངས་ཏེའོ། །འདི་ལ་ཆོས་གོས་བརྒྱད་དམ་དགུའི་ནང་ནས་རེ་ཞིག་ཉི་མ་གཅིག་ལ་གོས་གསུམ་

ཞིག་བྱིན་གྱིས་བརླབས་ནས་མཚན་མོ་འདས་པར་བྱས་ཏེ་ཡང་ཉི་མ་གཉིས་པ་ལ་ཆོས་གོས་དེ་གསུམ་ལས་ཕྱུང་ན། དེའི་ཆོས་གོས་ལྷག་མ་རྣམས་རུང་བ་མ་བྱས་པར་འདུག་པ་ཉིད་དོ། །འོན་ཀྱང་ཉི་མ་གཉིས་པ་ལ་རུང་བར་མ་བྱས་པའི་ཆོས་གོས་དེ་དག་གི་ནང་ནས་ཆོས་
གོས་གསུམ་ཞིག་བྱིན་གྱིས་བརླབས་ན་སྔར་བྱིན་གྱིས་བརླབས་ཏེ་ཕྱུང་བའི་ཆོས་གོས་གང་དག་ཡིན་པ་དང་། རུང་བར་མ་བྱས་པ་གང་དག་ཡིན་པ་དེ་དག་ཐམས་ཅད་རུང་བར་མ་བྱས་པ་ཉིད་ཡིན་ནོ། །དེ་ལྟར་ན་ཚུལ་འདིས་འདིའི་ཆོས་གོས་བྱིན་གྱིས་བརླབས་པའི་ཆོས་གོས་དག་གི་ལྷག་མ་
རྣམས་ནི་རུང་བར་མ་བྱས་པ་ཡང་ཡིན་ལ་རྣམ་གྲངས་ཀྱིས་མ་བརླབས་པ་ཡང་ཡིན་ནོ། །སྤུན་ནི་གང་གིས་ན་གོས་འཐག་པར་བྱེད་པའོ། །རྒྱུ་ནི་སྐུད་པ་ཆུར་བྲེས་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ཐགས་སུ་མ་བཏགས་པའི་རྒྱུ་སྤུན་གྱིས་མ་བཏགས་པ་གང་ཡིན་པ་སྟེ། དཔག་བསམ་གྱི་གོས་
ཞེས་བྱ་བའི་ཐ་ཚིག་གོ། །རིན་པོ་ཆེ་ནི་ཀཱར་ཥཱ་པ་ཎ་ཉི་ཤུ་ལ་སོགས་པ་རི་བའོ། །ལྟུང་བ་མེད་ཅེས་བྱ་བའི་ཆོས་གོས་རིན་པོ་ཆེ་འཆང་བའི་ལྟུང་བ་མ་བསྟན་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་བརྒྱ་སྟོང་རི་བ་ཡང་འོས་སོ་ཞེས་
འབྱུང་བས་ཁྱད་པར་དུ་གནང་བའི་ཕྱིར་རོ། །ལྟུང་བར་འགྱུར་རོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་དུ་སྟེ། འདི་ལྟར་དགེ་སློང་མ་རྣམས་ལ་གོས་རིན་པོ་ཆེ་འཆང་ན་སྤང་བའི་ལྟུང་བྱེད་དུ་བསྟན་པའི་ཕྱིར་རོ། །ཞག་བཅུ་ལ་ཞག་བཅུར་འདུ་ཤེས་པ་ལ་སྤང་བའི་ལྟུང་བྱེད་དུ་གསུངས་པ་ནི་སྦྱོར་བ་
ཡོད་པའི་ཕྱིར་དང་། བསམས་པའི་དོན་གྲུབ་པའི་ཕྱིར་རོ། །ཞག་བཅུ་ལ་ཞག་བཅུ་མ་ཡིན་པར་འདུ་ཤེས་པ་ལ་ལྟུང་པ་མེད་པར་གསུངས་པ་ནི་སྦྱོར་བ་མེད་པའི་ཕྱིར་ཏེ། ཞག་བཅུར་འདུ་ཤེས་ཏེ་འཇུག་པ་ནི་སྦྱོར་བ་ཡིན་ལ་ཞག་བཅུ་མ་ཡིན་པ་ལ་ཤེས་པས་ནི་མ་ཡིན་ཏེ། སྦྱར་བ་ལ་ནི་
འདུ་ཤེས་ཡན་ལག་ཡིན་ན་དེ་ཡང་དེ་ལ་མེད་པའི་ཕྱིར་རོ། །དངོས་གཞི་ལ་ནི་ལྟུང་བ་མེད་དེ་བསམས་པའི་དོན་མ་གྲུབ་པའི་ཕྱིར་རོ། །ཞག་བཅུ་མ་ཡིན་པ་ལ་ཞག་བཅུར་འདུ་ཤེས་པ་ལ་ཉེས་བྱས་སུ་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་ཏེ། ཞག་བཅུ་མ་ཡིན་པ་ལ་ཞག་བཅུར་འདུ་

ཤེས་པས་འཇུག་པ་ནི་སྦྱོར་བ་ཡིན་ལ་དེ་ཡང་དེ་ལ་ཡོད་པས་སོ། །དགུང་བཅུ་མ་ལགས་པ་ལ་དགུང་བཅུར་ལགས་པར་འདུ་ཤེས་ན་ཞེས་བྱ་བ་ལ་སོགས་པས་ལྟུང་བ་མེད་པར་གསུངས་པ་ནི་བསམས་པའི་དོན་མ་གྲུབ་པའི་ཕྱིར་དང་། སྦྱོར་བ་མེད་པའི་ཕྱིར་ཏེ། དེ་བཞི་ཚན་འོག་
མ་དག་ལའང་ཅི་རིགས་པར་ཤེས་པར་བྱའོ། །འདི་ལ་ལྟུང་བ་མེད་པར་འགྱུར་རོ་ཞེས་བྱ་བའི་ཚིག་ལྷག་མ་ཡིན་ནོ། །སྤང་བ་ནི་ལྟུང་བ་བཤགས་པའི་དུས་མི་ལྟ་བར་བསམ་པ་ཐག་པ་ནས་རང་བཞིན་དུ་གནས་པའི་དགེ་སློང་ལ་ཡོངས་སུ་གཏོང་བའོ། །བྲལ་བ་ལ་ནི་བར་བར་དུ་
ཆད་པར་བྱེད་པ་སྟེ། ཆོས་གོས་དེ་མེད་པར་ནུབ་གཅིག་འདའ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་གོས་གཞན་ཞིག་རྙེད་ནའོ་ཞེས་བྱ་བའི་ཆོས་གོས་སྔ་མ་སྤང་བས་བསྔགས་པའི་དབང་གིས་ཆོས་གོས་ཕྱི་མ་གཞན་ཡང་སྤང་བར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དགེ་སློབ་མ་ཞེས་བྱ་བ་ལ་
སོགས་པས་ལྟུང་བ་མེད་པར་གསུངས་པ་ནི་དགེ་སློབ་མ་ལ་སོགས་པ་ལ་འཆང་བའི་བསླབ་པའི་གཞི་རྣམ་པར་མ་བཞག་པའི་ཕྱིར་རོ། །མདོར་བསྡུས་པ་ནི་འདི་ཡིན་ཏེ། ཆོས་གོས་དང་ལྷུང་བཟེད་ལྷག་པ་འཆང་བ་དང་། འབྲལ་བ་དང་། མེ་ལ་རེག་པ་དང་། བཟློག་པ་ཟ་བ་དང་། ས་
བོན་འཇོམས་པ་དང་། རྩྭ་སྔོན་དང་བཅས་པའི་ཕྱོགས་སུ་མི་གཙང་བ་དོར་བ་དང་། ཤིང་ལ་འཛེག་པ་དང་ཞེས་བྱ་བ་བསླབ་པའི་གཞི་འདི་བརྒྱད་ནི་དགེ་སློབ་མ་ལ་མ་གསུངས་སོ། །དགེ་ཚུལ་དང་དགེ་ཚུལ་མ་དག་ལ་ནི་དེ་རྣམས་ཀྱང་མ་གསུངས་ལ། དེ་བཞིན་དུ་རིན་པོ་ཆེ་ལ་རེག་པ་
དང་། འདུས་ཤིང་ཟ་བ་དང་། བྱིན་ལེན་མ་བྱས་པར་ཟ་བ་དང་། ས་རྐོ་བ་དང་། ཤིང་ལ་འཛེག་པ་ཞེས་བྱ་བ་ཡང་མ་གསུངས་ཏེ། དེ་ལྟར་ན་འདི་ལྟར་བསླབ་པའི་གཞི་བཅུ་གསུམ་པོ་འདི་རྣམས་མ་སྨོས་སོ། །ལྷག་མ་རྣམས་ནི་ཅི་རིགས་པར་ཤེས་པར་བྱ་སྟེ། ཚིག་མངས་པས་ཡང་
བཤད་པར་མི་བྱའོ། །ཞུས་པ་ལ་ལ་ལས་འདི་སྐད་དུ། དགེ་སློང་གི་ཆོས་གོས་འདི་ཉིད་དགུང་བཅུ་འདས་པ་ཡང་ལགས་ལ། དེ་ཉིད་དགུང་གཅིག་བྲལ་བ་ཡང་ལགས་པ་ལྟ་མཆིས་སམ། ཡོད་དེ་འདི་ལྟར་ཆོས་གོས་བདོག་པའི་རྒྱུན་མ་ཆད་པས་ཞག་བཅུ་པ་ལ་ཆོས་གོས་ཤིག་རྙེད་ལ། དེ་ཆོས་

གོས་བྱིན་གྱིས་བརླབས་ནས་ཆོས་གོས་དེ་མེད་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འདའ་བར་བྱེད་ན་ཆོས་གོས་འདི་ཉིད་ཞག་བཅུ་འདས་པ་ཡང་ཡིན་ལ། དེ་ཉིད་ཞག་བཅུ་བྲལ་བ་ཡང་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། ཆོས་གོས་བདོག་པ་རྒྱུན་མ་ཆད་པར་ཞེས་བྱ་
བྱ་བ་ནི། ཆོས་གོས་ལ་རང་གིར་བྱེད་པ་རྗེས་སུ་འཇུག་པ་གང་ཡིན་པ་སྟེ། རང་གི་ཡིན་པའི་རྒྱུན་དང་མ་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་རྒྱུན་མ་ཆད་ཅིང་མ་བྲལ་བར་ཆོས་གོས་ཤིག་རྙེད་ན་སྟེ། གཞན་ཞིག་ཅེས་བྱ་བའི་ཐ་ཚིག་ཁོ་ནར་དྲང་ངོ་། །དེས་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་དེའི་
ཆོས་གོས་ཕྱིས་རྙེད་པ་གང་ཡིན་པ་སྟེ། སྟོད་གཡོགས་ལ་སོགས་པ་ཉིད་དུ་ཡིད་ཀྱིས་སྦྱོར་བའི་མཚན་ཉིད་ཀྱིས་སློབ་པས་བྱིན་གྱིས་བརླབས་ནས་སོ། །ཆོས་གོས་འདི་ནི་ཞག་བཅུ་འདས་པ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་ནི། འདིའི་ཆོས་གོས་བྱིན་གྱིས་མ་བརླབས་པའི་གཞན་བྱིན་གྱིས་བརླབས་
པའི་སྔོན་རོལ་དུ་རང་གིས་བྱས་པའི་ཁྲི་ནི་བྱས་པའི་གང་ཡིན་པ་དེ་ནས་བཟུང་སྟེ། ཞག་བཅུ་རྗེས་སུ་འཇུག་པའི་རང་གི་ཡིན་པར་བྱིན་གྱིས་བརླབས་པའི་ཆོས་གོས་ཀྱི་ཡུལ་ཅན་ཡོད་ན། ཞག་བཅུ་གཉིས་འདས་པ་ཡིན་པར་ཤེས་པར་བྱའི་ཆོས་གོས་བྱིན་གྱིས་བརླབས་པའི་ཁྲི་ནས་བཟུང་སྟེ་མ་
ཡིན་ནོ། །འདི་ལྟར་འདིར་ནི་དེའི་ཚེ་རང་གིར་བྱེད་པ་ཉེས་པ་བྱེད་པ་ཡིན་གྱི་འདི་ནི་མ་ཡིན་གྱི། དེ་ནི་བྱིན་གྱིས་བརླབས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེའི་ཚེ་རང་གིར་བྱེད་པའི་དུས་ཉིད་ཀྱིས་འདིར་ལྟུང་བ་སློང་གི །འདིའི་ཚེ་བས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཞག་གཅིག་
བྲལ་བ་ཡང་ཡིན་པ་ནི་བླ་གོས་ལ་སོགས་པ་ཉིད་དུ་བྱིན་གྱིས་བརླབས་ནས་དེའི་མཚམས་ཀྱི་ནང་དུ་བཞག་སྟེ། མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འདའ་བའི་ཕྱིར་རོ། །ཞུས་པ་ལ་ལ་ལས་ནི་གཞན་ཡང་། དགེ་སློང་གིས་ཆོས་གོས་གང་གི་གདུགས་ཁོ་ན་ལ་རྙེད་པ་དེའི་གདུགས་ཁོ་ན་ལ་སྤོང་
བར་འགྱུར་བ་ལྟ་མཆིས་ལགས་སམ། དེ་ལྟ་ཡིན་ཏེ་རྒྱུན་ཆགས་པར་གྱུར་ཅིང་སྤང་བ་གཞན་ཡོད་བཞིན་དུ་རྙེད་པ་དང་། ལྟུང་བ་མ་བཤགས་པའམ། ཆོས་གོས་བྱིན་གྱིས་བརླབས་པ་གསུམ་དང་ཞག་གཅིག་བྲལ་བ་ན། རྙེད་པ་ནི་སྤང་བར་འགྱུར་རོ། །དེ་ལ་དོན་ནི་འདི་ཡིན་ཏེ། དེ་ལྟར་

ཞེས་བྱ་བ་འདིས་ནི་ཞུས་པའི་ལན་ཡིན་ནོ། །རྒྱུན་ཆགས་པ་ནི་གྱུར་ཅིང་སྤང་བ་གཞན་གང་ཡིན་པ་སྟེ། དེ་ལྟར་མ་ཡིན་ནོ། །སྤང་བ་གཞན་པ་ཡོད་བཞིན་དུ་རྙེད་པ་ནི་སྔ་མའི་བསྔགས་པའི་དབང་གིས་འདིར་སྤང་བར་བྱ་བ་ཉིད་ཡིན་ནོ། །ལྟུང་བ་མ་བཤགས་པར་ཞེས་བྱ་བ་ནི་སྤང་བའི་ལྟུང་བ་བཅོས་
པར་མ་བྱས་པའོ། །ཆོས་གོས་བྱིན་གྱིས་བརླབས་པ་གསུམ་དང་བྲལ་བ་ན་རྙེད་པ་ནི་སྣམ་སྦྱར་དང་། བླ་གོས་དང་མཐང་གོས་གསུམ་དང་བྲལ་བའི་སྤང་བ་བྱུང་ནའོ། །འཆང་བའི་སྤང་བ་གཏན་ལ་དབབ་པའོ།། །།ནུབ་གཅིག་ནི་ཉིན་ཞག་གཅིག་གོ། །ཀྱང་ཞེས་བྱ་བ་ནི་གཉིས་པ་ལ་
སོགས་པ་ཡང་ངོ་། །གསུམ་ལས་ཞེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་བྱིན་གྱིས་བརླབས་པ་རྣམས་སོ། །གང་ཡང་རུང་བ་དང་ཞེས་གང་ཡང་རུང་བ་སྨོས་པ་ནི་སྤྱིའི་ངོ་བོ་དགག་པའི་ཕྱིར་རོ། །མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་ཞེས་བྱ་བ་གནས་གང་ལ་ཆོས་གོས་
འདུག་པ་དེ་ནས་ཆོས་གོས་བོར་ཏེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་པའི་ཕྱིར་རོ། །དགེ་འདུན་གྱི་གནང་བ་མ་གཏོགས་པར་ནི་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་མ་གཏོགས་པ་གཞན་ལ་ལྟུང་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་འཕགས་པ་འོད་སྲུངས་ཆེན་
པོ་དང་། ཤཱ་རིའི་བུ་རྒས་ཤིང་ནད་བུ་ཅན་དུ་གྱུར་པ་དག་གི་ཕྱིར་དགེ་འདུན་གྱི་སྣམ་སྦྱར་ལྕི་བ་ཉིད་དང་མི་འབྲལ་བའི་སྦྱོར་བ་འབྱིན་པ་ལྟ་བུའོ། །དེ་ལྟ་བུའི་རྐྱེན་ནི་ཆོམ་རྐུན་པས་ཕྲོགས་པ་ལ་སོགས་པའི་རྐྱེན་ཡོད་ན་བྱིན་གྱིས་བརླབས་པའི་ཆོས་གོས་དང་བྲལ་བའི་སྐྱ་རེངས་འཆར་བའི་ཉེས་
པ་ཡོངས་སུ་སྤོང་བའི་བདག་ཉིད་ཀྱི་རྒྱུའོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི་འདི་ཡིན་ཏེ། དགེ་འདུན་ནི་གང་ཟག་རྣམ་པར་ཆད་པའི་བདག་ཉིད་དང་གང་ཟག་རྣམ་པར་མ་ཆད་པའི་བདག་ཉིད་དང་རྣམ་པ་གཉིས་སོ། །དེ་ལ་རེ་ཞིག་གང་ཟག་རྣམ་པར་
ཆད་པའི་བདག་ཉིད་ཀྱི་དགེ་འདུན་གྱི་ནོར་ལ་ནི་འཆང་བ་དང་། འབྲལ་བ་དང་། འཇོག་པའི་རྒྱུ་ཅན་གྱི་སྤང་བའི་ལྟུང་བ་རྣམས་ཀྱང་སློང་བར་འགྱུར་ལ། ལྟུང་བྱེད་འབའ་ཞིག་པ་རྣམས་ཀྱང་སློང་བར་འགྱུར་རོ། །འདི་ལྟར་གང་ཟག་རྣམ་པར་མ་ཆད་པའི་བདག་ཉིད་ཀྱི་དགེ་འདུན་དུ་

གཏོགས་པའི་གང་ཟག་དེ་དག་ཐམས་ཅད་ནོར་དེ་ལ་གང་ཟག་རེ་རེ་ཞིག་བདག་གིར་བྱེད་པའི་གནས་སོ། །གང་ཟག་རྣམ་པར་མ་ཆད་པའི་དགེ་འདུན་གྱི་ལ་ནི་འགའ་ཡང་རང་གིར་བྱེད་པ་མེད་པ་ཉིད་དེ་དེའི་ཕྱིར་འཆང་པ་དང་། འཇོག་པའི་རྒྱུ་མཚན་ཅན་གྱི་སྤང་བའི་ལྟུང་
བྱེད་དག་དང་འབྲལ་བའི་རྒྱུ་མཚན་ཅན་ཡང་མི་སྲིད་དོ། །གལ་ཏེ་འབྲལ་བའི་རྒྱུ་མཚན་ཅན་ཅི་ལྟར་མི་སྲིད་ཅེ་ན། གང་ཟག་རྣམ་པར་མ་ཆད་པའི་བདག་ཉིད་ཀྱི་དགེ་འདུན་གྱི་དེ་ལ་བྱིན་གྱིས་རློབ་པ་མི་སྲིད་ལ་བྱིན་གྱིས་མ་བརླབས་པ་དང་འབྲལ་བའི་ཉེས་པ་དང་མི་ལྡན་ཏེ། གང་ཟག་རྣམ་པར་མ་
ཆད་པའི་བདག་ཉིད་ཀྱིས་དགེ་འདུན་གྱི་ཆོས་གོས་ལ་གང་ཟག་གཅིག་ཅིག་གིས་བྱིན་གྱིས་བརླབས་པ་ཉིད་ཡིན་ན་འབྲལ་བར་འགྱུར་ན་འབའ་ཞིག་ཏུ་ཟད་ཀྱི་སྤང་བ་ནི་མ་ཡིན་ནོ། །གལ་ཏེ་ཡང་ཇི་ལྟར་འདིར་སྤང་བ་ཉིད་དུ་མི་འགྱུར་ཞེ་ན། འབྲལ་བ་ནི་རང་གིར་བྱེད་པ་འདོར་བ་ལ་བྱ་ལ། དེ་
ཡང་རང་གི་ཡིན་པ་དམ་པ་ཉིད་དུ་མངོན་པར་ཞེན་པ་ལས་བསྐྱོད་པའི་དོན་དུ་བྱེད་ཀྱང་གང་ལ་རང་གི་ཡིན་པ་དམ་པོ་ཉིད་དུ་མངོན་པར་ཞེན་པ་མེད་པ་དེ་ལ་ནི་སྤང་བའི་ངོ་བོ་ཉིད་ཀྱི་བྲལ་བ་མི་དགོས་པ་ཉིད་པས་འདི་ལ་སྤང་བ་ཉིད་མེད་དོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དོ། །འདི་
ལྟར་རྣམ་པར་ཆད་པའི་དགེ་འདུན་གྱི་ཡང་རུང་། རྣམ་པར་མ་ཆད་པའི་དགེ་འདུན་གྱི་ཡང་རུང་སྟེ། ཤས་ཙམ་ཞིག་དབང་གི་ཕྱིར་ལ། ཤས་ཙམ་ལ་ནི་རང་གིར་བྱེད་པ་འབྱུང་གི་ཐམས་ཅད་ལ་ནི་མ་ཡིན་ནོ། །ཤས་ཙམ་ལ་རང་གིར་བྱེད་པ་ལ་ལྷག་མ་རྣམས་ཀྱང་ལྟུང་བ་སློང་བར་རུང་བ་མ་ཡིན་
ནོ། །དེ་ལ་རང་གིར་བྱེད་པ་མེད་པའི་ཕྱིར་རོ། །དེ་ཙམ་ཁོ་ནས་ཀྱང་མ་ཡིན་ཏེ། རྣམ་པར་མ་ཆད་པ་ཉིད་ཀྱིས་རང་གིར་བྱེད་པ་ཁྱད་པར་མེད་པར་འབྱུང་བས་དགེ་འདུན་གྱིས་ནི་གཉི་ག་ལས་ཀྱང་སྤང་བ་ཉིད་དུ་མི་འགྱུར་རོ། །དགེ་འདུན་གྱིས་བསྐྱིས་པ་འམ་གཞན་དུའང་རུང་བ་ཅི་ཞིག་ལྟར་དུས་
རེ་ཞིག་པ་ཉིད་དུ་བདག་གིར་བྱས་ནས་འཆང་ངམ། འཇོག་པ་འམ། བྱིན་གྱིས་རློབ་པ་གང་ཡིན་པ་དེ་ལ་ནི་ཐམས་ཅད་དུ་དུས་རེ་ཞིག་པའི་རང་གེར་བྱེད་པའི་ཕྱིར་དེ་ལས་ནི་ལྟུང་བ་ནི་ལྡང་བར་འགྱུར་རོ། །དེ་ལྟ་བས་ན་རྣམ་པར་ཆད་པའི་དགེ་འདུན་གྱིའང་རུང་། །རྣམ་པར་མ་ཆད་པའི་དགེ་

འདུན་གྱིའང་རུང་། གཅིག་གིས་རང་གིར་བྱས་ནས་འཆང་བ་སྤང་བར་གྱུར་ན་ཡོད་དོ། །འདིར་ནི་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་ན་ཞེས་འཕགས་པ་ཉེ་བ་འཁོར་གྱིས་དགེ་འདུན་གྱི་ཆོས་གོས་ལ་སྤྱིར་རྟེན་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་
གོས་དང་འབྲལ་བ་ཞེས་བྱའོ་ཞེས་སྤྱིར་ལན་གདབ་པར་མཛད་པ་ཡིན་ནོ། །དགེ་འདུན་གྱི་ཞེས་སྨོས་པ་ནི་ཇི་ལྟར་ཆོས་གོས་དང་བྲལ་བ་ཞེས་བྱའོ་ཞེས་ཆོས་གོས་དང་བྲལ་བ་སྨོས་པ་འཆང་བ་ལ་སོགས་པའི་དཔེ་ཡིན་པ་ལྟར་གཞན་གྱི་གོས་གཞན་དག་གི་ཡང་དཔེ་ཡང་ཡིན་ནོ། །དེ་ལྟར་གྱི་ནི་
གཞན་གྱི་ཡིན་པའི་ཕྱིར་ཏེ། དུས་རེ་ཞིག་པ་ཉིད་ཀྱིས་རང་གིར་བྱེད་པ་མི་དམ་པའི་ཕྱིར་དང་། སྤང་བ་ཡང་རང་གིར་བྱེད་པ་དམ་པོ་གཅད་པའི་དོན་དུ་བྱེད་པའི་ཕྱིར་རོ། །འདི་ནི་ཐམས་ཅད་དུ་འདྲ་བས་དགེ་འདུན་གྱི་ཞེས་སྨོས་པ་འདི་ནི་གཞན་གྱི་ཐམས་ཅད་སྨོས་པ་ཉིད་དུ་ཤེས་པར་བྱའོ། །
མནན་པ་ནི་རྐང་པ་གཉིས་སོ། །གཟུང་བ་ནི་ཤིང་ལ་སོགས་པའོ། །འགྲེང་བ་ནི་ལངས་པའོ། །མཆིས་པ་ནི་འགྲོ་བ་ལ་སོགས་པའོ། །མཚམས་ཀྱི་བར་ནི་མཚམས་དག་གི་བར་རོ། །མཚམས་ཀྱི་ནང་ན་མཆིས་ལ་ཞེས་བྱ་བ་ལ་སོགས་པ་ལ། མཚམས་གཅད་པར་བྱས་ལ་ཞེས་བྱ་
བ་ནི་དཔག་ཚད་ཕྱེད་དང་གསུམ་པ་ལ་ཐུག་པའི་མཚམས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་རང་གིར་བྱས་པའོ། །ཆོས་གོས་དང་མི་མཐུན་པའི་སྡོམ་པ་མ་ཕྱིན་ནའོ་ཞེས་བྱས་པ་ནི་ལོགས་ཤིག་ན་གནས་པ་དང་ཆོས་གོས་རྣམས་དང་འབྲལ་བ་སྤང་བར་བྱེད་པའི་ཕྱིར། དེ་ལ་དགེ་འདུན་
གྱིས་ངེས་པ་མ་བྱིན་ནའོ། །དེ་ལ་མཚམས་གཅད་པ་བྱས་པ་ལ་ནི་དཔག་ཚད་ཕྱེད་དང་གསུམ་པའི་མཐར་ཐུག་པའི་མཚམས་ཀྱི་ནང་དང་ལྡན་པ་ཉིད་དུ་འགྱུར་རོ། །མཚམས་ཀྱི་ནང་དང་ལྡན་པ་ཉིད་ལ་ནི་ཆོས་གོས་རྣམས་དང་མི་འབྲལ་བའི་སྡོམ་པ་སྦྱིན་ཏེ། འདིར་སྡོམ་པ་བྱིན་ན་ཆོས་གོས་རྣམས་
དང་མི་འབྲལ་ལོ་ཞེས་འབྱུང་བའི་ཕྱིར་རོ། །མི་འབྲལ་བའི་སྡོམ་པ་འདི་ནི་རྒས་པ་དང་ནད་བུ་ཅན་གྱི་ཆེད་དུ་སྦྱིན་པ་མ་ཡིན་གྱི། འོན་ཀྱང་སྤྱིར་ཏེ་འདི་ལྟར་དགེ་སློང་དེར་ཁྱེར་བས་སྐྱོ་བར་གྱུར་པ་དང་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ལ་ཆོས་གོས་

དག་དང་མི་འབྲལ་བའི་སྡོམ་པ་སྦྱིན་པས་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་དུ་འབྱུང་བའི་ཕྱིར་རོ། །དེས་ན་མཚམས་གཅད་པ་བྱས་ནས་དཔག་ཚད་ཕྱེད་དང་གསུམ་པའི་མཐར་ཐུག་པའི་མཚམས་ན་དགེ་སློང་དེ་ཡང་མཚམས་ཀྱི་ནང་ན་འདུག་པ་ཡིན་ལ། ཆོས་གོས་ཀྱང་
མཚམས་ཀྱི་ནང་ན་འདུག་པ་ཡིན་ནོ། །མཚམས་གཅད་པ་བྱས་སུ་ཟིན་ཀྱང་ཆོས་གོས་རྣམས་དང་མི་འབྲལ་བའི་སྡོམ་པ་མ་བྱིན་པ་གང་ཡིན་པ་དེའི་འདི་དང་བྲལ་བར་འགྱུར་ཏེ། འདི་ལྟར་མཚམས་གཅད་པ་ནི་མི་འབྲལ་བའི་སྡོམ་པ་རྟེན་དུ་གྱུར་པ་ཡིན་ཏེ། མི་འབྲལ་བའི་སྡོམ་པ་ནི་བརྟེན་པར་གྱུར་པ་
ཡིན་ནོ། །དེའི་ཕྱིར་མཚམས་གཅད་པ་མ་བྱས་པ་གལ་ཏེ་མི་འབྲལ་བའི་སྡོམ་པ་བྱིན་ན་དེའི་ཚེ་མི་འཆགས་ཏེ། ས་གཞི་མཚམས་མ་བཅད་པར་མི་འབྲལ་བའི་སྡོམ་པ་བྱིན་ན་མི་འཆགས་ཏེ་ཞེས་འབྱུང་བའི་ཕྱིར་རོ། །ཉེ་འཁོར་ནི་འཁོར་ཏེ། མཚམས་བཅད་པའི་གཙུག་ལག་ཁང་དུ་
ནི་ཆོས་གོས་གཞག་པའི་མཐའ་ཉེ་འཁོར་དང་བཅས་པའི་མཚམས་ཁོ་ན་ཡིན་ཏེ། མཚམས་བྱས་པ་ནི་གཞག་པའོ། །མཐའ་མཚམས་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །སྒོ་ཁྱམས་ནི་སྒོའི་བང་རིམ་མོ། །ཁང་ཕྲན་ནི་ཁང་པ་ཆུང་ངུའོ། །དགེ་སློང་གིས་ཀུན་དུ་སྤྱད་པས་ནི་དགེ་སློང་ལ་
མཁོ་བའོ། །ར་བ་ནི་རྩིག་པའོ། །འགྲེང་རིབ་ནི་ཡལ་ག་ལ་སོགས་པ་ལས་གཟུགས་པ་བྱས་པའོ། །འོབས་ནི་བརྐོས་པའོ། །སྟེང་གཡོགས་ནི་ཤིང་གླེགས་ལ་སོགས་པའི་གཡོགས་ཏེ། ཤིང་ལེབ་ལ་སོགས་པས་ཐོག་བོར་བའི་ཞེས་བྱ་བའི་ཐ་ཚིག་གོ། །མུ་སྟེགས་ཙམ་སྣ་ཚོགས་
ཞེས་བྱ་བ་ལ་སོགས་པ་ནི་ལྟ་བ་ཐ་དད་པས་དེ་དག་ཐ་དད་པའི་ཕྱིར་གནས་ཐ་དད་པ་ཉིད་དོ། །སྤུན་ནོར་བགོས་པ་རྣམས་ཀྱི་ཞེས་བྱ་བ་ནི་སྒོ་བྱེ་བ་རྣམས་ཏེ། ནོར་ཐ་དད་པ་ཉིད་ཀྱིས་དེ་དག་གི་གནས་ཐ་དད་པ་ཉིད་དོ། །དགེ་སློང་མ་ལ་ནི་ཆོས་གོས་ལྔས་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་
གོས་དང་། མཐང་གོས་དང་། ཤིང་དཔུང་ཆད་དང་། རྔུལ་གཟན་རྣམས་ཞེས་བྱ་བའོ། །ཞུས་པའི་གཞུང་ལ་ལ་ལས་ནི་འདི་སྐད་དུ། དགེ་སློང་མུ་སྟེགས་ཅན་གྱི་གཞིར་ཆོས་གོས་བཞག་ལ། དགེ་འདུན་གྱི་གཞི་ཉེ་འཁོར་གཅིག་པར་གནས་བགྱིད་ལ་ལྟུང་བར་མི་འགྱུར་པ་ལྟ་

འགའ་མཆིས་ལགས་སམ། དེ་ལྟ་ཡིན་ཏེ་འདི་ལྟར་མུ་སྟེགས་ཅན་དང་ལྷན་ཅིག་དབང་བ་ཡིན་ནའོ། །དེ་བཞིན་དུ་ཤིང་ལ་ཡང་བརྗོད་པར་བྱའོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། མུ་སྟེགས་ཅན་གྱི་གཞི་ནི་མུ་སྟེགས་ཅན་གྱི་གནས་སོ། །དགེ་འདུན་གྱི་གཞི་ནི་དགེ་འདུན་གྱི་གཙུག་
ལག་ཁང་ངོ་། །ཉེ་འཁོར་གཅིག་པ་ནི་ཉེ་འཁོར་འབྲེལ་མ་སྟེ། ཉེ་འཁོར་ཐ་མི་དད་པ་ཞེས་བྱ་བའི་ཐ་ཚིག་གོ། །དབང་བར་གྱུར་ན་ཞེས་བྱ་བ་འདིར་དབང་བ་ནི་དགེ་སློང་རྣམས་དང་། མུ་སྟེགས་ཅན་རྣམས་ཐུན་མོང་པ་ཉིད་དུ་སེམས་པ་ཙམ་གང་ཡིན་པ་ཤེས་པར་བྱའི། ལས་ཀྱི་ངོ་བོ་ནི་མ་ཡིན་ཏེ།
དེ་ནི་དེ་དག་དབང་བ་ལྷན་ཅིག་ཐ་དད་པ་ཉིད་ཀྱིས་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་ཤིང་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་གཞི་མུ་སྟེགས་ཅན་དང་ལྷན་ཅིག་དབང་བ་ལྟར་ཤིང་དབང་བ་དང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་ལྟུང་བ་མེད་པར་སྨོས་པའི་གཞི་དེ་མུ་སྟེགས་ཅན་
གཞན་དག་གིས་གཟུང་མོད་ཀྱིས། འོན་ཀྱང་དགེ་སློང་རྣམས་ཀྱི་རང་གི་ཡིན་པ་སྐྱེས་པ་གང་ཡིན་པ་དེ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་འདི་སྤྱད་པ་ཡིན་ནོ། །གལ་ཏེ་དེ་ལ་གཅིག་ཁོ་ན་ཞིག་དབང་གིས་གཉིས་མ་ཡིན་ན་ནི་དེའི་ཚེ་ཐ་དད་པ་ཉིད་དུ་འགྱུར་རོ་ཞེས་དེ་ལྟར་ཤེས་པར་བྱའོ། །ཞུས་
པའི་གཞུང་ལ་ལ་ལས་ནི་གཞན་ཡང་བཙུན་པ་རེ་ཞིག་དང་གཙུག་ལག་ཁང་ཉེ་འཁོར་ཉེ་བར་འབྲེལ་པར་གྱུར་ན་ཇི་ལྟར་དེས་ཆོས་གོས་དང་མི་འབྲལ་བར་འཚལ་བར་བགྱི། ཉེ་བ་འཁོར་གྲོང་གི་ཉེ་འཁོར་མ་གཏོགས་ལྷག་མ་ལས་ཆོས་གོས་དང་མི་འབྲལ་བར་ཤེས་པར་བྱའོ་ཞེས་འབྱུང་ངོ་། །
དེ་ལ་དོན་ནི་འདི་ཡིན་ཏེ། ཉེ་འཁོར་འབྲེལ་པ་ནི་ཉེ་འཁོར་འབྲེལ་མར་འདུག་པའོ། །འཚལ་བར་བགྱི་ཞེས་ཤེས་པར་བྱའོ། །ཉེ་བ་འཁོར་གྲོང་གི་ཉེ་འཁོར་མ་གཏོགས་པ་ཞེས་བྱ་བ་ནི་ཁྱིམ་པ་མི་སྲུན་པ་རྣམས་གནས་པ་ཉིད་ཀྱིས་ཐ་དད་པ་ཉིད་དུ་གྱུར་པའི་ཕྱིར་རོ། །གཞན་དགེ་སློང་གི་གནས་
ནི་རང་གིར་བྱེད་པ་ལ་བརྟེན་པའི་ཕྱིར་གྲོང་གི་ཉེ་འཁོར་ལ་ཇི་ཙམ་རང་གིར་བྱེད་པ་དེ་ཙམ་གནས་གཅིག་པ་ཡིན་ཏེ། འཛིན་པར་བྱེད་པ་གཅིག་པའི་ཕྱིར་རོ། །རང་གིར་བྱེད་པ་མེད་ན་ནི་གནས་ཐ་དད་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །འབྲལ་བའི་སྤང་བའི་ལྟུང་བ་གཏན་ལ་དབབ་

པའོ།། །།དུས་མ་ཡིན་པའི་གོས་ནི་ཉེས་པར་འགྱུར་བའི་དུས་སུ་རྙེད་པའི་ཕྱིར། དེ་བས་ན་སྲ་བརྐྱང་བཏིང་བའི་གནས་སུ་སྟོན་ཟླ་འབྲིང་པོ་ནས་བཟུང་སྟེ། དགུན་ཟླ་ཐ་ཆུངས་ཀྱི་བར་ནི་ཆོས་གོས་བཅང་བའི་དུས་ཡིན་ཏེ། དེ་འཆང་བ་ལ་སོགས་པའི་ཉེས་པ་མེད་པའི་ཕྱིར་རོ། །
དེ་ཕན་ཆད་ནི་དུས་མ་ཡིན་པའོ། །སྲ་བརྐྱང་མ་་བཏིང་བའི་གནས་སུ་ཐམས་ཅད་དུས་མ་ཡིན་པ་ཁོ་ན་སྟེ། དེས་ཆོས་གོས་ལྷག་པ་རྙེད་པའོ། །རྙེད་ལ་ཞེས་བྱ་བ་ནི་གྲུབ་པའོ། །འདོད་ན་ཞེས་བྱ་བའི་ཆོས་གོས་དོན་དུ་གཉེར་ན་སྟེ། དུས་མ་ཡིན་པར་རྙེད་པའི་ཆོས་གོས་དེ་བླང་བར་བྱའོ་ཞེས་
བྱ་བའི་ཐ་ཚིག་གོ། །ཅི་སྟེ་གལ་ཏེ་འདི་ཆོས་གོས་གྲུབ་པ་ཡིན་ན་ཇི་ལྟར་ཆོས་གོས་དོན་དུ་གཉེར་པ་ཡིན་སྙམ་ན་དེ་ནི་མ་ཡིན་ཏེ། འདི་ལྟར་འགའ་འམ་གཉིས་ཟིན་པ་ཉིད་ལ་དེ་སྐད་ཅེས་བཤད་ཀྱི་ཐམས་ཅད་ནི་མ་ཡིན་པས་འདི་ལ་ཉེས་པ་མེད་དོ། །གལ་ཏེ་ལངས་ན་ཞེས་བྱ་བ་ནི་གལ་ཏེ་དེས་ཆོས་གོས་
ཀྱི་བྱ་བ་བྱེད་ན་སྟེ། གལ་ཏེ་དེས་ཆོས་གོས་གསུམ་ཚང་བར་གྲུབ་ན་ཞེས་བྱ་བའི་ཐ་ཚིག་གོ། །མྱུར་བ་ཁོ་ནར་ཆོས་གོས་སུ་བྱས་ཏེ་བཅང་བར་བྱའོ་ཞེས་བྱ་བ་ནི་ཕྱི་མ་བཤོལ་བར་བྱིན་གྱིས་བརླབ་པ་ཅན་དུ་བྱའོ། །ཟླ་བ་གཅིག་གི་བར་ནི་གཅིག་ཁོ་ནར་རོ། །གཞག་པར་བྱའོ་ཞེས་བྱ་བ་ནི་གཞག་
པར་བྱ་བ་ཡིན་ནོ། །དེའི་ཕྱིར་གང་གི་བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་མེད་པ་དེས་དུས་མ་ཡིན་པའི་ཆོས་གོས་རྙེད་པ་དེ་ཟླ་བ་གཅིག་ཁོ་ནར་འཆང་བར་བྱའི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དེ་ཡང་གྱི་ན་འཆང་བར་བྱ་བའམ་ཞེ་ན། གལ་ཏེ་མི་ལངས་ལ་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། བདག་གིས་སློབ་དཔོན་དང་མཁན་པོ་ལ་སོགས་པ་ལས་གདོན་མི་ཟ་བར་ཆོས་གོས་སུ་ལངས་པ་རྙེད་པར་འགྱུར་རོ་སྙམ་པའི་བསམ་པ་འདི་ཡོད་ན་གཞན་གྱི་ན་ནི་མ་ཡིན་ཏེ། གཞན་དུ་ཞག་བཅུ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཁ་མ་ལངས་པའི་ཁ་སྐོང་བ་ཞེས་བྱ་བའི་སྣམ་
སྦྱར་དང་། བླ་གོས་དང་། མཐང་གོས་རྣམས་ཀྱི་ཁ་མ་ལངས་པ་ཁ་སྐོངས་པའི་ཆེད་དུའོ། །ཡང་ཞེས་བྱ་བའི་སྒྲ་ནི་འདིར་འདུལ་བ་འཛིན་པ་ཁ་ཅིག་ན་རེ་སྣོན་པ་ཉིད་དུ་ཤེས་པར་བྱ་སྟེ། འདི་ལྟར་རྣམ་པར་རྟོག་པ་མེད་པའི་ཕྱིར་འདི་ལ་དོན་ནི་འགའ་ཡང་མི་རྨོངས་སོ་ཞེས་ཟེར་རོ། །

གཞན་དག་ནིའམ་ཞེས་བྱ་བའི་སྒྲ་ངེས་པར་གཟུང་བའི་དོན་ཉིད་དུ་བརྗོད་དེ། ཚིག་གི་ཕྲད་ནི་དུས་མ་ཡིན་པས་སོ། །དེ་བས་ན་ཚིག་གི་དོན་ནི་ཆོས་གོས་གསུམ་ཁ་སྐོང་བ་ཁོ་ནའི་ཕྱིར་གོས་རེ་བ་དེ་གོས་དེ་ཚད་དུ་མི་ལྡང་བ་ཟླ་བ་ཐལ་བར་འཆང་བ་ཉེས་བྱས་སོ་ཞེས་བགྱི་བ་ཆོས་གོས་ཇི་ལྟ་བུ་
ཞིག་གཞག་པར་བགྱི་བ་ལགས། འཁོར་ཕྱེད་ཁེབས་པ་གང་ཡིན་པ་སྟེ། འདི་ནི་ཆོས་གོས་གཞག་པར་བྱ་བའི་ཕྱི་མ་མེད་པ་ཡིན་ནོ་ཞེས་བྱ་བ་དག་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ་འདུལ་བ་འཛིན་པ་ཁ་ཅིག་ན་རེ་གོས་ཀྱི་ཚད་དུ་མི་ལྡང་བ་ནི་ཀུན་ནས་ཁྲུ་གང་བས་ཆུང་བའོ། །ཉེས་བྱས་སོ་
ཞེས་བྱ་བ་འདིར་ཉེས་བྱས་འདི་ཞག་བཅུ་འདས་པ་ཉིད་ཀྱི་ཡིན་པར་ཤེས་པར་བྱའི། ཟླ་བ་འདས་པ་ནི་མ་ཡིན་ནོ། །འདི་ལྟར་ཆོས་གོས་ཀྱི་ཚད་དུ་མི་ལྡང་བ་ལ་ནི་མཚར་གཅིག་ཁ་སྐོང་བའི་རེ་བ་རྫོགས་པ་ཉིད་དུ་མི་གནས་ཏེ། མཆོད་སྦྱིན་གྱི་དོན་དུ་དལ་གྱིས་འགྲོ་བའི་ཡུལ་གཞན་དུ་ཕྱིན་པ་
དང་འདྲ་བས་དེའི་ཕྱིར་དེ་ལྟ་བུར་ཤེས་པར་བྱའོ། །འཁོར་ཕྱེད་ཁེབས་པ་ནི་ལྟེ་བའི་མཚམས་ནས་བཟུང་སྟེ། པུས་མོའི་ལྷ་ང་གཉིས་ཀྱི་བར་དུ་ལས་ཀྱི་ཆ་ནི་འདིར་འཁོར་ཞེས་བྱ་སྟེ། འཁོར་དེ་ལྟ་བུའི་དེ་ཞིང་དུ་བརྐྱང་བ་དང་ཆུར་བརྐྱང་བས་མི་ཁེབས་པའི་ཆོས་གོས་གང་ཡིན་པ་དེ་ལ་དེ་སྐད་
ཅེས་བྱའོ། །འདི་ནི་འཁོར་ཕྱེད་ཁེབས་པ་གང་ཡིན་པ་དེ་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །མི་ཁེབས་པ་གང་ཡིན་པ་དེ་ནི་གཅིག་ཏུ་ཞག་བཅུ་པ་ཉིད་ཡིན་པ་དེ་ལྟར་ཤེས་པར་བྱའི། ཟླ་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་བསྟན་པ་ཡིན་ཏེ། ཁ་སྐོངས་སུ་རེ་བ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །
འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དོ། །ཀུན་ནས་ཁྲུ་གང་དུ་མི་ཆོག་པའི་གོས་ཐམས་ཅད་ནི་ལྟུང་བ་མེད་པ་ཉིད་མ་ཡིན་ཏེ། སྤང་བ་རྣམས་ཀྱི་ནང་དུ་ཀུན་ནས་ཁྲུ་གང་བའི་གོས་ནི་ཕྱི་མ་མེད་པའོ་ཞེས་འབྱུང་བའི་ཕྱིར་རོ། །འདི་ནི་ཕྱི་མ་མེད་པས་ཞེས་སྨོས་པས་ནི་ཀུན་ནས་ཁྲུ་གང་བའི་
མན་ཆད་ཀྱི་གོས་གང་ཡིན་པ་དེ་ནི་སྤང་བ་རྣམས་ཀྱི་ནང་དུ་མ་གཏོགས་པ་ཉིད་དུ་བསམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་གྲུབ་ནས་ཁྲུ་གང་དུ་མི་ཆོག་པ་ལ་གོས་ཀྱི་བློ་མི་གནས་པ་སྟེ། རས་རོས་ཉིད་དུ་སྣང་བའི་ཕྱིར་རོ། །ལྟུང་བ་མེད་པ་ཉིད་ནི་གོས་འཆང་བ་དང་འཇོག་

པ་ཡིན་ཏེ། དེ