Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 158
Văn bản gốc(Tây Tạng)
Trang 16 / 21 (50.000 ký tự/trang)
ྒྱ་པོ་དེ་དག་རབ་ཏུ་བྱུང་བ་ཞེས་བྱ་བའི་ཚིག་འདི་ལས་ཆུའི་དབུས་སུ་ཉི་མ་ནུབ་ པའི་གནས་སྐབས་ཡོད་པར་ཤེས་པར་བྱ་སྟེ། གང་གི་ཕྱིར་ཉི་མ་གཅིག་ལ་ལྔ་བརྒྱ་པོ་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱ་བར་ནུས་པ་མ་ཡིན་ཏེ། དེ་དག་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ཉིད་ཀྱི་ཕྱིར་རོ། །གསུམ་པོ་དག་ལས་ཀྱི་ཚིག་གཅིག་གིས་ བསྙེན་པར་རྫོགས་པ་ན་ཡང་རེ་ལྡེ་ལ་སོགས་པས་མཚམས་བཞི་མནན་ཏེ། བསྙེན་པར་རྫོགས་པར་བྱེད་ན་ཡང་ཉི་མ་གཅིག་གིས་ལྔ་བརྒྱ་པོ་དག་གིས་བསྙེན་པར་རྫོགས་པར་བྱ་བར་ནུས་པ་མ་ཡིན་ནོ། །ཚུར་སྤྱོན་ཚུར་སྤྱོན་ཞེས་བྱ་བ་ནི་ཐག་ཉེ་བ་འདིར་ཤོག་ཤིག་ ཤོག་ཤིག་པའོ། །ཆུ་ངོགས་གཉིས་ནས་སྐྱེ་བོ་འཇུག་པ་དེ་ལྟ་བུ་ཐོས་ནས་འཕགས་པ་ཀུན་དགའ་བོའི་ལུས་ཐ་དད་པ་བློ་སྟེ་སེམས་སུ་བྱེད་པ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་གྲུབ་པའི་ཕྱིར་སྔོན་གྱི་ལུས་ཞེས་བསྟན་ཏོ། །དེ་དུམ་བུར་ཆད་པ་ནི་རྣམ་པ་གཉིས་སུ་བྱས་པའོ། །ཡེ་ཤེས་ཁོ་ ན་རྡོ་རྗེ་ཡིན་ལ་དེ་ཉིད་མི་ཤེས་པ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རྣོན་པོ་ཡིན་ནོ། །ཤིན་ཏུ་འཇིགས་པ་སྐྱེ་བ་ཉིད་ཀྱིས་རྣམ་པར་འཁྲུག་པ་ནི་གདུག་པ་ཡིན་ནོ། །དེ་ནས་ཀླུ་ཞེས་བྱ་བ་ལ་སོགས་པ་ལ་ཀླུ་དག་གིས་རྡུལ་གྱི་ཆར་ཕབ་པར་གྱུར་པ་གང་ཡིན་པ་དེའི་ཚེ། འཕགས་པ་བྱམས་པ་ལ་ སྙོམས་པར་ཞུགས་པའི་མཐུས་ལུས་ལ་མེ་ཏོག་རྣམ་པ་སྣ་ཚོགས་པའི་ཆར་འབབ་པ་ཡིན་ནོ། །མདའི་ཆར་ཕབ་པ་ཡང་གནས་ཏེ། མལ་ལ་མེ་ཏོག་གི་དྲ་བ་རྣམ་པར་གནས་པ་ཡིན་ནོ། །རིའི་རྩེ་མོ་ཀླུས་འཕངས་པ་དག་ཀྱང་ནམ་མཁའ་ལ་གནས་པ་ཉིད་དུ་འཇིག་པར་འགྱུར་བ་དེའི་ཕྱིར་འདི་ སྐད་དུ་རིའི་རྩེ་མོ་དེ་ཡང་ནི་ཞིག་པར་ཞེས་བྱ་བ་གསུངས་སོ། །དཔེ་ནི་གངས་རི་རྩེ་མོ་མཐོན་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མེས་མི་ཚིག་ཅེས་བྱ་བ་ནི་གནས་པ་རྙེད་པའམ་འཇུག་པ་འབྱུང་བར་མི་འགྱུར་རོ། །ལུང་པ་དགུའི་ནང་ཞེས་བྱ་བ་ནི་རྩ་བའི་ཡུལ་ལ་འཕགས་པ་དེས་ སྐྱིལ་མོ་ཀྲུང་བཅས་པ་དང་། ལོགས་གཉིས་ཀྱིས་ལུང་པ་དགུའི་ནང་ནོན་པ་ཡིན་ཏེ། དགུ་ཕྲག་གཉིས་ལ་བཅོ་བརྒྱད་དུ་གྱུར་པས་དགུ་པོ་སྤྱི་ལ་ལུང་པ་དགུའི་ནང་ཞེས་བསྟན་པ་ཡིན་ཏེ། རི་བོའི་ཡུལ་བརྒྱད་ཀྱི་སྒོ་ཁྱབ་པར་བྱས་ཞེས་བྱ་བའི་བར་དུའོ། །ལོ་སྟོང་གི་བར་དུ་ཞེས་བྱ་བ་ནི་གནས་ བརྟན་གྱིས་ལོ་སྟོང་གི་བར་དུ་བསྟན་པ་ཉམས་པ་མེད་ཅིང་རལ་བ་མེད་པར་གནས་པར་འགྱུར་རོ་ཞེས་མངོན་པར་དགྱེས་པས་བསྟན་པ་ཡིན་ལ། ཀླུས་ཀྱང་ཇི་སྲིད་བསྟན་པ་གནས་པར་འགྱུར་བ་དེ་སྲིད་དུ་ཁས་བླངས་པ་དེའི་ཕྱིར་ཀླུ་དག་གིས་ཁས་བླངས་པ་ཡིན་ནོ། །རུང་བ་མ་ཡིན་པའི་ཞེས་བྱ་ བ་ནི་དགེ་སློང་དང་ཚུལ་འདྲ་བ་མ་ཡིན་པ་དང་། འདུལ་བ་དང་འགལ་བའོ། །མདོ་སྡེའི་མཚན་ཉིད་དང་འགལ་བ་ཉིད་ཀྱི་ཕྱིར་མདོ་སྡེ་དང་འགལ་བའོ། །དེ་དང་འདྲ་བར་འདུལ་བ་དང་འགལ་བའོ། །སྟོན་པའི་བསྟན་པ་ལ་ཡང་མེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྤོང་བའི་རིམ་ པ་དང་བྲལ་བའོ། །མདོ་སྡེ་ལ་མི་འཇུག་ཅེས་བྱ་བ་ནི་མདོ་སྡེར་གསུངས་པའི་མཚན་ཉིད་དང་འདྲ་བ་མེད་པའོ། །འདུལ་བ་ལ་མི་སྣང་ཞེས་བྱ་བ་ནི་འདུལ་བ་དེ་དང་འགལ་བའི་མཚན་ཉིད་སྲིད་པའི་ཕྱིར་རོ། །ཆོས་ཉིད་དང་ཡང་འགལ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དམ་ ཆོས་མངོན་པ་དང་འགལ་བའོ། །ཀུན་དུ་སྤྱོད་པ་ནི་སྦྱོར་བའི་གནས་སྐབས་ཡིན་ལ་ལྷག་པར་སྤྱོད་པ་ནི་དངོས་གཞིའི་གནས་སྐབས་ཡིན་ནོ། །ཇི་སྲིད་དུ་དགེ་སློང་དག་གིས་ཇི་ལྟར་ལས་སུ་བྱ་བ་དེ་ཕྱིན་ཅི་ལོག་ཏུ་བྱས་པའི་ཕྱིར་ཆོས་མ་ཡིན་པའོ། །ཐམས་ཅད་མཚམས་སུ་མ་ལྷགས་ཤིང་ མ་འདུས་པར་ལས་བྱས་པའི་ཕྱིར་ལས་ཉམས་པ་ཡིན་ནོ། །ལས་ཀྱི་རྩོམ་པ་རྫོགས་ནས་ཧུ་ལུ་ཧུ་ལུའི་སྒྲ་བརྗོད་པ་དེའི་ཕྱིར་ཧུ་ལུ་ཧུ་ལུའི་རུང་བ་ཡིན་ནོ་ཞེས་བསྟན་ཏོ། །སྒྲ་འདི་བརྗོད་པ་ན་བདག་ཉེས་པར་འགྱུར་བ་མ་ཡིན་ནོ་ཞེས་དགོངས་སོ། །ཡི་རང་བའི་རུང་བ་ཞེས་བྱ་བ་ལ་ཡི་རང་བ་ནི་ ཀུན་དུ་སྤྱོད་པར་རབ་ཏུ་གྲགས་པ་ཡིན་ནོ། །ས་རྐོ་བ་དེ་ནི་རབ་ཏུ་གྲགས་པ་ཡིན་ཏེ། འདི་བྱས་ན་སྲོག་གཅོད་པར་མི་འགྱུར་ཏེ། འབྱུང་པོའི་གྲོང་འཇིག་པར་འགྱུར་བ་ཡང་མེད་དོ་སྙམ་པའི་རུང་བ་འདིས་རྒོལ་བར་བྱེད་དོ། །དུས་སུ་རུང་བ་དང་ལྷན་ཅིག་བསྲེས་ནས་དུས་མ་ཡིན་པར་ལོངས་སྤྱོད་ པ་ནི་ལན་ཚྭ་རུང་བའོ། །སྦུབས་ཁར་བཅུག་ནས་གཞིབས་པའི་ཚུལ་གྱིས་ཆང་འཐུང་བ་ནི་གཅེའུས་གཞིབས་ཏེ་ཆང་འཐུང་བའོ། །འབྲས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། འཚོ་བའི་འབྲས་བུ་ཆེར་འབྱིན་པའི་ཕྱིར་འབྲས་བུ་ཆེན་པོ་ཡིན་ལ། ནད་མེད་པའི་འབྲས་བུ་གྲུབ་པ་ཉིད་ཀྱི་ཕྱིར་ཕན་ཡོན་ ཆེ་བ་ཡིན་ཞིང་། འདོད་པའི་དངོས་པོ་དང་ཕྲད་པའི་འབྲས་བུ་འབྱིན་པའི་ཕྱིར་གཟི་ཆེ་བ་ཡིན་ནོ། །ཕུན་སུམ་ཚོགས་པ་འབྱིན་པར་བྱེད་པའི་ཕྱིར་རྒྱ་ཆེན་པོར་གྱུར་པ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་བསྒོམ་ཞིང་ཞེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱད་བསྒོམ་པའི་རང་བཞིན་ཅན་ཡིན་ཏེ། དགྲ་ བཅོམ་པ་ཀུན་ནི་རྣམ་པར་ཐར་པ་བརྒྱད་པོ་ཐམས་ཅད་བསྒོམ་པའི་ངང་ཚུལ་ཅན་མ་ཡིན་པ་དེའི་ཕྱིར་དེ་སྐད་དུ་བསྟན་ཏོ། །ཐག་ཉེ་བའི་བྱ་བ་ཡོངས་སུ་སྤངས་པའི་ཕྱིར་བྱ་བ་ཉུང་བ་ལའོ། །མ་ཐོབ་པའི་བྱ་བའི་ཡོངས་སུ་བསྔགས་པའི་ཕྱིར་བྱ་བ་ཉུང་བ་ལ་གནས་པའོ། །རྒྱས་པར་ སྨྲས་པ་ཞེས་བྱ་བ་ནི་ཇི་ལྟར་དེའི་རྙེད་པ་སྐྱེས་པར་གྱུར་པ་དེ་ལྟར་རོ། །བསླབ་པའི་ཡུལ་ལ་ལྷོད་པ་སྟེ་འཇུག་པ་ལྷོད་པ་དེས་ལུས་ལ་སོགས་པའི་ཀུན་དུ་སྤྱོད་པ་འཕེལ་ཞིང་རྒྱས་པར་གྱུར་པ་གང་ཡིན་པ་དེ་ནི་བསླབ་པ་ལ་ལྷོད་པ་རབ་ཏུ་འཕེལ་བའི་ཀུན་དུ་སྤྱོད་པ་དེས་སོ། །རུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ དགེ་སྦྱོང་མ་ཡིན་པའོ། །འཕགས་པའི་ལམ་དང་རྗེས་སུ་མཐུན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མི་མཐུན་པའོ། །རབ་ཏུ་བྱུང་བ་དང་རྗེས་མི་མཐུན་པ་ཉིད་ཀྱི་ཕྱིར་མི་མཛེས་པའོ། །མ་འོངས་པ་ཁོ་ན་ཞེས་བྱ་བ་ནི་སྔ་མ་ཐོབ་པར་ནུབ་པར་བྱས་པའོ། །གནས་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་དགེ་སློང་གི་བྱ་བ་ལ་ གསོལ་བ་ལ་སོགས་པའི་ལས་ལས་ཕྱི་རོལ་དུ་གྱུར་པའོ། །ཆད་པས་གཅད་པ་ཞེས་བྱ་བ་ནི་ཕྱོགས་བཙལ་བའི་སྒོ་ནས་རྩོད་པ་བྱེད་པའོ། །ཇི་ལྟར་རྩོད་པ་སྨྲ་བ་དག་ཅེས་བྱ་བ་ནི་ཚིག་གི་སྒོ་ནས་ཐག་ཉེ་བར་དམ་བཅའ་བ་འཇོག་པ་དག་གོ། །བགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བགས་ཀྱིས་བྱ་ བ་ལུས་ལ་སོགས་པའི་ཉེས་པར་སྤྱད་པས་གང་ཡིན་པ་རིངས་པར་བྱེད་ཅིང་དེ་ལ་རྩོལ་བར་འགྱུར་རོ། །རིངས་པར་བྱ་བ་ལུས་ལ་སོགས་པའི་ལེགས་པར་སྤྱད་པ་བགས་ཀྱིས་བྱེད་ཅིང་རྩོལ་བར་མི་བྱེད་དོ། །ཚུལ་བཞིན་བྱེད་པ་རྣམ་པར་སྤངས་ཞེས་བྱ་བ་ནི་འཕགས་པའི་ལམ་ཚོགས་དང་བཅས་པ་ ཡོངས་སུ་སྤངས་ནས་སོ། །བྱིས་པས་སྡུག་བསྔལ་ལྷག་པར་རྙེད། །ཅེས་བྱ་བ་ནི་བསམ་པ་ངན་པས་སེམས་ལ་ཉེས་པར་སྨྲ་བ་སྨྲ་ཞིང་ཉེས་བྱས་ཀྱི་ལས་བྱེད་པས་ན་བྱིས་པ་ཞེས་བྱ་བའི་དབང་དུ་བྱས་ནས་ཐོས་པར་གྱུར་པའོ། །གྲགས་མིན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལུས་ལ་སོགས་པའི་ ལེགས་པར་སྤྱད་པའམ། །ལམ་བསྒོམ་པའི་ལས་ལ་མྱུར་བ་དང་། བྱ་བ་མ་ཡིན་པའི་བསམ་པས་ལུས་མ་ཡིན་པ་ལ་འགོར་བ་དེ་ཉིད་བློ་དང་ལྡན་པའོ། །ཚུལ་བཞིན་མ་ཡིན་པ་འཁོར་བར་འཇུག་པའི་ལམ་དེ་རབ་ཏུ་སྤངས་པས་མྱ་ངན་ལས་འདས་པའི་བདེ་བ་རྙེད་པར་འགྱུར་རོ། །མིང་ཐ་ དད་པར་གཟུང་བ་ནི་མིང་ནས་ཕྱུང་བ་སྟེ། དགྲ་བཅོམ་པ་བདུན་བརྒྱའི་མིང་རེ་རེ་ནས་བཟུང་བ་ཞེས་བྱ་བའི་བར་དུའོ། །ཆེར་འཁྲུགས་པར་འགྱུར་ཞེས་བྱ་བ་ནི་མིང་མང་པོ་སྨོས་པ་ལས་རྣམ་པར་འཁྲུགས་པར་འགྱུར་རོ། །འདུལ་བ་འཛིན་པ་ནི་གཞུང་དང་དོན་གྱི་སྒོ་ནས་འདུལ་བ་འཛིན་པའོ། །མང་དུ་ ཐོས་པ་ནི་བསྟན་བཅོས་གཞན་ལ་མཁས་པའོ། །གཞན་ཞིག་ནི་གཙོ་བོའི་སྒོ་ནས་ཁྱད་དུ་འཕགས་པའོ། །དབང་པོ་དུལ་བ་ནི་མིག་ལ་སོགས་པའི་དབང་པོ་དུལ་བའོ། །ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་ཐེ་ཚོམ་ཆོད་པའོ། །ཉེས་པར་བྱེད་པའི་རྒྱུ་ཉོན་མོངས་པ་མེད་པའི་ཕྱིར་ འགྱོད་པ་གཅད་པའོ། །འདུན་ཁང་ནས་བྱུང་བ་ཞེས་བྱ་བ་ནི་དགེ་འདུན་གྱི་ཚད་ཀྱི་དགེ་སློང་མཚམས་ཀྱི་ཕྱི་རོལ་དུ་བྱུང་ནས་ལས་དེ་ལ་ཚེ་དང་ལྡན་པ་ཀུབ་ཛ་སོ་མ་ལ་རྣམ་པར་གསལ་བས་བསམས་པ་ཡིན་ཏེ། དགེ་སློང་མང་པོ་དག་ཕྱག་བྱེད་པར་གྱུར་པ་ན་དུས་རིང་པོ་འདས་པར་གྱུར་པ་དེའི་ཕྱིར་ ཕྱི་རོལ་གྱི་མཚམས་སུ་དགེ་སློང་དག་འགྲོ་བ་ཡིན་ནོ། །ཡངས་པ་ཅན་པས་ཀུན་དུ་བརྟགས་པའི་གཞི་བཅུ་བཀག་ནས་འདུལ་བའི་སྡེ་སྣོད་དང་། མདོ་སྡེ་དང་། ཆོས་མངོན་པའི་སྡེ་སྣོད་ཡང་བསྡུས་པ་དེ་བས་ན་དགྲ་བཅོམ་པ་བདུན་བརྒྱས་ཡང་དག་པར་བསྡུས་པ་ཞེས་བྱ་བའི་མིང་དུ་བཏགས་ པ་ཡིན་ཏེ། དགྲ་བཅོམ་པ་བདུན་བརྒྱས་བསྡུས་པ་ཉིད་ཀྱི་ཕྱིར་རོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་སྒོ་བརྒྱད་པའོ། །དེ་ཉིད་རྣམ་པར་འབྱེད་པར་ནུས་པའི་བློ་ལྡན་མཁས་པ་བསྟན་བཅོས་སྣ་ཚོགས་དོན་འབྲེལ་པའི། །ཁ་ན་མ་ཐོ་ མེད་པའི་བཤད་པ་བྱེད་པར་མཁོ་བའི་ནུས་པ་ཡོད་པ་གང་དེ་དག །དགེ་སློང་ཚོགས་ནི་བསྟན་བཅོས་མཉན་ཕྱིར་མངོན་པར་སྦྱོར་བ་དང་བྲལ་ཕྱིན་ཅི་ལོག་པ་ལ། །མངོན་པར་སྦྱོར་ལ་དགའ་བར་ཤེས་ནས་དེ་ཉིད་བརྗོད་པར་གྱུར་ལ་དེ་ལྟར་གུས་མ་སྐྱེས། །དེ་ཕྱིར་བདག་ནི་དེ་ཉིད་ཁ་ན་མ་ཐོ་མེད་པ་བརྗོད་ ལ་གོམས་ཆུང་ནུས་མེད་ཀྱང་། །རྒྱལ་བའི་ཐུགས་ལ་ལྟོས་ནས་མཉམ་པ་མ་ཡིན་ཁ་བཟོ་བྱེད་པར་ཡང་དག་བརྩོན་གྱུར་ཏེ། །ཤིན་ཏུ་བློ་དམན་བདག་གིས་འདིར་ནི་དོན་གང་གོ་རིམས་བཞིན་དུ་ཡང་དག་སྦྱར་བ་མིན། །གང་ཞིག་ཕལ་མཛེས་པ་ཡི་སྒྲ་ཡིས་སྟོང་པར་གྱུར་པ་ང་ཡི་རྒྱུན་ནི་བཀོད་པ་ མིན། །དྲན་པ་དམན་པ་ཅན་དང་བསྟན་བཅོས་ཡུལ་གྱི་བྱ་བ་དག་གིས་སྟོང་པར་གྱུར་པ་དང་། །སྒྲ་དང་ལུང་ལ་ལུས་པ་མེད་པའི་བདག་གི་ཚུལ་མིན་འདི་ལ་བླ་མས་བཟོད་པར་མཛོད། །འདིར་ནི་ལེགས་པའི་དོན་ཅན་ངག་གང་མཛེས་པར་གྱུར་དང་མཛེས་པའི་སྒྲ་ལྡན་གང་དེ་དག ། ཀུན་ཀྱང་བླ་མའི་ནུས་པ་ཡིན་ཕྱིར་ངན་པ་གང་ཡིན་དེ་ནི་བདག་བློ་རྨོངས་པའི་ཡིན། །བསྟན་བཅོས་ཀུན་དོན་ལ་མཁས་པའི། །བླ་མ་ཆོས་མཆོག་ལས་ཐོས་ནས། །ཕྲ་མོ་ཡི་ནི་འགྲེལ་པ་འདི། །ཚུལ་ཁྲིམས་བསྐྱངས་ཀྱིས་བྱས་པ་ཡིན། །དེ་ལྟར་རྫོགས་སངས་རྒྱས་གསུངས་པ། །ཕྲ་མོའི་དོན་འདི་ རབ་བཤད་ལས། །བསོད་ནམས་བྱུང་བ་གང་ཡིན་དེས། །འགྲོ་བས་ཚུལ་ཁྲིམས་བསྐྱངས་ཐོབ་ཤོག །བདག་ནི་འདི་ནས་འཕོས་པར་གྱུར་ནས་འདིས། །བྱམས་པའི་ཞབས་དྲུང་ཉིད་དུ་སྐྱེ་གྱུར་ཅིག །དེ་ཉིད་དུ་ནི་མི་ལུས་ཐོབ་གྱུར་ཕྱིས། །བྱང་ཆུབ་མཆོག་དེར་ལུང་བསྟན་བདག་གོམས་ཤོག །སྦྱིན་ སོགས་ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །རྡོ་རྗེའི་གདན་ཐོབ་བདུད་ལས་རྒྱལ་གྱུར་ཅིང་། །འགྲོ་བའི་མཆོག་གྱུར་སངས་རྒྱས་ཉིད་ཐོབ་ནས། །བདག་གིས་འཇིག་རྟེན་ཕན་བྱ་དོན་བྱེད་ཤོག །ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཤྲཱི་བུདྡྷ་ཤཱནྟི་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་པའོ།། །།༄། །འདུལ་བ་ལུང་བླ་མའི་བྱེ་བྲག་ལུང་ཞུ་བའི་འགྲེལ་པ་བཞུགས། །༄༅༅། །གལ་ཏེ་འོ་ན་ཇི་ལྟར་བསྙེན་པར་རྫོགས་པའི་གནས་སྐབས་ན་སྦྱོར་བར་བྱས་པ་ཙམ་གྱི་དབང་གིས་དགེ་ ཚུལ་གྱི་གནས་སྐབས་ན་སྦྱོར་བ་མེད་པ་ལྟུང་བར་འགྱུར་ཞེ་ན། འདི་ལ་ཡང་སྨྲ་བར་བྱ་སྟེ། བསྙེན་པར་རྫོགས་པའི་གནས་སྐབས་ན་སྦྱོར་བ་བྱས་པའི་དབང་གིས་དགེ་ཚུལ་གྱི་གནས་སྐབས་ན་བདག་གི་ངོ་བོར་གྱུར་པ་ཁོ་ནས། དེའི་དུས་པའི་སྦྱོར་བ་མེད་པ་ཡང་དངོས་གཞིའི་ཁ་ན་མ་ཐོ་བ་ཉེས་བྱས་ ཞེས་བྱ་བ་འགྲུབ་པར་འགྱུར་རོ། །གལ་ཏེ་བསྙེན་པར་རྫོགས་པའི་གནས་སྐབས་སམ། དགེ་ཚུལ་གྱི་གནས་སྐབས་ནས་ཁྱིམ་པ་ཉིད་ཀྱི་གནས་སྐབས་པར་གྱུར་ན། ཅི་དེ་ན་ཡང་འདི་ལ་ལྟུང་བ་འབྱུང་ངམ་ཞེ་ན་དེ་ནི་མེད་དེ། འདི་ལྟར་གང་གི་ཚེ་དགེ་ཚུལ་གྱི་གནས་སྐབས་ནས། ཁྱིམ་པ་ ཉིད་ཀྱི་གནས་སྐབས་པར་གྱུར་པའི་ཚེ། འདིའི་སྔོན་གྱི་གནས་སྐབས་ཉམས་པས་བདག་གི་ངོ་བོར་གྱུར་པ་ཡིན་ནོ། །བདག་གི་ངོ་བོར་གྱུར་ན་ཡང་འདི་ལ་ཁྱིམ་པའི་གནས་སྐབས་ན་ལྟུང་བ་མེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བདག་གི་ངོ་བོར་གྱུར་པས་དགེ་ཚུལ་གྱི་གནས་སྐབས་ན་ལྟུང་བ་ཡང་ཉེས་བྱས་ ཞེས་བྱ་བ་ལ་དགེ་སློང་གི་གནས་སྐབས་ཀྱི་སྦྱོར་བའི་དབང་ཅན་གྱི་ཁ་ན་མ་ཐོ་བ་སློང་བར་ཤེས་པར་བྱའོ། །དེ་ལྟར་མ་ཡིན་ན་དགེ་སློང་གི་གནས་སྐབས་ཀྱི་སྦྱོར་བའི་དབང་ཅན་གྱི་ཁ་ན་མ་ཐོ་བ། དགེ་ཚུལ་གྱི་གནས་སྐབས་ན་ལྟུང་བ་ཡང་ཉེས་བྱས་ཞེས་བྱ་བར་མི་འགྱུར་བ་ཞིག་ན། འདི་ལྟར་དེ་ནི་ ལྟུང་བ་ལྕི་བ་ཉེས་པ་སྦོམ་པོ་ཞེས་བྱ་བའི་སྦྱོར་བ་ཡིན་པས་སོ། །ད་ནི་འདི་བརྗོད་པར་བྱ་སྟེ། གལ་ཏེ་ཁྱིམ་པ་ཉིད་ཀྱི་གནས་སྐབས་ཀྱི་སྦྱོར་བ་ཙམ་གྱི་དབང་གིས་དགེ་ཚུལ་གྱི་གནས་སྐབས་ན། དེའི་དུས་པའི་སྦྱོར་བ་མེད་པར་ཁ་ན་མ་ཐོ་བ་ན་སྨད་པ་ཉེས་བྱས་ཞེས་བྱ་བ་སློང་བར་བརྗོད་ན་དེ་ཁྱིམ་པའི་ གནས་སྐབས་ན་ཁ་ན་མ་ཐོ་བ་ཅི་ཞིག་ཏུ་འགྱུར། དེ་བཞིན་དུ་དགེ་ཚུལ་གྱི་གནས་སྐབས་ཀྱི་སྦྱོར་བ་ཙམ་གྱི་དབང་གིས། དགེ་སློང་གི་གནས་སྐབས་ན་དེའི་དུས་པའི་སྦྱོར་བ་མེད་པར་ཁ་ན་མ་ཐོ་བ་ལྕི་བ་ཉེས་པ་སྦོམ་པོ་ཞེས་བྱ་བ་སློང་བར་བརྗོད་ན། དེ་དགེ་ཚུལ་གྱི་གནས་སྐབས་ན་ལྟུང་བ་ཅི་ཞིག་ཏུ་ འགྱུར། དེ་བཞིན་དུ་དགེ་སློང་གི་གནས་སྐབས་ན་དེའི་དུས་པའི་སྦྱོར་བ་མེད་པར་ཁ་ན་མ་ཐོ་བ་ལྕི་བ་ཉེས་བྱས་ཞེས་བྱ་བ་སློང་བར་བརྗོད་ན་སྦྱོར་བ་ནི་ལྟུང་བ་ཅིར་འགྱུར་ཞེ་ན། འདི་ལ་ཁ་ཅིག་ན་རེ་རེ་ཞིག་ཁྱིམ་པ་ཉིད་ཀྱི་གནས་སྐབས་ན་སྦྱོར་བ་བྱེད་པ་ལ་ནི་ལྟུང་བ་སློང་བ་མི་སྲིད་དེ། འདི་ལྟར་ཁྱིམ་པ་ རྣམས་ལ་ལྟུང་བ་རྣམ་པར་གཞག་པ་མེད་པའི་ཕྱིར་དང་། ཁྱིམ་པ་ལ་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བ་འབའ་ཞིག་ཏུ་ཟད་དོ་ཞེས་གསུངས་པའི་ཕྱིར་རོ། །དགེ་ཚུལ་གྱི་གནས་སྐབས་ན་ཤིན་ཏུ་སྨད་པ་ཉེས་བྱས་སུ་ཤེས་པར་བྱ་སྟེ། འདི་ལྟར་གང་ལ་ཉེས་བྱས་ན་སྨད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། ། དགེ་སློང་གི་གནས་སྐབས་ན་ཡང་སྦྱོར་བ་མེད་ན་སྦོམ་པོ་ཁོ་ནར་ཤེས་པར་བྱ་སྟེ། འདི་ལྟར་དངོས་གཞིར་སྦྱོར་བ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། འདི་ལྟར་གང་ལ་ཕྱིས་དགེ་ཚུལ་ལ་སོགས་པའི་གནས་སྐབས་ན་དངོས་གཞིའི་ཁ་ན་མ་ཐོ་བ་སྔོན་ ཁྱིམ་པ་ཉིད་ལ་སོགས་པའི་གནས་སྐབས་ཀྱི་སྦྱོར་བའི་རྒྱུ་ཅན་རྣམ་པར་གཞག་པ་དང་། དེ་བཞིན་དུ་ཕྱི་མ་དགེ་ཚུལ་ལ་སོགས་པའི་གནས་སྐབས་ན་སྔ་མ་དགེ་སློང་ལ་སོགས་པའི་གནས་སྐབས་ཀྱི་སྦྱོར་བའི་རྒྱུ་ཅན་རྣམ་པར་གཞག་པ་དེ། དེས་སྦྱོར་བ་རྒྱུན་ཆད་པའམ་སྦྱོར་བ་ རྒྱུན་མ་ཆད་པ་ཞིག་ལས་འགྱུར་གྲང་ན། དེ་ལ་རེ་ཞིག་གལ་ཏེ་སྦྱོར་བ་ཅན་བཅད་ན། དེ་ལྟ་ན་ནི་སྦྱོར་བ་མེད་པའི་ཕྱིར་དངོས་གཞི་མི་སློང་བ་ཁོ་ན་སྟེ། མ་བསམས་པར་བསད་པ་ལྟ་བུའོ། །དེ་སྐད་དུ་ཡང་བདག་ཉིད་འཆིར་བཅུག་པ་བཟློག་པའི་སྐབས་སུ་རྣམ་པར་འབྱེད་པ་ལས། གལ་ཏེ་དེས་འདི་ སྐད་དུ་ཚེ་དང་ལྡན་པ་ཁྱོད་བདག་ཉིད་གསོད་པར་མ་བྱེད་ཅིག །འཆི་བར་མ་བྱེད་ཅིག །འཚོ་བ་དང་འབྲལ་བར་མ་བྱེད་ཅིག་ཅེས་སྨྲ་བ་ལས་ཅི་སྟེ་དེ་བདག་ཉིད་གསོད་པར་བྱེད་འཆི་བར་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་ན་སྔོན་གྱི་སྦྱོར་བ་དེ་ཉིད་ཀྱིས་འཆིར་འཇུག་པ་དེ་ལ་ཉེས་པ་སྦོམ་པོར་འགྱུར་ རོ་ཞེས་གསུངས་སོ། །འོན་ཏེ་སྦྱོར་བ་རྒྱུན་མ་བཅད་ན་དེ་ལྟ་ན་སྦྱོར་བ་ཡོད་པའི་ཕྱིར་དང་། བསམས་པའི་འབྲས་བུ་ཡོངས་སུ་རྫོགས་པའི་ཕྱིར་དང་། དངོས་གཞི་ཡོངས་སུ་རྫོགས་པ་ཁོ་ནར་འགྱུར་ན། ཇི་ལྟར་ན་སྨད་པ་ཞེས་བྱ། གལ་ཏེ་དེའི་ཚེ་སྦྱོར་བ་མེད་པའི་ཕྱིར་རོ་ཞེ་ན། ཧ་ཅང་ ཐལ་བར་འགྱུར་ཏེ། དགེ་སློང་གང་ཞིག་གིས་དགྲ་བསད་པའི་ཕྱིར་སྦྱོར་བ་བྱས་ནས་ཀྱང་ལོ་བཅུའམ་ཉི་ཤུ་འདས་ནས་དགྲ་དེ་སྲོག་དང་བྲལ་ན། དགེ་སློང་དེ་ལ་དེའི་ཚེ་ད་ལྟར་བྱུང་བའི་སྦྱོར་བ་འགའ་ཡང་མེད་པས་དེ་ཡང་དངོས་གཞི་མེད་པར་ཐལ་བར་འགྱུར་བ་ཞིག་ན། དེ་ཡང་རིགས་པ་མ་ ཡིན་ཏེ། སྔོན་གྱི་སྦྱོར་བ་རྒྱུན་མ་བཅད་པའི་ཕྱིར་རོ། །ཇི་ལྟར་འདི་དེའི་ཚེ་སྦྱོར་བ་རྒྱུན་མ་བཅད་པ་ཡིན་པར་འདོད་པ་ལྟར། དེའི་སྦྱོར་བ་ཡང་དེའི་ཚེ་དེ་དང་འདྲ་བར་འདོད་པར་བྱའོ། །དེ་བཞིན་དུ་གལ་ཏེ་གནས་སྐབས་གཞན་ན་བྱས་པའི་སྦྱོར་བ་གནས་སྐབས་གཞན་ན་མེད་དོ་ཞེ་ན། དེ་ལྟ་ན་ཡང་། ཧ་ཅང་ཐལ་བར་འགྱུར་ཏེ། །གང་ཞིག་གིས་དགེ་སློང་ཉིད་ཀྱི་ཚེ་ཕམ་པའི་ལྟུང་བ་བྱུང་ནས་ཁྱིམ་པ་ཉིད་དུ་འཕོས་ན་དེ་གནས་སྐབས་གཞན་དུ་བྱས་པའི་ཕམ་པའི་ལྟུང་བ་མེད་པས་ཡང་རབ་ཏུ་འབྱུང་བ་དང་སྡོམ་པའི་ཞིང་ཉིད་དུ་ཐལ་བར་འགྱུར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། དེ་ནི་སྡོམ་པའི་ཞིང་མ་ ཡིན་པ་ཉིད་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །གཞན་ཡང་ལས་གཅིག་གིས་འཕངས་པ་ཉིད་ཀྱི་རིགས་མཐུན་པ་གཅིག་པའི་ཕྱིར་གཞོན་ནུ་དང་དར་ལ་བབ་པ་དང་རྒན་པོ་ཉིད་ལ་སོགས་པ་བཞིན་དུ་གནས་སྐབས་རྣམས་ཀྱི་རྟེན་ཐ་དད་པར་བྱེད་པ་མ་ཡིན་ན། ཇི་ལྟར་གནས་སྐབས་གཞན་ན་བྱས་པའི་སྦྱོར་ བ་མེད་པར་འགྱུར་ཏེ། དེ་ལྟ་བས་ན་གནས་སྐབས་ནི་གཉིས་ཏེ་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དང་བསྙེན་པར་རྫོགས་པ་ཉིད་དོ། །དེས་ན་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དགེ་ཚུལ་གང་ཞིག་གིས་རྐུ་བའི་ཕྱིར་ཕོ་ཉས་རྐུ་བའི་སྦྱོར་བ་བྱས་ནས་བསྙེན་པར་རྫོགས་པར་བྱེད་པ་དེ་ལ་དགེ་སློང་གི་ དངོས་པོར་ཁས་ལེན་པའི་དུས་ན་སྦྱོར་བ་རྒྱུན་བཅད་པ་ཡིན་ནོ། །སྦྱོར་བ་ལས་བྱུང་བའི་ཉེས་བྱས་དང་མི་ལྡན་པའོ། །བསྙེན་པར་རྫོགས་པ་དེ་ན་སྔོན་བྱེད་དུ་བཅུག་པའི་ཕོ་ཉས་བརྐུས་པའི་མཚན་ཉིད་ཀྱི་བྱ་བ་དེ་མཐར་ཕྱིན་པར་བྱེད་མོད་ཀྱི། འོན་ཀྱང་རྩ་བའི་ཁ་ན་མ་ཐོ་བ་སློང་བར་བྱེད་པ་ནི་མི་འགྱུར་ཏེ་སྦྱོར་ བ་མེད་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བའི་ཉེས་བྱས་གང་ཡིན་པ་དེ་ནི་འདིའི་ཉེས་པ་སྦོམ་པོར་འགྱུར་ཏེ། ཕམ་པའི་སྦྱོར་བ་ནི་བསྙེན་པར་རྫོགས་པ་དག་ལ་ཉེས་པ་སྦོམ་པོར་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་བསྙེན་པར་རྫོགས་པ་ཕམ་པའི་སྦྱོར་བ་བྱས་ནས་སྦྱོར་བ་རྒྱུན་བཅད་དེ། གལ་ཏེ་དགེ་ཚུལ་ ཉིད་དུ་འཕོས་ན་དེ་ལྟ་ན་དངོས་གཞི་སློང་བར་བྱེད་པའི་སྦྱོར་བ་ལས་བྱུང་བའི་ཉེས་པ་སྦོམ་པོའོ། །འདིའི་ཉེས་བྱས་སུ་འགྱུར་ཏེ། བསྙེན་པར་མ་རྫོགས་པ་རྣམས་ལ་ནི་ཉེས་བྱས་ཙམ་དུ་བསྟན་པའི་ཕྱིར་རོ། །དེ་ལྟར་ན་འདུལ་བ་འཛིན་པའི་གཞུང་ལུགས་འདི་གཉིས་ནི་དགེ་སློང་མ་དང་། དགེ་སློབ་ མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་རྣམས་ཀྱིས་སྦྱོར་བའི་དབང་གིས་གསོད་པ་ལ་སོགས་པ་བདུན་ཚན་འཆད་པར་འགྱུར་བ་དག་ལ་ཡང་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྗེས་སུ་དཔག་པར་བྱའོ། །གཞུང་མང་པོ་ཉིད་དུ་འགྱུར་བས་བདག་གིས་ནི་རྣམ་པར་མི་བཤད་དོ། །ཤོ་གམ་ཞེས་བྱ་བ་ནི་གསེར་ལ་ སོགས་པའི་དབྱིག་ལ་རྒྱལ་པོའི་སྐལ་བའོ། །ནམ་མཁའ་ལས་ཞེས་བྱ་བ་ནི་ནམ་མཁའ་ལས་གསང་སྔགས་དང་སྨན་དང་། མི་མ་ཡིན་པ་མངགས་པ་དང་། ཤིང་ལས་འཕངས་པ་ལ་སོགས་པའོ། །བཟླས་ན་ཞེས་བྱ་བ་ནི་ཁྱེར་ནའོ། །དངོས་པོ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ལ། དངོས་པོ་ནི་མ་ ཤ་ཀ་ལྔ་ལ་སོགས་པའི་རྫས་སོ། །དེས་ན་མ་ཤ་ཀ་ལྔ་ཚང་ན་ཕམ་པར་འགྱུར་བ་ལ་དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་རྫུ་འཕྲུལ་གྱིས་བཟླས་ན་ཞེས་བྱ་བ་ལ་ཅི་སྟེ་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟོག་པའོ། །གཞན་དག་ན་རེ་དྲི་བ་ཡིན་ནོ་ཞེས་ཟེར་རོ། ། རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །དེ་ཡང་འདིར་མངོན་པར་ཤེས་པའི་རང་བཞིན་འབའ་ཞིག་ཏུ་མ་ཟད་ཀྱི་གསང་སྔགས་དང་སྨན་གྱིས་བྱས་པ་དང་། ལས་ལས་སྐྱེས་པ་ཡང་ཡིན་པར་ཤེས་པར་བྱའོ། །མངོན་པར་ཤེས་པའི་རང་བཞིན་གྱི་རྫུ་འཕྲུལ་ནི་འདོད་ཆགས་དང་བྲལ་བའི་རྒྱུ་ ལས་སྐྱེས་པ་ཉིད་ཀྱིས་རྐུ་སེམས་ཀྱིས་སྣོད་མ་ཡིན་པའི་ཕྱིར་ཐམས་ཅད་ལ་ལྟུང་བ་མེད་པ་ཉིད་དུ་གྲུབ་པ་ཁོ་ནའོ། །གཞན་དག་ན་རེ་རྫུ་འཕྲུལ་སྨོས་པས་ནི་འདིར་གཙོ་བོ་ཡིན་པའི་ཕྱིར་དང་། བཅོས་པ་མ་ཡིན་པའི་ཕྱིར་མངོན་པར་ཤེས་པའི་རང་བཞིན་ཁོ་ནར་གསུང་གི་གཞན་དུ་ནི་མ་ཡིན་ནོ། །གསང་ སྔགས་དང་། སྨན་དང་ལས་ལས་སྐྱེས་པ་ནི་སྔར་ཕྱིན་པ་ནི་ཁྱེར་ལ་ཡན་ལག་གཞན་ཡོད་ན་ཕམ་པར་འགྱུར་རོ། །སར་མ་ཕྱིན་པ་ནི་ཡན་ལག་གཞན་ཡོད་ན་སྦོམ་པོར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཞུས་པ། གཞན་ལས་འདི་སྐད་དུ། བཙུན་པ་རེ་ཞིག་དགེ་སློང་གིས་ཤོ་གམ་ནས་ནམ་མཁའ་ལས་ཟློ་བར་ བགྱིད་ན་ཅིར་འགྱུར་ལགས། གལ་ཏེ་རྫུ་འཕྲུལ་གྱིས་ཟློ་བར་བྱེད་ན་ཉེས་པ་མེད་དོ། །འོན་ཏེ་རྣམ་པ་གཞན་དག་གིས་ཟློ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ་གསང་སྔགས་དང་སྨན་དང་མི་མ་ཡིན་པ་མངགས་པ་དང་། ཤིང་ལས་འཕངས་པ་ལ་སོགས་པ་རྣམ་པ་ གཞན་ཐམས་ཅད་ཀྱིས་ནི་ཤོ་གམ་སར་མ་ཕྱིན་པར་ནམ་མཁའ་ལས་ཤོ་གམ་ལས་འདའ་བར་བྱེད་པ་ལས་དགོངས་ཏེ་གསུངས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། སར་ཕྱིན་པ་བཟླས་ན་ཡན་ལག་ཐམས་ཅད་ཡོད་པས་ཕམ་པར་ཐལ་བར་འགྱུར་བའི་ཕྱིར་སྦོམ་པོར་མི་རུང་ངོ་། །ཁ་ཅིག་ལེན་པ་པོ་ མཚམས་ཀྱིས་ན་འདུག་པ་ལ་སྦོམ་པོ་ཁོ་ནར་འགྱུར་བར་བརྗོད་དེ། འདི་ལྟར་ཁྱེར་བ་པོ་མཚམས་ཀྱི་ནང་དུ་གཏོགས་པའི་ས་ལ་འདུག་པ་ལ་ནི་སྦོམ་པོ་ཁོ་ནའོ་ཞེས་ཟེར་བ་མ་ཡིན་ནམ་དེ་ཇི་ལྟ་བུ་ཞེ་ན། དེ་ཉིད་ལ་དྲི་བར་བྱའོ། །ཤུལ་མ་ལགས་པ་ནས་ཞེས་བྱ་བས་ནི་ལམ་གོལ་བ་ནས་སོ། འདིར་ ནི་ཤོ་གམ་གཅད་པར་བྱ་བའི་རྫས་ནི་ཤོ་གམ་གྱི་གནས་སུ་ཕྱིན་པའི་ཤོ་གམ་གྱི་གནས་ལས་གློར་བཟུང་སྟེ། གློ་གང་ཡིན་པ་དེ་ལམ་མ་ཡིན་པ་ནས་བཟླ་བ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་ཤོ་གམ་གྱི་གནས་བཀོལ་ནས་དེ་ལས་འདའ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་དེ་རྣམས་ཀྱི་ས་ལས་ འདས་ནས་མཐར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། དེ་དག་ནི་ཤོ་གམ་པ་རྣམས་སོ། །ས་ནི་ཤོ་གམ་གྱི་སའོ། །ས་ལས་མ་འདས་ན་ནི་ཉེས་པ་སྦོམ་པོར་འགྱུར་ཏེ། རྐུ་སེམས་ནི་ཡོད་ལ་མཚམས་གཞན་དུ་ནི་མ་བཟླས་ན་སྦོམ་པོ་འདིར་འགྱུར་རོ། །མཚམས་གཞན་ཀྱང་ངོ་ཞེས་འབྱུང་བའི་ཕྱིར་ ཤོ་གམ་གཅད་པར་བྱ་བ་མཚམས་གཞན་ལས་མ་འདས་ན་ཉེས་པ་མེད་པ་ཉིད་དུ་བཤད་པ་མ་ཡིན་ནམ་ཞེ་ན། རྐུ་སེམས་མེད་པར་ཤོ་གམ་མཚམས་གཞན་ལས་ཟློ་བར་མི་བྱེད་ན་ཉེས་པ་མེད་པ་ཉིད་དུ་བཤད་པ་ཡིན་ཏེ་འདིར་ཤོ་གམ་གྱི་གནས་སུ་མ་སོང་ཡང་བླའོ་སྙམ་པ་དེ་ལྟ་བུའི་བསམ་པས་ འདྲལ་བ་མ་ཡིན་པར་ཤོ་གམ་གྱི་གནས་སུ་ཕྱིན་པ་སྤོང་བའི་བདག་ཉིད་གང་ཡིན་པ་ནི་དེའི་རྐུ་སེམས་ཉིད་མ་ཡིན་པར་ཤེས་པར་བྱ་སྟེ། རྐུ་བའི་བསམ་པ་མེད་པའི་ཕྱིར་རོ། །གང་ལ་རྐུ་སེམས་ཡོད་པ་དེ་ལ་ནི་ཤོ་གམ་གྱི་གནས་སུ་མ་ཞུགས་ན་ཡན་ལག་གཅིག་མ་ཚང་བའི་ཕྱིར་དང་། ཡན་ལག་ ལྷག་མ་ཡོད་པའི་ཕྱིར་སྦོམ་པོར་འགྱུར་གྱི་མཐར་འགྱུར་བ་ནི་མེད་དོ། །འདིར་ཤོ་གམ་སྨོས་པས་ཤོ་གམ་དུ་བཅད་པར་བྱ་བ། རྒྱལ་པོ་སྐལ་བར་བླང་བར་འོས་པ་རིན་པོ་ཆེ་ལ་སོགས་པའི་རྫས་ཟློ་ན་ལྟུང་བར་འགྱུར་གྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །ཤོ་གམ་ བཅད་པ་ཞེས་བྱ་བ་ལ་སོགས་པ་ལ་ཤོ་གམ་བཅད་པ་ནི་ཤོ་གམ་བཅད་པར་འོས་པ་སྟེ། ཇི་ལྟར་གཞན་གྱིས་རྐུ་ན་མཐར་འགྱུར་བ་དེ་བཞིན་དུ་རྐུ་སེམས་ཀྱིས་ཁ་དང་ལྐོག་མ་དག་ནས་རྐུ་ན་ཡང་མཐར་འགྱུར་བ་ཁོ་ནའོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ནི་ཁར་བཅུག་པ་གང་ཡིན་པ་དེ་ནི་ལུས་ ཀྱི་ཁོངས་སུ་གཏོགས་ལ་ཚེམ་བུའི་གསེབ་ཏུ་བཅུག་པ་གང་ཡིན་པ་ནི་གོས་དང་འདྲ་བའི་ཕྱིར་ལ་ལུས་དང་གོས་བཟླས་པ་ཡང་ཉེས་པ་འགའ་ཡང་མེད་པས་དེའི་ཕྱིར་ཉེས་པ་མེད་པའམ་ཡང་ན་ན་སྨད་པར་འགྱུར་རོ་སྙམ་པ་བསལ་བའི་ཕྱིར་རོ། །ཁ་དང་ལྐོག་མ་དག་ནི་ལྟོ་བ་དང་ལྷག་མ་དག་ གི་དཔེ་ཡིན་ནོ། །ཚོང་པ་ནི་ཉོ་ཚོང་གིས་<འཚེ་‚འཚོ་>བའོ། །ཚུར་<ཤེག་‚ཤོག་>འདོང་ཞེས་བྱ་བ་ནི་ཤེག་ཅིག་འདོང་ངོ་ཞེས་བྱ་བ་ཡིན་ནོ། །ཉེས་བྱས་སོ་འདི་ལ་ཡང་། འདི་ནི་སྦྱོར་བར་བྱེད་པ་ཁོ་ན་སྟེ། འདི་ལྟར་འདི་ནི་གཞན་གྱི་དོན་ཏམ་ཆུད་གཟན་པའི་དོན་དུ་སྦྱོར་བ་ཡིན་གྱི་རང་གིར་བྱེད་ པ་ནི་མ་ཡིན་པ་ཉེས་པ་སྦོམ་པོའི་སྦྱོར་བར་གྱུར་པ་ཡིན་ལ། ཉེས་པ་སྦོམ་པོའི་སྦྱོར་བ་ཡང་ཉེས་བྱས་ཡིན་ནོ། །འདིར་ཡང་ཤོ་གམ་སར་ཕྱིན་པ་ཟློ་བར་སྦྱོར་ན་ནི་ཉེས་པ་ཡོངས་སུ་རྫོགས་པ་ཡིན་ལ། སར་མ་ཕྱིན་ན་ཉེས་པ་ཆུང་ངུ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱ་སྟེ། འདིར་ཤོ་གམ་སར་མ་ ཕྱིན་པར་བྲལ་ན་ནི་གཞལ་བར་བྱ་བ་མ་ཡིན་པའི་ཕྱིར་དང་། ཤོ་གམ་གྱི་ས་ལས་འདས་པའི་ཡན་ལག་མེད་པའི་ཕྱིར་ཉེས་བྱས་སུ་གྱུར་ལ། ཉེས་བྱས་ཀྱི་སྦྱོར་བ་ནི་ཉེས་བྱས་ཆུང་ངུར་འགྱུར་ཏེ། སྦྱོར་བ་ལ་ནི་ཐམས་ཅད་དུ་ཉེས་བྱས་སོ་ཞེས་འབྱུང་བའི་ཕྱིར་རོ། །ཉེས་བྱས་སུ་འགྱུར་བ་ནི་ཚིག་ཟུར་ གྱིས་སོ། །དོན་ནི་འདི་ཡིན་ཏེ། གང་ལ་ལ་ཞིག་མི་མངོན་པའམ། ལམ་གཞན་འདི་ནས་འགྲོ་བ་དེས་ནི་ཤོ་གམ་གཞལ་མི་དགོས་སོ་ཞེས་བྱ་བ་ལ་སོགས་པ་ལྷངས་པོ་མ་ཡིན་པ་མི་གསལ་བར་སྨྲ་བ་དེ་ལ་ནི་ན་སྨད་ཉེས་བྱས་སུ་འགྱུར་རོ། །འདི་ལྟར་ཟུར་གྱིས་སྨྲ་བ་ལ་ཞུགས་པའི་བསམ་པ་ནི་ ཧ་ཅང་མི་བཟད་པ་མ་ཡིན་པས་དེའི་ཕྱིར་དེ་ལྟ་བུ་ཡིན་ནོ། །ཤོ་གམ་དུ་གཏོགས་པ་ནི་ཤོ་གམ་གཅད་པར་བྱ་བ་སྟེ། ཡིན་པ་ཞེས་བྱ་བ་ཞིག་ཁོ་ནས་དྲང་ངོ་། །ཤོ་གམ་གྱི་སར་མ་ཕྱིན་པར་ཞེས་བྱ་བ་ནི་ཤོ་གམ་གྱི་སར་མ་སོན་པར་རོ། །བཟླས་ན་ཞེས་བྱ་བ་ནི་ལམ་གཞན་ནས་སོ། །ཉེས་བྱས་སོ་ཞེས་ བྱ་བ་ནི་འདི་ལ་ཉེས་བྱས་འདི་ནི་ཤོ་གམ་གྱི་གནས་སུ་མ་སོན་པའི་ཕྱིར་དང་། གཞན་གྱི་དོན་ཡིན་པའི་ཕྱིར་ཉེས་པ་སྦོམ་པོའི་སྦྱོར་བར་འགྱུར་བ་ཡིན་ན། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་རྐུ་སེམས་ཀྱང་ཡོད་ལ་སར་ཡང་མ་ཕྱིན་ན་སྦོམ་པོར་འགྱུར་རོ། །འོག་མ་ལ་ཡང་དེ་དང་འདྲ་བར་ ཤེས་པར་བྱ་སྟེ། འདི་གཉིས་ཀྱིས་ཡུལ་གྱི་བྱེ་བྲག་ནི་གོང་མ་ལ་ནི་ཕྱེད་སྦྱིན་ནོ། །འོག་མ་ལ་ནི་ཐམས་ཅད་སྦྱིན་ནོ་ཞེས་བྱ་བར་ཟད་དོ། །ལམ་གཞན་ཞིག་ཅེས་བྱ་བ་ལ་སོགས་པ་ལ་ཉེས་བྱས་སོ་ཞེས་བྱ་བ་འདི་ལ་ནི་ཉེས་བྱས་ཆུང་ངུར་ཤེས་པར་བྱ་སྟེ། ཤོ་གམ་དྲལ་བའི་བསམ་པས་བཟློག་པའི་ ཕྱིར་རམ་གཟུར་ཏེ་འགྲོར་གཞུག་པའི་ཕྱིར་ལམ་གཞན་སྟོན་པས་སོ། །རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་འདི་ལ་ནི་རིན་ཐང་བརྩིས་ཏེ། དངོས་པོ་ཚང་ན་སར་ཕྱིན་པའི་ཕྱིར་དང་། གཞན་གྱི་དོན་ཡིན་པའི་ཕྱིར་ཉེས་པ་སྦོམ་པོར་འགྱུར་བར་རིག་པར་བྱའོ། །ཞུས་པ་ལ་ལ་ལས་ཅིར་འགྱུར་ལགས་ཏེ་ ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསལ་བར་འབྱུང་ལ། གཞན་ལས་ཀྱང་དེ་དགེ་སློང་གིས་ཟློ་བར་བྱེད་ཅིང་། ཤོ་གམ་གྱི་རྫས་གཞལ་བར་བྱ་བ་ཡང་མ་ཤ་ཀ་ལྔ་རི་བ་ཡིན་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསལ་རབ་ཏུ་འབྱུང་ངོ་། །དེའི་ཕྱིར་ཁྱོད་ལ་དབུལ་ལོ་ཞེས་བྱ་བ་ལ་སོགས་པ་ལ་རིན་ཐང་བརྩི་ བར་བྱའོ་ཞེས་བྱ་བ་འདི་རིན་ཐང་བརྩིས་ཏེ། དངོས་པོ་ཚང་ན་རྐུ་སེམས་ཡོད་པའི་ཕྱིར་དང་། སར་ཕྱིན་པའི་ཕྱིར་ཕམ་པར་འགྱུར་རོ། འདིར་ཡང་ཞུས་པ་གཞན་ལས་ཅིར་འགྱུར་ལགས། ཤོ་གམ་གྱི་རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་ཕམ་པར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་ སྦོམ་པོར་འགྱུར་རོ་ཞེས་གསལ་བར་འབྱུང་སྟེ། དེ་མ་ཐག་པ་གཉི་ག་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །ཆོས་གོས་ཀྱི་གདང་ནི་ཆོས་གོས་གཞག་པའི་གཞིའོ། །སྔ་མ་ལ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདིར་ནི། ཆེ་གེ་མོ་ཞིག་གི་ཆོས་གོས་ཀྱི་གདང་བརྐུ་བར་བྱའོ་ཞེས་ གཞན་གྱི་ནོར་རྐུ་བའི་ཕམ་པའི་སྦྱོར་བ་ལ་སྦོམ་པོ་འདིར་འགྱུར་རོ། །ཕྱི་མ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་རང་གི་ཡིན་པའི་འདུ་ཤེས་ཀྱིས་ཞུགས་པའི་ཕྱིར་རོ། །ཕྱི་མ་ལ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ནི་རང་གི་ཡིན་པ་ལས་དུས་ཕྱིས་ཆེ་གེ་མོ་ཞིག་གི་ཆོས་གོས་ཀྱི་གདང་ བརྐུ་བར་བྱའོ་སྙམ་པ་གཞན་གྱི་ཡིན་པའི་བློ་རྐུ་སེམས་ཉེ་བར་གནས་པའི་ཕྱིར་ཏེ། འདིར་དངོས་གཞི་བྱེད་པའི་དངོས་པོ་རང་གི་ཡིན་པས་མ་བྱིན་པ་ཉིད་ཀྱི་མཚན་ཉིད་ཀྱི་ཡན་ལག་གཅིག་མ་ཚང་བར་འགྱུར་རོ། །དེའི་ཕྱིར་ཡན་ལག་མ་ཚང་བས་ཉེས་པ་སྦོམ་པོར་གསུངས་པ་ལེགས་པ་ཡིན་ནོ། །ཆོས་གོས་ ཀྱི་གདང་གི་རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ནི། ཆོས་གོས་ཀྱི་གདང་ཤིང་རྐུ་བར་འདོད་ཀྱི། ཆོས་གོས་རྣམས་ནི་མ་ཡིན་པས་དེའི་ཕྱིར་དེ་དག་བླངས་པ་ལ་ལྟུང་བ་མེད་དེ་མ་བསམས་པའི་ཕྱིར་རོ། །ཆོས་གོས་ཀྱི་གདང་ནི་རིན་ཐང་བརྩིས་ཏེ་དངོས་པོ་ཚང་ན་ཕམ་པར་འགྱུར་རོ། །གལ་ཏེ་མ་ཚང་ན་སྦོམ་པོར་ འགྱུར་རོ། །སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཉེས་པ་སྦོམ་པོ་འདི་ནི་སྦྱོར་བར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་སོ་སོར་བགོས་པ་ལས་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་ལ་ནོར་མ་ཐོབ་པའི་སྔོན་རོལ་དུ་འདི་ལྟར་དེ་དག་ཐམས་ཅད་གཅིག་ལ་རྐུན་མ་ཡིན་པར་ཤས་སེམས་ པར་གྲུབ་པའི་བློ་རྣམ་པར་མི་གནས་པའི་ཕྱིར་རོ། །དེའི་ཕྱིར་ནོར་ཐོབ་པའི་དུས་ན་བརྐུས་པ་ལྡང་གི་སྔོན་རོལ་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མི་སྟེར་བར་རྐུ་བ་ནི་སྦྱིན་དགོས་པའི་ནོར་མི་སྟེར་ཅིང་སྦྱིན་པར་མི་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །མཐུས་རྐུ་བ་ནི་བཙན་ཐབས་སུ་འཕྲོག་ པའོ། །ཕྱིར་སྦྱིན་པ་རྐུ་བ་ནི་དུས་རེ་ཞིག་པ་ཉིད་དུ་བླངས་ནས་རྐུ་བའི་ཕྱིར་ཏེ། འདི་ལྟར་ཡང་ཕྱིར་སྦྱིན་པར་བྱ་བ་ཡིན་པས་ན་ཕྱིར་སྦྱིན་པ་ཞེས་བྱའོ། །བརྙན་པོ་ཡང་ཕྱིར་སྦྱིན་པར་བྱ་བ་ཡིན་ཏེ། དེ་བས་ན་བརྙན་པོ་ཁོ་ན་ལ་ཕྱིར་སྦྱིན་པ་ཞེས་བྱ་བ་ལ་དེ་རྐུ་ན་ཡང་ཕྱིར་རྐུ་བའོ། །གཏམས་པ་རྐུ་བ་ནི་བཅོལ་བ་རྐུ་བའི་ ཕྱིར་རོ། །ཡོངས་སུ་གཏམས་པ་རྐུ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་། སློབ་དཔོན་དང་། མཁན་པོ་ལ་སོགས་པ་ལ་ཡང་དག་པར་གཏམས་ཤིང་ཕུལ་བའི་ནོར་རྐུ་བའི་ཕྱིར་རོ། །གཞན་དག་ན་རེ་ཡོངས་སུ་བརྟགས་པ་རྐུ་བ་ཁོ་ན་ཡིན་པར་ཤེས་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར། ཞུ་བ་ལ་ལ་ ལས་སླུ་བས་རྐུ་བ་ཁོ་ན་འབྱུང་ངོ་། །དེ་བས་ན་ཡོངས་སུ་བརྟགས་པ་རྐུ་བ་ནི་སླུ་བས་རྐུ་བ་ཁོ་ན་ཡིན་པར་ཤེས་པར་བྱའི། རྐུ་བ་ཡོངས་སུ་རྫོགས་པ་ཉིད་དེར་མི་རུང་བའི་ཕྱིར་བརྟགས་པ་ཙམ་ནི་མ་ཡིན་ཏེ། འདི་ལྟར་ཡང་དག་པར་བསམས་ཏེ། མ་བྱིན་ན་ཉེས་བྱས་སོ་ཞེས་བཤད་དོ་ཞེས་ཟེར་རོ། ། གཞན་དག་ནི་འདི་ལ་གཞན་དུ་བརྗོད་དེ་གང་གིས་ཕུལ་བ་དེ་ལ་བདག་གི་ཡིན་པར་འཛིན་པ་མི་སྐྱེའོ། །བདག་གི་འཛིན་པ་མེད་པའི་ཕྱིར་ཡོངས་སུ་མ་བཟུང་བ་ཉིད་ཡིན་ནོ། །ཡོངས་སུ་བཟུང་བ་ཉིད་མེད་པའི་ཕྱིར་ཡན་ལག་གཅིག་མ་ཚང་ན་སྦོམ་པོར་ཤེས་པར་བྱའི། མཐར་འགྱུར་བ་ནི་མ་ཡིན་ ནོ་ཞེའོ། །ཆོས་རྐུ་བ་ནི་མདོ་སྡེ་དང་འདུལ་བ་དང་། ཆོས་མངོན་པ་ལ་སོགས་པའི་ཆོས་བཟུང་བའི་ངོ་བོར་རྐུ་བའི་ཕྱིར། གང་དག་ཡོངས་སུ་བརྟགས་པའི་རྐུ་བ་སླུ་བས་རྐུ་བ་ཉིད་དུ་འདོན་པར་བྱེད་པ་དེ་ལ་དོན་ནི་འདི་ཡིན་ཏེ། ཉུང་ངུ་བྱིན་ན་མང་པོ་རྐུ་བ་ལ་སོགས་པའམ། ཆོ་ལོ་རྩེ་བ་ལ་ སོགས་པས་སླུ་བ་ཡིན་ནོ། །ཆོས་རྐུ་བ་མ་གཏོགས་པ་ཞེས་བྱ་བ་ནི་བཀར་བ་སྟེ། འདི་ལ་ནི་རྐུ་སེམས་མེད་པའི་ཕྱིར་ཉེས་པ་མེད་པ་ཉིད་དོ། །འདི་ལྟར་མདོ་སྡེ་ལ་སོགས་པའི་ཆོས་བྲི་བར་བྱ་བའི་གླེགས་བམ་མཐོང་ནས་འདྲི་བ་དང་། འཛིན་པ་གང་ཡིན་པ་དེས་ནི་ཕ་རོལ་པོ་ལས་ཅུང་ཟད་ཀྱང་གོད་པར་ མི་འགྱུར་ཏེ། འདིར་ལྟར་བྲི་བར་བྱ་བའི་གཟུགས་བརྙན་སོ་ན་འདུག་པའི་ཕྱིར་རོ། །རྐུ་བ་ནི་གོད་པ་ཡིན་ཏེ་དེ་ལྟ་བས་ན་འདིར་དེ་མ་གཏོགས་སོ། །འོ་ན་གླེགས་བམ་བྲིམ་པ་བརྐུས་པ་ལ་ཚུལ་ཇི་ལྟ་བུ་ཞེ་ན། དེ་བརྐུས་ན་རིན་ཐང་དང་མཐུན་པར་ཉེས་པ་སྦོམ་པོ་ལ་སོགས་པའི་ལྟུང་བར་འགྱུར་ བར་ཤེས་པར་བྱའོ། །ཀཱརྵཱ་པ་ཎ་ནི་ཟོང་གི་ཁྱད་པར་ཏེ། དངུལ་ལས་བྱས་པ་གཟུགས་དོད་པ་བཙོང་དུ་རུང་བ་ཡིན་ནོ། །མ་ཤ་ཀ་གསུམ་གྱིས་ཁུགས་པ་ནི་བཞི་ཆའི་ཆ་བརྩིས་ན་མ་ཤ་ཀ་གསུམ་གྱིས་ཕམ་པར་འགྱུར་ན་ཀཱརྵཱ་པ་ཎ་གཅིག་ལ་མ་ཤ་ཀ་བཅུ་གཉིས་རི་བའི་ཕྱིར་རོ། །མ་ཤ་ཀ་བཅུ་མ་ཁུགས་ པའི་ནི་བཞི་ཆའི་ཆ་བརྩིས་ན་འདིའི་ཚད་ཤོག་བུ་འོག་མ་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདི་ནི་བདག་གིར་ཡོངས་སུ་འཛིན་པ་མེད་པའི་ཕྱིར་རོ། །ནི་ཞེས་བྱ་བའི་སྒྲ་ནི་ཡང་གི་དོན་དམ་ཁྱད་པར་ཡིན་ཏེ། རྐུ་སེམས་ནི་ཡན་ལག་གི་གཙོ་བོ་ཡིན་པའི་ཕྱིར་རོ། །ན་ན་ཀ་ནི་ཀཱརྵཱ་པ་ཎ་ཉིད་དོ། །དེ་བས་ན་མ་ཤ་ཀ་ ཉི་ཤུ་རི་བའི་ཀཱརྵཱ་པ་ཎའི་ཐ་ཚིག་གོ། །ལྷག་མ་ནི་སྔ་མ་ཉིད་བཞིན་ནོ། །བོར་བར་འདུ་ཤེས་པ་ནི་ཡོངས་སུ་བོར་བར་འདུ་ཤེས་པའོ། །ཡོངས་སུ་མ་བཟུང་བར་འདུ་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་རྐུ་སེམས་མེད་པའི་ཕྱིར་རོ། །གལ་ཏེ་རེ་རེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་ཐ་དད་ པའི་ཕྱིར་དངོས་གཞི་མེད་པའི་སྦྱོར་བ་ལ་ནི་སྦོམ་པོ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འདི་ལན་གཉིས་སུ་བརྗོད་པ་ནི་ཟློས་པ་ཡིན་ནོ། །ཡོ་བྱད་ཆེན་པོ་ནི་མ་ཤ་ཀ་ལྔ་ལ་སོགས་པ་རི་བའི་ཚད་ཀྱི་རྫས་ཏེ། འདིར་འཚོ་བ་ལེགས་པར་བྱེད་ཅིང་སྐྱོང་བར་བྱེད་པས་སོ། །སྦེད་པ་ནི་འཇོག་པར་བྱེད་པའོ། ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་རང་གི་ཡིན་པ་ལས་ཕྱིས་རྐུ་སེམས་ཉེ་བར་གནས་པའི་ཕྱིར་དེ་ཡིན་ནོ། །རྐུ་སེམས་ཀྱིས་བླངས་ལ་ཞེས་བྱ་བ་ལ་སོགས་པས་སྦོམ་པོར་བརྗོད་པ་ནོམ་པར་གཏོགས་པ་ཡིན་པར་ཤེས་པར་བྱའི་གནས་ནས་སྤགས་པ་ལས་ནི་མ་ཡིན་ཏེ། གནས་ནས་ སྤགས་པས་ནི་མཐར་འགྱུར་བ་བཤད་པས་སྦོམ་པོར་རྗོད་པ་འགལ་བ་དང་ལྡན་པར་འགྱུར་རོ། །སོམ་ཉི་ནི་རང་གི་ངོ་བོ་མ་རྟོགས་པའི་ཕྱིར་རོ། །ཐེ་ཚོམ་ནི་ཁྱད་པར་མ་རྟོགས་པའི་ཕྱིར་རོ། །ཡང་ན་སོམ་ཉི་ནི་བདག་གི་རང་གི་ངོ་བོའི་སྒོ་ནས་ཤེས་ཀྱང་ཅི་རུང་སྙམ་པ་དེ་ལྟ་བུ་མ་ངེས་ པའི་ཡིད་ཀྱིས་མངོན་པར་བརྗོད་པ་འབྱུང་བའི་ཕྱིར་རོ། །ཐེ་ཚོམ་ནི་ཇི་ཡོ་བྱད་འདི་ཁོ་ན་ཡིན་ནམ་གཞན་ཞིག་ཡིན་ནམ་སྙམ་པའི་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །ཇི་ལྟར་སོམ་ཉི་ཟ་ཞེ་ན། དེ་འདི་འདི་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་སྦྱིན་ལ་སོགས་པ་དེའི་འོ། །འདི་དེ་ཡིན་ནམ་ཞེས་བྱ་བ་ནི་ ཡོ་བྱད་དོ། །ནུབ་ཀྱི་བ་ལང་སྤྱོད་ནི་རི་རབ་ལ་ལྟོས་ན་ནུབ་ཡིན་པའི་ཕྱིར་དང་། དེ་ན་ཡང་ཉོ་ཚོང་གི་ཐ་སྙད་རྣམས་ལ་བ་ལང་དག་གིས་སྦྱིན་པའི་ཕྱིར་དང་ངོ་། །ཤར་གྱི་ལུས་འཕགས་ནི་རི་རབ་ལ་ལྟོས་ན་ཤར་ཡིན་པའི་ཕྱིར་དང་། མི་ལུས་འཕགས་པ་དང་གནས་པའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་ནི་རི་ རབ་ལ་ལྟོས་ན་བྱང་ཡིན་པའི་ཕྱིར་དང་། སྒྲ་མི་སྙན་པ་དག་གནས་པའི་ཕྱིར་རོ། །ཉེ་བ་འཁོར་དེ་ན་ནི་ཞེས་བྱ་བ་ལ་སོགས་པ་ལ་ནི་ཞེས་བྱ་བའི་སྒྲ་ནི་གང་པོར་གསུངས་པ་ནི་མིའི་ཡིན་པའི་ཕྱིར་དང་། མི་མ་ཡིན་པར་འདུ་ཤེས་པ་ཞུགས་པའི་ཕྱིར་ཏེ། སྦྱོར་བར་གཏོགས་པ་ཁོ་ན་ཡིན་ནོ། །མིའི་ལ་མིའིར་འདུ་ ཤེས་པ་ལ་མཐར་འགྱུར་བར་བརྗོད་པ་ནི་མིའི་ཡིན་པའི་ཕྱིར་དང་། མིའི་འདུ་ཤེས་ཀྱིས་ཀྱང་ཞུགས་པའི་ཕྱིར་ཏེ། འདུ་ཤེས་གཞན་གྱི་དོན་ལ་ཞུགས་པ་ལ་ནི་དངོས་གཞིའོ། །གཞན་ཉིད་ལ་དེའི་མ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །མཆོད་རྟེན་དང་མཆོད་རྟེན་གྱི་གནས་ཞེས་བྱ་བ་ལ་སོགས་པ་ལ། མཆོད་རྟེན་ གྱི་གནས་ནི་ཆོས་ཀྱི་སྐུ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེ་བར་གཞག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། མཁྱེན་པ་དང་། སྟོབས་དང་། མ་འདྲེས་པའི་ཉེ་བར་གཞག་པ་དང་། མི་འཇིགས་པ་དང་ཐུགས་རྗེ་ཆེན་པོ་ལ་ སོགས་པའི་ཡོན་ཏན་རྣམས་ཀྱི་གཟུགས་བརྙན་ཉིད་དུ་བསླང་བའི་ཕྱིར་རོ། །དེ་ཉིད་གནས་ཡིན་ཏེ། བསོད་ནམས་མཐའ་ཡས་པ་འདུ་བའི་སྒོ་འབྱེད་ཅིང་རྒྱས་པར་བྱེད་པའི་ཕྱིར་རོ། །མཆོད་རྟེན་གྱི་གནས་ནི་གཟུགས་ཀྱི་སྐུ་སྟེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་གཞིའོ་ཞེས་བྱ་ བའི་ཐ་ཚིག་གོ། །དེ་དག་བསགས་ཤིང་བསྡུ་བར་བཟང་བས་ན་བསགས་པའོ། །མཆོད་རྟེན་འདི་ནི་བསགས་པ་དེ་དག་གི་གཟུགས་བརྙན་ཏེ། ཆོས་ཀྱི་སྐུའི་གཟུགས་བརྙན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་གནས་ཞེས་བྱ་བའི་སྒྲ་ནི་ལོགས་ཤིག་ཏུ་ལྷ་གཞན་ལ་སོགས་པའི་ཡིན་པར་བྱ་སྟེ། དེས་ ན་མཆོད་རྟེན་དང་མཆོད་རྟེན་གྱི་གནས་ལས་ཞེས་དོན་དེ་ལྟ་བུ་ཁོང་དུ་ཆུད་པར་བྱའོ། །གཞན་དག་ནི་མཆོད་རྟེན་ཞེས་བྱ་བའི་སྒྲ་མི་འདོན་ཏེ། མཆོད་རྟེན་ནི་མཆོད་རྟེན་དང་དོན་གཅིག་པའི་ཕྱིར་རོ། །གནས་སྨོས་པས་ནི་ལྷ་གཞན་དག་གིས་བཟུང་ངོ་། །དེས་ན་མཆོད་རྟེན་དང་གནས་ལས་ཞེས་བྱ་བ་དོན་འདིར་ འགྱུར་རོ། །གཞན་དག་ན་རེ་མཆོད་རྟེན་ཉིད་གནས་ཡིན་ཏེ། དེ་ལས་སོ་ཞེས་ཟེར་རོ། །གཞན་དག་ནི་མཆོད་རྟེན་དང་མཆོད་རྟེན་གྱི་འཁོར་ས་ལས་ཞེས་འདོན་ཏེ་དེ་ལ་དོན་ནི་འདི་ཡིན་ཏེ། མཆོད་རྟེན་དང་མཆོད་རྟེན་དག་གི་འཁོར་ས་ཉེས་སྤྱོད་གང་ཡིན་པ་དེ་ལས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱན་ནི་མགུལ་རྒྱན་དང་གདུ་ བུ་རྒྱན་ཅན་དང་དཔུང་རྒྱན་ལ་སོགས་པ་སྟེ། འདི་ནི་བདག་པོ་ཡོངས་སུ་གྱུར་པར་མིའི་འགྲོ་བ་པས་ཡོངས་སུ་གཟུང་བ་མེད་པའི་ཕྱིར་རོ། །སྐུ་གདུང་དག་ནི་ནུས་པ་དག་གོ། །མཐར་འགྱུར་རོ་ཞེས་བྱ་བ་འདི་ནི། སངས་རྒྱས་ཀྱི་སྐུ་གདུང་ནི་རུས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རིན་ཆུང་སྟེ་དེ་བརྐུས་ན་ སྦོམ་པོར་འགྱུར་རོ་སྙམ་དུ་སེམས་པར་གྱུར་པ་དེ་བཟློག་པའི་ཕྱིར་རོ། །བཀུར་སྟི་བྱ་བ་ནི་མཆོད་པར་བྱ་བ་སྟེ། མཆོད་པའི་ཕྱིར་དོན་དུ་བརྐུས་པའི་ཕྱིར་དེ་ལ་མཆོད་པའི་དོན་དུ་གཉེར་བ་ལ་བདག་གིར་བྱ་བའི་བློ་ཡང་མི་འབྱུང་བ་ལ། སྟོན་པ་གཅིག་པ་ཉིད་ཀྱིས་ཐུན་མོང་ཡིན་པའི་ཕྱིར་གཞན་གྱི་ཡིན་ པའི་བློ་ཡང་མི་འབྱུང་བས་འདི་གསུངས་སོ། །དེ་ལ་འདི་ནི་གནས་གང་དུ་དེས་སྟོན་པའི་སྐུ་གདུང་བརྐུས་པའི་གནས་དེ་ན་འཇིག་རྟེན་ཐམས་ཅད་ལ་གྲགས་པས་ཐང་བཅད་པར་འགྱུར་བ་གང་ཡིན་པ་བརྐུས་པའི་དུས་དེ་ན་ཐང་དུ་བྱས་པ་གང་ཡིན་པའི་རིན་ཐང་ཆད་པ་དེས་འདིར་ཕམ་པ་ལ་སོགས་པའི་ལྟུང་བ་ སློང་བར་རིག་པར་བྱའི་གང་ཟག་གཅིག་གམ་མང་པོ་འགའ་ཞིག་ལ་སླུ་བ་པོས་སླུ་བའི་ཕྱིར་རམ། གང་ཟག་གཅིག་གིས་དུ་མ་ལ་མཁོ་བར་གྱུར་པར་ཤེས་ནས་སྔོན་ཆད་ཀྱི་རིན་ཐང་ཡོངས་སུ་བོར་ཏེ་ཆུང་ངུ་དང་ཆེན་པོར་ཐང་ཆོད་པར་བྱེད་པ་གང་ཡིན་པ་དེ་ནི་ཁྱད་པར་བྱེད་པ་མ་ཡིན་པ་ཉིད་ཀྱིས་ཐ་སྙད་དུ་བྱ་བ་ མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །གླེགས་བམ་ནི་བསྟན་བཅོས་ཀྱི་སྣོད་དོ། །རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ལ་རིན་ཐང་བརྩི་བའི་དངོས་པོ་ནི་མ་ཤ་ཀ་ལྔར་ཚང་ན་དེས་འདིས་ཕམ་པར་འགྱུར་ལ། ཅི་སྟེ་མ་ཚང་ན་ནི་སྦོམ་པོར་འགྱུར་རོ་སྙམ་པ་འདི་ཡིན་ནོ། །ཕྱོགས་ བཞིའི་དགེ་འདུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་ཚད་རྣམ་པར་འཆད་པའི་དགེ་འདུན་མངའ་བ་ཡང་དགེ་འདུན་གྱི་ཡིན་པས། དེའི་ཕྱིར་ཕྱོགས་བཞིའི་ཞེས་བྱ་བ་སྨོས་ཏེ་ཕྱོགས་བཞིའི་དགེ་འདུན་དུ་གཏོགས་པའི་གང་ཟག་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་མཐའ་ཡས་པ་རྣམས་འདིའི་བདག་པོ་ཡིན་ ལ། བདག་པོ་མཐའ་ཡས་པ་རྣམས་ཀྱི་སོ་སོའི་བགོ་སྐལ་ཡང་ནམ་ཡང་ཆད་པ་ཉིད་དུ་མི་རུང་བས། མ་ཤ་ཀ་ལྔ་ལ་སོགས་པ་ཉིད་དུ་ཡན་ལག་གཅིག་མེད་པའི་ཕྱིར་འདིར་ཤེས་པར་བྱའོ། །གང་ཟག་མང་པོ་ནི་གསུམ་ལ་སོགས་པའོ། །ཡོངས་སུ་བརྟགས་པ་མ་བརྩལ་བར་ཞེས་བྱ་བ་ལ་སོགས་པ་ནི་ གང་དག་གི་གཞུང་ལུགས་ཀྱིས་ཡོངས་སུ་བརྟགས་པའི་སླུ་བ་ཁོ་ན་ཡིན་པ་དེ་དག་གི་ལྟར་ན་འདི་ལ་མཐར་འགྱུར་རོ། །གང་དག་གི་ལྟར་ན་ཡོངས་སུ་བརྟགས་པ་ཀུན་དུ་རྟོག་པ་ཙམ་ཁོ་ན་ཡིན་པ་དེ་དག་གི་ལྟར་ན་ཉེས་བྱས་སོ། །གང་དག་གི་གཞུང་ལུགས་ཀུན་དུ་བརྟགས་པ་ཞེས་བྱ་བ་ཕུལ་བ་ཉིད་ ཡིན་པ་དེ་དག་གི་ལྟར་ན་ཡང་དེ་ལ་བདག་གིར་བྱེད་པ་མེད་པའི་ཕྱིར་སྦོམ་པོར་འགྱུར་རོ། །གཞན་དག་ན་རེ་ཀུན་དུ་བརྟགས་པ་རྐུ་བ་ལ་ལྟུང་བ་གོང་དུ་བསྟན་ཟིན་པས་ཡང་སྨོས་པ་དོན་མེད་དེ། དེ་ལྟ་བས་ན་ཡོངས་སུ་བརྟགས་པ་རྐུ་བ་ལ་ནི་ཉེས་བྱས་སུ་བརྗོད་པར་བྱའོ་ཞེས་ཟེར་ཏེ། འདི་ནི་ཡོངས་སུ་ བརྟགས་པ་ཙམ་པ་ཡིན་པའི་ཕྱིར་དེ་ལྟར་ཤེས་པར་བྱའོ། །བརྒྱུད་པ་ནི་གཅིག་ནས་གཅིག་ཏུ་སྟེ། ཕོ་ཉ་དང་ཕོ་ཉ་ལ་སོགས་པ་ལོང་ལ་བརྟགས་པར་ཤེས་པར་བྱ་བའི་ཐ་ཚིག་གོ། །རིན་ཐང་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་ཚང་ན་མཐར་འགྱུར་ལ། གལ་ཏེ་མ་ཚང་ན་སྦོམ་པོ་ཞེས་བྱ་བའི་དོན་ཏོ། ། འདི་ནི་མངོན་སུམ་ཁོ་ནས་བརྐུས་ན་དངོས་གཞིར་འགྱུར་གྱི་བརྒྱུད་པས་ནི་མ་ཡིན་ནོ་སྙམ་དུ་སེམས་པ་བཟློག་པའི་ཕྱིར་རོ། །གཞན་གྱིར་འདུ་ཤེས་པ་ནི་མིའི་ནོར་ཡིན་པ་ལ་མིའི་མ་ཡིན་པར་འདུ་ཤེས་པའོ། །ཡོངས་སུ་གཟུང་བ་ནི་བདག་གིར་བྱས་པའོ། །ཡོངས་སུ་མི་བཟུང་བ་ནི་བདག་གིར་མ་ བྱས་པའོ། །མིས་ཡོངས་སུ་བཟུང་བ་ལ་ཡོངས་སུ་གཟུང་བར་འདུ་ཤེས་པས་བརྐུས་པ་ནི་མཐར་འགྱུར་རོ། །ཡོངས་སུ་བཟུང་བའི་ཕྱིར་དང་། དེར་འདུ་ཤེས་པའི་ཕྱིར་རོ། །ཡོངས་སུ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་པས་ནི་ལྟུང་བ་མེད་དེ། ཡོངས་སུ་མ་བཟུང་བའི་འདུ་ཤེས་ཡོད་པའི་ཕྱིར་ རོ། །ལྟུང་བ་མེད་པ་ནི་མཐའ་ལ་སོགས་པའི་ལྟུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་བཟུང་བ་ལ་ཡོངས་སུ་བཟུང་བར་འདུ་ཤེས་པས་ནི་སྦོམ་པོར་འགྱུར་ཏེ། ཡོངས་སུ་བཟུང་བའི་འདུ་ཤེས་ཡོད་པའི་ཕྱིར་རོ། །ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་པས་ནི་ལྟུང་བ་མེད་ དེ། ཡོངས་སུ་མ་བཟུང་བའི་ཕྱིར་དང་། དེར་འདུ་ཤེས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་གང་དུ་གཞག་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་འདིར་རྫས་གནས་ལས་ཕྲལ་བ་མེད་ན་ཇི་ལྟར་རྐུ་བ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། རེ་ཞིག་རྐུ་བ་སློང་བ་འདི་ལ་ནི་འབྲལ་བར་འགྱུར་བ་རྒྱུའོ། ། གཙོ་བོ་ཡིན་ལ་གནས་དང་བཅས་ཏེ་བརྐུས་ན་ཡང་ནོར་གྱི་བདག་པོ་རྫས་དང་བྲལ་བ་ཉིད་དུ་འགྱུར་བ་ཁོ་ན་སྟེ། དེའི་ཕྱིར་འདི་གསུངས་སོ། །མི་དབང་བ་མི་འཐོབ་པའོ། །ཉེས་པ་སྦོམ་པོར་འགྱུར་བའི་ཉེས་བྱས་ལ་སོགས་པ་ལ་ནི་རྐུ་སེམས་ཉེ་བར་གནས་པ་ཙམ་གྱི་ཕྱིར་རོ། །གྲུབ་ནས་ནི་ཞེས་བྱ་བ་ལ་ སོགས་པ་ནི་རྙེད་པ་གྲུབ་ནས་ནི་མ་བྱིན་པ་ཞེས་བྱ་བའི་ཡན་ལག་མེད་པའི་ཕྱིར་དངོས་པོ་ཚང་ན་སྦོམ་པོར་འགྱུར་ལ། གལ་ཏེ་མ་ཚང་ན་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་བྱས་ནས་ཞེས་བྱ་བ་ནི་བྱེད་དུ་བཅུག་ནས་སོ། །ཞུགས་ནས་སྦྱོར་བ་བྱེད་ན་ཞེས་བྱ་བ་ནི་ཁང་པའི་ནང་དུ་སོང་ནས། ཕོ་ཉ་ ཕྱི་རོལ་ན་འདུག་པ་ལ་སྦྱོར་བ་བྱེད་པ་སྟེ། འདིས་ནི་སྦྱོར་བའི་དབང་གིས་ཀྱང་མཐར་འགྱུར་བ་ཁོ་ནའོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །མ་བྱིན་པར་ལེན་པའི་རྣམ་པ་གཞན་དག་ཀྱང་ཞུས་པ་ལས་འབྱུང་སྟེ། དེ་དག་ཀྱང་འདུལ་བ་འཛིན་པ་ཐམས་ཅད་ཀྱིས་གོམས་པར་བྱས་པ་དག་དང་མི་འགལ་ བ་ཡང་ཡིན་ཏེ། ཡུན་རིངས་པ་དང་། དགེ་སློང་རྣམས་ཀྱི་བློ་ཉམ་ཆུང་བ་དང་། མངོན་པར་བརྩོན་པ་མེད་པ་དང་། འདུལ་བ་མ་གུས་པ་དང་། འཕྲལ་གྱི་བྱ་བས་གཡེངས་པ་དང་། ལེ་ལོར་གྱུར་པ་དང་། ཡི་གེ་པ་ངན་པ་རྣམས་ཀྱིས་རང་དགར་ཡི་གེ་བྲིས་པའི་ཕྱིར་ཉམས་པ་འབའ་ཞིག་ཏུ་ཟད་པས་དེ་དག་ འདིར་ཉན་པ་པོ་རྣམས་ཀྱི་བློ་སྐྱེད་དུ་དབྱུང་བའི་ཕྱིར་དང་། གཞུང་སིལ་བུའི་ཚིག་ཉིད་དུ་འདུ་བའི་ཕྱིར་དང་། ཕྱོགས་གཞན་ནས་གཞུང་མཐོང་ནས་འོན་ཏེ་འདི་གཞུང་ཡིན་ནམ་འོན་ཏེ་མ་ཡིན་ཞིག་གུ་སྙམ་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཐེ་ཚོམ་ཟ་བ་ཟློག་པའི་ཕྱིར་དང་། སྔར་ བཤད་པའི་དོན་དངོས་སུ་གསལ་བར་བྱ་བའི་ཆེད་དུ་བསྟན་པར་བྱ་ཞིང་བཤད་པར་ཡང་བྱ་སྟེ་སྐབས་མ་ཡིན་པར་བརྗོད་པར་གཏོགས་པའི་ཉེས་པར་ནི་བསམ་པར་མི་བྱའོ། །འོག་ནས་འབྱུང་བའི་གཞུང་ལ་ཡང་ཅི་རིགས་པར་བསྡུ་བ་ལ་ལུགས་ནི་འདི་ཁོ་ན་ཡིན་ནོ། །དགེ་སློང་གིས་དགེ་སློང་ཞིག་ ལ་འདི་སྐད་ཅེས་ཁྱོད་ཀྱིས་དགེ་སློང་ཆེ་གེ་མོ་ཞིག་གི་ཡོ་བྱད་དེ་དང་དེ་ཤེས་སམ་ཞེས་སྨྲས་པ་ལས། དེས་འདི་སྐད་ཅེས་ཤེས་སོ་ཞེས་སྨྲས་པ་དང་། སོང་ལ་དེ་འོན་ཅིག་དེ་རྐུས་ཤིག་དེ་གནས་ནས་སྤོས་ཤིག་ཅེས་བགྱིས་པ་ལས་གལ་ཏེ་དེས་རྐུ་སེམས་ཀྱིས་ལེན་པར་བགྱིད། རྐུ་བར་བགྱིད་གནས་ ནས་སྤགས་པར་བགྱིད་ན་ཅིར་འགྱུར་ལགས། རྩིས་མགོ་འདྲ་བར་འགྱུར་རོ། །གལ་ཏེ་དེ་འདི་སྙམ་དུ་འདི་ནི་དེའི་ཡིན་ནོ་སྙམ་དུ་སེམས་ན་ལེན་པ་ལ་ལྟུང་བ་མེད་དོ། །རྐུར་འཇུག་པ་གང་ཡིན་པ་དེ་ལ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །བཙུན་པ་མི་རྣམས་ཀྱི་ཆོས་གོས་ཀྱི་གཏུར་བུ་དང་། ཆོས་གོས་ ཀྱི་སྣོད་དང་། ཆོས་གོས་ཀྱི་ཟ་མ་ཏོག་དང་། གདང་ལ་གཞག་པར་གྱུར་པ་དེ་དགེ་སློང་གིས་རྐུ་སེམས་ཀྱིས་གང་འདོད་པ་དེ་བརྐུའོ་ཞེས་འདམ་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གང་འདོད་པ་དེ་བརྐུས་ནས་ནི་རིན་ཐང་བརྩི་བར་བྱས་ཏེ། དངོས་པོ་ཚང་ན་མཐར་འགྱུར་རོ། ། དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །གདང་དང་བཅས་ཏེ་བརྐུས་ན་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་ལགས། གདང་ལས་ཕོག་པར་གྱུར་པ་ནའོ། །གདང་ལས་ཕོག་ནས་རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་ པོར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་བང་བ་ཕུག་ནས་འབྲུ་བརྐུས་ན་ཅིར་འགྱུར་ལགས། གལ་ཏེ་སྦྱོར་བ་གཅིག་གིས་བརྐུས་ན་དེའི་རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་དགེ་སློང་དག་གིས་འབྲས་བུ་དག་སྤྲུགས་ཤིང་བརྡབས་ནས་བརྐུས་ན་ཅིར་འགྱུར་ལགས། གལ་ཏེ་སྦྱོར་བ་གཅིག་གིས་མ་ཤ་ཀ་ལྔར་ཚང་ན་མཐར་འགྱུར་རོ། །མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་དགེ་སློང་དག་གིས་ཆབ་བརྐུས་ན་ཅིར་འགྱུར་ལགས། །ཆུའི་མགོ་ནས་བཟུང་སྟེ་ཆུའི་མཇུག་གི་བར་གྱི་རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་<པོ་‚པ་>སྦོམ་པོར་ འགྱུར་རོ། །བཙུན་པ་མི་རྣམས་ཀྱི་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པའམ། གསེར་བཅོམ་ནས་བརྐུས་ན་ཅིར་འགྱུར་ལགས། རིན་ཐང་བརྩི་བར་བྱ་སྟེ་དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་གལ་ཏེ་ཡི་གེ་དང་ལག་བརྡའི་ཡི་གེ་དག་དང་། ལག་རྩིས་ ཀྱིས་བརྐུས་ན་ཅིར་འགྱུར་ལགས། རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཡོ་བྱད་ཆེན་པོ་ཞིག་གནས་ནས་གནས་སུ་སྤོས་ན་མཐར་འགྱུར་རོ་ཞེས་གསུངས་པ་གང་ལགས་པ། དགེ་སློང་ གིས་རྫས་ཆེན་པོ་ཞིག་རྒྱང་བཅད་པར་འཚལ་ཡང་མཐར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ་འདི་ལྟར་དགེ་སློང་གིས་ཡོ་བྱད་ཆེན་པོ་ཞིག་གི་ཕྱོགས་གཅིག་ནས་བཟུང་སྟེ་རིང་མོ་ཞིག་ཏུ་དྲངས་ཀྱང་མཐའ་ཅིག་ཤོས་གནས་དེ་ནས་མ་འཕགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་དགེ་སློང་ཁྱིམ་ བདག་གི་ཁྱིམ་དུ་ནང་མིར་གྱུར་ལ་དེས་བདག་དེའི་གཉེན་དག་གི་དྲུང་དུ་མཆིས་ཏེ། ཁྱིམ་བདག་གི་ཕྲིན་པ་སྐད་དུ་འདི་སྐད་ཅེས་དངོས་པོ་ཆེ་གེ་མོ་ཞིག་བྱིན་ཅིག་ཅེས་མཆི་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་བའི་ཉེས་བྱས་སོ། །བཙུན་པ་དགེ་སློང་མི་རྣམས་ཀྱི་གླང་པོ་ཆེ་རྐུ་སེམས་ སྐྱེད་ན་སྦོམ་པོར་འགྱུར་རོ། །མ་སྨྲས་པར་གཞན་གྱི་དོན་དོན་དུ་ཞེས་བྱ་བ་ནི་ཕ་རོལ་པོས་མ་སྨྲས་པར་རང་ཉིད་ཀྱིས་དེ་འདི་ནི་གཞན་གྱི་དོན་ཡིན་པའི་ཕྱིར་རོ། །མི་མ་ལགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་འདི་ལ་མི་མ་ཡིན་པའི་ཕྱིར་དང་། མ་ཡིན་པའི་འདུ་ཤེས་ཀྱིས་འཇུག་ པའི་ཕྱིར་དེ་ཡིན་ནོ། །ཁ་ཅིག་ནི་འདིར་ཤེས་པ་སྡོམ་པོར་འགྱུར་རོ་ཞེས་འདོན་པར་བྱེད་ཅིང་འཆད་པར་ཡང་བྱེད་དོ། །འདུལ་འཛིན་པ་ཁ་ཅིག་དེ་མི་འདོད་དེ། འདི་ལྟར་མི་མ་ཡིན་པའི་འགྲོ་བ་ལ་མིའི་འགྲོ་བས་ཡོངས་སུ་བཟུང་བའི་འདུ་ཤེས་ཀྱིས་བརྐུས་ན་སྦོམ་པོར་འགྱུར་ཏེ། མིའི་འགྲོ་བ་བས་ཡོངས་ སུ་བཟུང་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་མི་མ་ཡིན་པའི་འགྲོ་བ་པས་ཡོངས་སུ་བཟུང་བའི་འདུ་ཤེས་ཀྱིས་བརྐུས་ན་ཉེས་བྱས་ཏེ། མིའི་འགྲོ་བ་པས་ཡོངས་སུ་བཟུང་བའི་འདུ་ཤེས་ཀྱང་མེད་པའི་ཕྱིར་རོ། །དེ་ཉིད་ཚད་དུ་མ་ཚང་ན་ཉེས་བྱས་ཆུང་ངུ་ཡིན་ཏེ། མ་ཤ་ཀ་ལྔ་ལ་སོགས་<པེ་‚པ་>ཉིད་ཀྱང་ མེད་པའི་ཕྱིར་རོ། །མིས་ཡོངས་སུ་མ་བཟུང་བའི་འདུ་ཤེས་ཀྱི་ཚད་དུ་ཚང་བར་བརྐུས་ན་ཉེས་བྱས་ཏེ། མིའི་འགྲོ་བ་པས་ཡོངས་སུ་བཟུང་བ་དང་། དེའི་འདུ་ཤེས་ཀྱང་མེད་པའི་ཕྱིར་རོ། །ཚད་དུ་མ་ཚང་བ་ལ་ནི་ཉེས་བྱས་ཏེ། མ་ཤ་ཀ་ལྔ་ལ་སོགས་པ་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་མིའི་འགྲོ་བ་པས་ཡོངས་སུ་ བཟུང་བ་པ་དང་། དེར་འདུ་ཤེས་པ་ཡང་མེད་པ་ཉིད་ཀྱིས་ཉེས་བྱས་སུ་གྲུབ་པར་འགྱུར་ན་ཇི་ལྟར་སྦོམ་པོ་ཞེས་བརྗོད་པར་བྱ་བའི་མི་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་བརྗོད་པ་དང་འགལ་བ་ཡང་མེད་དེ། དེ་ལ་ཡང་མིས་བདག་གིར་བྱ་བ་དང་མ་བྲལ་བའི་ཕྱིར་དང་། མིས་ཡོངས་སུ་བཟུང་བའི་ འདུ་ཤེས་མེད་པའི་ཕྱིར་དེ་ཡིན་ནོ། །གང་དུ་དུད་འགྲོའི་སྐལ་བ་བདག་གིར་བྱེད་ན་ཞེས་བྱ་བ་ལ་སོགས་པས་ཉེས་པ་སྦོམ་པོར་བརྗོད་པ་དེར་ཡང་མི་རྣམས་ཀྱིས་བསམ་པ་ཐག་པ་རྣམས་བཏང་བའི་ཕྱིར་དང་། མིས་ཡོངས་སུ་བཟུང་བའི་འདུ་ཤེས་ཡོད་པའི་ཕྱིར་དེ་ཡིན་ནོ། །མི་མ་ཡིན་པར་མིར་འདུ་ཤེས་པ་ ལས་སྦོམ་པོར་གསུངས་པ་ནི་སྦྱོར་བ་ལས་བྱུང་བ་སྟེ། མིའི་མ་ཡིན་པའི་ཕྱིར་དང་། མིའི་འདུ་ཤེས་ཀྱིས་ཞུགས་པའི་ཕྱིར་རོ། །དངོས་གཞི་ལ་ནི་ཉེས་པ་མེད་དོ། །མིའི་ལ་མི་མ་ཡིན་པར་འདུ་ཤེས་པ་ལ་སྦོམ་ན་མ་ཤ་ཀ་བཅུ་རི་བ་སྟེ། འདིར་མ་ཤ་ཀ་ལྔས་ཕམ་པར་འགྱུར་བ་ནི་ཀཱར་ཥཱ་པ་ཎ་གཅིག་ལ་མ་ཤ་ཀ་ བཞི་བཅུ་རི་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཏམ་གྱི་གཞི་ལས། མ་ཤ་ཀ་གསུམ་བརྐུས་ན་ཕམ་པར་མི་འགྱུར་བ་ལྟ་མ་མཆིས་སམ། བཀའ་སྩལ་པ་ཡོད་དེ་གང་ན་མ་ཤ་ཀ་བཅུ་གཉིས་ཀྱིས་ཀཱར་ཥཱ་པ་ཎ་ཁུགས་པ་ནའོ། །མ་ཤ་ཀ་ལྔ་བས་ལྷག་བ་བརྐུས་ན། ཕམ་པར་མི་འགྱུར་བ་མཆིས་སམ། བཀའ་སྩལ་ པ་ཡོད་དེ་གང་ན་མ་ཤ་ཀ་བཞི་བཅུས་ཀཱར་ཥཱ་པ་ཎ་ཁུགས་པ་ནའོ་ཞེས་གསལ་བར་རབ་ཏུ་འབྱུང་ངོ་། །དེ་བས་ན་འདིས་ནི་ཀཱར་ཥཱ་པ་ཎའི་བཞི་ཆ་གང་ཡིན་པ་དེ་བརྐུས་ན་ཕམ་པར་འགྱུར་རོ་ཞེས་བསྟན་པར་ཤེས་པར་བྱའོ། །ལྔ་ཉིད་ནི་ཀཱར་ཥཱ་པ་ཎའི་དཔེ་ཡིན་ནོ། །རྣམ་པར་འབྱེད་པ་ལྔ་ཉིད་དུ་སྨོས་པ་ཉིད་ནི་འབྲིང་གི་ ཚད་ལ་བརྟེན་པར་ཤེས་པར་བྱ་སྟེ། བསླབ་པ་འཆའ་བའི་དུས་ཙམ་ན་འཇིག་རྟེན་ན་ཕལ་ཆེར་བཞི་ཆ་ལ་མ་ཤ་ཀ་ལྔར་འདེབས་པའི་ཕྱིར་རོ། །ན་ན་ཀ་ལྟ་བུའི་ཞེས་བྱ་བ་ནི་ཀཱར་ཥཱ་པ་ཎ་ཚོད་ཇི་ཙམ་གྲངས་ཇི་སྙེད་པའི་ཞེས་བྱ་བའི་ཐ་ཚིག་གོ། །མ་ཤ་ཀ་ཉི་ཤུས་ན་ན་ཀ་ཁུགས་པ་ཞེས་བྱ་བ་ནི། མ་ཤ་ཀ་ཉི་ཤུ་རི་བ་ནི་ཀཱར་ ཥཱ་པ་ཎའིའོ། །ཀ་ཀ་ནི་བཞིས་ཁུགས་པས་སོ་ཞེས་བྱ་བ་ལ། ཀ་ཀ་ནི་ཞེས་བྱ་བ་ནི་འགྲོན་བུ་ཉི་ཤུ་རི་བའི་ཚད་དེ། འགྲོན་བུ་ཉི་ཤུ་རི་བའི་ཚད་ཀྱི་བོན་ཏི་ཀལ། ཀ་ཀ་ནི་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་འགྲོན་བུ་ཉི་ཤུ་རི་བའི་ཚད་ཀྱི། ཀ་ཀ་ནི་དག་གིས་མ་ཤ་ཀ་འགྲོན་བུ་བརྒྱད་དུ་རི་བའི་ཚད་དེ་དེས་སོ་ཞེས་བྱ་བའི་ཐ་ ཚིག་གོ། །ཀཱར་ཥཱ་པ་ཎི་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་སུས་བྱས་ཤིང་སུས་སྤྱོད་དུ་བཅུག་པ་ལགས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱལ་པོ་རྨ་བྱ་བས་བྱས་སོ་ཞེས་བྱ་བ་ནི་རྒྱལ་པོའི་མིང་རྨ་བྱ་བ་ཞེས་བྱ་བས་བྱས་པ་སྟེ། འདི་ལྟར་རྒྱལ་པོ་དེས་དང་པོར་ཀཱར་ཥཱ་པ་ཎ་སྤྱོད་དུ་བཅུག་སྟེ། དེའི་ཕྱིར་དང་པོར་སྤྱོད་དུ་འཇུག་པའི་མི་ ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རྒྱལ་པོ་རྨ་བྱ་བས་བྱས་པའོ་ཞེས་བསྟན་པ་མཛད་པར་ཤེས་པར་བྱ་སྟེ། དཔལ་ལེགས་གཏམ་གྱིས་བྱས་པའི་དོང་ཚེ་ལྟ་བུའོ། །ཞུས་པ་ལ་ལའི་གཞུང་ལས། ན་ན་ཀ་ཇི་ལྟ་བུ་བརྐུས་ན་མཐར་འགྱུར་ལགས། ཉེ་བ་འཁོར་ཀ་ཀ་ནི་བཞི་པའི་ཉི་ཤུ་རི་བའི་ཀཱར་ཥཱ་པ་ཎའི་མ་ཤ་ཀ་ལྔ་ བརྐུས་ན་མཐར་འགྱུར་རོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ་ཉི་ཤུ་རི་བའི་ཀཱར་ཥཱ་པ་ཎའི་ཞེས་བྱ་བ་ནི་མ་ཤ་ཀ་ཉི་ཤུས་ཁུགས་ཤིང་ཉི་ཤུ་རི་བའི་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །གཞན་ལས་ཀྱང་། ན་ན་ཀ་ཇི་ལྟ་བུའི་མ་ཤ་ཀ་ལྔ་བས་པ་ན་མཐར་འགྱུར་ལགས། ཀ་ཀ་ནི་བཞི་པའི་མ་ཤ་ཀ་ཉི་ཤུ་རི་བའི་ན་ན་ཀའི་འོ་ཞེས་འབྱུང་སྟེ། པར་པ་ཞེས་བྱ་བའི་སྒྲ་ནི་མ་ཤ་ཀ་ཡིན་པར་བཤད་དོ། །རྟ་དང་རྔ་མོ་དང་། བ་ལང་དང་བོང་བུ་དང་གཞན་ཡང་ཉེ་བར་འཚོ་བ་གང་དག་ལགས་པ་དེ་དག་སྲོག་དང་བྲལ་བར་བགྱིད་ན་ཅིར་འགྱུར་ལགས། གལ་ཏེ་འཚོ་བའི་དོན་དུ་སྲོག་དང་ བྲལ་བར་བྱེད་ན་དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །ཅི་སྟེ་ཆུད་གཟན་པའི་སླད་དུ་ན་ཅིར་འགྱུར་ལགས་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་ཆུད་གཟན་པའི་ཕྱིར་སྒྱིད་པ་གཅོད་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་ ཁྱིམ་བདག་གི་ཆོས་གོས་ལ་བརྟགས་པ་བགྱིས་ནས་བརྐུས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །ཅི་སྟེ་ཁྱིམ་བདག་འདི་སྐད་དུ་འཕགས་པ་བདག་གིས་འདི་ཁྱོད་ལ་འདོམས་པས་སོ་ཞེས་སྨྲས་པ་ལས་དེ་དགེ་སློང་གིས་གཏན་བྱིན་པའི་འདུ་ཤེས་ཀྱིས་སྤྱོད་ན་ཉེས་པ་ སྦོམ་པོར་འགྱུར་རོ། །འོན་ཏེ་འདི་གསང་སྔགས་སམ་མེ་ཏོག་གམ་འབྲས་བུ་དག་གི་ཉེ་བར་འགྲོ་བ་ལས་ཁྱིམ་བདག་དེ་འདི་སྐད་ཅེས་འཕགས་པ་བདག་གི་འདི་ཁྱོད་ཀྱི་ར་བས་སོ་ཞེས་སྨྲ་བ་ལས། དགེ་སློང་གིས་དེ་གཏན་བྱིན་པའི་འདུ་ཤེས་ཀྱིས་སྤྱད་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་དགེ་སློང་ གིས་བརྙན་པོ་བརྙན་ནས་བརྐུས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་ལགས། ནམ་ཞིག་ཆ་གཅོད་པར་བྱེད་པ་ན་སྟེ། དེ་དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་དགེ་སློང་གིས་བརྙས་པ་བསྙོན་ཏེ་བརྐུས་ ན་ཅིར་འགྱུར་ལགས། སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་ལགས། ནམ་ཞིག་ཆ་གཅོད་པར་བྱེད་ན་སྟེ། དངོས་པོ་ཚང་ན་ནི་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །བསྐྱིས་པ་བསྙོན་པས་བརྐུས་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་ མཐར་འགྱུར་ལགས། ནམ་ཞིག་ཆ་བཅད་པ་ན་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ། །མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་གཏམས་པ་གཞག་པར་གྱུར་པ་ཞིག་དེས་བསླངས་པ་ན་བསྙོན་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་ འགྱུར་ལགས། ནམ་ཞིག་ཆ་བཅད་པ་ན་སྟེ། དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཅི་སྟེ་སྔར་ཆ་ཆོད་པར་བྱེད་ལ་ཕྱིས་གནས་སྦེད་ན། དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་སྔར་གནས་ནས་སྦེད་ལ་ཕྱིས་ཆ་གཅོད་ན། དངོས་པོ་ཚང་ན་ མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ན་མཐར་འགྱུར་རོ་ཞེས་གསུངས་པ་གང་ལགས། དགེ་སློང་གིས་ཆེས་ཤིན་ཏུ་མང་པོ་ཞིག་བརྐུས་ཀྱང་མཐར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ་སྐྱེ་བོ་མང་པོའི་ བརྐུས་པའམ། སྐྱེ་བོ་མང་པོ་དང་ལྷན་ཅིག་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་མུན་ཁུང་དུ་ཆོས་གོས་གཞག་པར་གྱུར་པ་ལ། དགེ་སློང་བཞིས་བརྐུས་ན་ཅིར་འགྱུར་ལགས། བཀའ་སྩལ་པ་ཉེས་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་ལགས། ནམ་ཞིག་ཆ་བཞིར་སོ་སོར་བགོས་པ་ན་སྟེ། དེ་ ཡང་སོ་སོའི་བགོས་སྐལ་གྱིས་དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་བསྡུ་བ་ནི། ཤེས་པས་གཏུར་བུ་འབྲུ་དང་ནི། །འབྲས་བུ་ཆུང་དང་འཇོམས་པ་དང་། །ཡི་གེ་རིང་ཕྲིན་གླང་ཆེན་དང་། །དེ་བཞིན་བརྟགས་དང་བརྙས་པ་དང་། །བསྐྱིས་པ་དང་ནི་གཏམས་པ་ དང་། །སྐྱེ་བོ་མང་པོ་དག་དང་ནི། །མུན་དང་བཅས་པ་རྐུ་བ་ཡི། །བསྡུ་བ་འདི་ནི་གཞན་ཡིན་ནོ། །དེ་ལ་ཆེ་གེ་མོ་ཞིག་གི་ཡོ་བྱད་དེ་དང་དེ་ཤེས་སམ་ཞེས་བྱ་བ་ལ་སོགས་པ་ལ་ཆེ་གེ་མོ་ཞིག་གི་ཞེས་བྱ་བ་ནི་དམིགས་ཀྱིས་མ་བཟུང་བའོ། །ཡོ་བྱད་དེ་དང་དེ་ནི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་སྟེ། ལན་གཉིས་ སུ་བརྗོད་པ་ནི་བཟླས་པར་ཟད་དོ། །འོན་ཅིག་ཅེས་བྱ་བ་ནི་ཁྱེར་ཏེ་ཤོག་ཅིག་པའོ། །རྐུས་ཤིག་བ་ནི་ནོར་གྱི་བདག་པོའི་བདག་གི་མ་ཡིན་པར་བྱེད་པའི་ཕྱིར་ཏེ། དུས་རེ་ཞིག་པ་ཙམ་མ་ཡིན་གྱི་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་བྱ་བའི་ཐ་ཚིག་གོ། །རྩིས་མགོ་འདྲ་བ་ནི་རྐུ་སེམས་ཡོད་ན་སྦྱོར་བར་བྱེད་པ་དང་། སྦྱོར་ བར་བྱ་བ་དག་ལ་ལྟུང་བར་འདྲ་བ་ཉིད་ལས་རང་གི་དོན་དུ་རྐུ་བ་དང་། རྐུར་འཇུག་ན་གཉི་ག་ལ་ཡང་ཕམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནི་དེའི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ་ལྟུང་བ་མེད་པར་གསུངས་པའི་དགོངས་པ་ནི་ཡང་དག་པར་རྐུ་བར་བྱེད་པའི་དགེ་སློང་དེའི་བསམ་པ་ ནི་འདི་ནི་དེའི་ཡིན་ལ། བདག་ནི་དེའི་ཆེད་ཁོ་ནར་ཡུལ་གཞན་དུ་སྦེད་པར་བྱེད་པར་ཟད་དོ་སྙམ་པ་འདི་ཡིན་ཏེ། དེའི་ཕྱིར་རྐུ་སེམས་མེད་པས་བརྐུས་པ་ལ་ལྟུང་བ་མེད་དོ་སྙམ་པ་ཡིན་ཏེ། དཔེར་ན་མཁན་པོ་ལ་སོགས་པའི་ནོར་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ། སློབ་དཔོན་ལ་སོགས་པས་ རྐུ་སེམས་མེད་པར་ཡུལ་གཞན་དུ་སྦེད་པར་བྱེད་པ་ལྟར་འདིས་ཀྱང་དེ་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་པོ་ཇི་ལྟ་བ་བཞིན་ནི་དངོས་པོ་ཉིད་དངོས་པོ་སྟེ། མ་ཤ་ཀ་ལྔ་ལ་སོགས་པ་རི་བའི་རྫས་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་གོས་ཀྱི་གཏུར་བུ་ནི་ཆོས་གོས་བཞག་པའི་ཆང་ཐུར་རོ། ། ཆོས་གོས་ཀྱི་སྣོད་ནི་ཆོས་གོས་བཞག་པའི་རུབ་སྒྱེའོ། །ཆོས་གོས་ཀྱི་ཟ་མ་ཏོག་ནི་ཆོས་གོས་ཀྱི་བཞག་ཏུ་རུང་བའི་སྣོད་ཀྱི་ཁྱད་པར་འདམ་བུའི་རྩེ་མོའི་སྡོང་བུ་ཕྲ་ཞིང་མཉན་པ་ལ་སོགས་པ་ལས་བྱས་པ་ཟླུམ་པོ་ཞིག་གོ། །གདང་ནི་ཆོས་གོས་ལ་སོགས་པ་གཟེར་བར་བྱ་བའི་ཕུར་པ་ གླང་པོ་ཆེའི་སོ་ལྟ་བུ་རྩིག་པ་ལ་བཙུགས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདམ་པར་བྱེད་པ་ནི་སོ་སོར་བྱེད་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་གནས་ནས་སྦེད་པར་བྱེད་མོད་ཀྱི། འོན་ཀྱང་འདིར་གནས་ནས་སྤོས་པ་ཙམ་ཁོ་ནས་ཕམ་པ་ནི་མ་ཡིན་ཏེ། འདི་ལ་འདོད་པ་བ་རྐུ་བར་བྱ་བའི་ བློས་འབྱུང་གི །རྐུ་བའི་བློ་ནི་མ་ཡིན་ཏེ། རྐུ་བར་མི་འདོད་པའི་མེ་ཏོག་རྣམས་འབྱེད་པའི་བཞིན་ནོ། །དེའི་ཕྱིར་འདམ་པའི་ནོམ་པ་ཐམས་ཅད་ནི་རྩོམ་པ་གཅིག་ཏུ་གྱུར་པ་ཉིད་ཀྱིས། གནས་ནས་སྦེད་པའི་ཆེས་སྔུན་རོལ་པ་ཡིན་པའི་ཕྱིར་ལྟ་བ་གཅིག་བྱེད་པ་ཡིན་པར་ཤེས་པར་བྱའོ། །བསམས་ པའི་དོན་འགྲུབ་ནས་ནི་གནས་ནས་སྤོས་པ་ཁོ་ནས་ཕམ་པ་ཡིན་ནོ། །འདི་སྐད་དུ་འདམ་པ་དེ་ལ་ནི་ཉེས་པ་སྦོམ་པོ་གཅིག་གོ། །འདམས་པ་རྐུ་བའི་ཕྱིར་ནོམ་པ་ལ་ནི་གཞན་ནོ་ཞེས་ཟེར་བ་དག་ཡོད་ཅེས་གྲག་གོ། །དེ་ནི་འདུལ་བ་འཛིན་པ་ཁ་ཅིག་མི་འདོད་དེ། འདི་ལྟར་བཙོ་བླག་མཁན་གྱི་གོས་ རྐུ་བའི་ཕྱིར་ནོམ་པ་དང་། ཀུན་དུ་ནོམ་པ་དང་སྡུད་པ་དང་ཐུམ་པོར་སྒྲེ་བ་ནི་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྤོས་ན་ནི་བརྐུས་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བས་ན་འདིས་ནི་དང་ པོ་རེག་པ་ནས་བཟུང་སྟེ། ཇི་སྲིད་དུ་གནས་ནས་སྤོས་པར་མ་གྱུར་པ་དེ་སྲིད་དུ། རེག་པ་ཐམས་ཅད་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་ལྟུང་བ་གཅིག་བྱེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འདས་པའི་རེག་པ་ཡང་གནས་ནས་སྦེད་པའི་སྔུན་རོལ་པ་ཡིན་པའི་ཕྱིར། འདི་ཡོངས་སུ་འདུས་པས་སྦྱོར་བར་ གཏོགས་པའི་སྦོམ་པོ་གཅིག་ཁོ་ནར་ཟད་ཀྱི་གཞན་པ་ནི་མ་ཡིན་ནོ། །འདིར་ནི་ནོམ་པའི་རྩོལ་བ་སྦྱོར་བར་གྱུར་པ་ཡོངས་སུ་བཏང་པར་གྱུར་པའི་ལྡོག་པ་གང་ཡིན་པ་དེའི་དབང་གིས་བྱེད་པ་གཞན་ཉིད་དུ་རྣམ་པར་གཞག་གི་ངལ་གསོ་བར་གྱུར་པ་ཙམ་ནི་མ་ཡིན་ཏེ། དེ་ལ་ནི་ཡོངས་སུ་བཏང་ བའི་བསམ་པ་མེད་པས་གྲུབ་པའི་ངོ་བོ་གཅིག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྩོལ་བ་དེ་གཏོང་ཞིང་མཇུག་བརྟུལ་བར་གྱུར་པ་གང་ཡིན་པ་དེ་ལས་བྱེད་པ་གཞན་ཉིད་དུ་རྣམ་པར་གཞག་གི །ངལ་གསོ་བར་གྱུར་པ་གང་ཡིན་པ་དཔེར་ན་མནམས་ནས་ཕྱོགས་སུ་བལྟ་བ་ལ་སོགས་པའི་དགོས་པ་འགའ་ ཞིག་གིས་དུས་རེ་ཞིག་བཤོལ་ནས་ཡང་ནོམ་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བཤད་དོ། །འདི་ནི་དེ་ལྟ་བུར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་སྐད་ཅིག་རེ་རེ་ལ་བསམ་པ་ཐ་དད་པས་བྱེད་པ་ཐ་དད་པར་ཐལ་བར་འགྱུར་རོ། །མ་བྱིན་པར་ལེན་པ་ནི་དཔེ་སྟེ། མི་ཚངས་པར་སྤྱོད་པ་ལ་སོགས་པའི་སྦྱོར་བ་ཡང་ཚུལ་ དུ་ནི་དེ་ཡིན་ནོ། །གདང་དང་བཅས་ཏེ་བརྐུས་ན་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཉེས་པ་སྦོམ་པོར་གསུངས་པ་ནི་བདམས་པ་རྐུ་བར་འདོད་པ་ལ། བརྐུས་པ་མེད་པའི་ཕྱིར་སྦྱོར་བ་ལ་ནོམ་པ་ཁོ་ན་སྦོམ་པོར་འགྱུར་བ་འབའ་ཞིག་ཏུ་ཟད་པ་དང་འདྲའོ། །གདང་ལས་ཕོག་ན་ནི་གནས་ནས་སྤགས་པའི་ཕྱིར་དང་། དངོས་པོ་ཚང་ན་ཕམ་པར་འགྱུར་རོ། །བང་བ་ནི་འབྲུ་ལ་སོགས་པ་གཞག་པར་བྱ་བའི་གནས་བང་མཛོད་དང་། གཞན་དག་ན་རེ་སྦྱང་ཡིན་ནོ། །གལ་ཏེ་སྦྱོར་བ་གཅིག་གིས་དངོས་པོ་ཚང་ན། རྫས་དེ་ཐམས་ཅད་གཅིག་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །འདིར་ཡང་བུ་ག་ཕུག་པ་ཁོ་ན་སྦྱོར་བ་ཡིན་པར་ ཤེས་པར་བྱ་སྟེ། བྱེད་པ་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་བུ་ག་བཏོད་ནས་ཇི་སྲིད་དུ་འབྲུ་རང་འབྲུལ་བ་དེ་སྲིད་དུ། འདིར་སྦྱོར་བ་གཅིག་གིས་བྱས་པའི་རྐུ་བར་བཤད་པར་རྣམ་པར་གཞག་གོ་ཞེས་བྱ་བར་དེ་ལྟར་ཤེས་པར་བྱའོ། །ཞུས་པ་གཞན་ལ་འདི་སྐད་དུ་བཙུན་པ་རེ་ཞིག་དགེ་སློང་གིས་འབྲུའི་ཕུང་པོ་ ལས་བཅད་ནས་འབྲུ་རྐུ་བར་བགྱིད་ན་ཅིར་འགྱུར་ལགས། རིན་ཐང་བརྩི་བར་བྱ་སྟེ། གལ་ཏེ་སྦྱོར་བ་གཅིག་གིས་དངོས་པོ་ཚང་ན་མཐར་འགྱུར་རོ། །ཅི་སྟེ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ངོ་། །འདིར་ཡང་གལ་ཏེ་སྦྱོར་བ་གཅིག་གིས་དངོས་པོ་ཚང་ན་ཞེས་བྱ་བ་ནི་བྱེད་པ་རེ་རེ་ཞིང་སོ་སོ་བ་ ཉིད་དུ་བསྟན་ཏོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །དེ་ལྟ་བས་ན་གཞུང་འདི་ཉིད་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། བུ་ག་བཏོད་ནས་བརྐུས་པ་བརྗོད་པར་འདོད་ན་ནི་རྫས་འབྲུལ་བ་ཁོ་ན་བརྐུས་པ་ཡིན་ནོ། །ཕུང་པོ་ལས་བརྐུས་པ་བརྗོད་པར་འདོད་ན་ནི་བླངས་པ་དང་མ་བླངས་པ་ལ་སྦྱོར་བ་ལས་བྱུང་བ་དང་། དངོས་གཞི་ལྟུང་བ་རྣམས་ཐ་དད་དོ། །གལ་ཏེ་གཞུང་ཐ་མ་ལས་འབྱུང་བ་ལྟ་ན། ཅིའི་ཕྱིར་མེ་ཏོག་སྡུད་པ་གཞན་ནི་རྩོམ་པ་གཅིག་ཏུ་གྱུར་པ་ཉིད་མ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། ཕུང་པོ་ལས་བརྐུས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། སྤུངས་པ་ལ་རྐུ་བ་ཡིན་པས་འདི་ལ་བསྡུ་བའི་བློ་མི་ འབྱུང་ངོ་། །དེ་ལྟ་བས་ན་འདི་ལ་བསྡུ་བའི་བློ་མེད་པའི་ཕྱིར། སྡུད་པ་བཞིན་དུ་རྩོམ་པ་གཅིག་ཏུ་གྱུར་པ་ཉིད་ཀྱིས་ལྟུང་བ་རྣམ་པར་གཞག་པ་མ་ཡིན་ནོ་ཞེས་བྱ་བ་ལ་དེ་ལྟར་ཤེས་པར་བྱའོ། །སྤྲུགས་ཤིང་རིལ་གྱིས་བསྒུལ་ནས་སོ། །བརྡབས་ནས་ཞེས་བྱ་བ་ནི་བོང་བ་སོགས་པས་བླངས་ནས་སོ། ། འདིར་ཡང་དེ་ན་འོག་གཞི་ཉིད་དུ་འདུག་པས་དང་གོས་ལ་སོགས་པས་གང་ཡིན་པ་དེའི་སྟེང་གི་ཆ་གང་ཡིན་པ་དེར་ཕྱིན་པའི་བདག་ཉིད་ཀྱིས་སྤྲུགས་ཤིང་བསྒུལ་ནས་ནི་འདིར་བརྐུས་པ་ཡིན་པར་ཤེས་པར་བྱའི། རྩ་བའི་གནས་དང་བྲལ་བ་ཙམ་ནི་མ་ཡིན་ཏེ། དེ་ཙམ་གྱིས་གྲུབ་པའི་བློ་མེད་པའི་ཕྱིར་རོ་ ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །སྤྲུགས་ཤིང་བརྡབས་ནས་བརྐུས་ན་ཞེས་བྱ་བ་ནི་སྤྲུགས་པའི་ཐབས་སམ། བརྡབས་པའི་ཐབས་ཀྱིས་བརྐུས་པ་བརྗོད་པར་བཞེད་པ་ལ། སྤྲུགས་པའམ་བརྡབས་པ་དེ་ཉིད་བརྐུས་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཆབ་བཀུམ་ནས་ཞེས་བྱ་བ་ ནི་ཆུའི་ཕྱོགས་གཅིག་ནས་དྲངས་སོ། །ཆུའི་མགོ་ནི་ཆུའི་ཚོགས་སོ། །གཟུང་སྟེ་ཞེས་བྱ་བ་ནི་བརྩམས་ནས་ཏེ། ཡོངས་སུ་བཟུང་ནས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་གང་ཞིག་བྲལ་ནས་ཆུ་བཀུམ་པ་ལ་འཇུག་པར་འགྱུར་བ་སཱ་ལུ་འགྲུབ་པ་ལ་སོགས་པའི་བརྐོས་པ་འབྲས་བུ་ཉིད་དུ་མི་སེམས་པ་ཁོ་ནར་ ཁྲུས་དང་བཏུང་བ་ལ་སོགས་པའི་དགོས་པ་ལྷུར་ལེན་པ་ཉིད་ཀྱིས་དེ་སེམས་པ་ལ་ལྟུང་བ་འདི་རྣམ་པར་གཞག་པར་ཤེས་པར་བྱའོ། །སཱ་ལུ་ལ་སོགས་པ་སྒྲུབ་པའི་དོན་དུ་ཆུ་རྐུ་བ་ལ་ནི་རང་གི་ལས་ཀྱི་མཐའ་འགྲུབ་པར་བྱ་བ་དེའི་ཆེད་དུ་ལྷག་པ་དང་། ཅིག་ཤོས་སུ་འདོད་ན་དེར་འདུས་པ་གཞན་གྱིས་ ལས་ཀྱི་མཐའ་དག་ལ་ཆུ་གཏོང་པའམ། ཟློག་པ་ཞེས་བྱ་བའི་ཚུལ་དུ་ཤེས་པར་བྱའོ། །རིན་པོ་ཆེ་ནི་ནོར་བུ་མུ་ཏིག་ལ་སོགས་པའོ། །རིན་པོ་ཆེར་སྨོས་པ་ནི་རལ་གྲི་ལ་སོགས་པའོ། །གཡུལ་ངོར་སྤྱད་པ་དང་། པི་ཝང་ལ་སོགས་པ་རོལ་མོའི་ཆ་བྱད་དེ་དེས་ཀྱང་རིན་པོ་ཆེ་བཞིན་དུ་ཤེ་ཟ་ལ་སོགས་པ་ ཐག་སྲིང་བར་བྱེད་དོ། །གཞན་ན་རེ་རིན་པོ་ཆེ་བཞིན་དུ་བདེ་བ་བསྒྲུབ་པའི་ཕྱིར་རོ་ཞེས་ཟེར་རོ། །བཅོམ་ནས་རྐུ་བ་ནི་ཆུད་གཟོན་ནས་རྐུ་བའོ། །དེའི་ཕྱིར་ནོར་དེ་ཆུད་གཟོན་པར་གྱུར་པའི་རིན་ཐང་གང་ཡིན་པ་དེས་ཚང་ངམ་མི་ཚང་བའི་དབང་གིས་བརྐུས་ན་ལྟུང་བ་སྦོམ་པོ་ལ་སོགས་པར་བལྟ་བར་བྱའོ། །སྔུན་རོལ་དུ་ནི་མ་ ཡིན་ཏེ་དེའི་ཚེ་ནི་གཞོམ་པ་ཙམ་དུ་སེམས་པའི་ཕྱིར་ལ། བཅོམ་པ་ཙམ་གྱིས་ནི་སྦོམ་པོ་ཁོ་ནར་ཟད་དོ། ཆུད་གཟན་པའི་བསམ་པས་ཞུགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡི་གེ་ནི་ཡིག་འབྲུར་བཀོད་པའོ། །ལག་བརྡའི་ཡི་གེ་དག་ནི་ལག་པ་བསྐྱོད་པ་ཁོ་ནས་རྐུས་ཤིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཡི་གེ་དག་ཉེ་ བར་སྟོན་པའི་ཕྱིར་རོ། །ལག་རྩིས་ནི་སོར་མོའི་རིགས་ལས་རེག་པས་བརྡ་བྱེད་པའི་ཕྱིར་རོ། །དེས་ན་ཡི་གེ་ལ་སོགས་པའི་རྣམ་པས་བརྐུས་ན་ལྟུང་བ་ན་སྨད་པ་མེད་དེ། རྐུ་སེམས་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡོ་བྱད་ཆེན་པོ་ཞིག་གི་ཕྱོགས་གཅིག་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བརྐུ་ བར་བྱ་བ་ཉིད་དུ་འདོད་པ་མུ་ཏིག་གི་ཆུན་པོ་ལ་སོགས་པའི་ཕྱོགས་གཅིག་གི་གནས་མ་ཤོར་བའི་མཚན་ཉིད་ཀྱི་གནས་སྐབས་ནི་གནས་ནས་མ་སྤགས་པའི་ཕྱིར་དང་། གནས་ནས་སྤགས་པ་མེད་ན་ཡང་བརྐུས་པ་དང་། རང་གིར་བྱེད་པ་མེད་པའི་ཕྱིར་བརྐུས་པ་ཉིད་དུ་མི་འགྱུར་གྱི། ཕྱོགས་ཐམས་ཅད་ཀྱི་ གནས་ཤོར་ན་ནོར་བརྐུས་པར་གྱུར་པ་ཁོ་ན་ཡིན་པར་དེ་ལྟར་ཤེས་པར་བྱའོ། །ནང་མི་ནི་ཁྱིམ་དུ་ཆུད་པ་སྟེ། ཁྱིམ་དུ་རྟག་ཏུ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཕྲིན་པ་སྐད་དུ་ཞེས་བྱ་བ་ནི་མིང་ནས་ཕྱུང་སྟེ། ཉེས་པ་སྦོམ་པོར་འགྱུར་བའི་ཉེས་པ་ནི། འདི་སློང་བ་ནི་སྦྱོར་བ་ཉིད་དོ་སྙོམ་དུ་དགོངས་པ་ཡིན་ནོ། །བ་ལང་ནི་བ་དང་གླང་ ངོ་། །ཉེ་བར་འཚོ་བ་དག་ནི་ཉོ་ཚོང་ལ་སོགས་པའི་ཐ་སྙད་ཀྱིས་འཚོ་བར་བྱེད་པའི་ཕྱིར་རོ། །སྲོག་དང་འབྲལ་བར་བགྱིད་པ་ནི་སྲོག་གཅོད་པར་བྱེད་པའོ། །འཚོ་བའི་དོན་ནི་བདག་ཉིད་ཀྱི་འཚོ་བ་སྒྲུབ་པའི་ཕྱིར་ཏེ། འདི་བསད་ན་བདག་ཟས་དང་སྐོམ་ལ་སོགས་པས་ཕོངས་པར་མི་འགྱུར་ཞིང་བདེ་བར་འགྱུར་རོ་སྙམ་ ནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་པོ་ཚང་ན་ཞེས་བྱ་བ་ནི་འདི་གསོད་པ་དང་དུས་མཉམ་པའམ། དུས་ཕྱིས་འབྱུང་བ་ཡང་རུང་གནས་ནས་སྦེད་པ་ཁོ་ནས་བརྐུས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །ཆུད་གཟན་པ་ཞེས་བྱ་བ་ལས་ཆུད་མི་ཟ་བ་ནི་བདེ་བ་ལ་བྱའོ། །བྱེད་པ་གང་ལ་ཆུད་གཟན་པ་ཡོད་པ་དེ་ལ་ དེ་སྐད་ཅེས་བྱ་སྟེ། འདི་བདག་ལ་མ་ཕན་ཡང་བླའོ་སྙམ་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཆུད་གཟན་པའི་ཕྱིར་བསད་པ་གང་ཡིན་པ་དེ་ནི་ཆུད་གཟོན་པ་ཡིན་གྱི་ཕྲོགས་པ་ནི་མ་ཡིན་ནོ། །བརྐུས་པ་ནི་ཕྲོགས་པ་ཡིན་ཏེ། དེ་ལྟ་བས་ན་ཇི་སྲིད་དུ་མ་ཕྲོགས་པ་དེ་སྲིད་དུ་བསད་པ་ཙམ་འབའ་ ཞིག་གིས་བརྐུས་པར་མི་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །སྒྱིད་པ་ནི་གླང་པོ་ཆེ་ལ་སོགས་པའི་བརླའི་ནང་གོང་དང་རྗེ་ངར་གྱི་ནང་ན་ཡོད་པའི་ཆའོ། །འདིར་ཡང་བདག་གིར་བྱེད་པའི་སེམས་མེད་པར་འབྲལ་བའི་བསམ་པས་ནི་དངོས་པོ་ཚང་ན་ཡང་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྱིད་ པ་གཅོད་པ་ནི་རྩིབ་མ་གཅོག་པ་ལ་སོགས་པ་གནོད་པ་གཞན་གྱི་ཡང་དཔེ་ཡིན་པར་རིག་པར་བྱའོ། །བརྟགས་པ་བགྱིས་ནས་རྐུ་ན་ཞེས་བྱ་བ་ལ་སོགས་པ་ནི་འདི་ནི་བདག་གི་ཡིན་ནོ་སྙམ་པའམ། ཡོངས་སུ་མ་བཟུང་བ་ཡིན་ནོ་སྙམ་པའམ། ལྷས་བྱིན་ལ་སོགས་པ་བདག་པོ་དེས་བདག་ལ་སྦྱིན་ནོ་སྙམ་པ་ དེ་ལྟ་བུ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་འདུ་ཤེས་གང་དག་ཡིན་པ་དེ་དག་རྣམ་པར་རྟོག་པའི་དབང་གིས་མངོན་སུམ་དུ་བྱེད་པ་ཉེས་པའི་རྣམ་པ་དང་བཅས་པར་དོགས་པ་དང་། རྗེས་སུ་འབྲེལ་པས་མ་ངེས་པ་ཉིད་དུ་མི་གཡོ་བ་རྐུ་བའི་དུས་ན་བྱེད་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་སྟེ་དེ་བྱས་ནས་སོ། ། འདི་ནི་དོན་མི་གསལ་བས་དམིགས་མི་ཕྱེད་དུ་སྙམ་དུ་བསམས་ནས་གཞན་དག་ནི་རྟོག་པའི་མཚན་ཉིད་གཞན་ཁོ་ནར་འཆད་པར་བྱེད་དེ། འདི་ལྟར་རྐུན་པོ་ལ་ཞུགས་པ་འགའ་ཞིག་ལ་དོན་གྱི་དབང་གིས་ཡང་དག་པའི་འདུ་ཤེས་འདི་ལྟ་སྟེ། གཞན་གྱི་ཡིན་ནོ་སྙམ་པའམ་ཡོངས་སུ་བསྡུ་བ་དང་བཅས་ སོ་སྙམ་པའམ། མི་འགྲོ་བས་ཡོངས་སུ་བཟུང་བའོ་སྙམ་པའམ། མ་ཡིན་པའོ་སྙམ་པ་འབྱུང་ལ་དེས་དངོས་གཞིའི་ཁ་ན་མ་ཐོ་བ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་འདི་སྙམ་དུ་རྣམ་པར་རྟོག་པར་བྱེད་དོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །ཆོས་ཐམས་ཅད་ནི་ཡོངས་སུ་གཟུང་བ་མེད་པའོ། །ཆོས་ཐམས་ཅད་ ནི་འབྲེལ་པར་ཡོངས་སུ་གཏོང་བ་སྟེ། འདི་ནི་གཞན་གྱི་ཡིན་པ་དང་ཡོངས་སུ་གཟུང་བ་དང་བཅས་པའམ། མིའི་འགྲོ་བ་ལས་ཡོངས་སུ་གཟུང་བ་མ་ཡིན་ནོ། །སྐད་ཅིག་མ་ཡིན་པའི་ཕྱིར་ཇི་ལྟར་འདི་སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་བྱུང་བ་གཞན་གྱི་རང་གི་ཡིན་ཞིང་བྱིན་པ་ཡིན་པ་ལྟར་བདག་ལ་ཡང་དེ་དང་ འདྲའོ་ཞེས་དེ་ལྟར་ཡང་དག་པའི་འདུ་ཤེས་རྣམ་པར་རྟོག་པ་དག་གིས་སྦས་ནས་ཡོངས་སུ་