Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 158

Văn bản gốc(Tây Tạng)

Trang 18 / 21 (50.000 ký tự/trang)
ཆེན་པོ་ལས་ལྟུང་བ་ཆུང་ངུ་ཀུན་ནས་ལྡང་བར་འགྱུར་ན་དེ་བཞིན་དུ་སྦྱོར་བའི་དོན་ཆུང་ངུ་ལས་ཀྱང་ལྟུང་བ་ཆེན་པོ་ཀུན་ནས་ལྡང་བར་འགྱུར་དགོས་ན། དེ་ལ་སྦྱོར་བའི་དོན་ཆེན་པོ་ལས་ལྟུང་བ་ཆུང་ངུ་ཀུན་ནས་ལྡང་བར་འདོད་དོ། །

དོན་ཆུང་ངུ་ལས་ཆེན་པོ་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་གང་ཡིན་པ་འདིས་ག་ལ་རྙེད། འདི་ལ་ནི་ལུང་ཡང་གང་ལས་ཀྱང་དེ་སྐད་དུ་འབྱུང་བ་མེད་དོ། །ཁ་ཅིག་འདི་སྐད་དུ་བཙུན་པ་རེ་ཞིག་དགེ་སློང་སྐྱེས་པ་དང་ལྷན་ཅིག་ལུས་ཀྱི་རིག་པར་བགྱིད་ལ་དེ་ཡང་མཚན་གྱུར་ནས་དགེ་སློང་
མར་རེད་ན་ཅིར་འགྱུར་ལགས། མཐར་འགྱུར་རོ་ཞེས་གསལ་བར་དུ་ནི་འདོན་ཏོ། །འདིས་ནི་སྦྱོར་བ་དོན་ཆུང་ངུ་ལས་ལྟུང་བ་ཆེན་པོར་ཀུན་ནས་ལྡང་བར་འགྱུར་བ་གང་ཡིན་པ་བསྒྲུབ་པར་འགྱུར་རོ། །དེའི་ཕྱིར་ཁྲི་གཅིག་ལ་རེག་པ་དང་བཅས་པར་ཉལ་བའི་དགེ་སློང་དག་དགེ་སློང་མ་ཉིད་དུ་གྱུར་ན་ལྟུང་བྱེད་
ཁོ་ནར་འགྲུབ་པར་ཤེས་པར་བྱ་སྟེ། ཁ་ན་མ་ཐོ་བ་བྱས་ནས་མཚན་གྱུར་པ་ལ་ཡང་ལུགས་ནི་འདི་ཁོ་ན་ཡིན་ནོ། །འདི་ནི་དེ་ཁོ་ན་ལྟར་ཡིན་ནོ། །དེ་ལྟ་མ་ཡིན་ན་དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བྱེད་ཡོད་པ་ལས་དགེ་སློང་ཉིད་དུ་གྱུར་ན་ལྟུང་བྱེད་ཁོ་ནར་འགྱུར་གྱི། དགེ་འདུན་ལྷག་མ་ཡིན་ནོ། །དེ་ཡང་མི་
འདོད་དེ་འདི་ལྟར་དགེ་སློང་ལ་ནི་ཁུ་བ་འབྱིན་པའི་ལྟུང་བྱེད་མ་བཤད་པ་ཉིད་དོ། །དེར་འདོད་ན་ཡང་ལྟུང་བྱེད་དགུ་བཅུ་རྩ་གཅིག་ཉིད་དུ་འགྱུར་རོ། །དགེ་སློང་མ་སྐྱེས་པ་དང་ལྷན་ཅིག་ལུས་ཀྱི་རེག་པ་ལས་མཚན་གྱུར་ན་སྦོམ་པོར་གསུངས་པ་འདི་ནི་སྐྱེས་པ་དང་ལུས་ཀྱིས་ཀུན་དུ་རེག་པ་ལ་གཏོགས་པ་ཡིན་ནོ། །
དགེ་སློང་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་གསུངས་པ་ནི་བུད་མེད་ཉིད་མེད་པའི་ཕྱིར་རོ། །འཇམ་པ་ནི་ཤིན་ཏུ་བྱིལ་བའི་གོས་སོ། །རྣམ་གྲངས་གཞན་དུ་ནི་བྱིལ་བྱིལ་པོ་ཞེས་བྱ་བ་ཡིན་ཏེ། དེ་ནི་ཤིན་ཏུ་འཇམ་པས་སོ། །མཉེན་པ་ནི་ཤིང་བལ་ལོ། །ཡང་ན་འཇམ་པ་ནི་མི་རྩུབ་པའོ། །
མཉེན་པ་ནི་མི་ཁྲོ་བའོ། །དྲོ་བ་ནི་པགས་པའི་གོས་ཀྱི་ཁྱད་པར་ཏེ། དེ་ནི་ཤིན་ཏུ་དྲོ་བས་སོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་སྦོམ་པོ་གསུངས་པ་ནི་ཡུལ་དུ་གྱུར་པ་འཇམ་པ་དང་། མཉེན་པ་དང་དྲོ་བ་ཤིན་ཏུ་བྱིལ་བའི་གོས་དང་། ཤིང་བལ་དང་། མི་རྩུབ་པ་དང་། མི་ཁྲོ་བ་དང་། པགས་པ་དག་
ལ་གོ་རིམས་བཞིན་དུ་འཇམ་པ་དང་། སྙི་བ་དང་དྲོ་བའི་རྣམ་པ་ཉམས་སུ་མྱོང་བ་ཅི་འདྲ་བ་འབྱུང་བ། དེ་འདྲ་བའི་ཉམས་སུ་མྱོང་བ་ལྷུར་བྱེད་པ་ཡིན་གྱི། ཉོན་མོངས་པ་ཅན་གྱི་རེག་པའི་བདེ་བ་ཉམས་སུ་མྱོང་བར་འདོད་པ་ཉིད་ནི་མ་ཡིན་ནོ། །མ་ནིང་ཆུང་མ་ལ་ཞེས་བྱ་བ་ནི་ཀུན་དུ་ཆགས་པའི་སེམས་མེད་པར་

མཛའ་བ་ཀུན་དུ་སྤྱོད་པ་ནི་གཅུགས་པར་བྱ་བ་ཡིན་ཏེ། དེའི་ཆེད་དུ་རེག་པ་ནི་ཉེས་པ་མེད་དོ། །དེ་བས་ན་མ་ལ་སོགས་པ་ལ་འདུ་ཤེས་པ་ལ་ཀུན་དུ་ཆགས་པ་དང་མཚུངས་པར་ལྡན་པའི་བདེ་བ་ཉམས་སུ་མྱོང་བར་འདུན་པ་མེད་པའི་ཕྱིར་དང་། གཅུགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ལྟུང་བ་མེད་
དོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །གཏུམ་པོ་ནི་སེང་གེ་ལ་སོགས་པ་མི་བཟད་པ་རྣམས་སོ། །གནོད་སྦྱིན་ནི་ཤ་ཟ་རྣམས་སོ། །མི་མ་ཡིན་པ་ནི་ཡི་དགས་རྣམས་སོ། །གཞན་ཡང་ཉམ་ཐག་པར་དེ་ལྟ་བུ་དག་ལས་ཞེས་བྱ་བ་ནི་བཤད་པ་ལ་མ་གཏོགས་པའི་ཕོངས་པ་གཡངས་དང་། དུག་ཟ་བ་
དང་། །མཚོན་དང་། འགེག་པ་ལ་སོགས་པའི་སྡུག་བསྔལ་དག་ལས་ཏེ། འདི་ལུས་ཀྱི་རེག་པའི་བདེ་བ་ཀུན་དུ་ཆགས་པ་དང་མཚུངས་པར་ལྡན་པ་ཉམས་སུ་མྱོང་བའི་འདུན་པ་མེད་པའི་ཕྱིར་དང་། །སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་ཤེས་པར་བྱའོ། །དགེ་སློང་མ་སྐྱེས་པ་དང་ཞེས་བྱ་བ་
ལ་སོགས་པས་སྐྱེས་པ་མཚན་གྱུར་ན་ཉེས་པ་སྦོམ་པོར་གསུངས་པ་ནི་རེག་པའི་ཕམ་པར་གཏོགས་པར་ཤེས་པར་བྱ་སྟེ། འདི་ལྟར་དགེ་སློང་མ་རྣམས་ལ་རེག་པའི་ཕམ་པར་གཏོགས་པའི་ཉེས་པ་སྦོམ་པོར་བཤད་དོ། །དགེ་འདུན་ལྷག་མར་གཏོགས་པ་ནི་མ་ཡིན་ཏེ། དགེ་སློང་མ་ལ་དེ་མེད་པའི་ཕྱིར་
རོ། །ལྷག་མ་ནི་རྟོགས་པར་བླ་བས་རྣམ་པར་མ་ཕྱེ་བའོ། །ལུས་ཀྱི་རེག་པའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །།གནས་ངན་ལེན་ནི་ངན་པའོ། །དེ་ལ་གནས་ངན་ལེན་ཞེས་བྱ་བ་ནི་ཉེས་པའོ། །དེ་ལེན་ཅིང་ཀུན་དུ་ལེན་པས་ན་གནས་ངན་ལེན་ཏོ། །ཉེས་པ་སྐྱེད་པར་བྱེད་པ་སྟེ། ཀུན་
ནས་སློང་བ་དང་རང་གི་ངོ་བོའི་སྒོ་ནས་སྨད་པའོ་ཞེས་བྱ་བའི་དོན་ཏོ། །སྡིག་པ་ཅན་ནི་ངན་སོང་དུ་ལྟུང་བའི་ཕྱིར་ཏེ། འདིས་ནི་འབྲས་བུའི་སྒོ་ནས་སྨོད་པར་མཛད་པ་ཡིན་ནོ། །ཚོགས་པར་མི་འབྱུང་བ་ནི་འཁོར་གྱི་ནང་དུ་བརྗོད་དུ་མི་རུང་བ་སྟེ། འདིས་ནི་འཇིག་རྟེན་གྱི་སྨད་པ་བརྗོད་དོ། །དེ་ལྟ་ན་འོ་ན་ནི་བརྫུན་གྱི་
ཚིག་ཀྱང་དེ་དང་འདྲ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་འཁྲིག་པ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། །མི་ཚངས་པར་སྤྱོད་པ་དང་ལྡན་པ་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བའི་སྒྲ་སྟེན་པར་བྱེད་པའོ། །དེ་ཉིད་བསྟེན་པའི་ཕྱིར་འདི་ལྟར་ཞེས་གསུངས་ཏེ་དཔེར་ནའོ། །སྐྱེས་བུ་ནི་སྐྱེས་བུ་ལང་ཚོ་ལ་བབ་པ་སྟེ། ཁྱིམ་

པ་འཕྱོན་མ་པ་ཞེས་བྱ་བའི་ཐ་ཚིག་གོ། །ན་ཆུང་ནི་ཆུང་མ་ལ་སོགས་པའོ། །དེས་ན་ཇི་ལྟར་སྐྱེས་བུ་ལང་ཚོ་ན་ཆུང་ལ་རྒྱ་ལ་སོགས་པའི་དོན་དུ་སྨྲ་བ་དེ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཞེས་བྱ་བའི་སྒྲ་ནི། དང་ཞེས་བྱ་བའི་སྒྲའི་དོན་ཡིན་ཏེ། དེས་ན་དྲལ་ཅིང་གྱུར་པ་དང་།
རྒྱ་ལ་སོགས་པའི་དོན་གྱིས་ལྟུང་བ་འདིར་འགྱུར་གྱི། གང་ཡང་རུང་བ་ཅིག་མ་ཚང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ངེས་པར་གཟུང་བ་ཡིན་ཏེ། དེས་ན་རྒྱ་ལ་སོགས་པའི་དོན་ཁོ་ནས་ལྟུང་བ་འདིར་འགྱུར་གྱི། སྐྱེས་བུ་འཕྱོན་མ་པ་མཛེས་སོ་ཞེས་བྱ་བ་ལ་སོགས་པས་སྨྲས་པ་ནི་མ་ཡིན་ནོ་
ཞེས་བྱ་བའི་དོན་ཏོ། །སྨྲས་ན་ཞེས་བྱ་བ་ནི་བརྗོད་ནའོ། །དབེན་པ་ལ་དབེན་པར་འདུ་ཤེས་པས་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་གསུངས་པ་ནི་སྦྱོར་བར་གཏོགས་པ་ཡིན་ཏེ། དེ་དང་འདྲ་བ་གཞན་དག་ལ་ཡང་དེ་དང་འདྲ་བ་ཁོ་ནར་ཤེས་པར་བྱའོ། །སྤྲུལ་པ་ནི་སེམས་ཅན་དུ་བགྲང་བ་མ་ཡིན་པ་
ཤིང་ལ་སོགས་པའི་རྒྱུ་ལས་གསང་སྔགས་དང་། སྨན་ལ་སོགས་པས་བསྒྲུབས་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ཁོ་ན་བུད་མེད་དང་འདྲ་བའི་ཕྱིར་བུད་མེད་དོ་སྙམ་པའི་བློས་ཞུགས་པའི་ཕྱིར་འདིར་སྦྱོར་བར་གཏོགས་པ་ཡིན་པར་ཤེས་པར་བྱའོ། །དངོས་གཞི་ལ་ནི་བསམས་པ་མ་ཡིན་
པའི་ཕྱིར་ལྟུང་བ་མེད་དོ། །དེ་ལྟ་མ་ཡིན་ན་སེམས་ཅན་དུ་བགྲང་བ་མ་ཡིན་པའི་དོན་དག་ལ་ཡོངས་སུ་ཤེས་པ་མེད་པའི་ཕྱིར་འཁྲིག་པ་དང་ལྡན་པ་སྨྲ་ན་ནི་ཉེས་པར་སྨྲས་པ་དང་། ལེགས་པར་སྨྲས་པ་དོན་ཡོངས་སུ་ཤེས་པར་འདོད་པ་ཉིད་ཀྱང་མེད་ལ་བུད་མེད་ལ་བུད་མེད་ཉིད་ཀྱང་མ་ཡིན་པས་ཡན་ལག་
གཉིས་མ་ཚང་བའི་ཕྱིར་འདིར་ཉེས་བྱས་སུ་འགྱུར་གྱི་སྦོམ་པོར་གོ་སྐབས་ཉིད་ནི་ཐག་བསྲིངས་པ་ཡིན་ནོ། །ཁ་ཅིག་འདིར་བདུན་ཚན་འདོན་ཏེ། དེ་ནི་འདི་ལ་དོན་འབྲེལ་པ་མེད་པ་ཡིན་ནོ། །འདི་ལྟར་ལྟུང་བ་འདི་ནི་བླ་མར་གྱུར་པའི་ཆོས་སྨྲ་བ་ལ་སོགས་པ་བཞིན་དུ་རང་གི་ཚིག་ལ་རག་ལས་པ་ཡིན་
ནོ་ཞེས་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། ཚིག་ལ་རག་ལས་པའི་བསླབ་པའི་གཞི་འོག་མ་དག་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །མཛེས་པ་ནི་བཟང་པོའོ། །སྦོམ་པོར་གསུངས་པ་ནི་འདི་དང་འོག་མ་ལ་ཡང་དེ་ལས་བདེ་བ་ཉམས་སུ་མྱོང་བའི་བདུན་པ་ལ་སོགས་པ་ཡོད་ལ་རྒྱ་ལ་སོགས་པའི་

དོན་ནི་མེད་ན་ཡིན་པར་ཤེས་པར་བྱའོ། །སྡིག་པ་ཅན་ནི་མི་བཟང་བའོ། །ཞུས་པ་ལ་ལ་ལས་འདི་སྐད་དུ། དགེ་སློང་གིས་བུད་མེད་ལ་འདི་སྐད་དུ་ཚུར་ང་དང་ལྷན་ཅིག་ཏུ་འདུག་པར་གྱིས་ཤིག །ཚུར་ང་དང་ལྷན་ཅིག་ཉོལ་ཅིག། །ཚུར་ང་ལ་བགོ་བཤའ་གྱིས་ཤིག་ཅེས་སྨྲས་ན་ཅིར་འགྱུར་ལགས།
ཉེས་པ་སྦོམ་པོར་འགྱུར་རོ་ཞེས་ཀྱང་འབྱུང་སྟེ། འདིར་ཡང་ཉེས་པ་སྦོམ་པོར་གསུངས་པ་ནི་རྒྱ་ལ་སོགས་པའི་དོན་མེད་པའི་ཕྱིར་དེ་ལས་བདེ་བ་ཉམས་སུ་མྱོང་བའི་འདུན་པ་ལ་སོགས་པ་ཡོད་ན་ཤེས་པར་བྱའོ། །གཞན་དག་ནི་གནས་ངན་ལེན་གྱི་སེམས་ཀྱིས་གནས་ངན་ལེན་གྱི་ཚིག་སྨྲས་པ་ན་ཐ་ན་རྒོད་
བག་ཙམ་གྱིས་ཀྱང་རུང་། ཐམས་ཅད་དུ་སྦོམ་པོར་འདོད་དོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་ནི་མི་འདོད་དེ། འདིར་འདི་ལྟར་ཀུན་དུ་ཆགས་པ་ཡན་ལག་ཉིད་དུ་བཤད་ཀྱི་གནས་ངན་ལེན་ཙམ་ནི་མ་ཡིན་ནོ། །རྒོད་བག་ཙམ་གྱིས་སྨྲས་ན་ཡང་སྦོམ་པོར་རིགས་པ་མ་ཡིན་ཏེ། རྒོད་བག་གི་བསམ་
པས་ལུས་དང་ངག་འགྱུར་བར་མི་བྱའོ་ཞེས་བྱ་བར་འདིར་ཁྱད་པར་མེད་པར་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་བཤད་པ་སྔ་མ་ཉིད་བཟང་ངོ་། །བཙུན་པ་རེ་ཞིག་དགེ་སློང་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་ཕམ་པར་གཏོགས་པ་སྟེ། འདི་ལྟར་
དགེ་སློང་མ་ལ་སྨྲ་བའི་དགེ་འདུན་ལྷག་མ་ནི་མེད་ཀྱི་འོན་ཀྱང་ཆགས་པས་ཆགས་པ་དང་ལྷན་ཅིག་རྒོད་བག་མེད་ན་སྦོམ་པོའོ་ཞེས་པ་ལ་སོགས་པའི་ཚུལ་གྱིས་སྐྱེས་པ་ལ་སྨྲ་ན་ནི་ཕམ་པར་གཏོགས་པའི་སྦོམ་པོར་རྣམ་པར་བཞག་གོ། །མཚན་མཐུན་པ་ལ་སྨྲས་ན་ནི་སྦོམ་པོའི་སྦྱོར་བ་ཡིན་པའི་ཕྱིར་ཉེས་བྱས་
སོ། །དགེ་སློང་མ་ཞིག་ཅེས་བྱ་བ་ལ་སོགས་པས་མཚན་གྱུར་ན་སྦོམ་པོར་གསུངས་པ་ནི་སྐྱེས་པ་ལ་སྨྲ་བར་གཏོགས་པའོ། །དགེ་སློང་མ་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་ནི་ཕམ་པར་གཏོགས་པ་སྟེ། སྔ་མ་བཞིན་ནོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་གཏན་ལ་
དབབ་པའོ།། །།ཆེ་ཞེ་ཞེས་བྱ་བ་ནི་སྲིང་མོ་ལ་བོད་པའི་ཚིག་གོ། །གལ་ཏེ་ཆེ་ཞེ་ཞེས་སྨྲས་ནས་ཇི་ལྟར་དེ་དང་ལྷན་ཅིག་འདུར་རུང་ཞེ་ན། ཚིག་འབའ་ཞིག་གིས་འཁྲིག་པ་ལས་བྱུང་བའི་དངོས་པོ་བདག་གིར་བྱེད་པར་སེམས་པའི་ཕྱིར་ཉེས་པ་མེད་དོ། །ཡང་ན་འདི་ལ་མོ་མཚན་ཡོད་པས་ན་སྲུ་སྟེ།

དེས་ན་འདི་མི་ཚངས་པར་སྤྱོད་པ་བྱ་བར་བཟོད་པ་ཡིན་གྱི། མཚན་མ་ཙམ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བསྙེན་བཀུར་རྣམས་ཀྱི་ནང་ནས་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བའི་དྲུག་པ་ཡིན་ནོ། །དེས་ན་བསྙེན་བཀུར་གཞན་དག་པས་འདི་ཡོན་ཏན་གྱི་མཆོག་
ཉིད་དུ་ངེས་པར་འཛིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་ཞེས་བྱ་བའི་ཚིག་འདི་ནི་བསྙེན་བཀུར་བ་སྨྲས་པ་རྣམས་ཀྱི་རང་བཞིན་གྱི་ངོ་བོ་བཤད་པ་ཉེ་བར་སྟོན་པའི་ཚིག་གོ། །ང་ལྟ་བུ་ཞེས་བྱ་བ་ནི་བདག་འདྲ་བ་སྟེ། འདིས་ནི་བདག་ཉིད་རིགས་དང་། གཟུགས་དང་། འོ་བཟེ་བ་ལ་སོགས་
པའི་ཡོན་ཏན་དང་ལྡན་པ་ཉིད་དུ་བསྟན་ཏོ། །དགེ་སློང་ཞེས་བྱ་བ་འདིས་ནི་གཞན་ཡོངས་སུ་གཟུང་བ་མེད་པར་བསྟན་ཏོ། །དགེ་སློང་དེ་ཇི་ལྟ་བུ་ཞིག་ཅེ་ན། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ཚུལ་ཁྲིམས་དང་ལྡན་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པའི་ཕྱིར་རོ། །བསིལ་
བར་གྱུར་པའི་ཕྱིར་ཚུལ་ཁྲིམས་ཏེ། འདི་སྐད་དུ། ཚུལ་ཁྲིམས་ཡང་དག་བླངས་ན་བདེ། །ལུས་ལ་ཡོངས་སུ་གདུང་བ་མེད། །ཅེས་གསུངས་པ་ལྟ་བུའོ། །དགེ་བའི་ཆོས་ཅན་ནི་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པའི་ཕྱིར་ཏེ། ཡོངས་སུ་དག་པ་ཉིད་ཀྱི་གསེར་བཟང་པོ་དང་འདྲའོ། །ཚངས་པར་སྤྱོད་
པ་ནི་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པའི་ཕྱིར་ཏེ། དེས་ནི་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཚངས་པར་སྤྱོད་ཅིང་འགྲོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདིས་ནི་བདག་ཉིད་ཞིང་ཉིད་དུ་རབ་ཏུ་བསྒྲགས་པས་འབྲས་བུ་ཆེ་བ་ཉིད་དུ་རྗོད་པར་བྱེད་དོ། །ཆོས་འདིས་ཞེས་བྱ་བ་ནི་བསྙེན་བཀུར་ཞེས་བྱ་བའི་
དངོས་པོས་སོ། །ཆོས་ཇི་ལྟ་བུ་ཞིག་གིས་ཤེ་ན། འཁྲིག་པ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། འཁྲིག་པ་ལས་བྱུང་བའི་དོན་བརྗོད་པ་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བའི་སྒྲ་དང་ལྡན་པས་ཞེས་བྱ་བའི་ཐ་ཚིག་གོ། །བསྙེན་བཀུར་བྱེད་པ་ནི་བཀུར་སྟི་བྱེད་པའོ། །བསྔགས་པ་བརྗོད་པ་ནི་ཡོན་
ཏན་སྨྲས་པའོ། །དེ་ཉིད་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་མཆོག་ཡིན་ནོ་ཞེས་བྱ་བ་ནི་བསྙེན་བཀུར་འདི་ཁོ་ན་ཕུལ་དུ་བྱུང་བའོ་ཞེས་བྱ་བའི་སྒྲ་ནི་རྣམ་པའོ། །བདག་ཉིད་ནི་རང་གིའོ། དེ་བདག་ནི་ཕུང་པོའི་རྒྱུ་ངའོ་སྙམ་དུ་དམིགས་པ་རྒྱུ་ཐ་མི་དད་པ་ཡིན་ནོ། དེ་

སྨོས་པ་ཡང་གཞན་རྣམ་པར་བཅད་པའི་ཕྱིར་ཏེ། གཞན་གྱི་དོན་དུ་སྨྲས་པ་ལ་ན་སྨད་པར་འབྱུང་བའི་ཕྱིར་རོ། །ལུས་ཀྱི་བསྙེན་བཀུར་ཞེས་བྱ་བ་ལ་བསྙེན་བཀུར་ནི་སྐྱེས་པ་ལ་བུད་མེད་ཀྱི་བྱ་བའི་རིམ་གྲོ་སྟེ། འཁྲིག་པ་ལས་བྱུང་བས་ལུས་ལ་རིམ་གྲོ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞུང་བླ་མ་
ནི། བཙུན་པ་རེ་ཞིག་དབུས་ཀྱི་དགེ་སློང་ཞིག་གིས་མཐའ་འཁོབ་པ་ལ་དབུས་ཀྱི་སྐད་ཀྱིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དགེ་སློང་མས་བསྙེན་བཀུར་བསྔགས་པ་ལ་ནི་ཉེས་བྱས་སུ་བརྗོད་དོ་ཞེས་བྱ་བ་ནི་འདུལ་བ་མདོར་བསྡུས་པ་ལས་མ་བརྟགས་པ་ཉིད་ཡིན་པར་གསུངས་པའི་ཕྱིར་རོ། །འདི་
ལྟར་བུད་མེད་ནི་འཁྲིག་པ་ལས་བྱུང་བ་ལ་བསྙེན་བཀུར་བྱེད་པ་ཡིན་གྱི། བསྙེན་བཀུར་བ་ནི་མ་ཡིན་ཏེ། །བསྙེན་བཀུར་བྱ་བ་ཡིན་པའི་བདག་ཉིད་ཀྱི་བསྙེན་བཀུར་བསྔགས་པ་བརྗོད་པ་ཡང་འཐད་པ་མ་ཡིན་ནོ། །འདི་ལྟར་ཡང་སྐྱེས་པ་ནི་འདིར་མཆོད་པར་བྱ་བའི་ཆ་ལ་རྣམ་པར་གནས་ཏེ། དེའི་སེམས་བསྲུང་
བའི་ཆེད་དུ་བྱ་བ་ལ་འཇུག་པའི་ཕྱིར་རོ། །བུད་མེད་ནི་བྲན་གྱི་ཆ་ལ་རྣམ་པར་གནས་ཏེ། འདི་ལྟར་དེ་ནི་གཞན་གྱི་དོན་དུ་སྤྱད་པ་ཡིན་པའི་ཕྱིར་རོ། །བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །།འདས་པ་ཡང་མ་ལགས་ཞེས་བྱ་བ་ལ་སོགས་པ་ནི་འདུས་མ་
བྱས་པ་ཉིད་ཀྱིས་དུས་སུ་མ་གཏོགས་པའི་ཕྱིར་རོ། །འགྲོ་བ་དང་ཕྱིར་འོང་བ་ཡང་མ་མཆིས་པའི་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་གནས་པ་ལ་ཕྱིར་འོང་བ་མེད་པའི་ཕྱིར་རོ། །ལས་ཀྱི་མཐའ་མཇུག་གི་མཐར་ཕྱིན་པ་ནི་འཕགས་པའི་ལམ་བསྒོམས་པས་ཉོན་མོངས་པ་དང་ཉེ་
བའི་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་ཀྱི་མཐར་ཕྱིན་པའི་མཆོག་བརྙེས་པའི་ཕྱིར་ཏེ། ཚིགས་སུ་བཅད་པ་ལས། ཞི་བའི་གོ་འཕང་བླ་ན་མེད། །མཚན་མ་ཐམས་ཅད་ཟད་པར་འགྱུར། །རྣམ་བྱང་གོ་འཕང་མི་གཡོ་བ། །འདི་ནི་མཐར་ཐུག་མཆོག་ཡིན་ནོ། །ཞེས་བྱ་བའི་ཕྱིར་རོ། །མྱ་
ངན་ལས་འདས་པ་ནི་ཉོན་མོངས་པ་ཞི་བའི་ཕྱིར་རོ། །གལ་ཏེ་ཞུ་བ་འདིའི་སྐབས་སུ་ཅི་ཞིག་འབབ་ཅེ་ན། ལས་ཀྱི་མཐའི་མཇུག་གི་མཐར་ཐུག་པ་འདྲ་བས་ཚིག་ཟུར་གྱིས་ཞུས་པ་འདི་ཡིན་ནོ། །འདུལ་བ་ལས་ནི་ཞུ་བ་དང་ལན་འདི་ལྟ་བུ་དག་འབྱུང་སྟེ། སྤྲུལ་པ་ཟད་པའི་ཞུས་པ་དང་ལན་ལྟ་བུའོ། །

དེ་ལས་འདི་སྐད་དུ། གང་ཞིག་འགྲོ་བ་དག་ཏུ་མ་གཏོགས་པ་ལ་མྱ་ངན་ལས་འདས་པ་ལ་ཡང་མ་ལགས། བསྟན་པ་ལ་ཡང་མི་འཇུག་ལ་མྱ་ངན་ལས་འདས་པ་ཡང་མ་ལགས་པ་དེ་གང་ཞིག་ལགས། བཀའ་སྩལ་པ། སྤྲུལ་པ་པོ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འདི་ནི་ཁོ་ན་
ལས་མ་གོ་ནས་འཆད་པར་འགྱུར་རོ། །འགྲོ་བ་དང་ཕྱིར་འོང་བ་མཆིས་པ་ནི་ལེན་པ་དང་། མིར་སྐྱེ་བ་རྣམས་མེད་པའི་ཕྱིར་རོ། །ལས་ཀྱི་མཐའི་འཇུག་པའི་མཐར་ཕྱིན་པའི་སྤྱོད་པར་བྱེད་པའི་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །འདིས་ནི་ལེན་པ་དང་སྐྱེལ་བ་རྣམས་ཀྱང་བྱས་ལ་སྤྲད་
པར་ཡང་འགྱུར་ན། དགེ་འདུན་ལྷག་མར་འགྱུར་གྱི་གཞན་ནི་ཞེས་བྱ་བར་བསྟན་ཏོ། །སྨྱན་བྱེད་པ་ནི་ཕོ་ཉའི་ངོ་བོ་སྟེ། སྨྱན་ཕོ་ཉའི་ངོ་བོའམ། ལས་ཡིན་པའི་ཕྱིར་རོ། །བུད་མེད་ལ་སྐྱེས་པའི་ཚིག་ནི་བུད་མེད་ཀྱི་ཡུལ་ལ་སྐྱེས་པའི་ཚིག་གིས་སོ། །སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ནི་སྐྱེས་པའི་
ཡུལ་ལ་བུད་མེད་ཀྱི་ཚིག་གིས་སོ། །དེས་ན་སྐྱེས་པས་བཅོལ་བས་དགེ་སློང་བུད་མེད་ཀྱི་ཡུལ་ལ་ཕྲིན་རྩོམ་ན་ཞེས་བྱ་བའི་ཐ་ཚིག་གོ། །ཀྱང་རུང་ཞེས་བྱ་བའི་སྒྲ་གཉིས་སྨོས་པ་ནི་སོ་སོར་ལྟུང་བ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །ཇི་ལྟར་བུད་མེད་ལ་སྐྱེས་པའི་ཚིག་གིས་ཤེ་ན། ཆུང་མ་ཉིད་དམ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུང་མ་ཉིད་ནི་ངོ་མཐོན་གྱི་ཆུང་མ་ཉིད་དོ། །མཛའ་ན་མོ་ཉིད་ནི་འཁྱུད་པའི་བུད་མེད་དོ། །དེས་ན་སྐྱེས་པས་བུད་མེད་ལ་ཁྱོད་ཀྱིས་ང་ཁྱོར་ཟུང་ཞིག་ཅེའམ། ངའི་མཛའ་ན་མོ་གྱིས་ཤིག་ཅེས་སྤྲིང་བ་དེ་ལྟ་བུའི་ངོ་བོའི་ཕྲིན་ལེན་ན་ལྟུང་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་
ཚིག་གོ། །གཞན་དག་ན་རེ་མཛའ་ན་མོ་ཞེས་སྨོས་པ་ནི་སྐྱེས་པ་དང་བུད་མེད་གཉི་ག་ལ་ཡང་སྦྱར་བར་བྱ་སྟེ། དེས་ན་བུད་མེད་ལ་སྐྱེས་པའི་ཚིག་གིས་ནི་བུད་མེད་ཀྱི་ཡུལ་ལ་སྐྱེས་པའི་ཚིག་གིས་ང་ཁོ་ན་ཁྱོར་ཟུང་ཞེས་བྱ་བ་དང་། དེ་བཞིན་དུ་སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ནི་སྐྱེས་པའི་ཡུལ་ལ་བུད་མེད་
ཀྱི་ཚིག་གིས་ང་ཁྱོད་ཀྱི་མཛའ་ན་མོར་གྱིས་ཤིག་ཅེས་བྱ་བའི་དོན་འདིར་འགྱུར་རོ། །དེ་ལ་མཛའ་ན་ནི་འཁྱུད་དེ་འཁྲིག་པ་ལས་བྱུང་བ་ལྷག་མར་སྤྱོད་པའི་ཕྱིར་གྲགས་པར་ཟད་དོ། །དེའི་སྐད་ཅིག་ནི་བྱེད་པའི་སྐད་ཅིག་དེ་ཉིད་བསྡུས་པ་དེ་དུས་རེ་ཞིག་པ་ཞེས་བྱ་བའི་ཐ་ཚིག་གོ། །ཀྱང་ཞེས་བྱ་བའི་སྒྲ་

ནི་སྲིད་པ་སྟེ། དེས་ན་རེ་ཞིག་དུས་ཐུང་ངུ་ཞིག་བུད་མེད་ལ་སྐྱེས་པའི་ཚིག་གིས་སྨྱན་བྱས་ན་ཡང་ལྟུང་བ་འདིར་འགྱུར་ན་དུས་རིང་པོར་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །ཕྲིན་ནི་ཕྲིན་པའི་ལས་སོ། །སྐྱེལ་བ་ནི་ཕྲིན་སྐྱེལ་བའོ། །ཕྱིར་སྐྱེལ་བ་ནི་ཕྲིན་སླར་གོ་བར་བྱེད་པའོ། །ཉེས་པ་སྦོམ་པོ་
འགྱུར་རོ་ཞེས་བྱ་བ་ནི་འདི་ལ་གསུམ་པར་རང་བཞིན་དུ་གནས་པའི་ལེན་པ་དང་། སྐྱེལ་བ་དང་ཕྱིར་སྐྱེལ་བ་དག་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །གསུམ་ཆར་སྨྱོན་པའི་བྱེད་ན་ནི་སྦོམ་པོ་སྟེ། འདི་ལྟར་དྲན་པ་ཉམས་པའི་ཡུལ་ལ་ཞུགས་པའི་ཉམས་པ་ཤིན་ཏུ་ཚབས་ཆེ་བས་འགྱུར་གྱི། སྤྱིར་སྨྲས་པའི་
ཕྱིར་ཁྱད་པར་ལ་མི་བསྟེན་པར་བུད་མེད་ཉོས་ཤིག་ཅེས་སྨྲས་པ་ལ་ནི་མ་ཡིན་ནོ། །གཞན་དག་ན་རེ་འདི་ལ་བསམ་པ་ཉམས་པ་ཤིན་ཏུ་ཚབས་ཆེན་པོར་ནི་ཡན་ལག་ཉིད་མ་ཡིན་ཏེ། བསམ་པ་ཆུང་ངུས་དབྱེན་བྱེད་པ་ཡོངས་སུ་རྫོགས་ན་ཡང་དགེ་འདུན་ལྷག་མར་སློང་བའི་ཕྱིར་རོ། །དེ་ལྟ་བས་ན་
ཉེས་བྱས་སུ་གསུངས་པ་འདི་ནི་ཕྲད་པར་བྱ་བའི་ཆེད་དུ་མ་ཡིན་པར་བཤད་པར་བྱའོ། །དེའི་ཕྱིར་བུད་མེད་ཉོས་ཤིག་ཅེས་བྱ་བ་ལ་སོགས་པ་ལ་ཉེས་བྱས་སུ་གསུངས་པ་ནི་སྤྲད་པའི་བསམ་པ་མེད་ན་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་འདི་ལ་མ་གྲུབ་པ་བསྒྲུབ་པར་བྱ་བའི་དོན་ཉིད་ལ་སོགས་
པ་སྦྱོར་བའི་ཡན་ལག་ཐམས་ཅད་ཡོད་པར་སྤྲད་པར་བྱ་བའི་ཆེད་དུ་ཡིན་ན་སྦོམ་པོར་འགྱུར་དགོས་པས་ཇི་ལྟར་ཉེས་བྱས་ཞེས་བརྗོད། བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་བྱ་བ་ལ་སོགས་པ་ལ་ཉེས་པ་སྦོམ་པོར་གསུངས་པ་ནི་སྤྲད་པར་བྱ་བའི་ཆེད་དུ་མ་གྲུབ་པ་བསྒྲུབ་པའི་ཕྱིར་བུད་མེད་ཆེ་
གེ་མོ་ཞིག་ཉོས་ཤིག་ཅེས་བྱ་བ་ཕྲིན་སྐྱེལ་བའི་མཚན་ཉིད་སྤྲོད་པའི་ངོ་བོ་འདི་སྨྲས་པ། དེ་ཡིན་ནོ། །ཞུས་པ་ལ་ལ་ལས་འདི་སྐད་དུ། ཆུང་མ་འདི་ཉོས་ཤིག་ཅེས་མཆི་ན་ཅིར་འགྱུར་ལགས་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ངོ་། །འདི་ལ་ཡང་དོན་ནི་དེ་ཁོ་ནར་ཟད་ཀྱི་འོན་ཀྱང་ཚིག་ཙམ་ཐ་
དད་དེ་འདི་ལྟར་འདི་ལ་ཡང་སྤྲད་པར་བྱ་བའི་ཆེད་ཉིད་དང་མ་གྲུབ་པ་བསྒྲུབ་པའི་དོན་ཉིད་དང་། ཕྲིན་སྐྱེལ་བ་ལ་སོགས་པ་ཡོད་པས་སྦྱོར་བར་འགྱུར་བའི་ཕྱིར་ཉེས་པ་སྦོམ་པོར་གསུངས་པ་འདི་ཉིད་ཡིན་ནོ། །བསྙེན་པར་མ་རྫོགས་པར་སྨྱན་བགྱིད་པར་སྦྱོར་བ་བགྱིད་ལ་ཞེས་བྱ་བ་ལ་

སོགས་པ་ནི་འདིར་ཕོ་ཉ་ནི་རང་ཉིད་ཡིན་ནོ་ཞེས་འབྱུང་བའི་བསྙེན་པར་མ་རྫོགས་པའི་སྨྱན་བགྱིད་པར་སྦྱོར་བ་བགྱིས་ལ་ཞེས་བྱ་བ་ལ་སོགས་པས་བསྙེན་པར་རྫོགས་ཏེ་ཕྱིར་སྐྱེལ་བ་ཙམ་ལ་ཉེས་པ་སྦོམ་པོར་གསུངས་པ་འདི་ནི་ཕྱིར་སྐྱེལ་བ་ཙམ་ལ་ཡང་ཉེས་པ་སྦོམ་པོར་
འགྱུར་བ་ཁོ་ནའོ་ཞེས་བྱ་བ་འདིས་བསྟན་པ་ཡིན་ཏེ། འདི་དག་བྱེད་ན་ཐ་དད་པ་ཉིད་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། །སྤོ་བ་ནི་དགེ་འདུན་ལྷག་མ་བྱུང་བ་བཅབས་པའི་རྒྱུ་མཚན་གྱི་ཆད་པའི་ལས་བྱེད་པའི་ཕྱིར་རོ། །སྤོ་བ་བགྱིས་པ་ལ་ནི་སྤོ་
བ་སྤྱད་ནས་ད་རུང་འདི་ལ་མགུ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །མགུ་བར་བགྱིད་པ་སྤྱོད་པ་ནི་སྤོ་བ་སྤྱད་ནས་དགེ་འདུན་མགུ་བར་བྱ་བའི་ཕྱིར་ཞག་དྲུག་ཏུ་ཆད་པའི་ལས་སྤྱོད་པའི་ཕྱིར་རོ། །མགུ་བར་བགྱི་བ་སྤྱད་པ་ནི་ཞག་དྲུག་ཏུ་མགུ་བར་བྱ་བ་སྤྱད་ནས་ད་རུང་འདི་ལ་དབྱུང་བ་མ་བྱས་པའི་ཕྱིར་རོ། །
མགུ་བར་བྱ་བ་གསོལ་བ་ལས་ཞེས་བྱ་བ་ལ་སོགས་པ་ནི་བཅབས་པ་མེད་པའི་ཕྱིར་རོ། །བཅབས་པའི་ཉེས་པ་སྦོམ་པོ་གཞོམ་པའི་ཕྱིར་སྤོ་བ་བྱིན་ན་དེ་ལ་ཡང་བཅབས་པ་མེད་དོ། །དེས་ན་འདི་ལ་སྤོ་བ་མ་བསྟན་ཏོ། །མགུ་བར་བྱ་བ་ཕལ་ཆེར་སྤྱོད་པ་ནི་མགུ་བར་བྱ་བ་མང་དུ་སྤྱད་པའི་ཕྱིར་རོ། །ལྟུང་བ་
གཅིག་གིས་ནི་སྤོ་བ་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ཞག་གཅིག་བཅབས་པ་གང་ཡིན་པ་སྟེ། དགེ་འདུན་གྱིས་འདི་ལ་དེའི་ཞག་གཅིག་སྤོ་བ་སྦྱིན་པའི་ཕྱིར་རོ། །གཉིས་པས་ནི་སྤོ་བ་ཡིན་ནོ་ཞེས་བྱ་བ་ནི་འདིའི་ཞག་གཉིས་བཅབས་པ་གང་ཡིན་པ་སྟེ། དགེ་འདུན་གྱིས་འདི་ལ་དེའི་ཞག་གཉིས་སྤོ་བ་
སྦྱིན་པའི་ཕྱིར་རོ། །གསུམ་པས་མགུ་བར་བྱ་བ་སྤྱད་པ་ཡིན་ནོ་ཞེས་བྱ་བ་ནི་འདིས་མ་བཅབས་པ་གང་ཡིན་པ་སྟེ། དགེ་འདུན་གྱིས་འདི་ལ་མགུ་བར་བྱ་བ་ཁོ་ན་སྦྱིན་པའི་ཕྱིར་རོ། །བཞི་པས་ནི་མགུ་བར་བྱ་བ་སྤྱད་པ་ཡིན་ནོ་ཞེས་བྱ་བ་ནི་མགུ་བར་བྱ་བ་སྤྱད་པ་འདིས་ལྟུང་བའི་ཕྱིར་རོ། །དེའི་ཕྱིར་འོག་
མ་དག་ལ་ཡང་གང་རུང་བ་ཞིག་མ་ཚང་ན་ཡང་ཅི་རིགས་པ་ཉིད་དུ་སྦོམ་པོ་ཉིད་དུ་ཤེས་པར་བྱའོ། །རང་བཞིན་དུ་གནས་པ་ནི་དྲན་པ་མ་ཉམས་པ་སྟེ། སེམས་རྣམ་པར་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཇི་ལྟར་ན་སྨྱོན་པ་ལས་ཕྲིན་བླངས་ནས་རང་བཞིན་དུ་གནས་པ་ལ་ཕྱིར་སྐྱེལ་བར་རུང་ཞེ་ན།

སྨྱོན་པའི་གནས་སྐབས་པ་ལས་བླངས་ནས་ཡང་དེ་ཉིད་རང་བཞིན་དུ་གནས་པ་ལ་སྐྱེལ་བའི་ཕྱིར་ཉེས་པའི་སྐབས་མེད་དེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །དེ་ལ་ཚར་དང་པོ་ལ་ནི་ཐམས་ཅད་སྨྱོན་པ་ཁོ་ན་ཡིན་ནོ། །གཉིས་པ་ལ་ནི་དང་པོ་དང་བར་མ་དག་སྨྱོན་པ་ཡིན་ཐ་
མ་ནི་རང་བཞིན་དུ་གནས་པ་ཡིན་ནོ། །གསུམ་པ་ལ་ནི་དང་པོ་དང་ཐ་མ་དག་སྨྱོན་པ་ཡིན་ལ་བར་མ་རང་བཞིན་དུ་གནས་པ་ཡིན་ནོ། །བཞི་པ་ལ་ནི་དང་པོ་སྨྱོན་པ་ཡིན་ལ་བར་མ་དང་ཐ་མ་དག་རང་བཞིན་དུ་གནས་པ་ཡིན་ནོ། །ལྔ་པ་ལ་ནི་ཐམས་ཅད་རང་བཞིན་དུ་གནས་པ་ཁོ་ན་ཡིན་ནོ། །དྲུག་པ་ནི་དང་པོ་དང་
བར་མ་དག་རང་བཞིན་དུ་གནས་པ་ཡིན་ལ་ཐ་མ་སྨྱོན་པ་ཡིན་ནོ། །བདུན་པ་ལ་ནི་དང་པོ་དང་ཐ་མ་དག་རང་བཞིན་དུ་གནས་པ་ཡིན་ལ་བར་མ་སྨྱོན་པ་ཡིན་ནོ། །བརྒྱད་པ་ལ་ནི་དང་པོ་རང་བཞིན་དུ་གནས་པ་ཡིན། བར་མ་དང་ཐ་མ་དག་སྨྱོན་པ་དག་ཡིན་ནོ། །དབང་བ་ནི་ཁྱེའུ་ལ་འཇུག་པ་དང་། བཟློག་པ་དག་དང་།
བུ་མོ་ལ་སྦྱིན་པ་དང་། འཕྲོག་པ་དག་ཏུ་ནུས་པའི་དབང་པོ་སྟེ། མ་ལ་སོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །བཟློག་པ་ནི་མིའི་དབང་པོའོ། །དེ་ལ་ཚར་དང་པོ་ལ་ནི་ཐམས་ཅད་དབང་བ་ཁོ་ན་ཡིན་ནོ། །གཉིས་པ་ལ་ནི་དང་པོ་དང་བར་མ་དབང་བ་ཡིན་ལ་ཐ་མ་མི་དབང་བ་ཡིན་ནོ། །གསུམ་པ་ལ་ནི་དང་པོ་དང་
བར་མ་དག་ནི་མི་དབང་བ་ཡིན་ལ་ཐ་མ་དབང་བ་ཡིན་ནོ། །བཞི་པ་ལ་ནི་དང་པོ་དབང་བ་ཡིན་ལ། བར་མ་དང་ཐ་མ་དག་མི་དབང་བ་ཡིན་ནོ། །ལྔ་པ་ལ་ནི་ཐམས་ཅད་མི་དབང་བ་ཁོ་ན་ཡིན་ནོ། །དྲུག་པ་ལ་ནི་དང་པོ་དང་བར་མ་དག་མི་དབང་བ་ཡིན་ལ་ཐ་མ་དབང་བ་ཡིན་ནོ། །བདུན་པ་ལ་ནི་དང་པོ་དང་ཐ་
མ་དག་དབང་བ་ཡིན་ལ། བར་མ་མི་དབང་བ་ཡིན་ནོ། །བརྒྱད་པ་ལ་ནི་དང་པོ་མི་དབང་བ་ཡིན་ལ་བར་མ་དང་ཐ་མ་དག་དབང་བ་ཡིན་ནོ། །དེའི་ཕྱིར་ཕྲད་པར་བྱ་བ་ཁྱེའུ་དང་བུ་མོ་དག་གིས་དབང་པོ་ལ་སོགས་པ་ལས་ཕྲིན་ལེན་པར་བྱེད་ན་ཕྲད་པར་བྱ་བ་ཁོ་ན་ལས་དེ་བླངས་པ་དང་། བསྟན་པར་ཤེས་པར་བྱ་
སྟེ། ཕྲིན་པ་བྱེ་བྲག་མེད་པའི་ཕྱིར་རོ། །འདི་ལྟར་འདི་ནི་སྤྲད་པ་འབྲས་བུ་ཉིད་ཡིན་ལ་དེ་གང་ལས་འགྲུབ་པ་དེ་ནི་འདིར་ཡན་ལག་ཉིད་ཡིན་ན། དེ་ལ་ཡང་དབང་བ་ལས་འགྲུབ་པར་འགྱུར་རོ། །དབང་བ་ཉིད་ཀྱང་རེས་འགའ་ནི་སྤྲད་པར་བྱ་བའི་རྟེན་ཅན་ཡིན་ལ་རེས་འགའ་ནི་གཞན་གྱི་རྟེན་ཅན་

ཡིན་པས། དེའི་ཕྱིར་འདི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །འབྲེལ་ཀྱང་རུང་མ་འབྲེལ་ཀྱང་རུང་སྤྲད་པར་བྱ་བ་ལས་མི་དབང་བ་གང་ཡིན་པ་དེ་ལས་ཕྲིན་ལེན་པ་ལ་སོགས་པ་ལ་ནི་སྦྱོར་བར་གཏོགས་པའི་ཉེས་བྱས་སུ་འགྱུར་ཏེ། འདི་ལྟར་འདི་ལ་ནི་སྤྲད་པ་མེད་དེ།
མི་དབང་བས་དེ་འགྲུབ་པ་མེད་པའི་ཕྱིར་རོ། །སྤྲད་པར་བྱ་བ་ལས་ཕྲིན་ཡང་མ་བླངས་པ་གོ་བར་ཡང་མ་བྱས་པས་ཡན་ལག་ཏུ་མ་ཚང་བའི་ཕྱིར་སྦྱོར་བ་ལས་བྱུང་བའི་ཉེས་བྱས་ཁོ་ན་གསུངས་པ་བཟང་ངོ་། །བུད་མེད་ཉོས་ཤིག་ཅེས་སྨྲས་པ་ལས་ཉེས་བྱས་སུ་གསུངས་པ་འདི་ལ་ཁ་ཅིག་ནི་སྤྱིར་སྨྲས་པའི་
ཕྱིར་ཁྱད་པར་ལ་ནི་མི་བརྟེན་པས་འདིར་ཉམས་པའི་ཤིན་ཏུ་ཚབས་ཆེ་བ་ཉིད་མ་ཡིན་ཏེ། དེའི་ཕྱིར་ཉེས་བྱས་སུ་འདིར་གསུངས་ཏེ། འདི་ལྟར་འོག་ནས་བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་སྨྲས་ནས་སྦོམ་པོར་འཆད་པར་འགྱུར་བ་གང་ཡིན་པ་དེ་ལ་ནི་ཆེ་གེ་མོ་ཞིག་ཅེས་དེ་ལྟར་ཁྱད་པར་ལ་བརྟེན་པས་བསམ་པ་བྱས་
པའི་ཕྱིར་རོ། །འདི་ལྟར་གལ་ཏེ་འདི་མགུ་བར་བྱ་བའི་སྤྱོད་པ་མ་ཡིན་པ་ཞིག་ཏུ་གྱུར་ན། དེ་སྤྱོད་པ་བར་སྐབས་སུ་ལྟུང་བ་ཡོད་ལ། ལྟུང་བ་མཐུན་པར་ཡང་སྤྱོད་ན་གཞི་ནས་སྤོ་བ་ཁོ་ནར་གསུངས་པར་འགྱུར་ཏེ། འདི་དག་བྱེད་པ་ལས་དེ་དགེ་འདུན་ལྷག་མ་འབྱིན་པ་ནི་དེ་དག་ཉམས་པར་བྱས་པ་ཡིན་ནོ་ཞེས་
བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་ནི་མ་ཡིན་ལ་གཅིག་ནི་མི་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །འདིས་ནི་གཉི་ག་མ་ཡིན་ན་ལྟུང་བ་འདིར་འགྱུར་རོ་ཞེས་བསྟན་ཏོ། །དེའི་ཕྱིར་གང་ཡང་རུང་བ་ཞིག་མ་ཚང་ན་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །
གཞོན་ནུ་མ་ལ་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་ནི་གྲུབ་པ་ལ་རིག་པར་བྱའོ། །འདི་ལྟར་འདི་ནི་སྔར་ཕ་ལ་སོགས་པས་བདག་པོ་ལ་བྱིན་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་སྔར་བྱིན་པ་ལེན་པ་དང་། སྐྱེལ་བ་དང་། ཕྱིར་སྐྱེལ་བ་དག་བྱེད་ན་ལྟུང་བ་འདིར་འགྱུར་རོ། །གལ་ཏེ་ཁྱད་པར་འདི་ལ་མི་
བརྟེན་ན་དེའི་ཚེ་ཡན་ལག་ཐམས་ཅད་ཡོད་ན། ཇི་ལྟར་སྦོམ་པོར་བརྗོད་ན་འདི་ལྟར་ཡན་ལག་ཐམས་ཅད་ཡོད་ན་དགེ་འདུན་ལྷག་མར་བསྟན་པའི་ཕྱིར་རོ། །གཞན་དག་ན་རེ་ཉེས་པ་སྦོམ་པོར་འདིར་སྤྲད་པར་བྱ་བའི་ཆེད་དུ་མ་ཡིན་ཏེ། འདི་ལྟར་སྤྲད་པའི་ཆེད་དུ་ཡན་ལག་ཐམས་ཅད་ཡོད་ན་དགེ་འདུན་

ལྷག་མར་འགྱུར་དགོངས་ན། ཇི་ལྟར་སྦོམ་པོ་ཞེས་བྱ། དེའི་ཕྱིར་འདི་ནི་སྤྲད་པར་བྱ་བའི་ཆེད་མ་ཡིན་པར་ཤེས་པར་བྱའོ་ཞེས་ཟེར་རོ། །གཞན་དག་ན་རེ་འདི་ནི་གླེགས་བམ་ཐམས་ཅད་ལས་མི་འབྱུང་བས་ཚིག་འདི་འགའ་ཞིག་གིས་སྒྲོ་བཏགས་པ་ཡིན་ཏེ། བརྩད་དུ་ཡང་མེད་ལ་ལན་དུ་གདབ་ཀྱང་མི་དགོས་
སོ་ཞེས་ཟེར་རོ། །བུ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་ལ་བུ་མེད་པ་ནི་གང་དག་ལ་ད་རུང་དེ་དག་གི་ཆུང་མ་རྣམས་ཀྱི་ལྟོར་འགའ་ཡང་མ་ཆགས་པ་ཡིན་མོད་ཀྱི། འོན་ཀྱང་མ་འོངས་པ་ན་འབྱུང་བར་འགྱུར་བ་དེ་དག་གི་བདག་པོ་མ་ལ་སོགས་པ་ཁོ་ན་ལ་མ་སྐྱེས་པ་དང་། འབྲེལ་པའི་ཚུལ་གྱིས་སྨྱན་བྱེད་
པའི་ཕྱིར་རོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་འདུལ་བ་འཛིན་པ་ཁ་ཅིག་ན་རེ་ཐོབ་པ་གྲུབ་མོད་ཀྱི་སྦྲན་པ་གཞན་གྱི་དབང་གིས་ནམ་མཁའ་ལ་ཞགས་པ་འདེབས་པ་བཞིན་དུ་མ་གྲུབ་པ་ཉིད་དུ་སེམས་ལ་སྣང་སྟེ། ངེས་པར་སྐྱེ་བ་ན་ཡང་འདི་ལ་བུ་མོ་འདི་ཁྱོད་ཀྱིས་ང་ལ་བྱིན་ཟིན་གྱི། གཞན་ལ་མ་བྱིན་ཅིག་
ཅེས་སྦྲན་དགོས་པས་དེའི་ཕྱིར་འདི་ཤེས་པར་བྱའོ་ཞེས་ཟེར་རོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། འདི་ལྟར་ལྟུང་བ་བྱིན་པ་པོའི་ཡིད་ལ་མ་གྲུབ་པ་ཉིད་དུ་སྣང་བ་ནི་ཡན་ལག་གང་ཡང་མ་ཚང་བ་ཉིད་དུ་མ་བཤད་དོ། །འདི་ལྟར་འདི་ལ་ནི་གྲུབ་པའི་བློ་ཡང་ཡན་ལག་ཉིད་མ་ཡིན་ལ། ཡན་ལག་
མ་ཚང་བ་མེད་པར་ཡང་སྦོམ་པོར་མི་འཐད་དེ། ཡན་ལག་ཚང་ན་དངོས་གཞིར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་མངལ་ན་གནས་པ་ལ་ནི་སྦྲན་པ་ལ་གཞན་གྱི་དབང་ཉིད་ཀྱིས་དེ་ལས་སྦྱོར་བ་ལས་བྱུང་བའི་སྤྲད་པ་མེད་པའི་ཕྱིར་ངེས་པར་སྐྱེས་ནས་ཡང་དེ་ལ་འདི་ཁྱོད་ཀྱིས་ང་ལ་བྱིན་ཟིན་གྱི་གཞན་ལ་མ་
བྱིན་ཅིག་ཅེས་སྦྲན་དགོས་པས་སོ་ཞེས་བྱ་བ་དེ་ལྟར་བརྗོད་པར་བྱའོ། །དེ་ལྟར་བྱས་ན་འདི་ལ་དངོས་གཞི་མི་སློང་བའི་རྒྱུ་ནི་སྤྲད་པ་མེད་པ་ཡིན་ནོ་ཞེས་བྱ་བར་བཤད་པར་འགྱུར་རོ། །གང་གི་ཚེ་འབྲེལ་པའི་ཁྱད་པར་གྱི་དབང་གིས་སྔོན་གྱི་སྦྱོར་བ་དེ་ཁོ་ནས་ཕྲད་པར་འགྲུབ་ཀྱི་ཡང་སྦྲན་པ་ལ་ནི་མི་ལྟོས་པ་དེའི་ཚེ་ནི་
ཡན་ལག་རྣམས་ཚང་བའི་ཕྱིར་དངོས་གཞིར་འགྱུར་བ་ཁོ་ནའོ། །ཡན་ལག་ཚང་ཡང་སྦོམ་པོར་གསུངས་པའི་ཕྱིར་མཚན་ཉིད་དང་འགལ་བར་འགྱུར་དུ་འོང་བས་སྦོམ་པོར་གསུངས་པ་འདི་ནི་ཕལ་ཆེར་འཇིག་རྟེན་གྲགས་པའི་དབང་གིས་ཡང་སྦྲན་དགོས་པ་བཤད་པ་ཡིན་པར་བལྟ་བར་བྱ་སྟེ། མངལ་ན་

གནས་པ་རྣམས་ཀྱི་སྨྱན་བྱེད་པ་ལ་ཡང་ཚུལ་ནི་འདི་ཉིད་ཡིན་ནོ། །ཁ་ཅིག་གིས་ཞུས་པ་ལས་འདི་སྐད་དུ། གཅིག་གི་མངལ་ན་ནི་ཁྱེའུ་མཆིས་ལ་ཅིག་ཤོས་ལ་ནི་བུ་མོ་མཆིས་པ་དེ་གཉིས་སྨྱན་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་སྟེ། འདི་ལ་ཡང་དོན་ནི་
འདི་ཁོ་ནར་ཟད་དེ་འོན་ཀྱང་ཚིག་ཐ་དད་དོ། །ཟ་མ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཟ་མ་ནི་ཕོའི་དབང་པོ་མེད་པའི་ཕྱིར་རོ། །འདི་ནི་ལེན་པ་དང་། སྐྱེལ་བ་དང་། ཕྱིར་སྐྱེལ་བ་དག་བྱེད་ན་སྦོམ་པོར་ཤེས་པར་བྱའོ། །ཇི་ལྟར་ཟ་མ་ལ་སྤྲོད་པར་འགྱུར་བ་མི་སྲིད་པ་ཁོ་ན་སྟེ། དེའི་ཕྱིར་འདི་ཤེས་པར་བྱའོ། །མ་ནིང་མོ་ཞེས་
བྱ་བ་ལ་སོགས་པ་ལ། མ་ནིང་མོ་ནི་འདིར་མོའི་དབང་པོ་མེད་པའི་ཕྱིར་རོ། །འདི་ལ་ཡང་སྤྲོད་པར་འགྱུར་བ་མེད་པའི་ཕྱིར་ལེན་པ་ལ་སོགས་པ་གསུམ་པོ་འབའ་ཞིག་ལ་སྦོམ་པོར་ཤེས་པར་བྱའོ། །ཞུས་པ་ལ་ལ་ལས་ནི་མི་གཞན་རྣམ་པར་མ་ནིང་ལ་སྨྱན་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་
འགྱུར་རོ། །དེས་རྣམ་པར་མ་ནིང་ཞེས་བྱ་བ་འབྱུང་སྟེ། དེ་ལས་ནི་མཚན་གཉི་ག་མེད་པ་ལ་འདིར་རྣམ་པར་མ་ནིང་ཞེས་བྱ་སྟེ། འདི་ལ་ཡང་མ་ནིང་བཞིན་དུ་སྦོམ་པོ་ཁོ་ནར་ཤེས་པར་བྱའོ། །ཟ་མ་དང་མ་ནིང་མོ་དང་། རྣམ་པར་མ་ནིང་ལ་སོགས་པ་འདི་དག་ནི་དབང་དུ་མ་བྱས་པར་ཁ་དང་བཤང་བའི་
ལམ་དག་ལ་སྦོམ་པོ་འདི་གསུངས་ཏེ། འདི་དག་ལ་སྨྱན་བྱེད་ན་ནི་ཤིན་ཏུ་སྡིག་པའི་ཕྱིར་དང་། མ་གྲགས་པའི་ཕྱིར་དངོས་གཞི་ཁོ་ནར་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །ཚ་མོ་ནི་བུ་མོའི་བུ་མོའོ། །ཡང་ཚ་མོ་ནི་ཚ་མོའི་བུ་མོའོ། །གཞན་དག་ན་རེ་ཚ་མོའི་བུ་མོའི་བུ་མོའོ། །ཡང་ཚ་མོ་ནི་ཚ་མོའི་བུ་
མོའོ་ཞེས་ཟེར་རོ། །གལ་ཏེ་དགེ་འདུན་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པས་དགེ་འདུན་ལྷག་མར་གསུངས་པ་ནི་ཐམས་ཅད་ཀྱིས་རེ་རེ་ཞིང་སྦྱོར་བ་བྱས་པའི་ཕྱིར་ཏེ། འདི་ལྟར་ལྟུང་བ་འབྱིན་པ་མང་པོ་ལྷན་ཅིག་ཏུ་ལེན་པ་ལ་སོགས་པ་སྒྲུབ་པ་ཐམས་ཅད་ཀྱི་འབྲས་བུ་ཕྲད་པའི་མཚན་ཉིད་ཅེས་བྱ་བ་
ཁོ་ནར་འགྱུར་རོ། །འདི་ནི་འབྲས་བུ་གཅིག་པའི་ཕྱིར་འདི་ལ་ལྟུང་བ་འདི་དག་སོ་སོར་སློང་བ་མི་སྲིད་དོ་སྙམ་དུ་ཡིད་ལ་སེམས་པར་འགྱུར་བར་ཤེས་པར་བྱའོ། །འོན་ཏེ་དགེ་འདུན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཡང་དེ་དག་གི་ཚིག་གིས་གྲུབ་པའི་ཕྱིར། དགེ་འདུན་ལྷག་

མར་འགྱུར་བ་ཁོ་ན་སྟེ། དགེ་འདུན་གྱི་ཚིག་གིས་དེར་ཞུགས་པའི་ཕྱིར་རོ། །དགེ་སློང་མ་དང་ཞེས་བྱ་བ་ལ་སོགས་པ་ནི་ཚངས་པར་སྤྱོད་པ་རྣམས་ལ་སྤྲོད་པ་མེད་པ་ཁོ་ན་སྟེ། དེའི་ཕྱིར་ལེན་པ་ལ་སོགས་པ་གསུམ་སྒྲུབ་ན་སྦོམ་པོར་གསུངས་སོ། །བཙུན་པ་རེ་ཞིག་དགེ་སློང་ཞེས་བྱ་བ་ལ་
སོགས་པས་དགེ་འདུན་ལྷག་མར་གསུངས་པ་ནི་མཚན་གྱུར་ཀྱང་འབྲས་བུ་སྤྲད་པའི་མཚན་ཉིད་ཡོད་ན་ཁྱད་པར་མེད་པའི་ཕྱིར་དངོས་གཞིར་གསུངས་པར་ཤེས་པར་བྱ་སྟེ། མཚན་གྱུར་པའི་གསོད་པ་བཞིན་ནོ། །ཁ་ཅིག་ནི་འདི་ལ་ཉེས་པ་སྦོམ་པོར་འཆད་དེ། དེ་དག་གིས་བསམས་པ་ནི་མི་ཤེས་སོ། །
བརྡ་ནི་འཐམ་པ་སྟེ་མི་ཚངས་པར་སྤྱོད་པར་བྱ་བའི་ཕྱིར་སློང་བ་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་ཞེས་བྱ་བ་ནི་ཅི་ཞེས་བྱ་བའོ། །གཟིགས་སམ་ཞེས་བྱ་བ་ནི་མཐོང་བར་གྱུར་ཏམ་ཞེས་བྱ་བའི་ཐ་ཚིག་གོ། །ར་བའི་དྲུང་ནི་ར་བའི་བགབ་པོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་ཁ་ན་མ་ཐོ་བ་འདི་ནི་
གྲུབ་པ་ལས་ཕྲད་པར་བྱ་བའི་ཆེད་དུ་སྨྲ་བ་ཡིན་ནོ། །གཞན་དག་ན་རེ་གྲུབ་པ་ལས་ཞེས་བྱ་བ་ནི་མ་གྲུབ་པ་སྒྲུབ་པ་མེད་པའི་ཕྱིར། སྦྱོར་བར་གྱུར་པའི་སྨྲ་བ་ལ་སྦོམ་པོར་མི་འགྱུར་ཏེ། སྦྱོར་བར་གཏོགས་པའི་ཡན་ལག་གཅིག་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དགེ་སློང་གིས་ཕྲིན་བླངས་ནས་ལན་
མང་དུ་བཟློག་པ་ལ་ཕྱིས་ཕྱིར་སྐྱེལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་འདི་ལ་ཡན་ལག་ཐམས་ཅད་ཡོད་ཀྱང་མ་གྲུབ་པ་བསྒྲུབ་པ་མེད་པའི་ཕྱིར་དངོས་གཞི་ལ་སྦོམ་པོར་གསུངས་པ་གྲུབ་པ་སྒྲུབ་པ་མེད་པ་ནི་ན་སྨད་པར་བྱེད་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་སྨྲ་བ་
འདི་ལ་མ་གྲུབ་པ་ལ་སྦོམ་པོར་བརྗོད་པར་བྱའོ་ཞེས་ཟེར་རོ། །གལ་ཏེ་དེ་ལྟ་བས་ན་འོ་ན་སྐྱེས་པས་བུད་མེད་དང་ལྷན་ཅིག་བརྡ་བགྱིས་པར་གྱུར་ལ་ཞེས་གསུངས་པ་གང་ཡིན་པ་འདི་དང་འགལ་བར་འགྱུར་ཏེ། བརྡ་བྱས་པས་གྲུབ་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གྲུབ་པ་ཉིད་མེད་པར་ཡང་
བུད་མེད་དག་གིས་མཐོ་བཙམས་པ་ལ་སོགས་པའི་དོན་དུ་དེ་པ་བྱེད་པ་ཁོ་ནའོ། །དེའི་ཕྱིར་སྨྲ་བ་ནི་འདིར་སྐྱེལ་བ་ཉིད་ཡིན་པས་སྦྱོར་བ་ལས་བྱུང་བའི་ཡན་ལག་ཡོད་པའི་ཕྱིར་འདི་ཤེས་པར་བྱའོ། །འདི་ལ་ནི་དངོས་གཞི་ལ་ཡང་སྦོམ་པོ་ཁོ་ནར་ཤེས་པར་བྱ་སྟེ། ལེན་པ་དང་ཕྱིར་སྐྱེལ་བ་མེད་ན་

སྨྱན་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཞུས་པ་ལ་ལ་ལས་རྣམ་པ་གཞན་བུད་མེད་མཇལ་བའི་སྨྱན་བགྱིས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བདག་ཉིད་ཀྱིས་སྨྱན་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །འཐབ་
མོས་འཕྲོག་ཏུ་འཇུག་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་ཕྲིན་བླངས་ནས། ལན་གཉིས་བརྙོགས་པ་ལ་ཕྱིར་སྐྱེལ་ཞིང་ཕྱིས་སྐྱེལ་བར་བགྱིད་ན་ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་ཕྲིན་བླངས་ནས་ལན་གསུམ་བརྙོགས་པ་ལ་
ཕྱིས་སྐྱེལ་ཞིང་ཕྱིར་འགྱེལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་ཞིག་སྐྱེས་པས་བུད་མེད་དང་ལྷན་ཅིག་བརྡ་བགྱིས་པ་ལས་དེའི་དྲུང་དུ་དགེ་སློང་མཆིས་ནས་འདི་སྐད་ཅེས་འགའ་ཞིག་རྙེད་དམ་ཞེས་སྨྲས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །འདིར་
བསྡུ་བའི་ཚིགས་བཅད་པ་ནི། །ཉོས་དང་བདག་ཉིད་འཐབ་དང་བརྙོགས། །ཁྱོད་ཀྱིས་བུད་མེད་འགའ་རྙེད་པ། །ཞུས་པ་འགའ་ལས་སྨྱན་བྱེད་པ། །གཞུང་གཞན་འབྱུང་བར་བཤད་པ་ཡིན། །དེ་ལ་དོན་ནི་འདི་ཡིན་ཏེ། ཉོས་པ་ཞེས་བྱ་བ་ལ་སོགས་པ་ལ། ཉོས་པ་ནི་རྫས་ཀྱིས་ཉོས་པའོ། །
ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་འདི་ལ་ལེན་པ་ལ་སོགས་པའི་ཚིག་གསུམ་ཡོད་ལ། སྤྲད་པར་ཡང་གྱུར་ན་སྦོམ་པོ་ཡིན་ནོ། །འདི་ལྟར་འདི་ནི་འགྲུབ་པ་ཡིན་པས་སོ། །ཉོས་པའི་སྐྱེ་བོ་ནི་དེའི་དབང་དུ་གྱུར་པའི་ཕྱིར་ཐམས་ཅད་དུ་གྲུབ་པ་ཡིན་པས་དེའི་ཕྱིར་འདི་ཤེས་པར་བྱའོ། །བདག་
ཉིད་ཀྱིས་སྨྱན་བྱེད་པ་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་ནི་སྐྱེལ་བ་ཙམ་ཁོ་ནའི་ཕྱིར་ཏེ། འདི་ལ་ལེན་པ་དང་ཕྱིར་སྐྱེལ་བ་དག་ནི་མེད་པ་ཉིད་དོ། །འདི་ལྟར་བདག་ཉིད་ཕྲད་པར་བྱ་བ་ཡིན་པ་ནི་གཞན་གང་ལས་ཀྱང་ཕྲིན་བླང་བར་བྱ་བ་ཡང་མེད། གཞན་ལ་ཕྱིར་གོ་བར་བྱ་བ་ཡང་མེད་
ཀྱི། སྤྲད་པར་བྱ་བའི་ཟླ་བོ་ལ་བདག་ཉིད་ཀྱི་བསམ་པས་རབ་ཏུ་བསྟན་པའི་ཕྱིར་རང་གི་ཕྲིན་བསྐྱལ་བར་བྱ་བ་འབའ་ཞིག་ཏུ་ཟད་དོ། །འདི་ལ་ནི་ཕྲད་པ་ཡང་མེད་དེ། འདི་ལྟར་ཕྲད་ན་འདི་ལ་ཕམ་པར་འགྱུར་རོ། །ཕམ་པའི་དུས་ན་ཡང་སྨྱན་བྱེད་པའོ། །དགེ་འདུན་ལྷག་མའི་གོ་སྐབས་མེད་པས་

དེའི་ཕྱིར་འདི་གསུངས་སོ། །འཐབ་མོས་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་གསུངས་པ་འདི་ནི་སྨྱན་བྱེད་པ་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རོ། །དངོས་གཞི་ནི་མ་ཡིན་ཏེ། འདི་ལྟར་ཁྱོད་ཀྱིས་དེར་འཐབ་མོས་ཐུལ་ཁྱུག་ཕྱུང་ཤིག་དང་། བདག་གིས་དེ་འཕྲོག་གོ་ཞེས་བྱ་བ་དེ་ལྟ་བུའི་ཕྲིན་བླངས་ནས་
འཐབ་མོའི་ཐབས་ཀྱིས་འཕྲོག་ཏུ་འཇུག་པས་འདིར་ལེན་པ་ཙམ་ཞིག་སྨྱན་བྱེད་པར་འགྱུར་གྱི། གཞན་ནི་མ་ཡིན་པས་འདི་ཡོངས་སུ་མ་རྫོགས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་གཉིས་བརྙོགས་པ་ཞེས་བྱ་བ་ལ་ལན་ནི་རེས་སོ། །དེས་དེ་ཡང་ཡང་དུ་གོམས་པ་ནི་ལན་ལ་བརྙོགས་
པའོ། །བུད་མེད་གང་ལ་ལན་གཉིས་བརྙོགས་པ་སྟེ། རེས་གཉིས་ཕྲད་པར་གྱུར་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལན་མང་དུ་བརྙོགས་པ་ནི་གང་ལ་ལེན་མང་པོ་བརྙོགས་པར་གྱུར་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་འདིར་ལན་གཉིས་བརྙོགས་པའི་འོག་ཏུ་སྨྱན་བྱས་ན། དངོས་གཞིར་
བཤད་དེ་མ་གྲུབ་པ་ཡིན་པའི་ཕྱིར་རོ། །ལན་མང་དུ་བརྙོགས་པ་ལ་ནི་སྦོམ་པོར་བྱེད་པ་ཉིད་དུ་བཤད་དེ་གྲུབ་པ་ཡིན་པའི་ཕྱིར་རོ། །འདིས་ནི་མ་གྲུབ་པ་སྨྱན་བྱས་ན་དངོས་གཞིའོ། །གྲུབ་པ་ལ་ནི་སྦོམ་པོ་ཞེས་བསྟན་པ་ཡིན་ནོ། །འདི་ལྟར་ལན་གཉིས་བརྙོགས་པ་གང་ཡིན་པ་དེ་ལ་ནི། དེ་ཙམ་གྱིས་མ་
གྲུབ་པ་ཡིན་ཏེ། འདི་ལྟར་ཡང་མགུ་བ་ཙམ་གྱི་དབང་གིས་རིན་མེད་པར་ཡང་དེ་དང་ཕྲད་པའི་དོན་གྲུབ་པའི་འབྱུང་བ་ཡོད་པའི་ཕྱིར་རོ། །ལན་མང་དུ་བརྙོགས་པ་ལ་ནི་ཡང་དང་ཡང་དུ་གོམས་པའི་ཕྱིར་ངེས་པར་གྱུར་པའི་དངོས་པོ་གྲུབ་པ་ཡིན་པས་དེའི་ཕྱིར་འདི་ཤེས་པར་བྱའོ། །ལན་མང་དུ་བརྙོགས་པ་
ཞེས་འདིར་མང་པོའི་སྒྲ་ཕྱིར་གྲགས་པ་མ་ཡིན་ནམ། མང་པོ་ཉིད་ཀྱི་མཚམས་གང་ནས་ཤེས་པར་བྱ་ཞེ་ན། །སྨྲས་པ། གསུམ་པ་ལ་སོགས་པ་ལ་འདིར་ལན་མང་པོ་ཉིད་གསུངས་པར་ཤེས་པར་བྱའོ། །འདི་ལྟར་ལན་མང་དུ་བརྙོགས་པ་ཞེས་བྱ་བ་འདིར་ནི་ལན་གསུམ་པ་ལ་མང་པོ་ཉིད་དུ་གསུངས་
པ་ཉིད་ཡིན་ཏེ། དེ་ནི་ལན་གཉིས་པའི་མཇུག་ཐོགས་ཡིན་པའི་ཕྱིར་རོ། །ལན་གཉིས་བརྙོགས་པ་ལ་ཞེས་བྱ་བ་འདི་ལ་ཡང་། ཕྱིས་ཞེས་བྱ་བ་ནི་ལན་གསུམ་པ་ཁོ་ན་ཡིན་པར་གསུངས་པར་རྣམ་པར་གནས་ཏེ། དེ་ཁོ་ན་མཇུག་ཐོགས་ལ་གཉིས་ཀྱིས་ལན་གཉིས་པ་དང་ཉེ་བའི་ཕྱིར་རོ། །

འགའ་ཞིག་རྙེད་དམ་ཞེས་བྱ་བ་ལ་ཉེས་བྱས་སུ་གསུངས་པ་ནི་ཡན་ལག་དུ་མ་ཉིད་མ་ཚང་བའི་ཕྱིར་ཏེ། འདི་ལྟར་འགའ་ཞིག་རྙེད་དམ་ཞེས་བྱ་བའི་སྦྱོར་བ་འདིས་ནི་གཏོད་པ་ཡང་མ་ཡིན་ཏེ། མ་གྲུབ་པ་གྲུབ་པར་བསྒྲུབ་པའི་དོན་གྱི་སྤྲོད་པའི་ཆེད་སྟོན་པ་ཡང་མ་ཡིན་ལ། ལེན་པ་
དང་སྐྱེལ་བ་དང་ཕྱིར་སྐྱེལ་བ་རྣམས་ཀྱང་མེད་པས་དེའི་ཕྱིར་གསུངས་སོ། །ཞུས་པ་གཞན་ལས་འདི་སྦོམ་པོ་བྱེད་པ་ཉིད་དུ་བཤད་པ་མ་ཡིན་ནམ། འདི་ལྟར་བཙུན་པ་རེ་ཞིག་སྐྱེས་པས་བུད་མེད་དང་ལྷན་ཅིག་བརྡ་བགྱིས་པ་ལས་དེའི་དྲུང་དུ་དགེ་སློང་མཆིས་ནས་འདི་སྐད་ཅེས་འགའ་རྙེད་དམ་ཞེས་མཆིས་ན་
ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ན། དེ་ལ་སྦོམ་པོ་འདི་གང་ཞིག་གིས་བསླང་བར་ཤེས་པར་བྱ་ཞེ་ན། འདུལ་བ་འཛིན་པ་རྣམས་ན་རེ་འདི་ནི་ཉེས་བྱས་ལས་ནོར་བ་ཡིན་པར་རིག་པར་བྱའོ། །ཡན་ལག་གཅིག་མ་ཚང་ན་སྦོམ་པོར་བརྗོད་ན། འདི་ལ་ནི་ཡན་ལག་དུ་མ་མ་ཚང་
ངོ་། །ཡན་ལག་དུ་མ་མ་ཚང་ན་ཡང་ཉེས་བྱས་སུ་བཤད་པའི་ཕྱིར་ཏེ། འདི་ལྟར་འགའ་རྙེད་དམ་ཞེས་སྨྲས་པ་ནི་འདི་འདྲ་བའི་ངོ་བོ་ཡིན་པས་འདི་མ་གྲུབ་པར་བསྒྲུབ་པའི་དོན་ཉིད་ཀྱང་མེད་ལ། སྤྲད་པར་བྱ་བ་ཆེད་གཉིས་ཀྱང་མེད། ལེན་པ་ལ་སོགས་པ་ཡང་མེད་པས་སྦོམ་པོའི་གོ་སྐབས་ལྟ་ཡོད་རེ་
སྐན་ཞེས་ཟེར་རོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །།བདག་ནི་བདག་ཉིད་དེ་བདག་ཅེས་སྨོས་པས་ནི་དེ་ལ་སྦྱར་བ་གཞན་གྱིས་བླངས་ན་ཡང་རང་གིས་བླངས་པ་ཉིད་ཡིན་ནོ། །བསླངས་པ་ནི་བསླངས་པའི་གཞིས་བྱ་བར་འདོད་པ་སྟེ། མ་བསླངས་པ་ལ་ནི་ན་སྨད་
པ་ཡོད་པའི་ཕྱིར་རོ། །བདག་པོ་མེད་པ་ནི་གང་གི་བདག་པོ་མི་སྣང་བའོ། །གཞན་དག་ན་རེ་བདག་པོ་མེད་པ་ནི་བདག་པོ་གཞན་མེད་པའོ་ཞེས་ཟེར་རོ། །བདག་གི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཆེད་དུ་རྩིག་ཏུ་བཅུག་པ་ཡིན་གྱི་གཉིས་དང་གསུམ་དང་བཞི་ལ་སོགས་པའི་ཕྱིར་ནི་མ་ཡིན་ཏེ། གཉིས་
ཀྱི་སྤྱི་ལ་ནི་སྦོམ་པོར་གསུངས་པའི་ཕྱིར་ལ། དགེ་འདུན་གྱི་ཆེད་ལ་ཡང་གཙུག་ལག་ཁང་གི་དགེ་འདུན་ལྷག་མར་གསུངས་པའི་ཕྱིར་རོ། །བདག་ཅེས་སྨོས་པ་ནི་དཔེ་སྟེ། སྤྱིར་བསྟན་པའི་ཕྱིར་དགེ་སློང་ངམ་ཁྱིམ་པ་མིའི་འགྲོ་བ་གང་ཡང་རུང་གཞན་གཅིག་ཅིག་གི་དོན་དུ་ཁང་པ་རྩིག་ན་ཡང་

ལྟུང་བ་འདི་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །རྩིག་ཏུ་འཇུག་པ་ནི་གཞན་འབའ་ཞིག་ཏུ་མ་ཟད་ཀྱི་བདག་ཉིད་ཀྱིས་བྱས་ན་ལྕི་བའི་ཕྱིར་རང་གིས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །ཚད་བཞིན་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚད་དང་ལྡན་པའོ། །ཚད་གང་ཞེ་ན། དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐར་ན་ཞེས་བྱ་བ་ནི་ཐ་མར་ནའོ། །གཞན་དག་ནི་ནང་གི་ཞེས་འདོན་ཏེ། དེ་ལ་དོན་ནི་འདི་ཡིན་ཏེ། ཁང་པའི་ནང་རྒྱའི་ཚད་འདི་ཡིན་གྱི། ཕྱི་རོལ་གྱི་ནི་མ་ཡིན་ནོ། །སྲིད་དུ་ཞེས་བྱ་བ་ནི་ཆུར་རོ། །བདེ་བར་གཤེགས་པའི་མཐོ་བཅུ་གཉིས་ཞེས་བྱ་བ་ལ། བདེ་བར་
གཤེགས་པ་ནི་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ནས་རྗེས་སུ་གཤེགས་པའི་ཕྱིར་རོ། །མཐོ་ནི་མཐེའུ་ཆུང་གིའོ། །དེས་ན་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུའི་ཡན་ལག་ནི་སྐྱེས་བུ་གསུམ་གྱི་ཚད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་མཐོ་བཅུ་གཉིས་པོ་གང་དག་ཡིན་
པ་དེ་དག་ནི་སྐྱེས་བུ་ཚད་དང་ལྡན་པའི་མཐོ་སུམ་ཅུ་རྩ་དྲུག་ཡིན་ལ་དེ་དག་ཀྱང་མི་ཕལ་པའི་ཁྲུ་བཅོ་བརྒྱད་དུ་འགྱུར་རོ། །ཞེང་དུ་མཐོ་བདུན་ཞེས་བྱ་བ་ནི་ཞེང་དུ་མི་ཕལ་པའི་ཁྲུ་ཕྱེད་དང་བཅུ་གཅིག་གོ། །བདེ་བར་གཤེགས་པའི་ཚད་ལ་བསྟན་པ་འདི་ནི་སོར་ཉི་ཤུ་རྩ་བཞིའི་ཚད་ཀྱི་ཁྲུ་རྟོགས་པར་བྱ་བའི་
ཕྱིར་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་ཡང་རང་རང་གི་ཁྲུས་ནི་ངེས་པ་མེད་པར་ཡང་ཐལ་བར་འགྱུར་རོ། །དེ་བཞིན་དུ་དེ་དང་འདྲ་བར་བསྟན་པའི་འོག་མ་དག་ལ་ཡང་རྟོགས་པར་བྱའོ། །ཁང་པ་ཚད་དང་ལྡན་པ་ཡང་བབ་བབ་ཏུ་མི་བྱའི། འོག་ཀྱང་དགེ་འདུན་ལས་གནང་
བ་གསོལ་བར་བྱའོ། །དགེ་འདུན་གྱིས་ཀྱང་བབ་ཅོལ་དུ་གནང་བ་མི་སྦྱིན་གྱི། འོན་ཀྱང་གནས་དེ་རང་གི་མིག་གིས་བལྟས་ནས་སྐྱོན་མེད་ན་སྣང་བ་སྦྱིན་པར་བྱའོ། །དེའི་ཕྱིར་གཞི་བླངས་པའི་ཕྱིར་དགེ་སློང་དེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞི་བལྟ་བར་བྱ་བ་ནི་ས་བརྟག་པར་
བྱའོ། །གཞི་ཇི་ལྟ་བུ་ཞིག་བལྟ་བར་བྱ་ཞེ་ན། རུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རུང་བ་ནི་སྐྱེ་བོ་ཕྲ་མོ་མི་གནས་པའོ། །རྩོད་པ་མེད་པ་ནི་འཇིག་རྟེན་གྱི་གནས་ཀྱི་ཤིང་དང་། རྒྱལ་པོའི་ཕོ་བྲང་དང་། མུ་སྟེགས་ཅན་གྱི་གནས་དང་། འཐབ་པ་དང་། རྩོད་པའི་སྐྱོན་དང་བྲལ་

བའོ། །བརྩམ་དུ་རུང་བ་ནི་ཉེ་འཁོར་འདོམ་གང་ཙམ་གྱི་ཚད་ཆུ་ལ་སོགས་པས་ནོན་པ་མེད་པའི་ཕྱིར་རོ། །མི་རུང་བ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་བཟློག་པ་ནི་མི་རུང་བ་ཉིད་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །ཚད་ལས་འདས་ན་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་
ཚད་ལས་འདས་པའོ། །མ་གནང་བར་ཞེས་བྱ་བ་ནི་དགེ་འདུན་ལས་གནང་བ་མ་ཐོབ་པས་སོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་མི་རུང་བ་ཉིད་ལ་སོགས་པའི་ཡན་ལག་གང་ཡང་རུང་བ་ཞིག་ནི་ཡོད་ལ། ཡན་ལག་ལྷག་མ་ནི་མེད་ན་སྦོམ་པོར་གསུངས་པ་ཡིན་ཏེ། དེ་སྐད་དུ་ཡང་
བཅོམ་ལྡན་འདས་ཀྱིས། དགེ་སློང་ཁོང་པ་རྩིག་ཏུ་འཇུག་པ་མི་རུང་བར་རྩིག་ཏུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྩོད་པ་དང་བཅས་པར་རྩིག་ཏུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །བརྩམ་དུ་མི་རུང་བར་རྩིག་ཏུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །མ་གནང་བར་རྩིག་ཏུ་འཇུག་ན་ཉེས་
པ་སྦོམ་པོར་འགྱུར་རོ། །ཚད་ལས་འདས་པ་རྩིག་ཏུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐམས་ཅད་ལས་འདས་པ་རྩིག་ཏུ་འཇུག་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ཏེ་འདིས་ནི་འདི་ལྟ་སྟེ། མི་རུང་བ་ཉིད་ལ་སོགས་པ་ནི་ཡན་ལག་ཉིད་ཡིན་པས་ཡན་ལག་གཅིག་ཡོད་པ་
ཙམ་གྱིས་ཀྱང་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་དོན་རབ་ཏུ་བསྟན་པའི་ཕྱིར་རོ། །གཞི་བསླངས་ནས་ཞེས་བྱ་བ་ལ་སོགས་པ་འདི་གཉིས་ལ་ནི་དོན་དུ་མི་གཉེར་བའི་བསམ་པས་འདི་རྣམ་པར་གཞག་གི །བར་ཆད་ཀྱི་དབང་གིས་ནི་མ་ཡིན་ནོ། །བདག་གིས་བསམས་ཏེ་ཞེས་བྱ་བ་ལ་སོགས་པ་
ནི་བརྩམས་པ་མ་རྫོགས་ན་བྱས་པ་ཡོངས་སུ་རྫོགས་པ་མ་ཡིན་པས་དེའི་ཕྱིར་འདི་ཤེས་པར་བྱའོ། །གཞན་གྱིས་འཕྲོ་བོར་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་འཕྲོ་ཟིན་པ་མེད་པ་ནི་བྱས་པ་ཡོངས་སུ་རྫོགས་པ་མ་ཡིན་པས་དེའི་ཕྱིར་འདི་ཡིན་ནོ། །མ་གཡོགས་པ་ཞེས་བྱ་བ་ལ་སོགས་པ་
ནི་ཁང་པ་མ་གཡོགས་པ་ཞིག་རྩིག་ཏུ་འཇུག་གོ་སྙམ་པའི་བསམ་པ་འདིས་ཁང་པ་ཟིན་པར་བྱེད་ན་ཁ་ན་མ་ཐོ་བ་འདི་ཡིན་ཏེ། སྔོན་རོལ་དུ་ཉེས་བྱས་ཏེ་སྦྱོར་བ་ལ་ནི་ཐམས་ཅད་དུ་ཉེས་བྱས་སོ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །བརྩམས་ནས་ཞེས་བྱ་བ་ལ་སོགས་པ་ལ་བབས་པ་ནི་རབ་ཏུ་འབྱུང་

བ་ལས་བབས་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ཁ་ན་མ་ཐོ་བ་འདི་ནི་ཁང་པ་རྩོམ་པ་སྦྱོར་བ་ལས་བྱུང་བ་ཡིན་ནོ། །འདིར་ཉེས་པ་སྦོམ་པོར་སྟོན་པའི་ཚིག་འདི་དག་ནི་ཟིན་ན་དངོས་གཞིར་འགྱུར་བ་སྟེ། ཚད་ལས་འདས་པ་ཉིད་དང་མི་རུང་བ་ཉིད་ལ་སོགས་པ་ཡན་ལག་ལྷག་མ་རྣམས་
འདས་པ་དང་། བསླངས་པ་ཉིད་གང་ཡིན་པ་དེའི་སྦྱོར་བ་ལ་རྟོགས་པར་བྱ་བའི་མི་རུང་བ་ཉིད་ལ་སོགས་པ་ཡན་ལག་འགའ་ཞིག་མེད་པའི་ཕྱིར་ཟིན་ན་སྦོམ་པོར་འགྱུར་བ་གང་ཡིན་པ་དེ་ལ་ནི་སྦོམ་པོ་ཉིད་དུ་རུང་བ་མ་ཡིན་ཏེ། འདི་ལྟར་སྤྱོད་པའི་སྦྱོར་བ་ཉིད་ལ་ནི་ཉེས་བྱས་སུ་བསྟན་པའི་ཕྱིར་རོ། །
དབྱར་གྱི་འཚེ་བ་ཁས་འཆེ་བ་སྟེ། ཁས་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སྦྱོང་གི་ཆེད་ཉིད་ནི་དགེ་ཚུལ་ཉིད་དེ། བསླབ་པའི་གཞིའི་ཕྱོགས་གཅིག་སྲུང་བས་སྡིག་པ་ཐམས་ཅད་སྤང་བའི་མཚན་ཉིད་དགེ་སློང་གི་དངོས་པོའི་རྒྱུ་མཚན་དུ་གྱུར་པའི་ཕྱིར་རོ། །འདིར་ཉིད་ཅེས་བྱ་བའི་སྒྲ་
སྨོས་པ་ནི་རྫས་ལས་གཞན་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་འོག་མ་དག་ལ་ཡང་དཔག་པར་བྱའོ། །མ་གསོད་པ་ནི་མིའི་འགྲོ་བར་སྐྱེས་པའི་མ་གསོད་པའི་ཕྱིར་ཏེ། ཕ་གསོད་པ་ཡང་དེ་དང་འདྲའོ། །དགེ་འདུན་གྱི་དབྱེན་བྱེད་པ་ནི་སྟོན་པ་དང་ལམ་གཞན་ལ་དགའ་བ་བསྐྱེད་པས་
དགེ་སློང་བརྒྱད་གཉིས་སུ་འབྱེད་པའི་ཕྱིར་རོ། །ངན་སེམས་ཀྱིས་ཁྲག་འབྱིན་པའི་ཞེས་བྱ་བ་ལ་ངན་སེམས་ནི་གྲོངས་པའི་ཆེད་ཀྱི་སེམས་དེ། དེས་ཁྲག་འབྱིན་པའི་ཕྱིར་རོ། །མུ་སྟེགས་ཅན་ནི་ལྟ་བ་གཞན་ཅན་ནོ། །མུ་སྟེགས་ཅན་ཞུགས་པ་ནི་མུ་སྟེགས་པའི་ལྟ་བ་ཅན་བསྟན་པ་འདི་ལ་
ཞུགས་ཏེ། དགེ་འདུན་དང་ལྷན་ཅིག་གསོལ་བ་ལ་སོགས་པའི་ལས་ལན་གཉིས་ཉམས་སུ་མྱོང་བ་གང་ཡིན་པའོ། །ཡང་ན་དགེ་སློང་གི་རྟགས་བོར་ནས་མུ་སྟེགས་ཅན་གྱི་རྟགས་ལེན་ཅིང་མུ་སྟེགས་ཅན་གྱི་གནས་སུ་མུ་སྟེགས་ཅན་གྱི་ལྟ་བས་གཞན་འདའ་བར་བྱེད་པ་སྟེ། མུ་སྟེགས་
ཅན་ཁོ་ན་དགེ་སློང་གི་ནང་དུ་ཞུགས་པ་ཡིན་ན་མུ་སྟེགས་ཅན་ཞུགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་དུ་གནས་པ་ནི་སྤྲད་པའོ། །ཁས་བླངས་པ་ནི་འདིར་ལྷ་སྦྱིན་བཞིན་དུ་ཆོས་མ་ཡིན་པའི་གཞུང་ལུགས་ལ་འཆེལ་བས་ཕྱོགས་གཞན་ལ་བརྟེན་པའི་ཕྱིར་ཏེ། ཕྱོགས་གཞན་དུ་སོང་བ་ཞེས་

བྱ་བའི་ཐ་ཚིག་གོ། །ཁ་ཅིག་ན་རེ་ལས་ཀྱི་དབྱེན་གྱི་ཆེད་དུ་ཆོས་མ་ཡིན་པའི་གཞུང་ལུགས་ཁས་བླངས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ལྟ་བ་གཞན་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཇི་ལྟར་ཁྱིམ་པ་ལ་སྡོམ་པ་མེད་པ་དེ་བཞིན་དུ་བདག་ལ་ཡང་སྡོམ་པ་མེད་པར་ཁོང་དུ་ཆུད་པར་
གྱིས་ཤིག་ཅེས་བྱ་བ་དེ་ལྟར་ཁས་ལེན་པའི་ཕྱིར་དང་། ཇི་ལྟར་དགེ་སྦྱོང་ལ་ལས་དག་ལ་འཇུག་པ་མེད་པ་དེ་བཞིན་དུ་བདག་ལ་ཡང་མེད་དོ་ཞེས་བྱ་བ་དེ་ལྟར་ཁས་ལེན་པའི་ཕྱིར་དང་། ཇི་ལྟར་ཟ་མ་ལ་སོགས་པ་དང་པོ་མི་མཐུན་པ་ལ་ཐུག་པའི་བར་སྡོམ་པའི་ཞིང་མ་ཡིན་པ་ལྟར་བདག་ཀྱང་དེ་དང་འདྲའོ་
ཞེས་དེ་ལྟར་ཁས་ལེན་པའི་ཕྱིར་དང་། ཇི་ལྟར་ཐ་དད་དུ་གནས་པ་བཞིན་དུ་རབ་ཏུ་བྱུང་བ་ཐམས་ཅད་ལས་གར་བར་གྱུར་པ་དེ་བཞིན་དུ་བདག་ཀྱང་གར་བར་གྱུར་པ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་དེ་ལྟར་ཁས་ལེན་པའི་ཕྱིར་རོ། །ཁས་ལེན་པ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །ཇི་ལྟར་བསླབ་པ་
བྱིན་པ་བསྙེན་པར་རྫོགས་པ་ཉམས་ཤིང་ཉེ་བར་ཉམས་པ་ལྟར་བདག་ཀྱང་དེ་དང་འདྲ་བར་ཤེས་པར་གྱིས་ཤིག་ཅེས་དེ་ལྟར་ཁས་ལེན་པའི་ཕྱིར་རོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་གྱིས་ལ་ཞེས་བྱ་བ་ལ་སོགས་པའི་བདུན་ཚན་ནི་མངགས་པ་ནི་བདག་ཉིད་ཡིན་ནོ་ཞེས་འབྱུང་བའི་ཕྱིར་སྦྱོར་བའི་དབང་
གིས་ཀྱང་ལྟུང་བར་འགྱུར་བ་ཁོ་ནའོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །བཙུན་པ་རེ་ཞིག་དགེ་སློང་ཞེས་བྱ་བ་ལ་སོགས་པ་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་དགེ་སློང་མ་རྣམས་ལ་ཁང་པའི་དགེ་འདུན་ལྷག་མ་མེད་པའི་ཕྱིར་ཏེ། འདི་ལྟར་བུད་མེད་རྣམས་ལ་ནི་ཁང་པར་གཏོགས་པའི་སྤྱོད་པ་
ཡང་མཚར་ཅིག་མི་སྲིད་ལ། བུད་མེད་རྣམས་ནི་ཁྱིམ་བྱེད་པའི་སྲེད་པའི་ཞིང་ཉིད་ཀྱང་ཆེན་པོ་མེད་དེ། འདི་ལྟར་རང་དབང་གི་བློ་ཀུན་དུ་མི་འབྱུང་བའི་ཕྱིར་དང་། ཁྱིམ་བྱེད་པའི་འདོད་པ་ལ་ཡང་རང་དབང་ཅན་ལ་ཀུན་དུ་འབྱུང་བའི་ཕྱིར་རོ། །ཁ་ཅིག་ལ་སྣང་བ་གང་ཡིན་པ་དེ་ནི་རེས་འགའ་ཡིན་པས་
མི་བསམ་མོ། །དེའི་ཕྱིར་འདི་དག་གི་ནི་མ་བརྟགས་པའི་ཕྱོགས་ལ་བརྟེན་པའི་ཕྱིར་ཉེས་བྱས་སུ་ཤེས་པར་བྱའོ། །དགེ་སློང་མ་མཚན་གྱུར་ན་སྦོམ་པོར་གསུངས་པ་ནི་འཕྲོ་ཟིན་པར་བྱེད་པའི་ཕྱིར་ཏེ། གལ་ཏེ་འདི་འཕྲོ་ལུས་པ་མ་ཡིན་ན་ནི་དེའི་ཚེ་དགེ་འདུན་ལྷག་མ་ཁོ་ནར་འགྱུར་རོ་ཞེས་བྱ་བ་

དེ་ལྟར་ཤེས་པར་བྱའོ། །དགེ་སློང་གང་ཞིག་གིས་རྩིག་ཏུ་སྩལ་ན་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་བཤད་མ་ཐག་པའི་གཏན་ཚིགས་ཁོ་ནའི་ཕྱིར་རོ། །ཁ་ཅིག་ནི་ཞུས་པ་ལ་ལ་ལས་འབྱུང་བའི་རྣམ་པ་གཞན། ཇི་ཙམ་གྱིས་ན་རང་གིས་བླངས་པའི་ཁང་པ་ཞེས་བརྗོད་པར་བགྱི། གང་ན་
བྱེད་པ་དང་གཞི་དང་གཉིས་ཡོངས་སུ་གྲུབ་པར་གྱུར་ནའོ། །གཉིས་ཀྱི་སྤྱི་ལ་ཁང་པ་རྩིག་ཏུ་གཞུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །མ་བྱིན་པ་རྩིག་ཏུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །གང་ཟག་གི་གཞིར་རྩིག་ཏུ་འགྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ། །འཕྲོ་ཟིན་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་
རོ་ཞེས་བྱ་བ་དེ་དག་འདོན་ཏེ། རྫས་དང་གཉིས་ཀྱི་སྤྱི་དང་ནི། །དེ་བཞིན་མ་སྦྱིན་རང་གི་འཕྲོར། །ཞུས་པའི་གཞུང་ནི་ལ་ལ་ལས། །ཁང་པའི་བསྡུས་པ་འདི་བཤད་དོ། །དེ་ལ་དོན་ནི་འདི་ཡིན་ཏེ་བྱེད་པ་ནི་ལས་བྱེད་པའི་སྐྱེ་བོ་རྣམས་དང་། ཁང་པ་ལ་དགོས་པའི་ཤིང་དང་། སོ་ཕག་ལ་སོགས་
པའི་རྫས་རྣམས་དང་གཉི་གའི་གླ་རྔན་ནོ། །གཉིས་ཀྱི་སྤྱི་ལ་ཞེས་བྱ་བ་ལ་ནི་གཉི་གའི་ཆེད་དུ་བྱེད་པའི་ཕྱིར་རོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་མི་རུང་བ་ཉིད་ལ་སོགས་པའི་ཡན་ལག་ཐམས་ཅད་ཀྱང་འདས་པ་དུ་མའི་དོན་དུ་ཁང་པ་བརྩིགས་ན་ཁ་ན་མ་ཐོ་བ་འདི་ཡིན་ནོ། །འདི་
ལྟར་མང་པོའི་དོན་གྱི་ཁང་པ་ཡིན་ན་རེ་ཞིག་འདི་ལ་ཡང་ཉེས་པ་མེད་པ་ཉིད་དུ་བརྗོད་པར་མི་ནུས་ཏེ་གང་གི་ཕྱིར་དགེ་འདུན་གྱི་དོན་ཉིད་དུ་གཙུག་ལག་ཁང་བྱེད་པ་ལ་གཙུག་ལག་ཁང་གི་དགེ་འདུན་ལྷག་མར་གསུངས་པའི་ཕྱིར་རོ། །དངོས་གཞི་ཡང་མ་ཡིན་ཏེ། དུ་མའི་ཐུན་མོང་ཉིད་ཀྱིས་འདི་ལ་
འདོད་པའི་རྣམ་པ་ཤིན་ཏུ་ཆུང་ངུར་རྣམ་པར་གནས་པའི་ཕྱིར་རོ། །ཉེས་བྱས་ཀྱང་མ་ཡིན་ཏེ། ལྟུང་བ་མེད་པའི་མི་རུང་བ་ཉིད་ལ་སོགས་པ་ཡན་ལག་ཐམས་ཅད་ཀྱང་འདས་ལ་སྤྱོད་ལམ་བཞི་ཤོང་བ་ཡང་ཡོད་པའི་ཕྱིར་རོ། །མ་བྱིན་པ་ནི་མ་བྱིན་པའི་ཁང་པ་རྩིག་ཏུ་འཇུག་ན་ཞེས་དེ་སྐད་དུ་གཉིས་པར་
བསྟན་པའི་ཕྱིར་ས་དང་ཤིང་དང་། སོ་ཕག་ལ་སོགས་པའི་ངོ་བོའི་ཁང་པ་ཐམས་ཅད་ཁྱད་པར་དུ་བྱེད་པ་ཡིན་གྱི། ས་ཙམ་གྱི་མ་ཡིན་ནོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་བསླངས་པ་ཉིད་ཀྱི་ཡན་ལག་གཅིག་མེད་པའི་ཕྱིར་ཏེ། འདི་ལྟར་བདག་པོས་བྱིན་པའི་དངོས་པོ་ནི་བྱིན་པ་ཡིན་

ན་འདི་ནི་མ་ཡིན་པས་དེའི་ཕྱིར་འདི་ཤེས་པར་བྱའོ། །དེ་ལྟ་བས་གནང་བ་ལ་ནི་ཡན་ལག་ཐམས་ཅད་ཚང་ན། དངོས་གཞིར་འགྱུར་ལ། མ་གནང་བ་ལ་ནི་སྦོམ་པོའོ། །གལ་ཏེ་ས་གཞི་མ་བྱིན་པ་དངོས་པོ་ཚང་ན་ཕམ་པར་འགྱུར་བ་མ་ཡིན་ནམ། །དེ་ཇི་ལྟར་སྦོམ་པོ་ཞེས་བྱ་ཞེ་ན། འདི་ལ་
ཕམ་པའི་ལྟུང་བའི་གོ་སྐབས་ནི་མེད་པ་ཁོ་ན་སྟེ། འདི་ལྟར་གཞི་དེ་གང་ཟག་གང་གི་ཡིན་པ་དེའི་ཆེད་དུ་ཁང་པ་རྩིག་ན་སྐུས་པ་མེད་པའི་ཕྱིར་ཕམ་པར་ཐལ་བར་མི་འགྱུར་རོ། །གང་ཟག་གི་ནི་བདག་ཉིད་ཀྱི་ཤིང་དང་སོ་ཕག་གི་སྒྲུབ་པས་སོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་བསླངས་པའི་ཡན་ལག་
གཅིག་མེད་པའི་ཕྱིར་རོ། །འཕྲོ་ནི་ཕྱེད་བྱས་པའོ། །ཟིན་པར་བྱེད་པ་ནི་རྩིག་པར་བྱེད་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་བྱེད་པ་རྫོགས་པ་མེད་པའི་ཕྱིར་རོ། །བརྩམས་པ་ཟིན་པར་བྱེད་པ་ལ་ནི་བྱེད་པ་ཡོངས་སུ་རྫོགས་པ་མེད་པས་དེའི་ཕྱིར་འདི་ཤེས་པར་བྱའོ། །ཁང་པའི་དགེ་འདུན་ལྷག་མ་
གཏན་ལ་དབབ་པའོ།། །།བདག་པོ་ཡོད་པ་ཞེས་བྱ་བ་ལ་བདག་པོ་ཡོད་པ་ནི་བདག་པོ་གཞན་ཞིག་དང་བཅས་པ་སྟེ། བདག་པོ་བདོག་པ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་འདུན་གྱི་ཆེད་དུ་ཞེས་བྱ་བ་ལ། ཆེད་དུ་ཞེས་བྱ་བའི་སྒྲ་ནི་དགོས་པར་སྟོན་པ་ཡིན་ནོ། །དགེ་འདུན་ཞེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་
པའི་ཉན་ཐོས་ཀྱི་དགེ་འདུན་ལ་བྱ་སྟེ། དེས་ན་འདི་ལ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཆེད་དུ་ཡོད་པས་དགེ་འདུན་གྱི་ཆེད་དུ་དེ་དེར་རོ། །འདི་ལ་ནི་ཡན་ལག་འདི་ཁོ་ན་ལྷག་གི་བདག་པོ་ཡོད་པ་ཉིད་ནི་མ་ཡིན་ཏེ། བྱུང་བའི་དབང་གིས་དེ་སྐད་གསུངས་པའི་ཕྱིར་རོ། །ཆེན་པོ་ནི་ཁ་ཅིག་ན་
རེ་ཚད་ཀྱི་སྒོ་ནས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་འགོད་སྒོའི་སྒོ་ནས་ཀྱང་ངོ་ཞེས་ཟེར་རོ། །དགེ་འདུན་གྱི་ཆེད་ཀྱི་ཁང་པ་ལ་ཚད་མ་སྨོས་པ་ནི་བསོད་ནམས་ཀྱི་ཚད་ཆེན་པོ་ལ་སོགས་པ་གྲུབ་པའི་ཕྱིར་རོ། །ཚད་ལས་འདས་པ་དང་བསླངས་པ་ཉིད་མ་གཏོགས་པ་ནི། དགེ་འདུན་གྱི་གཙུག་
ལག་ཁང་གི་བདག་པོ་ནི་དུ་མ་ཡིན་པའི་ཕྱིར་ཚད་ལས་ལྷག་པ་ཉིད་ཉེས་པར་མི་འགྱུར་བས་དོན་མེད་པ་མ་ཡིན་པའི་ཕྱིར། ཚད་ལས་ལྷག་པ་གཙུག་ལག་ཁང་མ་དག་པ་ཉིད་ཀྱི་ཡན་ལག་ཏུ་མ་གསུངས་སོ། །བརྒྱ་ལ་གལ་ཏེ་བསླངས་པ་ཉིད་ཀྱི་ཡན་ལག་ཀྱང་མ་གཏོགས་ན་བདག་པོ་

ཡོད་པ་ཞེས་བྱ་བ་འདིར་བདག་པོ་ཉིད་ཀྱང་བདག་པོ་གཞན་ལས་བསླངས་པ་ཉིད་ལས་གྱུར་ཏོ་ཞེས་བཤད་པ་ཡིན་ཞེ་ན། མ་ཡིན་ཏེ། དེར་བདག་པོ་ཡོད་པ་སྨོས་པ་མཛད་པ་གང་ཡིན་པ་དེ་ནི་ཡན་ལག་ཉིད་དུ་སྨོས་པ་མ་ཡིན་ནོ། །འོ་ན་ཅི་སྟེ་ཞེ་ན། བྱུང་བའི་དབང་གིས་ཆོས་ཕལ་ཆེ་བ་བསྒྲགས་པ་མཛད་པ་
ཡིན་ཏེ། འདི་ལྟར་ལྟུང་བ་བསྟན་པ་གང་ལས་ཀྱང་བདག་པོ་ཡོད་པ་ཉིད་མ་སྨོས་སོ། །གལ་ཏེ་བདག་པོ་མེད་པ་ཉིད་ཡིན་ན་དགེ་སློང་ལས་གཞི་ཇི་ལྟར་སྲིད་དེ། འདི་ལྟར་དེས་ནི་གདོན་མི་ཟ་བར་གཞན་ལས་བསླང་དགོས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། ཁྱིམ་དང་གཞི་གཟུང་བ་བཀག་པ་ལས་འདས་ནས་
བདག་གང་ཟག་གཞན་གྱི་དོན་དུ་འཛིན་པའི་ཕྱིར་དང་། དགེ་འདུན་གྱི་ཆེད་དུ་ཉོ་བའི་སྒོ་ནས་འཛིན་པའི་ཕྱིར་རོ། །ཡང་ན་དགེ་འདུན་གྱི་གཞི་དགེ་འདུན་གྱི་སྣང་བས་འཛིན་པའི་ཕྱིར་ཏེ། དེ་ལྟར་ན་བདག་པོ་ཉིད་མེད་པར་དགེ་སློང་ལས་གཞི་སྲིད་པས་དེ་ལ་བསླངས་པ་ཉིད་ཀྱི་ཡན་ལག་མེད་པ་ཁོ་ནའོ་ཞེས་
བྱ་བར་རྣམ་པར་གནས་སོ། །དགེ་འདུན་སྨོས་པས་ནི་འདིར་ཁྱིམ་པ་ལས་གང་ཟག་གཞི་ལ་སོགས་པའི་ཕྱོགས་ལ་བསྔོས་པ་ཡིན་ཏེ། དེ་ལྟར་ཁྱིམ་པའི་ཆོས་སྡིག་པ་ཡིན་པའི་ཕྱིར་ཏེ། འཕགས་པའི་དགེ་འདུན་ལ་ཕན་གདགས་པའི་བསམ་པ་ཤིན་ཏུ་དགེ་ཡང་ཁ་ན་མ་ཐོ་བ་རྣམ་པར་
གཞག་པའི་ཕྱིར་རོ། །དགེ་འདུན་གྱི་ཆེད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ་ཞེས་གསུངས་པ་དེ་ནི་གླེང་གཞིའི་དབང་གིས་དཔེ་ཡིན་པར་རིག་པར་བྱའོ། །འདུལ་བ་འཛིན་པ་རྣམས་ནི་འདི་གཙུག་ལག་ཁང་ཡིན་པའི་ཕྱིར་དང་། གཙོ་བོ་མ་ཡིན་པའི་ཕྱིར་
དང་། རང་གི་དོན་ཉིད་མེད་པའི་ཕྱིར་ན་མི་འདོད་དོ། །འདུལ་བ་འཛིན་པ་རྣམས་ན་རེ་ཚད་ལས་འདས་པ་དང་། བསླངས་པ་ཉིད་ཀྱི་ཡན་ལག་གཉིས་མ་གཏོགས་ན་ཞུས་པ་གཞན་གྱི་གཞུང་ལས་འབྱུང་བ་གང་ཟག་གི་ཡིན་པ་དང་། མ་བྱུང་བ་ཉིད་ཀྱི་རྒྱུས་ཁ་ན་མ་ཐོ་བ་སྦོམ་པོར་རིག་པར་
བྱ་སྟེ། འདིར་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་བསླངས་པ་ཉིད་ཡན་ལག་ཏུ་རྣམ་པར་མ་བཞག་གོ། །བསླངས་པ་ཉིད་མ་ཡིན་པའི་ཕྱིར་གང་ཟག་གི་གཞི་མ་ཡིན་པ་ལ་རྩིག་ཏུ་སྦོམ་པོ་ཁོ་ནར་རྣམ་པར་གནས་ཏེ། འདི་ལྟར་ཡིན་པར་ཡང་ཁང་པའི་དགེ་འདུན་ལྷག་མའི་

རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ་ཞེས་ཟེར་རོ། །གཞུང་ལྷག་མ་ཞེས་བྱ་བ་ལ་སོགས་པ་ལ་ནི་བཙུན་པ་རེ་ཞིག་དགེ་སློང་གིས་གཞི་མ་གནང་བར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆེན་པོ་ནི་ཆེ་བའོ། །གཙུག་ལག་ཁང་གི་དགེ་འདུན་ལྷག་མ་གཏན་ལ་དབབ་པའོ།། །།ཁྲོས་
པ་ནི་ཞེ་སྡང་དང་ལྡན་པའི་ཕྱིར་རོ། །འདིས་ནི་རྒྱུའི་སྟོབས་བསྟན་ཏེ། ཁོང་ཁྲོ་བ་སྤངས་པའི་ཕྱིར་རོ། །ཞེ་སྡང་བས་ཞེས་བྱ་བ་ནི་རྒྱུའི་ལྔ་པ་ཡིན་ཏེ། སྔ་མས་ཕྲ་རྒྱས་ཀྱི་གནས་སྐབས་བསྟན་ནས། འདིས་ནི་ཀུན་ནས་དཀྲིས་པའི་གནས་སྐབས་བརྗོད་དོ། །མ་མགུ་བ་ནི་དེས་སྤྱས་པའི་
གནོད་པ་རྗེས་སུ་དྲན་པའི་ཕྱིར་མ་རངས་པ་སྟེ། འདིས་ནི་རྐྱེན་གྱི་སྟོབས་བཤད་དོ། །འདིར་ནི་ཞེ་སྡང་སྨོས་པ་ནི་གླེང་གཞིའི་དབང་གིས་གསུངས་ཀྱི་འདིའི་ཡན་ལག་ནི་མ་ཡིན་ནོ། །འདི་ལྟར་སུ་ལ་ཡང་རུང་ཉམས་པར་བྱ་བའི་འདུན་པ་ཅན་གྱིས་བརྫུན་དུ་སྨྲ་བས་རྣམ་པར་རིག་པར་བྱེད་ན་ལྟུང་
བ་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་ནི་བསྙེན་པར་རྫོགས་པའོ། །འདིར་དགེ་སློང་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། དགེ་སློང་མ་ལ་སྐུར་པ་བཏབ་ན་ཡང་ལྟུང་བ་དེ་ཉིད་དུ་འགྱུར་རོ། །དག་པ་ནི་དྲི་མ་མེད་པ་སྟེ། སྨད་པ་མི་སྤྱོད་པའི་ཕྱིར་རོ། །འདིར་དག་པ་སྨོས་པ་ནི་བྱུང་བའི་
དབང་གིས་བཤད་པར་ཟད་དེ། མ་དག་པར་གནས་པར་མི་བྱ་བ་ལ་སྐུར་པ་བཏབ་ན་ཡང་ལྟུང་བར་ཆད་པར་འགྱུར་ཏེ། ཚུལ་འདི་ནི་དགེ་སློང་གི་རིགས་སུན་འབྱིན་པའི་ཕྱིར་རོ། །ལྟུང་བ་མེད་པ་ལ་ཞེས་ཡང་ཞེས་བྱ་བའི་སྒྲ་མི་མངོན་པར་བསྟན་པར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་
མཐའི་ལྟུང་བ་དང་མི་ལྡན་པའོ། །དེས་ན་འདི་ཇི་ལྟར་དག་ཅེ་ན། འདི་ལྟར་ལྟུང་བ་མེད་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་མེད་པར་ཞེས་བྱ་བ་ནི་མཐོང་བ་དང་། ཐོས་པ་དང་། དོགས་པ་མེད་ཅིང་གཞི་མེད་པར་ཏེ། རྒྱུ་མེད་པར་བྱ་བའི་ཐ་ཚིག་གོ། །མཐོང་བ་དང་། ཐོས་པ་དང་། དོགས་པ་གསུམ་ནི་
གཞི་སྟེ། ཡང་དག་པར་སྨྲ་བ་ལ་འཇུག་པའི་གཞིར་གྱུར་པའི་ཕྱིར་རོ། །སྐུར་པ་བཏབ་པ་ནི་ཁ་ཕྱིས་པའོ། །ཅིའི་ཕྱིར་ཞེ་ན། ཅི་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ནས་ཞེས་བྱ་བ་ནི་ཅི་མ་རུང་སྙམ་པ་སྟེ། འདི་ནི་སྨོན་པ་ཡིན་ནོ། །འདི་ནི་འགྲན་ཟླའི་དགེ་སློང་ངོ་། །ཚངས་པར་སྤྱོད་པ་དང་ཞེས་

བྱ་བ་ནི་དགེ་སློང་གི་དངོས་པོ་དང་སྟེ། ཕམ་པ་མི་སྤྱོད་པ་ནི་དོན་དམ་པའི་དགེ་སློང་གི་དངོས་པོ་ཡིན་ནོ། །དབྲལ་ལོ་ཞེས་བྱ་བ་ནི་ཉམས་པར་བྱ་བའོ། །དེ་ལྟ་བས་ན་འདི་ནི་དབྲལ་བའི་འདུན་པ་འདི་ཁོ་ནས་ལྟུང་བ་འདིར་འགྱུར་གྱི། གྱི་ནས་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རུང་ཞེས་བྱ་བའི་སྒྲ་ནི་ཚིག་མི་ཆེ་བ་
སྟེ། ཞེ་སྡང་གི་དུས་དང་བྲལ་བ་འབའ་ཞིག་ན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྩོད་པ་ཞེས་བྱ་བ་ནི་ལྟུང་བའི་རྩོད་པ་སྟེ། འཁྲུག་པ་འདིའི་རྒྱུ་ནི་ལྟུང་བ་གླེང་བ་ཡིན་པའི་ཕྱིར་རོ། །ཞེ་སྡང་ལ་གནས་པས་ཞེས་བྱ་བ་ནི་ཁོ་བོས་ཞེ་སྡང་གི་དབང་གིས་སྨྲས་སོ་ཞེས་དེ་སྐད་དུ་སྨྲ་བ་ཡིན་ནོ། །འདི་ཉིད་
ཀྱི་ངོ་བོ་བསྟན་པའི་ཕྱིར། ཞེ་སྡང་གིས་སྨྲས་སོ་ཞེས་བྱ་བ་གསུངས་ཏེ། སྨྲས་པར་གྱུར་པའོ་ཞེས་བྱ་བའི་སྒྲ་ནི་ཚིག་ཡོངས་སུ་རྫོགས་པའོ། །སེམས་གཡེངས་པ་ཞེས་བྱ་བ་ལ་སོགས་པ་ལ་ཁ་ཅིག་ནི་ལྐུགས་པར་སྨོས་པར་འདོན་ཏོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ།
འདི་ལྟར་གལ་ཏེ་ལྐུགས་པ་ལ་ནི་སྐུར་པ་བཏབ་ན་སྦོམ་པོར་འདོད་ན་ལོང་བ་དང་རྒས་པ་དང་། ཐེང་པོ་ལ་སོགས་པ་ལ་ཡང་དེ་དང་འདྲ་བར་ཐལ་བར་འགྱུར་བས་དེ་དག་ལ་སྐུར་པ་བཏབ་ན་ཡང་སྦོམ་པོར་འགྱུར་བ་ཞིག་ན། དེ་ཡང་མི་འདོད་དེ། དེ་ནི་དོན་རྟོགས་པའི་སྣོད་དུ་གྱུར་པའི་ཕྱིར་རོ། །དེ་ཉིད་དེ་ལྟ་
བས་ན་འདི་ནི་གདོན་པར་མི་བྱའོ། །དེ་བས་ན་འདི་ལ་སྐུར་པ་བཏབ་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་ཤེས་པར་བྱའོ། །འདི་ལས་ཕྱི་རོལ་པ་དེ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། གཞན་མུ་སྟེགས་ཅན་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། མུ་སྟེགས་ཅན་ནི་གཅེར་བུ་ཟད་བྱེད་དེ་སྒྲེན་མོའོ་ཞེས་བྱ་བའི་ཐ་ཚིག་གོ། །མུ་སྟེགས་ནི་ཐར་པའི་ཆུ་བོར་འཇུག་པའི་ལམ་སྟེ། འདི་དག་ལ་དེ་ཡོད་པས་སོ། །དགེ་སྦྱོང་ནི་སྡོམ་ཅན་ཏེ། ཀུན་དུ་འཚོ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དཔྱོད་པ་པ་ནི་མུ་སྟེགས་ཅན་གྱི་རྣམ་པ་རབ་
ཏུ་འབྱུང་བ་དག་གོ། །ཀུན་དུ་རྒྱུ་བ་ནི་རབ་ཏུ་བྱུང་བ་གོས་ཁ་དོག་སྒྱུར་བ་ཅན་དག་ཁོ་ནའོ། །འདི་ལས་ཕྱི་རོལ་པ་རྣམས་ལ་ཕམ་པའི་ཐ་སྙད་མེད་མོད་ཀྱི། །འོན་ཀྱང་ཆོས་འདི་ལ་ལྟོས་ནས་ཕམ་པའི་ཐ་སྙད་གདགས་ཏེ། འོག་མ་ཁྱིམ་པ་ལ་སྐུར་པ་བཏབ་པ་ལ་སོགས་པ་ལ་ཡང་དེ་དང་འདྲ་

བར་ཤེས་པར་བྱའོ། །འདི་ལ་ནི་མ་བརྟགས་པ་ཡིན་པའི་ཕྱིར་ཉེས་བྱས་སོ། །ཟ་མ་ལ་སོགས་པ་ལ་སྐུར་པ་བཏབ་ན་སྦོམ་པོར་གསུངས་པ་ནི། དགེ་སློང་ཉིད་མེད་པའི་ཕྱིར་ཏེ། འདི་ལྟར་ཇི་ལྟར་མ་ནིང་སྡོམ་པའི་ཞིང་མ་ཡིན་པའི་ཕྱིར་དང་། བར་མ་དོ་ཡིན་པའི་ཕྱིར་ཐ་
སྙད་དུ་མི་རུང་བ་དེ་དང་འདྲ་བར་ཟ་མ་ཡང་བཅོམ་ལྡན་འདས་ཀྱིས་དེ་དང་དེ་ལས་ཐ་སྙད་དུ་མི་རུང་བ་ཉིད་དུ་གསུངས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དགེ་སློང་གིར་གཏོགས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་དུ་ཡང་འདིའི་ཚུལ་ནི་དེ་ཁོ་ན་ཡིན་ནོ། །གཞན་དག་ན་རེ་ཇི་ལྟར་མ་ནིང་འཇིག་རྟེན་གྱི་ཐ་
སྙད་ལས་འདས་པའི་ཕྱིར་ཐ་སྙད་དུ་མི་རུང་བ་ལྟར་ཟ་མ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་འདི་ལ་ནི་ཐ་སྙད་དུ་མི་རུང་བ་ཉིད་ཀྱི་ཚུལ་མེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དགེ་སློང་གིར་གཏོགས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་དུ་ཡང་དེ་ལས་གཞན་པའི་དགེ་སློང་བཞིན་དུ་འདིའི་ཁ་ན་མ་ཐོ་བ་ཡོངས་སུ་
རྫོགས་པ་ཉིད་དུ་རྣམ་པར་གཞག་པ་དེ་བཞིན་དུ་ཁྱིམ་པ་འདིར་གཏོགས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་དུ་ཡང་། ཁྱིམ་པ་ཡོངས་སུ་རྫོགས་པ་དང་འདྲའོ་ཞེས་ཟེར་རོ། །དེ་ལྟ་བས་ན་བཤད་མ་ཐག་པའི་ཚུལ་གྱིས་ན་འདི་འདུལ་བ་འཛིན་པ་རིལ་གྱི་གཞུང་ལུགས་ནི་མ་ཡིན་པར་ཤེས་པར་བྱའོ། །ཁ་ཅིག་
ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ལ་སྐུར་པ་བཏབ་པ་ཡང་སྦོམ་པོར་འདོད་དེ། དེ་ནི་རིགས་པ་མ་ཡིན་ནོ། །འདི་ལྟར་དེ་ཙམ་གྱིས་ནི་འདིའི་དགེ་སློང་ཉིད་མེད་པ་མ་ཡིན་གྱི་དགེ་འདུན་གྱི་དབྱེན་བྱེད་པའི་དགེ་སློང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཉེ་བ་འཁོར་གང་གིས་ཕ་དང་
མ་དང་། དགྲ་བཅོམ་པ་གསོད་པས་སྐུར་པ་བཏབ་པ་དེས་ནི་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་པ་ཡིན་ནོ། །གང་གིས་དགེ་འདུན་གྱི་དབྱེན་བྱེད་པ་དང་། ངན་སེམས་ཀྱིས་ཁྲག་འབྱིན་པས་སྐུར་པ་བཏབ་པ་དེས་ནི། ཉེས་པ་སྦོམ་པོར་སྐུར་པ་བཏབ་པ་ཡིན་ཏེ། ཉེས་པ་སྦོམ་པོར་ནི་དགེ་སློང་
མ་ཡིན་པར་མི་འགྱུར་གྱི། དེ་ནི་བཤགས་པར་འོས་པ་ཡིན་ནོ་ཞེས་འཆད་པར་འགྱུར་ཏེ། འདིས་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་ནི་དགེ་སློང་དག་མ་ཡིན་ཏེ། དེ་ལས་གཞན་པའི་དགེ་སློང་བཞིན་ནོ་ཞེས་བསྟན་པ་ཡིན་ནོ། །

དེའི་ཕྱིར་ཟ་མ་ལ་སོགས་པའི་ཚན་ལས་བཀར་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་ལ་སོགས་པའི་ཚན་ལ་སྐུར་པ་བཏབ་ན། དགེ་འདུན་ལྷག་མ་ཁོ་ནར་འགྱུར་བར་གདོན་པར་བྱའོ། །འདི་མན་ཆད་ཀྱི་ཕྱོགས་དག་ཏུ་ཡང་འདི་དགེ་སློང་ཉིད་ཡིན་པར་སེམས་ལ་བཞག་ནས་ལྟུང་བ་དག་ཅི་རིགས་པར་ཤེས་
པར་བྱའོ། །གཞན་དག་ན་རེ་གང་གིས་<བསྙན་‚བསྙེན་>པར་རྫོགས་པའི་སྔོན་རོལ་དུ་ཁྲག་ཕྱུང་བ་དེ་འདིར་གཟུང་བར་རིག་པར་བྱའོ། །མཚམས་མེད་པ་བྱས་པས། བསྙེན་པར་རྫོགས་པ་ཆགས་པ་མེད་པའི་ཕྱིར་མ་གསོད་པ་ལ་སོགས་པ་ལྟ་བུ་ཡིན་ནོ། །བསྙེན་པར་རྫོགས་པའི་གནས་སྐབས་ནི་མ་ཡིན་ནོ། །
དེ་ནི་དེའི་ཚེ་དགེ་སློང་ཉིད་མེད་པར་མ་གྱུར་པའི་ཕྱིར། དགེ་འདུན་གྱི་དབྱེན་བྱེད་པ་ཡིན་ནོ། །དགེ་འདུན་གྱི་དབྱེན་བྱེད་པར་ཡང་གང་གིས་བསྙེན་པར་རྫོགས་པའི་གནས་སྐབས་ན་དགེ་འདུན་གྱི་དབྱེན་བྱས་ལ་ཕྱིས་བསླབ་པ་ཕུལ་ནས་བསྙེན་པར་རྫོགས་པ་དེ་ལ་ཡང་། སྡོམ་པ་མ་ཆགས་པ་ཁོ་ན་
ཡིན་གྱི། བསྙེན་པར་རྫོགས་པའི་གནས་སྐབས་ཀྱི་ནི་མ་ཡིན་ཏེ། དེ་ནི་དེའི་ཚེ་དགེ་སློང་ཉིད་ཡིན་པར་བཤད་མི་དགོས་པར་འགྲུབ་པོ། །དེའི་ཕྱིར་འདི་གཉིས་ནི་ཟ་མ་ལ་སོགས་པ་བཞིན་དུ། སྡོམ་པ་མ་སྐྱེས་པས་དགེ་སློང་ཉིད་མ་ཡིན་པར་ཤེས་པར་བྱ་ལ། དགེ་སློང་ཉིད་མ་ཡིན་པ་ལ་ནི་སྦོམ་
པོ་ཁོ་ནར་འགྱུར་རོ་ཞེས་ཟེར་རོ། །གལ་ཏེ་ཅིའི་ཕྱིར་གནས་པར་མི་བྱ་བ་དང་། ཐ་དད་དུ་གནས་པ་དང་། ཁས་བླངས་པ་དང་། བསླབ་པ་བྱིན་པའི་དགེ་སློང་རྣམས་ལ་སྐུར་པ་བཏབ་ན། ལྟུང་བ་ཡོངས་སུ་རྫོགས་པ་རྣམ་པར་བཞག །འདི་ལྟར་འདི་དག་ལ་སྐུར་བ་བཏབ་ན། ལྟུང་བ་ན་སྨད་དགོས་ཏེ།
དེ་ལས་གཞན་པའི་ལྟུང་བ་བཞིན་ནོ་ཞེ་ན། འདུལ་བ་འཛིན་པ་རྣམས་ན་རེ་དེ་ནི་མ་ཡིན་ཏེ། འདི་ནི་ཆེ་ཐད་དུ་དགེ་སྦྱོང་གི་རིགས་<སུ་ན་‚སུན་>འབྱིན་པའི་སྒོར་འགྱུར་བ་དང་། ཤིན་ཏུ་ཐ་ཆད་ཡིན་པས་འདི་དག་ལ་སྐུར་པ་བཏབ་ན་ཡང་ལྟུང་བ་འདྲ་བ་ཉིད་དུ་ཡང་རྣམ་པར་བཞག་གོ་ཞེས་ཟེར་རོ། །ཉེས་བྱས་སོ་ཞེས་བྱ་བ་
འདི་ལ་ནི་ཕས་ཕམ་པས་སྐུར་པ་མེད་པའི་ཕྱིར་ཏེ། ཁ་ན་མ་ཐོ་བ་ཆུང་ངུ་དག་ལ་ནི་ཆུང་ངུའི་ཆ་ཉིད་ཡིན་ནོ་ཞེས་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་འདི་ནི་གཞི་དེ་དག་གང་གི་ཕྱིར་ཡིན་པའོ། །གཞན་དག་ན་རེ་རྒྱུ་གང་གི་ཕྱིར་ཞེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། །དགེ་འདུན་གྱི་དབྱེན་བྱེད་

པ་དང་ཞེས་བྱ་བ་ལ་སོགས་པ་ལ། སྦོམ་པོ་འདི་གཉིས་ནི་གོ་རིམས་བཞིན་དུ། དགེ་འདུན་གྱི་དབྱེན་ལ་ཞུགས་པ་མི་གཏོང་བ་དང་། མི་གསོད་པའི་ཕྱོགས་དང་མཐུན་པ་ཡིན་པར་ཤེས་པར་བྱའོ། །བདག་ཉིད་ཁས་ལེན་པས་བྱ་བ་ལ་སོགས་པས། དགེ་འདུན་ལྷག་
མར་གསུངས་པ་འདིས་ནི་ཕམ་པ་བྱུང་བ་ལ་སྐུར་ན་ཡང་དགེ་འདུན་ལྷག་མར་གྱུར་པ་ཁོ་ནའོ་ཞེས་དེ་སྐད་དུ་བསྟན་པ་ཡིན་ནོ། །བཤགས་པར་འོས་པས་དགེ་འདུན་གྱི་མདུན་དུ་བཤགས་པས་ལྟུང་བ་ལྡོག་པའི་ཕྱིར་རོ། །སོ་སོར་བཤགས་པར་བགྱི་བ་ནི་གནས་ཀྱི་ནང་ན་འདུག་པའི་དགེ་སློང་གི་
མདུན་དུ་བསྒྲགས་པ་ཉིད་ཀྱིས་ལྟུང་བ་ལྡོག་པའི་ཕྱིར་རོ། །ཞུས་པ་ལ་ལ་ལས་གཞན་ཡང་འདི་སྐད་དུ། དགེ་འདུན་གྱི་དབུས་སུ་མི་ཚངས་པར་སྤྱད་པ་བྱས་སོ། །མ་ཤ་ཀ་ལྔ་ལས་ལྷག་པར་བརྐུས་སོ། །མིའི་སྲོག་དང་ཕྲལ་ལོ། །མིའི་ཆོས་བླ་མར་གྱུར་པ་ཡང་དག་པ་མ་ཡིན་པར་སྨྲས་སོ་
ཞེས་མ་ངེས་པར་སྨྲས་ཀྱི་ཆེ་གེ་མོ་ཞིག་གིས་ཞེས་མ་སྨྲས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་སྟན་ལས་ལོངས་ནས་ཁོ་བོ་ལ་བསམས་ཏེ་སྨྲས་པ་ཡོད་དོ་ཞེས་ཟེར་ན་སྐྱེ་བོ་ཐམས་ཅད་པའི་ཉེས་བྱས་སོ། །མ་ནིང་དང་ལྷན་ཅིག་སྐུར་པ་འདེབས་ན་ཉེས་པ་སྦོམ་པོར་འགྱུར་རོ། །མ་ནིང་མ་
དང་ལྷན་ཅིག་སྐུར་པ་འདེབས་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྣམ་པར་མ་ནིང་དང་ལྷན་ཅིག་སྐུར་པ་འདེབས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ངོ་། །མ་ངེས་ལངས་དང་མ་ནིང་དང་། །མ་ནིང་མོ་རྣམས་མ་ནིང་སྟེ། །ཞུ་བ་འགའ་ལས་སྐུར་པ་ཡི། །བསྡུ་བ་གཞན་འདི་འབྱུང་བ་ཡིན། །
ཞེས་བྱ་བ་ཞིག་བསྡུ་བ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། མ་ངེས་པ་ནི་མིང་སྨོས་པ་མེད་པར་རོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་མིང་མ་སྨོས་པའི་ཕྱིར་སྐུར་བ་ཡོངས་སུ་རྫོགས་པ་མ་ཡིན་པ་ཉིད་པས་དངོས་གཞི་མེད་པའི་ཕྱིར་འདི་ཡིན་ནོ། །བསམས་ཏེ་སྨྲས་པ་ནི་དོན་གཞན་
ལས་བསམས་ཏེ་སྨྲས་པའོ། །སྐྱེ་བོ་ཐམས་ཅད་པ་ནི་སྐྱེ་བོ་ཐམས་ཅད་ནི་སྐྱེ་བོ་མང་པོའི་དབང་དུ་བྱས་ནས་ཞུགས་པའི་ཕྱིར་རོ། །ཉེས་བྱས་སོ་ཞེས་བྱ་བ་འདི་ལ་ནི་འདིར་སུ་ལ་སྐུར་པ་འདེབས་པ་མེད་ཀྱི། འདི་ནི་སྐུར་བ་བཏབ་པའི་དོན་དུ་ཞུགས་པ་འབའ་ཞིག་ཏུ་ཟད་པས་སྦྱོར་བའི་སྦྱོར་བར་

གྱུར་པའི་ཕྱིར་འདི་ཡིན་ནོ། །མ་ནིང་དང་ཞེས་བྱ་བ་ལ་སོགས་པ་ནི་མ་ནིང་སྐུར་བ་བཏབ་པའི་དགེ་སློང་མ་ལ་སྲིད་དེ། དེ་བས་ན་དགེ་སློང་མ་ལ་ཕམ་པ་སྤྱོད་པའི་ཟླ་བོ་ཕོའི་དབང་པོ་དང་བྲལ་བ་བསྟེན་དུ་མི་རུང་བ་དང་སྐུར་པ་འདེབས་པ་ན་ཁ་ན་མ་ཐོ་བ་འདི་ཡིན་ནོ། །དགེ་སློང་ལ་ནི་མ་ནིང་མོ་དང་།
རྣམ་པར་མ་ནིང་དག་དང་སྐུར་པ་འདེབས་པ་སྲིད་དོ། །དགེ་སློང་དང་མ་ནིང་དང་རྣམ་པར་མ་ནིང་དང་སྐུར་པ་འདེབས་པ་ལ་སྦོམ་པོར་གསུངས་པ་ཡང་ཁ་དང་བཤང་བའི་ལམ་གྱི་དབང་དུ་མ་བྱས་པར་ཤེས་པར་བྱ་སྟེ། འདི་ལྟར་དེ་དག་དང་སྐུར་པ་འདེབས་ན་ཕམ་པ་ཁོ་ནས་སྐུར་པ་བཏབ་པར་འགྱུར་ལ།
དེས་སྐུར་པ་བཏབ་ན་ཡང་དངོས་གཞིར་འགྱུར་བའི་ཕྱིར་རོ། །གཞན་ན་རེ་ཕོ་དང་མོའི་དབང་པོ་དང་བྲལ་བ་དང་སྐུར་