Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 155

Văn bản gốc(Tây Tạng)

Trang 13 / 17 (50.000 ký tự/trang)
དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་པས་བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་
ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བྱ་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆི། དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་

དག་པ་ཡང་བཅོ་ལྔའོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་གསུམ་བཟླས་ཤིང་དེའི་རྗེས་ལ་ལེན་པ་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །འབུལ་བས་ནི་ལེགས་སོ་ཞེས་བརྗོད་པར་བྱའོ། །འདུན་པ་དང་ཡོངས་སུ་དག་པ་སྔ་ཕྱིར་བླང་ཞིང་སྔ་ཕྱིར་འབུལ་དུ་ཡང་རུང་སྟེ། སྔགས་ཀྱི་
བྱེ་བྲག་ནི་འདུན་པ་དང་ཡོངས་སུ་དག་པ་གང་འབུལ་བ་དེ་ཉི་ཚེའི་མིང་སྨོས་ཏེ་ལན་གསུམ་བཟླས་པར་བྱའོ། །དགེ་སློང་འདུན་པ་དང་ཡོངས་སུ་དག་པར་འབུལ་བར་བྱེད་པས་གལ་ཏེ་བརྗོད་མི་ནུས་ན་ལུས་སམ་ངག་གམ་ལུས་དང་ངག་རྣམ་པར་རིག་བྱེད་ཀྱིས་འདུན་པ་དང་ཡོངས་སུ་དག་པ་འབུལ་བར་བྱེད་ན། འདུན་པ་
དང་ཡོངས་སུ་དག་པ་ཕུལ་བར་བརྗོད་པར་བྱའོ། །ལུས་སམ་ངག་གམ་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་འདུན་པ་འབུལ་བར་བྱེད་པ་མི་ནུས་ན། དགེ་འདུན་ཐམས་ཅད་དེར་དོང་ཞིང་གསོ་སྦྱོང་བྱ་བའམ། ཡང་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་བླངས་ཏེ་གསོ་སྦྱོང་བྱའོ། །དགེ་སློང་འདུན་པ་དང་
ཡོངས་སུ་དག་པ་ལན་པའི་ཀུན་དུ་སྤྱོད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་འདུན་པ་དང་ཡོངས་སུ་དག་པ་ལེགས་པས་ཡོངས་སུ་དག་པ་བླངས་ནས་རྒྱུག་པར་མི་བྱ། མགྱོགས་པར་མི་བྱ། མཆོང་བར་མི་བྱ། ཕྱི་རོལ་ལ་མཆོང་བར་མི་བྱ། འོབས་ལ་མཆོང་བར་མི་བྱ། བང་རིམ་ལ་མཆོང་བར་མི་
བྱ། སྟེང་གི་ནམ་མཁའ་ལ་འདུག་པར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ཐོད་རྒལ་དུ་འཛེག་པར་མི་བྱ། གོམ་པ་གཅིག་གིས་ཐེམ་སྐས་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། ཆུ་ལྐོག་མ་ནུབ་ཙམ་ལ་འབོགས་པར་མི་བྱ། གཉིད་ལོག་
པར་མི་བྱ། སྙོམས་པར་འཇུག་པར་མི་བྱ་བར་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ། །དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བས་ནི་དེ་ལྟར་འདུན་པ་དང་ཡོངས་སུ་དག་པ་ལེན་པ་དེས་དེ་བླངས་ཏེ་གསོ་སྦྱོང་གི་གནས་སུ་ཕྱིན་ནས་དགེ་སློང་ངམ་དགེ་འདུན་ལ་བརྗོད་པར་བྱའོ། །དེ་བརྗོད་པའི་ཆོ་ག་དང་སྔགས་
ནི་སོ་སོར་ཐར་པའི་མདོ་འདོན་པས་སེང་གེའི་ཁྲི་ལ་མ་འདུག་པའི་མདུན་རོལ་དུ་དགེ་འདུན་ཐམས་ཅད་གསོ་སྦྱོང་གི་གནས་སུ་སྟན་ལ་མ་འདུག་པ་ན་གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ཀྱི་འདུན་པ་དང་ཡོངས་སུ་དག་པ་བརྗོད་ཅིག། བརྗོད་པ་ཡང་རིག་པར་གྱིས་ཤིག་

ཅེས་སྨྲས་པའི་ཚེ་དེས་དགེ་སློང་ངམ་ཡང་ན་དགེ་འདུན་ལ་དེའི་འདུན་པ་དང་ཡོངས་སུ་དག་པ་ཅིག་ཅར་དུ་དབུལ་བར་བྱའོ། །དགེ་སློང་ལ་དབུལ་ན་ནི་དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། དེང་
དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བདེ་བར་ཆད་ཀྱི་ཆོས་
རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དགེ་འདུན་ལ་འདུན་པ་འབུལ་ན་
ནི་དེས་དགེ་འདུན་གྱི་དབུས་སུ་རྒན་པའི་མཐར་འགྲེང་སྟེ། འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་
བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་
ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་གཅིག་བརྗོད་པར་བྱའོ། །དགེ་འདུན་གྱིས་ཀྱང་དེ་དང་དུ་བླང་བར་བྱ་སྟེ། དེས་ན་འདུན་པ་ཕུ་ལུ་བས་ནི་དགེ་འདུན་གྱི་ལས་མི་མཐུན་པར་མི་འགྱུར་བ་ཡོངས་སུ་དག་པ་ཕུལ་བས་ནི་གང་ཟག་མ་ལྷགས་
པ་བདག་ཉིད་སྣོད་དུ་འགྱུར་རོ། །ལེན་པ་དེ་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་ཤིའམ་ཁྱིམ་པར་དམ་བཅས་པ་ལ་སོགས་པར་གྱུར་ན་མ་བླངས་པ་ཉིད་ཡིན་པས་ཡང་བླངས་པར་བྱའོ། །ཕྱིན་ན་མ་བརྗོད་ཀྱང་བླངས་པ་ཉིད་ཡིན་པས་ཡང་བླང་མི་དགོས་སོ། །མི་འདུ་བ་དགག་པ་བཤད་ཟིན་ཏོ། །མཆོད་ཅིང་

ལུང་འབོགས་པའི་དབང་དུ་མཛད་ནས། ཤཱཀྱ་སེང་གེ་དེ་ལ་ནི། །སེན་མོ་བཅུ་ཡིས་ཐལ་སྦྱར་ཏེ། །སོ་སོར་ཐར་པ་གདོན་པར་བྱ། །གདུལ་བའི་དོན་དུ་ང་ལས་ཉོན། །ཞེས་བྱ་བ་གསུངས་ཏེ། ཤཱཀྱ་སེང་གེ་ཞེས་བྱ་བ་ནི་གདུང་རྒྱུད་དེ། དེས་ནི་ཁྱིམ་པའི་ཕྱོགས་ཀྱི་རིགས་རྣམ་པར་དག་པ་བསྟན་ཏོ། །
སེང་གེ་ཞེས་བྱ་བ་ནི་ཡོན་ཏན་ཏེ། དེས་ནི་རབ་ཏུ་བྱུང་བའི་ཕྱོགས་ཀྱི་མཁྱེན་པ་རྣམ་པར་དག་པ་བསྟན་ཏོ། །མི་བསྙེངས་པ་དག་གིས་མུ་སྟེགས་ཅན་གྱི་རི་དགས་སྐྲག་པར་མཛད་པའི་ཕྱིར་རོ། །སེན་མོ་བཅུ་ཞེས་བྱ་བ་ནི་སོར་མོ་བཅུ་མཚོན་པར་བྱེད་དོ། །ཐལ་སྦྱར་ཏེ་ཞེས་བྱ་བས་ནི་ལག་མཐིལ་གཉིས་
ཀྱི་སོར་མོ་བཅུ་ཐལ་མོ་སྦྱར་ཏེའོ། །དེ་དག་གིས་མཆོད་པ་བསྟན་ཏོ། །ཐལ་མོ་སྦྱར་ཏེ་ཅི་ཞིག་བྱ་ཞེ་ན། སོ་སོར་ཐར་པ་གདོན་པར་བྱས། །ཞེས་བྱ་བ་གསུངས་ཏེ། སོ་སོར་ཐར་པའི་མདོ་འདོན་པ་རྣམ་པ་ལྔ་པོ། །གླེང་གཞི་གདོན་པ་དང་། ཕམ་པར་འགྱུར་བ་གདོན་པ་དང་། དགེ་འདུན་ལྷག་
མ་གདོན་པ་དང་། མ་ངེས་པ་གདོན་པ་དང་། རིལ་གྱིས་གདོན་པ་དག་གདོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གདུལ་བའི་དོན་དུ་ང་ལས་ཉོན། །ཞེས་བྱ་བ་ནི་སློབ་མ་རྣམས་གདུལ་བའི་དོན་དུ་སྟེ། ཡང་དག་པར་སྡུད་པར་བྱེད་པ་སྟེ། སོ་སོར་ཐར་པ་གདོན་པ་ལ་ཉོན་ཅིག་ཅེས་བྱ་བར་སྦྱར་རོ་དེ་དག་གིས་
ལུང་འབོགས་པ་བསྟན་ཏོ། །མཆོད་ཅིང་ལུང་འབོགས་པ་བཤད་ཟིན་ཏོ། །ཡང་དག་པར་སྒྲུབ་ཏུ་གཞུག་པའི་དབང་དུ་མཛད་ནས། ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང་། །ཁ་ན་མ་ཐོ་ཕྲ་རྣམས་ལ། །བརྟུན་ཅིང་བྱང་བ་ཉིད་དུ་གྱིས། །ཞེས་བྱ་བ་ལ་སོགས་པ་
ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ཐོས་ནས་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པ་རྣམ་པ་ལྔ་པོ་དེ་དག་གི་ལུང་འབོགས་པ་ཐོས་ནས་སོ། །དྲང་སྲོང་ཆེན་པོ་ཞེས་བྱ་བ་ནི་སྟོན་པ་བཅོམ་ལྡན་འདས་ཏེ་ཚུལ་ཁྲིམས་ཀྱི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཇི་སྐད་གསུངས་བཞིན་ཞེས་བྱ་བ་ནི་འདུལ་
བ་དང་མི་འགལ་བ་དང་། འཇིག་རྟེན་དང་མི་འགལ་བར་རོ་ཞེས་གསུངས་པ་བཞིན་ནོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་ནན་ཏན་དུ་བྱའོ། །ཁ་ན་མ་ཐོ་ཞེས་བྱ་བ་ནི་སྡིག་པ་སྟེ། དམ་པ་རྣམས་ཀྱིས་སྨད་པའི་ཕྱིར་རོ། །ཕྲ་རྣམས་ལ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་

ཐོ་བ་དང་བཅས་པ་ཕྲ་མོ་རྣམས་ལའོ། །བརྟུན་ཅིང་བྱེད་པ་ཉིད་དུ་གྱིས། །ཞེས་བྱ་བ་ནི་སྲུང་བ་དག་ལ་སོགས་པ་དག་ལ་འབད་པ་དང་ལྷུར་བླང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ། ཕྲ་མོ་རྣམས་ལ་ཡང་བརྟུན་ཅིང་བྱེད་པ་ཉིད་བྱ་ན། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་རྣམས་
ལ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པར་ཤེས་པར་བྱའོ། །རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་གླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་བྱ་བ་ལ། རྟག་ཏུ་འབད་པས་བདའ་བ་ཡི། །ཞེས་བྱ་བ་ནི་སེམས་རྟ་དམུ་རྒོད་དང་འདྲ་བ་འདི་
ནི་ལམ་བདེ་བ་དང་འདྲ་བའི་དགེ་བའི་ཕྱོགས་ལ་ཞུགས་པའི་དུས་ན་རྟག་ཏུ་སྲབ་བཞིན་དུ་འཐེན་ཞིང་བརྩོན་འགྲུས་ཀྱི་ལྕག་གིས་བདའ་ཞིང་བསྐྱད་དགོས་པའོ། །སེམས་རྟ་ཞེས་བྱ་བ་ནི་སེམས་ཉིད་རྟ་དམུ་རྒོད་དང་འདྲའོ། །ཁ་གླན་དཀའ་ཞེས་བྱ་བ་ནི་ལམ་གོལ་བ་དང་འདྲ་བའི་མི་དགེ་བའི་ཕྱོགས་ལ་
འཇུག་པའི་དུས་ན་རླུང་བཞིན་དུ་འཕྱོ་ཞིང་ཆུ་ལོན་གྱི་དགུག་སྲབ་ཀྱིས་ཕྱིར་ཁ་གླན་ཞིང་དགུག་དཀའ་བའོ། །མཐུན་པ་ཞེས་བྱ་བ་ནི་འཚམ་ཞིང་རྐྱེན་དུ་བབ་པ་སྟེ། རྟ་དམུ་རྒོད་རྟག་ཏུ་ལྕག་གིས་འབད་པས་བདའ་ཞིང་དགུག་སྲབ་ཀྱི་ཁ་ལྕག་གིས་གླན་དཀའ་བ་ལ་ནི་གཟེར་བུ་རྣོན་པོ་བརྒྱ་བའི་སྲབ་ཀྱིས་སྲབ་
པ་འཚམ་ཞིང་རྐྱེན་དུ་འབབ་ལ་སེམས་དམུ་རྒོད་རྟག་ཏུ་བརྩོན་འགྲུས་ཀྱི་འབད་པས་བདའ་ཞིང་ཚུལ་ཁྲིམས་ཀྱི་ཆུ་ལོན་གྱིས་ཁ་གླན་དཀའ་བ་ལ་ནི་བསླབ་པའི་གཞི་གཟེར་བུ་གདུང་བ་རྣོན་པོ་བརྒྱ་བའི་སོ་སོར་ཐར་པ་འདི་འཚམ་ཞིང་རྐྱེན་དུ་འབབ་པའོ། །གཟེར་རྣོན་བརྒྱ་བ་ཞེས་བྱ་བ་ནི་དགུག་སྲབ་ཀྱི་ཁ་ལྕགས་
ཀྱི་གཟེར་བུ་རྣོན་པོ་མང་པོ་དང་ལྡན་པ་དང་འདྲ་བར་སོ་སོར་ཐར་པ་འདི་ཡང་བསླབ་པའི་གཞི་གདུང་བར་བྱེད་པ་མང་པོ་དང་ལྡན་པ་སྟེ། བརྒྱ་པ་ཞེས་བྱ་བ་ནི་མང་པོ་མཚོན་པའི་ཚིག་ཡིན་གྱི་གྲངས་བརྒྱ་ངེས་པ་ནི་མ་ཡིན་ནོ། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་བྱ་བ་ནི་སྲབ་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །
དེ་དག་གིས་དྲང་སྲོང་ཆེན་པོས་ཇི་སྐད་གསུངས་པ་བཞིན་བསྒྲུབ་པ་དང་། ཁ་ན་མ་ཐོ་བ་རྣམས་ལ་ཡང་བརྟུན་ཅིང་འབད་པར་བྱ་བ་དང་། སེམས་གྱི་རྟ་དམུ་རྒོད་ལ་སོ་སོར་ཐར་པའི་དགུག་སྲབ་ཀྱིས་བསླབ་དགོས་པའི་སྒོ་ནས། སོ་སོར་ཐར་པ་ཡང་དག་པར་སྒྲུབ་ཏུ་གཞུག་པ་བསྟན་ནོ། །ཡང་དག་པར་

སྒྲུབ་ཏུ་གཞུག་པ་བཤད་ཟིན་ཏོ། །དེའི་ཕན་ཡོན་བསྟན་པའི་དབང་དུ་མཛད་ནས། ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །ཞེས་བྱ་བ་གསུངས་ཏེ། ཆེ་བ་ཞེས་བྱ་བ་ནི་ཆེ་བའི་བདག་ཉིད་ཅན་
ཏེ། བསླབ་པ་འདོད་པའི་ཕྱིར་རོ། །ངག་ཙམ་གྱིས་ཞེས་བྱ་བ་ནི་ཆད་པ་ལ་སོགས་པ་ལ་རྣམ་པར་བསལ་བས་སོ། །ལྡོག་ཅིང་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་ལས་སོ། །མཚམས་ལས་ཞེས་བྱ་བ་ནི་བསླབ་པ་ལས་སོ། །མི་འདའ་བ་ཞེས་བྱ་བ་ནི་མི་འདྲལ་བའོ། །དེ་དག་མི་རྟ་བཟང་པོ་སྟེ། །ཞེས་བྱ་བ་
ནི་དེ་དག་རྟ་ཅང་ཤེས་པ་དང་འདྲ་བའོ། །ཉོན་མོངས་གཡུལ་ལས་ཞེས་བྱ་བ་ནི་ཉོན་མོངས་པའི་ངོ་བོ་ཉིད་ནི་བདག་དང་གཞན་ལ་གནོད་པ་ཉིད་ཀྱིས་གཡུལ་དང་འདྲ་སྟེ། དེ་ལས་སོ། །ངེས་རྒྱལ་འགྱུར་ཞེས་བྱ་བ་ནི་ཉོན་མོངས་པ་མཐར་བྱེད་ཅིང་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་འགྱུར་བའོ། །
དེ་དག་གིས་ནི་སོ་སོར་ཐར་པ་ཡང་དག་པར་བསྒྲུབས་ནས། ཉོན་མོངས་པའི་གཡུལ་ལས་ངེས་པར་རྒྱལ་བར་འགྱུར་བའི་སྒོ་ནས་ཡང་དག་པར་སྒྲུབ་པ་དེའི་ཕན་ཡོན་བསྟན་ཏོ། །དེའི་ཕན་ཡོན་བཤད་ཟིན་ཏོ། །ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་པའི་དབང་དུ་མཛད་ནས། སུ་ལ་སྲབ་འདི་མེད་
པ་དང་། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་འབྲལ་རྣམ་པར་འཁྱམ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། སུ་ལ་སྲབ་འདི་མེད་པ་དང་། །ཞེས་བྱ་བ་ནི་མུ་སྟེགས་ཅན་དག་ལ་མེད་པ་སྟེ། ཡང་དག་པར་མ་བསླབས་པའི་ཕྱིར་རོ། །ནམ་
དུའང་འདོད་པར་མི་འགྱུར་བ། །ཞེས་བྱ་བ་ནི་འདོད་པ་ལ་ལོངས་སྤྱོད་པ་དག་ལན་འགའ་འདོད་མི་འགྱུར་ཏེ། ཚུལ་ཁྲིམས་ལ་མངོན་པར་མི་ཕྱོགས་པའི་ཕྱིར་རོ། །དཀྲུགས་ཞེས་བྱ་བ་ནི་ཕམ་པར་བྱས་པའོ། །འཇོག་འབྲལ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱིས་འདུལ་བས་ལྷག་པའི་སེམས་ཀྱི་ཞི་
བ་ལ་འཇོག་པར་བྱེད་པས་འཇོག་པ་ནི་འདུལ་བ་ཉིད་དེ་དེ་དང་འབྲལ་བའོ། །རྣམ་པར་འཁྱམ་པར་འགྱུར་ཞེས་བྱ་བ་ནི་ལན་མི་ཉུང་བར་ངན་སོང་ལ་སོགས་པའི་འཁོར་བར་འཁོར་བར་འགྱུར་བའོ། །དེ་དག་གིས་བསླབ་པ་མེད་པ་དང་མི་འདོད་པས་ཡང་དག་པར་མི་སྒྲུབ་པ་དག་འདུལ་བ་ཉིད་དང་བྲལ་བས་

ཞི་བ་མི་འཐོབ་ཅིང་འཁོར་བར་འགྱུར་བའི་སྒོ་ནས་ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་ཏོ། །ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བཤད་ཟིན་ཏོ། །དེ་དག་ནི་དུས་དང་པོར་བྱ་བ་སྟེ་ཆོ་གའོ། །ད་ནི་མདོ་གདོན་པའི་ལས་བཤད་པར་བྱ་སྟེ། དེ་ལ་གསོལ་བའི་དབང་
དུ་མཛད་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོར་ཐར་པའི་མདོ་འདོན་པ་གདོན་ཏོ། །
འདི་ནི་གསོལ་བའོ་ཞེས་བྱ་བ་གསུངས་ཏེ། འདི་ནི་མདོ་གདོན་པའི་གསོལ་བ་བསྟན་ཏོ། །གསོལ་བ་མ་བརྗོད་ན་མ་བསྐོས་པར་བྱེད་པ་ཉིད་ཡིན་པས་མི་མཐུན་པ་ཉིད་དུ་འགྱུར་བའི་ཕྱིར་འདི་ནི་སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་དག་གདོན་པའི་མདུན་རོལ་དུ་གསོལ་བ་འབའ་ཞིག་གིས་ལས་བྱས་པའོ། །
འདོན་པར་བྱེད་པས་སོ་སོར་ཐར་པའི་མདོ་གདོན་པའི་གསོལ་བ་ནི་འདི་ལྟར་བྱ་སྟེ། མདོ་འདོན་པ་སེང་གེའི་ཁྲི་ལ་འདུག་ནས་སོ་སོར་ཐར་པའི་མདོ་བསྟོད་ར་དང་། དུས་དང་པོར་བྱས་པའི་ཚིག་དག་ཇེ་སྟོན་ནས་དེའི་འོག་ཏུ་གསོལ་བ་འབའ་ཞིག་གིས་ལས་འདི་བྱའོ། །དགེ་འདུན་བཙུན་པ་རྣམས་ཞེས་བྱ་
བ་ནི་མཆོད་པའི་ཚིག་གིས་བོད་པ་སྟེ། བཙུན་པ་རྣམས་ཀྱི་ཚོགས་ཞེས་བྱ་བའི་ཐ་ཚིག་གོ། །གསན་དུ་གསོལ་ཞེས་བྱ་བ་ནི་གཞན་ལ་སེམས་པ་དག་ཉན་པ་ལ་རྣ་མི་གཏོད་པ་དང་གུས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་སྟེ་ཞེས་བྱ་བ་ལ་གསོ་སྦྱོང་གི་
བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བར་བྱེད་པ་སྟེ། དེ་ཡང་རྣམ་པ་གཉིས་ཏེ། མཐུན་པའི་གསོ་སྦྱོང་དང་། ཞི་གནས་ཀྱི་གསོ་སྦྱོང་ངོ་། །མཐུན་པའི་གསོ་སྦྱོང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། གནས་དང་། ཚོགས་དང་ཚོགས་མཐུན་པར་བྱའོ། །ཞི་གནས་ཀྱི་གསོ་སྦྱོང་ནི་ལྷག་
པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་ཏེ། སྤོང་བའི་ཡན་ལག་སྒོམ་པའོ། །དེ་ཡང་ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམས་པ་ཡིན་པས་དེ་ནི་མཐུན་པའི་གསོ་སྦྱོང་གིས་སྦྱོང་བར་བྱེད་པའོ། །ལས་སྔ་མ་རྣམས་ནི་སྒོམ་པའི་རྣམ་པས་སྦྱོང་བ་ཡིན་པས་དེ་ནི་ཞི་གནས་

ཀྱི་གསོ་སྦྱོང་གིས་སྦྱོང་བར་བྱེད་དེ། དེས་ནི་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ཏེ་ལྷག་པའི་སེམས་སྐྱེ་ལ་ལྷག་པའི་སེམས་ལ་བརྟེན་ཏེ་ལྷག་པའི་ཤེས་རབ་སྐྱེ་བས་བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བ་ནི་མཐུན་པའི་གསོ་སྦྱོང་དང་ཞི་གནས་ཀྱི་གསོ་སྦྱོང་ཡིན་པར་ཤེས་པར་བྱའོ། །སྐབས་འདིར་ནི་མཐུན་
པའི་གསོ་སྦྱོང་གཟུང་བར་བྱ་སྟེ། མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་བྱུང་བའི་གསོ་སྦྱོང་དང་། བསྡུམ་པའི་གསོ་སྦྱོང་ངོ་། །དེ་དག་ཐམས་ཅད་ལ་ཡང་གསོལ་བ་དང་། གླེང་གཞི་རྣམ་པར་གཞག་པ་སྔར་བྱས་
ཏེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་དགོས་སོ། །མཐུན་པའི་གསོ་སྦྱོང་རྣམ་པ་ལྔ་པོ། དེ་དག་ལས་འདིར་ནི་བཅུ་བཞི་པ་དང་། བཅོ་ལྔ་པའི་སྐབས་ཡིན་པར་བསྟན་པའི་ཕྱིར། བཅུ་བཞི་པའམ་བཅོ་ལྔ་པ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་ལ་དུས་ཚིགས་དྲུག་ལ་ཟླ་བ་གཉིས་གཉིས་ཡོད་
པ་དག་གི་ཉ་ཤི་གཉིས་གཉིས་ཡོད་པ་གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་པ་དེ་དག་ཚེས་གྲངས་ཀྱི་ཚེས་གྲངས་ཡང་དག་པ་ལ་ལྟོས་ན་ནི་ཐམས་ཅད་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །འཇིག་རྟེན་པའི་ཐ་སྙད་ཀྱི་དུས་ལ་ལྟོས་ན་ནི་དྲུག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ཏེ་དུས་ཚིགས་དྲུག་པོ་དེ་དག་གི་ཟླ་བ་ཕྱེད་ཕྱེད་ལུས་
པའི་གསོ་སྦྱོང་དྲུག་པོ་དག་གོ། །འདི་སྐད་བསྟན་ཏོ། དབྱར་ཟླ་བ་གསུམ་དང་། དགུན་ཟླ་བ་གསུམ་གྱི་ནི་ར་བ་དང་ཐ་ཆུངས་མར་གྱི་ངོ་བཅོ་ལྔ་མི་ཐུབ་པས། ར་བ་དང་ཐ་ཆུངས་ཀྱི་གནམ་སྟོང་བཞི་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །སྟོན་ཟླ་གསུམ་དང་། དཔྱིད་ཟླ་གསུམ་གྱི་ནི་འབྲིང་པོ་མར་གྱི་ངོའི་བཅོ་ལྔ་ཡང་
མི་ཐུབ་པས་འབྲིང་པོ་གནམ་སྟོང་གཉིས་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །ལྷག་མ་བཅོ་བརྒྱད་ནི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །བཀྲ་ཤིས་ཀྱི་གསོ་སྦྱོང་དང་གནོད་པ་བྱུང་བའི་གསོ་སྦྱོང་དང་། བསྡུམ་པའི་གསོ་སྦྱོང་དག་བྱེད་ན་ནི་དེའི་ཚེ་དེང་དགེ་འདུན་གྱི་བཀྲ་ཤིས་ཀྱི་གསོ་སྦྱོང་སྟེ་ཞེའམ། དེང་དགེ་
འདུན་གྱི་གནོད་པ་བྱུང་བའི་གསོ་སྦྱོང་སྟེ་ཞེའམ། དེང་དགེ་འདུན་གྱི་བསྡུམ་པའི་གསོ་སྦྱོང་སྟེ་ཞེས་དམིགས་ཀྱིས་སྨོས་པར་བྱ་སྟེ། དེ་དག་ནི་གང་གི་ཚེ་བྱ་བར་ཟད་ཀྱི་དུས་ངེས་པ་ནི་མེད་དོ། །བཅུ་བཞི་པ་དང་བཅོ་ལྔ་པ་ནི་དུས་ངེས་པ་ཡིན་པས་དེ་ལས་སྔ་ཕྱིར་བྱར་མི་རུང་ངོ་། །གལ་ཏེ་དགེ་འདུན་གྱི་དུས་ལ་

བབ་ཅིང་བཟོད་ན་ཞེས་བྱ་བ་ལ་དུས་ལ་བབ་པ་ཞེས་བྱ་བ་ནི་ལས་བྱ་བའི་དུས་ལ་བབ་པ་སྟེ། འདིར་ནི་གསོ་སྦྱོང་གི་དུས་དང་སྦྱར་རོ། །བཟོད་ན་ཞེས་བྱ་བ་ནི་ལས་དེ་གཞག་པར་མི་འོས་ཤིང་བྱ་བར་བཟོད་པ་སྟེ། འདི་ཡང་གསོ་སྦྱོང་གི་ལས་དང་སྦྱར་རོ། །དགེ་འདུན་གྱིས་གནང་བར་
མཛོད་ཅིག་དང་ཞེས་བྱ་བ་ནི་ཅང་མི་སྨྲ་བས་སོ། །དེང་དགེ་འདུན་གསོ་སྦྱོང་མཛད་དེ་ཞེས་བྱ་བ་ནི་ལས་ཏེ་གཞག་པར་མི་འོས་པ་ཡིན་པས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སོ་སོར་ཐར་པའི་མདོ་གདོན་པ་གདོན་ནོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་གླེང་གཞི་གདོན་པ་དང་། ཕམ་པར་གྱུར་པ་
གདོན་པ་དང་། དགེ་འདུན་ལྷག་མ་གདོན་པ་དང་། མ་ངེས་པ་གདོན་པ་དང་། རིལ་གྱིས་གདོན་པ་དག་གོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ནི་ལས་བརྒྱ་རྩ་གཅིག་ནི་ལས་གསུམ་གྱིས་བསྡུས་ཏེ། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་གསོལ་བ་དང་བཞིའི་ལས་སོ། །དེ་ལ་
གསོལ་བའི་ལས་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་བཞིའི་ལས་ནི་སུམ་ཅུའོ་ཞེས་གསུངས་པ་ལ། འདི་ནི་གསོལ་བའི་ལས་ཉི་ཤུ་རྩ་བཞི་པོ་དག་གི་ནང་ནས་གཅིག་ཡིན་ནོ། །གསོལ་བ་བཤད་ཟིན་ཏོ། །ད་ནི་གླེང་གཞི་གདོན་པ་བཤད་
པར་བྱ་སྟེ། དེ་ལ་གླེང་གཞི་རྣམ་པར་གཞག་པའི་དབང་དུ་མཛད་ནས་ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་དག་གསུངས་སོ། །གླེང་གཞི་རྣམ་པར་གཞག་པ་ཞེས་བྱ་བ་ནི་དེ་ལྟར་སོ་སོར་ཐར་པའི་མདོ་གདོན་པའི་གསོལ་བ་བྱས་ནས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་
འདི་འཁོར་ཡོངས་སུ་དག་ཅིང་སྣོད་དུ་རུང་བར་བྱ་བའི་ཕྱིར་ལྟུང་བ་ཡོད་ན་མཐོལ་དུ་གཞུག་པ་དང་། མེད་ན་ཅང་མི་སྨྲ་བར་བྱ་བ་དང་། ཅང་མི་སྨྲ་ན་ཡོངས་སུ་དག་པས་རེག་པར་བྱ་བའི་ཕྱིར་ཆོ་ག་གླེང་གཞི་རྣམ་པར་གཞག་པའོ། །གླེང་གཞི་རྣམ་པར་གཞག་པ་འདིའི་བསྡུས་པའི་དོན་ནི་རྣམ་པ་དྲུག་སྟེ། གླེང་
གཞི་རྣམ་པར་གཞག་པ་ལུང་འབོགས་པ་དང་གླེང་གཞི་རྣམ་པར་གཞག་པའི་ཐབས་དང་། མ་དག་པའི་ཉེས་དམིགས་དང་། དག་པའི་ཕན་ཡོན་དང་། འདོན་པ་མཇུག་སྡུད་པ་དང་། གླེང་གཞི་རྣམ་པར་གཞག་པ་བསྒྲགས་པའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་

མདོ་གདོན་པ་གདོན་གྱིས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཅིག །ལྟུང་བ་མེད་ན་ཅང་མ་སྨྲ་ཤིག །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་བྱ་བས་ནི་གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པ་བསྟན་ཏོ། །ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་
བཞིན་དུ་དགེ་སློང་གི་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་ཏོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་
སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ་ཞེས་བྱ་བ་ནི་མ་དག་པའི་ཉེས་དམིགས་བསྟན་ཏོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་པ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་
ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ་ཞེས་བྱ་བས་ནི་དག་པའི་ཕན་ཡོན་བསྟན་ཏོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་ནི་བཏོན་ཟིན་ཏོ་ཞེས་བྱ་བས་ནི་འདོན་པའི་མཇུག་བསྡུ་བ་བསྟན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་
དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བས་ནི་གླེང་གཞི་རྣམ་པར་གཞག་པ་བསྒྲགས་པར་བྱ་བ་བསྟན་ཏོ། །དེ་ལ་རེ་ཞིག་གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་
པའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ་ནི་དེའི་གནས་དང་། ཚོགས་དང་། ཚོགས་མཐུན་པར་གསོ་སྦྱོང་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །རྣམ་པ་གང་གིས་གསོ་སྦྱོང་བྱ་ཞེ་ན། དེའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ཞེས་བྱ་བ་གསུངས་
ཏེ། སེམས་དྲང་པོར་བསྒྲུབ་པ་དང་། འགལ་བ་བཟློག་པ་ལ་སོགས་པ་རྣམ་པ་གཞན་གྱིས་ཀྱང་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་པས་དེ་དག་བསལ་བའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དག་གདོན་གྱིས་ཞེས་བྱ་བས་བསྟན་ཏོ། །སོ་སོར་ཐར་པ་གདོན་པ་ནི་དགེ་འདུན་གྱི་གནས་བརྟན་གྱི་ལས་ཡིན་ནོ། །དེས་

མི་ནུས་པ་ཉིད་ན་གཉིས་པའི་ལས་ཡིན་ནོ། །དེས་ཀྱང་མི་ནུས་པ་ཉིད་ན་གསུམ་པའི་ལས་ཡིན་ནོ། །དེས་ཀྱང་མི་ནུས་པ་ཉིད་ཡིན་ན་ཐམས་ཅད་ཀྱིས་རེས་ཀྱིས་གདོན་པར་བྱའོ། །རེས་བབ་པའི་ཚེ་དེས་འདོན་མི་ནུས་ན་གཞན་ལ་བཅོལ་བར་བྱའོ། །དེ་མ་བཏུབ་ན་དགེ་འདུན་གྱིས་དེ་ལ་བཅོལ་བར་བྱའོ། །འདོན་པ་དེ་
དག་གིས་ཚིག་ཕྱེད་ཀྱང་མ་འཁྲུལ་བར་ལེགས་པར་ཐོན་པ་ཉིད་ཡིན་ན་གདོན་གྱི་གཞན་དུ་མི་འཆགས་སོ། །འདོན་པ་རྡུགས་ན་ལྷགས་མ་གཞན་གྱིས་གདོན་པར་བྱའོ། །དུམ་བུ་འཛིན་པ་ཡིན་ན་ཇི་སྙེད་ཀྱིས་གཞུང་བསྔོས་པ་དེ་སྙེད་ཀྱིས་ཕག་ཏུ་བཅད་དེ་འདོན་པར་བྱའོ། །འདོན་པར་བྱེད་པས་སོ་སོར་ཐར་
པའི་མདོ་གདོན་པ་རྣམ་པ་ལྔ་པོ་གླེང་གཞི་གདོན་པ་དང་། ཕམ་པར་འགྱུར་བ་གདོན་པ་དང་། དགེ་འདུན་ལྷག་མ་གདོན་པ་དང་། མ་ངེས་པ་གདོན་པ་དང་། རིལ་གྱིས་གདོན་པ་དག་ལས་གླེང་གཞི་གདོན་པ་ན་རྫོགས་པ་ཁོ་ནར་མི་གདོན་དུ་མི་རུང་ངོ་། །གླེང་གཞི་བཏོན་ནས་ལྷག་མ་རྣམས་ནི་ཐོས་པ་
བསྒྲགས་པས་ཀྱང་འགྲུབ་ཏུ་རུང་ངོ་། །དེ་ཡང་གླེང་གཞི་བཏོན་ནས་ཕམ་པར་འགྱུར་བ་གདོན་པ་བརྩམས་ན་ཕམ་པར་འགྱུར་བའི་སྡེ་ཚན་རྫོགས་པར་གདོན་དགོས་སོ། །ཕམ་པར་འགྱུར་བ་བཏོན་ནས་དགེ་འདུན་ལྷག་མ་འདོན་པ་བརྩམས་ན་དགེ་འདུན་ལྷག་མའི་སྡེ་ཚན་ཡང་རྫོགས་པར་གདོན་དགོས་སོ། །
དགེ་འདུན་ལྷག་མ་བཏོན་ནས་མ་ངེས་པ་འདོན་པ་བརྩམས་ན། མ་ངེས་པའི་སྡེ་ཚན་ཡང་རྫོགས་པར་གདོན་དགོས་སོ། །ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དང་། མ་ངེས་པ་ཡན་ཆད་ཀྱི་སྡེ་ཚན་ནི་འདོན་པར་མགོ་བརྩམས་པ་དེའི་སྡེ་ཚན་དེ་ཉིད་རྫོགས་པར་བྱ་དགོས་སོ། །སྤང་བའི་ལྟུང་བྱེད་མན་ཆད་ཀྱི་
སྡེ་ཚན་ནི་གདོན་པར་མགོ་བརྩམས་ན། ལྷག་མ་སོ་སོར་ཐར་པའི་གཞུང་ཐམས་ཅད་རྫོགས་པར་གདོན་དགོས་སོ། །རིལ་གྱིས་གདོན་པ་ཞེས་བྱ་བ་ཡང་དེ་ཉིད་ཡིན་ནོ། །མགོ་བརྩམས་པའི་སྡེ་ཚན་དེ་ཉིད་ཡང་རྫོགས་པར་བྱ་དགོས་པ་དེ་དག་མ་རྫོགས་ན་མི་འཆགས་སོ། །འཇིགས་པ་དང་བཅས་པ་ཉིད་དུ་
འགྲོན་དུ་འགྲོ་ན་དོན་མཐུན་པ་དེ་དག་སྡོད་དུ་མི་བཏུབ་ན་འགྲོ་བ་བཞིན་དུ་གདོན་པར་བྱ་སྟེ། འདིའི་ལས་ནི་འདུག་པ་ཉིད་ཀྱིས་བྱའོ་ཞེས་གསུངས་པ་དམིགས་ཀྱིས་བསལ་བ་ཡིན་ནོ། །སྒྲ་མི་འདོད་ན་མདོར་བསྡུས་ཏེ་གདོན་ནོ། །དེ་ཙམ་ཡང་མི་འདོད་ན་བྱིན་གྱིས་བརླབ་པར་བྱའོ། །ཆོས་མ་ཡིན་པས་འདོན་ན་

མི་འཆགས་ཏེ་འདོན་པར་བྱ་བ་དང་། དེའི་ཚད་དང་དུས་དང་། འདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་འདི་ནི་ཆོས་མ་ཡིན་པའོ། །གདོན་པར་བྱ་བ་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་སོ་སོར་ཐར་པའི་མདོ་ལས་གཞན་པ་ཕྲན་ཚེགས་ལ་སོགས་པ་གདོན་པའོ། །དེའི་ཚད་ཁོ་ན་བཞིན་
ཉེ་བར་མ་བཟུང་བ་ནི། གླེང་གཞི་མི་གདོན་ཅིང་ལྷག་མ་རྣམས་ཀྱང་ཐོས་པ་བསྒྲགས་པས་སྒྲུབ་པར་མི་བྱེད་པའོ། །དེའི་དུས་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གསོ་སྦྱོང་གི་དུས་ལས་གཞན་པའི་དུས་སུ་འདོན་པའོ། །འདོན་པར་བྱེད་པ་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གང་ཟག་བསྙེན་པར་རྫོགས་པ་
དང་། མཚན་དང་། ལྟ་བ་དང་། ཚུལ་ཁྲིམས་མཐུན་པ་དག་ལས་གཞན་པས་འདོན་པའོ། །དགེ་སློང་གཅིག་པུ་གནས་ན་དེས་གཙུག་ལག་ཁང་ཆག་ཆག་གདབ་པར་བྱ། ཕྱག་དར་བྱའོ། །བ་ལང་གི་ལྕི་བ་སར་པའི་བྱུག་པ་བྱ། སེང་གེའི་ཁྲི་བཤམ་པར་བྱ་སྟན་བཤམ་པར་བྱ། མར་མེ་
གཟུགས་པར་བྱའོ། །ཆོས་ཉན་དུ་གཞུག་པ་དག་བྱའོ། །དེའི་འོག་ཏུ་ཕྱོགས་མཚམས་མཐོན་པོར་འདུག་སྟེ་ཕྱོགས་བཞིར་བལྟ་བར་བྱའོ། །དེར་དགེ་སློང་ཡོངས་སུ་དག་པ་ལྟ་བ་མཐུན་པ་དག་འོང་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་མྱུར་བ་མྱུར་བར་ཤོག་ཤིག །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་
ལྔ་པ་དག་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང་། དེ་དག་དང་ལྷན་ཅིག་འདུག་སྟེ་གསོ་སྦྱོང་བྱའོ། །གལ་ཏེ་འགྲུབ་ན་དེ་ལྟར་ན་ལེགས། ཅི་སྟེ་མི་འགྲུབ་ན་དགེ་སློང་དེས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟ་སྟེ། དེས་རང་གི་སྟན་ལ་འདུག་སྟེ་འདི་ལྟར་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་
བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་སྨྲས་བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་གསོལ། བདག་
དགེ་སློང་མིང་འདི་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེང་གསོ་སྦྱོང་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པར་བྱའོ། །དེ་བཞིན་དུ་ལན་གཉིས་

ལན་གསུམ་དུ་བཟླས། གང་ན་དགེ་སློང་གཉིས་འཁོད་པ་དེར་ནི་རིམ་པ་བཞིན་དུ་བྱ་ཞིང་དུས་ཀྱི་བར་དུ་བསྡད་དེ་མ་གྲུབ་ན་ནི་མདུན་དུ་ཙོག་ཙོག་པོར་འདུག་སྟེ། གཅིག་ལ་གཅིག་འདི་སྐད་ཅེས་བརྗོད་པར་བྱའོ། །བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་
གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་ཉིད་མཆིའོ། །བདག་ཡོངས་སུ་དག་པར་བཙུན་པའམ་ཚེ་དང་ལྡན་པས་གཟུང་དུ་གསོལ།
བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་དེང་གསོ་སྦྱོང་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བགྱི་ཞིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བགྱིའོ། །དེ་
བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། གང་ན་དགེ་སློང་གསུམ་ཡོད་པ་དེར་ནི་རིམ་པ་བཞིན་དུ་བྱས་ཤིང་དུས་ཀྱི་བར་དུ་བསྡད་དེ། མ་གྲུབ་ན་རྒན་རིམས་བཞིན་གྲལ་དུ་འཁོད་དེ་རིམ་གྱིས་བྱིན་གྱིས་བརླབས་པའི་སྔགས་ཀྱང་སྔ་མ་ཉིད་བརྗོད་པར་བྱའོ། །གང་ན་དགེ་སློང་བཞི་འཁོད་པ་དེར་ནི་དེ་རྣམས་ཀྱིས་
གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་ཞིང་དེར་ནད་པའི་ཡོངས་སུ་དག་པ་ནི་བླང་བར་མི་བྱའོ། །གང་ན་དགེ་སློང་ལྔའམ་ལྷག་པ་འཁོད་པ་དེར་ནི་དེ་རྣམས་ཀྱིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་ཞིང་དེར་ནི་ནད་པའི་ཡོངས་སུ་དག་པ་ཡང་བླང་བར་བྱའོ། །ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག་ཅེས་བྱ་བ་ནི་
བཤགས་པར་བྱ་བ་ཡོད་ན་ཡང་བཤགས་པར་བྱ། བསྡམས་པར་བྱ་བ་ཡོད་ན་ཡང་བསྡམ་པར་བྱ། བྱིན་གྱིས་བརླབས་པ་ཡོད་ན་ཡང་བྱིན་གྱིས་བརླབ་པར་བྱའོ། །འདི་ལ་གླེང་གཞི་རྣམ་པར་གཞག་པའི་ཚུལ་ཇི་ལྟ་བུ་ཞེ་ན་གསོ་སྦྱོང་གི་གནས་སུ་འདུ་བའི་མདུན་རོལ་ཁོ་ནར་གསོ་སྦྱོང་སྔ་མ་འདས་པའི་
མཐའ་ཚུན་ཆད་ཀྱི་ཟླ་བ་ཕྱེད་ཅིང་ལྟུང་བ་ལས་སོ་སོར་བརྟག་པར་བྱ་སྟེ། ལྟུང་བ་ཤེས་པ་བཤགས་པའམ། བསྡམས་པའམ། བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་ལས་ཀྱི་གནས་སུ་འདུ་བར་བྱའོ། །དེའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། ལྟུང་བྱེད་འབའ་ཞིག་པའམ། སོ་སོར་བཤགས་

པར་བྱ་བའམ། བཤགས་པར་བྱ་བའི་ཉེས་བྱས་གང་ཡང་རུང་བ་ཞིག་ཤེས་ན། དེས་མཆིལ་ལྷམ་གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་
སྟེ། ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བ་དེའི་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ་ཅིག་ཅར་མཐོལ་བ་དང་བཤགས་པ་བྱར་རུང་ངོ་། །དེའི་སྔགས་ནི་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་
འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ལྟུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་མི་འཆབ་བོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །དེ་བཞིན་དུ་ལན་གཉིས་ལན་
གསུམ་དུ་བཟླས། ཉན་པས་ལྟུང་བ་མཐོང་ངམ་ཞེས་དྲི་ཞིང་འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱ། ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང་འཆགས་པས་སྡོམ་མོ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བྱ་ཞིང་འཆགས་
པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་དགེ་སློང་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་ཟ་བར་གྱུར་ན་དགེ་སློང་དེས་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་དག་ལ་དྲིས་ཏེ་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་བསལ་ནས། དགེ་སློང་གི་མདུན་དུ་ཆོས་བཞིན་དུ་ཕྱིར་བྱའོ། །བསྡམས་
པར་བྱ་བའི་ཉེས་པ་གང་ཡང་རུང་བ་ཞིག་ཤེས་ན། རང་གི་སེམས་ཀྱིས་བསྡམས་པར་བྱའོ། །དགེ་འདུན་ལྷག་མ་དང་། ཉེས་པ་སྦོམ་པོ་དང་། སྤང་བའི་ལྟུང་བྱེད་ཀྱི་ལྟུང་བ་གང་ཡང་རུང་བ་ཞིག་ཤེས་ན་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་མཆིལ་ལྷམ་གཉིས་ཕུད་ནས། དགེ་སློང་
བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ། ལྟ་བ་དང་མཚན་མཐུན་པ། མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང་། གང་བྱུང་བའི་རིགས་སྨོས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །

ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བ་ལ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དེང་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་
དུ་སླར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གི་དགེ་འདུན་གྱི་ནང་དུ་ལྟུང་བ་དེ་དགེ་སློང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་ཙོག་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་
འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང་རིགས་འདི་དང་འདི་ལྟ་བུ་ཞིག་
དྲན་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དེང་ལྟུང་བ་འདི་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་ལན་གཅིག་བཟླས་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་
དང་བཅས་པར་གྱུར་ན། དེང་ལྟུང་བ་དེ་དགེ་སློང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་
སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན། བདག་གིས་དེང་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་
ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་ལན་གཅིག་བཟླས་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་ལས་བྱེད་པས་

དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན་དེས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་འདུག་བཞིན་དུ་སེམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་
བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་འདི་དང་རིགས་འདི་དང་འདི་ལྟ་བུ་དྲན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས་དེང་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་
ཕྱིར་བྱའོ་ཞེས་ལན་གཅིག་བརྗོད་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ། དགེ་སློང་ལས་བྱེད་པ་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན། དེས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་འདུག་བཞིན་དུ་སེམས་ཀྱིས་འདི་
སྐད་ཅེས་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་ལ་ཡིད་གཉིས་སུ་གྱུར་ན། བདག་
དགེ་སློང་ལས་བྱེད་པ་མིང་འདི་ཞེས་བགྱི་བས་དེང་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་བར་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་
ཞེས་ལན་གཅིག་བརྗོད་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་མཐུན་པ་དང་བཅས་པར་གྱུར་ན་དགེ་སློང་དེ་རྣམས་ཀྱིས་ཀྱང་གང་གི་མདུན་དུ་ལྟུང་བ་བྱུང་བ་དེ་ཆོས་བཞིན་དུ་ཕྱིར་བྱ་བའི་ཕྱིར། དགེ་སློང་འགའ་ཞིག་གནས་གཞན་དུ་སོང་ལ་དགེ་སློང་གི་མདུན་དུ་ལྟུང་བ་དེ་
ཆོས་བཞིན་དུ་ཕྱིར་བྱེད་པ་དེ་ལྟ་བུར་སྤྲོ་བར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མ་གྲུབ་ན་དགེ་སློང་དེ་རྣམས་ཀྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། གལ་ཏེ་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ཀྱིས་ལྟུང་བ་མཐུན་པ་དང་བཅས་

པར་ཤེས་པར་གྱུར་ན། དགེ་སློང་གཅིག་མཚམས་གཞན་གྱི་དགེ་སློང་གི་དྲུང་དུ་འདུག་སྟེ། དེས་དེར་ལྟུང་བ་དྲན་པ་ཕྱིར་བཅོས་ཏེ་ཕྱིར་འོངས་ན། དེའི་མདུན་དུ་ཐམས་ཅད་ཀྱིས་ལྟུང་བ་ཤེས་པ་ཕྱིར་བཅོས་ཏེ། གསོ་སྦྱོང་བྱའོ། །གལ་ཏེ་ཆོ་ག་དེ་མ་གྲུབ་ན་དགེ་སློང་གིས་གསོལ་བ་འབའ་
ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་ལྟུང་བ་
དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་
བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན། དེ་རྣམས་ཀྱིས་གང་གི་མདུན་དུ་དེ་རྣམས་ལྟུང་བ་དེ་ཆོས་བཞིན་དུ་བྱ་བའི་དགེ་
སློང་འགའ་ཞིག་གནས་གཞན་དུ་སོང་ལ། དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་ལྟུང་བ་ལ་ཡིད་གཉིས་བསལ་ནས་ཆོས་བཞིན་དུ་ཕྱིར་བྱེད་པ་དེ་ལྟ་བུ་ལ་སྤྲོ་བར་བྱའོ། །གལ་ཏེ་ཆོ་ག་དེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ན། དགེ་སློང་དེ་རྣམས་ཀྱིས་
གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། གལ་ཏེ་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན། དགེ་སློང་གཅིག་མཚམས་གཞན་གྱི་དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་རྣམས་ཀྱི་དྲུང་དུ་བཏང་སྟེ། དེས་
ལྟུང་བ་ལ་དོགས་པ་དང་ཡིད་གཉིས་བསལ་ཏེ་ཕྱིར་འོངས་ནས་དེའི་མདུན་དུ་ཐམས་ཅད་ཀྱིས་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་པ་བསལ་ཏེ་གསོ་སྦྱོང་བྱའོ། །གལ་ཏེ་ཆོ་ག་དེ་མ་གྲུབ་ན་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ།

འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་
སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་བ་ནས་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་
དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ། གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་
ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པའི་ཕྱིར་རྩོད་པར་གྱུར་ན། གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །འདི་ལྟར་བྱ་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་
སློང་གཉུག་མར་གནས་པ་གཅིག་པུ་མ་གཏོགས་པ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། དགེ་སློང་དེ་དགེ་སློང་གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་། འགྲོགས་བཤེས་གང་ཡིན་པའི་དྲུང་དུ་སོང་སྟེ། ཅི་ནས་ཀྱང་དགེ་སློང་གཞན་དག་དང་ལྟུང་བ་
འཆགས་པར་འགྱུར་བ་དེ་ལྟར་བྱའོ། །གླེང་བ་དང་དྲན་པར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མ་གྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པར་གྱུར་ན། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་
འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བའི་སླད་དུ་རྩོད་པར་གྱུར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་

ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བའི་སླད་དུ་རྩོད་པ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། རྩོད་པ་ཞི་བར་བགྱིས་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་
དོ། །འདི་ནི་གསོལ་བའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ། དགེ་འདུན་ཐམས་ཅད་ལྟུང་བ་ལ་ངེས་པ་ཉིད་མ་ཡིན་པར་གྱུར་ན། གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །འདི་ལྟར་བྱ་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ། དགེ་སློང་གློ་བུར་དུ་འོངས་པ་གཅིག་
པུ་མ་གཏོགས་པ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། དགེ་སློང་དེས་དགེ་སློང་གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་འགྲོགས་བཤེས་གང་ཡིན་པ་དེའི་དྲུང་དུ་སོང་སྟེ། ཇི་ནས་ཀྱང་དགེ་སློང་གཞན་དག་ཀྱང་འཆགས་པར་འགྱུར་བ་དེ་ལྟར་གླེང་བ་དང་
དྲན་པར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བ་དེ་ནི་གང་ཡིན་ལྟུང་བ་དེ་ལས་ཇི་ལྟར་ལྡང་བར་འགྱུར་ཞེས་ངེས་པ་ཉིད་མ་ཡིན་པར་གྱུར་ན། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་
བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་ལ་ངེས་པ་ཉིད་མ་ཡིན་པར་གྱུར་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་
གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་ལ་ངེས་པ་ཉིད་མ་ལགས་པ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ་སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་ངེས་པ་ཉིད་མ་ལགས་པ་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་
མཛད་དོ། །འདི་ནི་གསོལ་བའོ། །ལྟུང་བ་མེད་ན་ཅང་མ་སྨྲ་ཤིག་ཅེས་བྱ་བ་ནི་བཤགས་པར་བྱ་བ་དང་། བསྡམས་པར་བྱ་བ་དང་། བྱིན་གྱིས་བརླབ་པར་བྱ་བའི་ལྟུང་བ་མེད་ན་དེ་དག་ཕྱིར་བཅོས་པའི་བྱ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་

པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ན་འཁོར་རྣམ་པར་དག་པ་ཡིན་པས་བདག་གིས་ཁྱེད་ཅག་གསོ་སྦྱོང་གི་སྣོད་དུ་གྱུར་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གླེང་གཞི་རྣམ་པར་གཞག་པའི་རྒྱུ་ལུང་འབོགས་པ་ཇི་སྐད་བསྟན་པ་དེ་ལས་ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་
པའི་མདོ་གདོན་པ་གདོན་གྱིས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག་ཅེས་བྱ་བའི་ལུང་དབོག་པ་འདིའི་གླེང་གཞི་རྣམ་པར་གཞག་པ་བསྒྲགས་པར་བྱ་བ་ནི་འོག་ནས་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ཅི་འདི་ལ་ཁྱོད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་འབྱུང་བ་ཡིན་ནོ། །
ལྟུང་བ་མེད་ན་ཅང་མ་སྨྲ་ཤིག་ཅེས་བྱ་བ་ནི་ལུང་དབོག་པ་འདིའི་གླེང་གཞི་རྣམ་པར་གཞག་པ་བསྒྲགས་པར་བྱ་བ་ནི་འོག་ནས་འདི་ལྟར་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་ཞེས་འབྱུང་བ་ཡིན་ནོ། །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་ལུང་དབོག་པ་འདིའི་གླེང་
གཞི་རྣམ་པར་གཞག་པ་བསྒྲག་པ་ནི་འོག་ནས་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་འབྱུང་བ་ཡིན་པར་རིག་པར་བྱའོ། །དེའི་འོག་ཏུ་གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་ཞེས་བྱ་བ་ནི་གླེང་
གཞི་རྣམ་པར་གཞག་པའི་ཐབས་བསྟན་པའི་དཔེ་སྟེ། དཔེར་ན་གསོ་སྦྱོང་གི་ཚེ་དགེ་སློང་གསོ་སྦྱོང་གི་གནས་སུ་འདུ་བའི་མདུན་རོལ་ཁོ་ནར་གསོ་སྦྱོང་སྔ་མ་འདས་པའི་མཐའ་ཚུན་ཆད་ཀྱི་ཟླ་བ་ཕྱེད་ཀྱི་ལྟུང་བ་ལ་སོ་སོར་བརྟག་པར་བྱེད་ཅིང་ལྟུང་བ་ཤེས་ཤིང་མཐོང་ན་དགེ་སློང་གཅིག་གི་མདུན་དུ་སྐབས་དབྱེ་བར་
གསོལ་ཏོ། །ལྟུང་བའི་དབྱེ་བ་ནི་དག་པ་སྦྱིན་པའི་དགེ་སློང་དེས་ལྟུང་བ་མཐོང་ངམ་ཞེས་དྲིས་པ་ན་མཐོང་ངོ་ཞེས་ལན་གདབ་པ་དང་ཕྱིན་ཆད་སྡོམ་མམ་ཞེས་དྲིས་པ་ན་སྡོམ་མོ་ཞེས་ལན་གདབ་པ་དང་། ལན་གསུམ་དྲིས་ནས་དགེ་སློང་གིས་ཀྱང་ལན་གསུམ་གདབ་པའོ། །དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་
བུར་ཡང་ལན་གསུམ་གྱི་བར་དུ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པའི་དོན་ཡིན་ནོ། །དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པའི་འཁོར་འདིར་ཡང་ངོ་། །ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་

ནི་གླེང་གཞི་རྣམ་པར་གཞག་པ་བསྒྲགས་པར་བྱ་བའི་ཚིག་འདི་སྐད་ཅེས་བྱ་བ་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་
ཞེས་འབྱུང་བ་དེ་ཉིད་སོ་སོར་ཐར་པའི་གཞུང་ལས་ཇི་སྐད་འབྱུང་བ་བཞིན་དུ་གོ་རིམས་དང་ཚིག་མ་འཁྲུལ་བར་ལན་གཅིག་འདོན་པར་བྱ་བ་ཡིན་ཏེ། དེ་ལན་གཅིག་སྟོན་པ་ཉིད་ན་དྲིའོ་ཞེས་བྱ་བ་དང་། ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་སྨོས་པ་དེ་ཉིད་ཀྱིས་ལན་གསུམ་དུ་བསྒྲགས་པ་ཡིན་ནོ། །ཚིག་
དེ་སྐབས་འདིར་གོང་དུ་སྤར་ཏེ་བསྒྲགས་པ་ཡང་མ་ཡིན་ལ་སྔར་གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པའི་ཚིག་ཇི་སྐད་བསྟན་པ་དེས་སྐབས་འདིར་ལན་གསུམ་བསྒྲགས་པར་བྱ་བ་ཡང་མ་ཡིན་ནོ། །དེའི་འོག་ཏུ་མ་དག་པའི་ཉེས་དམིགས་ཀྱི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཡང་དགེ་སློང་
གང་ཞེས་བྱ་བ་ནི་བྱུང་བའི་དབང་གིས་བཅས་པ་མ་ཡིན་གྱི། གང་ཡང་རུང་བ་སྤྱིར་བསྟན་པའོ། །དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱས་པ་ན་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པའི་ནང་དུ་གླེང་གཞི་རྣམ་པར་གཞག་པ་བསྒྲགས་པར་བྱ་བའི་ཚིག་འོག་ནས་
འབྱུང་བ་ལན་གཅིག་བཏོན་པ་ན་སྟེ་དེ་ལན་གཅིག་བཏོན་པ་ན་དྲིའོ། །ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་སྨོས་པ་ཉིད་ལན་གསུམ་བསྒྲགས་པ་ཡིན་གྱི། གླེང་གཞི་རྣམ་པར་གཞག་པ་བསྒྲགས་པའི་ཚིག་དེ་ལན་གསུམ་བཟླས་པར་མི་བྱའོ། །ལྟུང་བ་ཡོད་ལ་ཞེས་བྱ་བ་ནི་སྔར་ཆོས་བཞིན་དུ་ཕྱིར་
མ་བཅོས་པའོ། །དྲན་བཞིན་དུ་མི་མཐུན་ན་ཞེས་བྱ་བ་ནི་འདིར་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་པས་མི་དྲན་པ་ལ་ལྟུང་བ་མེད་ཀྱི་དྲན་བཞིན་དུ་མི་མཐོལ་ན་ལྟུང་བར་འགྱུར་རོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་བས་ཡིད་གཉིས་ཟ་བ་བྱིན་གྱིས་མི་རློབ་ན་ཡང་ལྟུང་བ་འདིར་འགྱུར་རོ། །དེ་ཤེས་བཞིན་
དུ་བརྫུན་དུ་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནི་བརྫུན་ལ་རྣམ་པ་ལྔ་སྟེ། ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མར་འགྱུར་བ་དང་། ཉེས་པ་སྦོམ་པོར་འགྱུར་བ་དང་། ལྟུང་བྱེད་དུ་འགྱུར་བ་དང་། ཉེས་བྱས་སུ་འགྱུར་བའོ། །དེ་ལ་ཕམ་པར་འགྱུར་བའི་བརྫུན་ནི་འདུ་ཤེས་བསྒྱུར་ཏེ་མིའི་ཆོས་བླ་

མ་སྨྲ་བའོ། །དགེ་འདུན་ལྷག་མར་འགྱུར་བའི་བརྫུན་ནི་འདུ་ཤེས་བསྒྱུར་ཏེ། གཞི་མེད་པ་དང་བག་ཙམ་གྱིས་སྐུར་བ་འདེབས་པའོ། །ཉེས་པ་སྦོམ་པོར་འགྱུར་བའི་བརྫུན་ནི་དགེ་འདུན་བྱེད་པའི་ཚེ་དགེ་འདུན་འདུས་པ་ལ་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པ་དང་། ཆོས་ཆོས་མ་
ཡིན་པར་སྟོན་པ་སྟེ། བརྫུན་དུ་སྨྲ་བའི་ཕམ་པར་འགྱུར་བའི་སྐབས་ཀྱི་ཉེས་པ་སྦོམ་པོའོ། །ལྟུང་བྱེད་དུ་འགྱུར་བའི་བརྫུན་ནི་སྔ་མ་གསུམ་དང་། ཉེས་བྱས་སུ་འགྱུར་བའི་བརྫུན་དང་། བཞི་ལས་གཞན་པའི་བརྫུན་དུ་སྨྲ་བའི་དོན་ཤེས་པའི་ཡུལ་ལས་འདུ་ཤེས་གཞན་དུ་བསྒྱུར་བའོ། །
བརྫུན་སྨྲ་བ་ནི་འདུ་ཤེས་ཀྱི་དབང་གིས་རྣམ་པར་གཞག་གི་དངོས་པོ་ཡོད་པ་དང་མེད་པའི་དབང་གིས་ནི་མ་ཡིན་པའི་ཕྱིར་རོ། །ཉེས་བྱས་སུ་འགྱུར་བའི་བརྫུན་ནི་སྐབས་འདི་ཉིད་ཀྱིས་བསྟན་ཏེ། །གསོ་སྦྱོང་ལ་ཅི་འདི་ལ་ཁྱོད་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས་མ་དག་
པར་ཤེས་བཞིན་དུ་ཅང་མི་སྨྲ་བར་འདའ་བར་བྱེད་ན་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །དེས་ཀྱང་ཉེས་བྱས་ཡོངས་སུ་རྫོགས་པ་ཡིན་གྱི། ཡིད་ཀྱི་ནི་མ་ཡིན་ཏེ་ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་དེ་ལ་ཡོད་པའི་ཕྱིར་རོ། །དེ་ལྟར་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་དེ་ནི་མ་དག་པ་
ཡིན་ལ། མ་དག་པའི་ཉེས་དམིགས་གང་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ་ཞེས་བྱ་བ་གསུངས་ཏེ། བརྫུན་དུ་སྨྲ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པས་བསྙེན་པར་མ་རྫོགས་པ་དང་། ཉམས་
པ་དང་། མཚམས་མེད་པ་ལྔ་བྱས་པ་དང་། སྡིག་པའི་ལྟ་བ་ཅན་དང་། ས་གཞན་ན་གནས་པ་དང་། ཐ་དད་དུ་གནས་པ་རྣམས་ཀྱིས་སྨྲས་ན་སང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བར་དུ་གཅོད་པ་ཡིན་པས་དགེ་སློང་རང་བཞིན་དུ་གནས་པས་སྨྲས་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་
བཅས་པའི་ཁ་ན་མ་ཐོ་བ་དང་གཉི་ག་ལྷག་པར་སྤྱད་པ་ཡིན་པས་ལྷག་པར་ཡང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བར་དུ་གཅོད་པ་ཡིན་པར་གསུངས་སོ། །སྐབས་འདིར་ནི་ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་གསུངས་ཏེ། ལས་ནི་གསོལ་བ་དང་བརྗོད་པ་དང་སོ་སོར་

ཐར་པ་འདོན་པ་དང་། དགག་དབྱེའི་ལས་ཏེ་ལས་བརྒྱ་རྩ་གཅིག་གིས་བསྡུས་པའོ། །ཆོ་ག་ནི་དགེ་འདུན་ཚང་བ་དང་། ལས་བརྗོད་པ་དང་། ལས་བྱེད་པ་ཉིད་ཀྱིས་ཆོས་མ་ཡིན་པས་མི་བྱ་བ་དང་མི་མཐུན་པ་དག་གིས་མི་བྱ་བ་དང་། ཚོགས་ཀྱིས་མི་བྱ་བ་ཡིན་པས་འདིར་སོ་
སོར་ཐར་པའི་མདོ་གདོན་པ་ནི་གསོ་སྦྱོང་གི་ལས་ཡིན་ལ་དེ་ཆོས་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི་འཁྲུལ་པ་དང་བཅས་པ་དག་གིས་ལས་མི་བྱ་བ་ལ་སོགས་པ་ཡིན་ནོ། །འདིར་ལྟུང་བ་ཡོད་པ་ནི་འཁྲུལ་པ་དང་བཅས་པ་ཡིན་ལ། དེ་དྲན་བཞིན་དུ་མི་མཐོལ་ན་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡང་རང་བཞིན་
ལས་ཉམས་པ་ཡིན་པས་དེ་མ་བཤགས་སམ་བྱིན་གྱིས་མ་བརླབས་པ་དག་གིས་གསོ་སྦྱོང་གི་ལས་བྱས་ན་ལས་དེ་མི་འཆགས་པའི་ཉེས་དམིགས་གཞན་ཡང་ཡོད་དོ། །དེའི་འོག་ཏུ་འདུག་པའི་ཕན་ཡོན་གྱི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་
འདོད་པས་ཞེས་བྱ་བ་ནི་ཤེས་བཞིན་དུ་བརྫུན་དུ་སྨྲ་བའི་ཉེས་བྱས་ཙམ་ཡང་རྣམ་པར་དག་པར་འདོད་པས་སོ། །ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ་ཞེས་བྱ་བ་ནི་བཤགས་པ་དང་། བསྡམ་པ་དང་། བྱིན་གྱིས་བརླབ་པ་གང་བྱ་བར་འོས་པ་དེ་བྱའོ། །དེ་ལྟར་མཐོལ་བ་དེ་ནི་དག་
པ་ཡིན་ལ། དག་པའི་ཕན་ཡོན་གང་ཞེ་ན། དེའི་ཕྱིར་མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། མཐོལ་ན་ཚུལ་ཁྲིམས་ཀྱི་ཕན་ཡོན་བཅུ་འཐོབ་ཅིང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་
ཕན་ཡོན་བཅུ་ནི་འགྱོད་པ་མེད་པའི་རིམ་གྱིས་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་འཐོབ་པར་འགྱུར་བ་ལ་སོགས་པ་སྔར་བསྟན་པ་དག་གོ། །མངོན་པར་མཐོ་བ་ནི་མཐོ་རིས་སོ། །ངེས་པར་ལེགས་པ་ནི་མྱ་ངན་ལས་འདས་པའོ། །སྐབས་འདིར་འཕྲལ་དུ་ཆོ་ག་ལས་མ་འདས་པས་ལས་
འཆགས་པའི་ཕན་ཡོན་གཞན་ཡང་ཡོད་དོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་སྔར་བསྟན་པ་དེ་ཉིད་ལྡོག་པའི་སྒོ་ནས་བསྟན་ཏོ། །འདིའི་འོག་ཏུ་འདོན་པའི་མཇུག་བསྡུ་བའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་

གདོན་པའི་གླེང་གཞི་བཏོན་ཟིན་ཏོ་ཞེས་བྱ་བ་ལ། གླེང་གཞི་ཞེས་བྱ་བ་ནི་མདོ་གདོན་པ་འབྱུང་བའི་རྒྱུའོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅས་པའི་དོན་གྱིས་མཇུག་བསྡུ་བའི་ཕྱིར་དང་། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེའི་འོག་ཏུ་གླེང་གཞི་རྣམ་པར་བསྒྲགས་པར་བྱ་བའི་ཡན་ལག་
གི་དོན་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ནི་གླེང་གཞི་བཏོན་པ་དེ་ལའོ། །ཅི་ཞེས་བྱ་བ་ནི་ཡོངས་སུ་དྲི་བའོ། །འདི་ལ་ཞེས་བྱ་བ་ནི་གསོ་སྦྱོང་ལའོ། །ཁྱེད་ཅེས་བྱ་བ་ནི་ཁྱེད་ཅག་གོ། །ཡོངས་སུ་དག་གམ་ཞེས་བྱ་བ་ནི་ལྟུང་བ་མ་བྱུང་ངམ་ཞེས་བྱའོ་ཞེས་ཞེས་བྱ་བ་ནི་དྲི་བ་སྤྱི་ལ་སྙེགས་སོ། །དྲིའོ་ཞེས་བྱ་བ་
ནི་དྲི་བ་དང་པོའོ། །ལན་གཉིས་ལན་གསུམ་དྲིའོ་ཞེས་བྱ་བ་ནི་ལན་གསུམ་ཁོ་ནར་དྲི་བར་བྱ་དགོས་པས་ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་སྨོས་ཏེ། ཉུང་ན་ཡང་ལ་ལས་མི་ཐོས་ལ། མང་ན་ཡང་དུས་ཡོལ་བ་ལ་སོགས་པའི་ཉེས་དམིགས་ཡོད་པས་དེའི་ཕྱིར་ལན་གསུམ་ནི་རན་པར་དགོངས་ཏེ་
བཤགས་པ་དང་བྱིན་གྱིས་བརླབ་པ་གཉིས་ཀྱིས་ལྟུང་བ་མ་བཅབས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅང་མི་སྨྲ་བས་བརྡ་བྱས་པས་གླེང་གཞི་རྣམ་པར་གཞག་པ་བསྒྲགས་པའི་མཇུག་བསྡུ་བ་བསྟན་པའི་ཕྱིར་འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་
ཞེས་བྱ་བ་གསུངས་ཏེ། བཤགས་པ་དང་བྱིན་གྱིས་བརླབ་པ་གཉིས་ཏེ། ལྟུང་བ་མ་བཅབས་པ་ཤ་སྟག་ཚོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གླེང་གཞི་གདོན་པ་བཤད་ཟིན་ཏོ། །མདོ་གདོན་པའི་བསྡུས་པའི་དོན་རྣམ་པ་དྲུག་ལས་གསོལ་བ་དང་གླེང་གཞི་གདོན་པ་ནི་གཞུང་གཞན་ལས་མི་འབྱུང་
བས་སྐབས་འདིར་རྒྱ་ཆེར་བཤད་དོ། །ཕམ་པར་འགྱུར་བ་གདོན་པ་དང་། དགེ་འདུན་ལྷག་མ་གདོན་པ་དང་། མ་ངེས་པ་གདོན་པ་དང་། རིལ་གྱིས་གདོན་པ་རྣམས་ཀྱི་མཚན་ཉིད་ནི། སྡོམ་ལ། མི་ཚངས་སྤྱོད་དང་རྐུ་བ་དང་། །མི་ལ་གསད་པར་མི་བྱ་བ། །བརྫུན་དུ་སྨྲ་དང་བཅས་པ་ཡི། །
ཆོས་བཞིན་འདིར་ནི་གསུངས་པ་ཡིན། །ཞེས་བྱ་བ་ནས། གང་གཞན་ནས་འབྱུང་བའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེ་ལ་ཁྱེད་རྣམས་འདུལ་བ་དང་མཐུན་པ་དང་དགའ་བ་དང་མི་རྩོད་པར་སེམས་ཀུན་དུ་བསྲུང་བ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་གསུངས་པའི་བར་དང་གོ་རིམས་བཞིན་དུ་སྦྱར་

རོ། །དེ་དག་གི་ཡན་ལག་དོན་བཤད་པ་ནི་སོ་སོར་ཐར་པ་རྣམ་པར་འབྱེད་པའི་གཞུང་ཉིད་དང་། འདུལ་བའི་མདོ་ལས་རྒྱས་པར་འབྱུང་ངོ་། །ལས་ཀྱི་མཚན་ཉིད་ནི་ལས་བརྒྱ་རྩ་གཅིག་ལས་འབྱུང་བས་འདིར་ཚིག་གི་བརྗེད་བྱང་མ་བྲིས་ཏེ། གཞུང་དེ་དག་ལས་འབྱུང་བ་
བཞིན་དུ་ཤེས་པར་བྱའོ། །དེ་དག་གི་མཚན་ཉིད་ནི་གླེང་གཞི་དང་། བསླབ་པ་བཅས་པ་དང་། ལྟུང་བ་རྣམ་པར་གཞག་པ་སྟོན་ཏོ། །དེ་ལ་གླེང་གཞི་ནི་ཡུལ་དང་། གང་ཟག་དང་། ཉོན་མོངས་པ་དང་། ཉེས་པའི་གཞིའི་བྱེ་བྲག་གིས་རྣམ་པ་བཞིའོ། །བསླབ་པ་བཅས་པ་ནི་འཇིག་རྟེན་
དང་འགལ་བ་དང་འདུལ་བ་དང་འགལ་བ་བཟློག་པའི་དབང་གིས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་དགག་པའི་ལྟུང་བ་སྡེ་ལྔའོ། །ལྟུང་བ་རྣམ་པར་གཞག་པ་ནི་བསམ་པ་དང་སྦྱོར་བའི་སྒོ་ནས་དངོས་གཞི་དང་། སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ཐམས་ཅད་
དུ་ཅི་རིགས་པར་རྣམ་པར་ཤེས་པར་བྱའོ། །གཞུང་རྒྱས་པའི་མཚན་ཉིད་བཤད་ཟིན་ཏོ། །དེའི་འོག་ཏུ་བསྡུས་པའི་མཚན་ཉིད་བཤད་པར་བྱ་སྟེ། བསྡུ་བའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་མདོ་མདོར་བསྡུས་ཏེ། གདོན་པའི་སྒོ་ནས་དེ་བཞིན་གཤེགས་པ་རིགས་བདུན་གྱིས་འདུལ་བ་མདོར་
བསྡུས་པ་བསྟན་པའོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་སློབ་མ་རྣམས་ནི་ཉེས་པ་ཆུང་བར་གྱུར་ཏེ། ཆོས་ལ་དགའ་བའི་འདོད་ཆགས་དང་དམ་པ་མ་ཡིན་པའི་ཆོས་ལ་ཞུགས་པའི་མུ་སྟེགས་ཅན་རྣམས་ལ་འཚེ་བ་ལ་མངོན་པར་དགའ་བ་ཙམ་ཞིག་ཡོད་པས་དེ་དག་གི་
ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ཡི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་
སྦྱོང་མ་ཡིན་ནོ། །ཞེས་བྱ་བ་ནི་དེ་ལ་བཟོད་པ་ཞེས་བྱ་བ་ནི་བཟོད་པར་བྱེད་པ་དེ། གཞན་གྱི་ཉེས་པ་དང་དུ་ལེན་པའམ། གཞན་ལ་ཞེ་སྡང་བ་མེད་པའོ། །དེ་ཉིད་དཀའ་ཐུབ་དམ་པ་ཡིན་ཏེ། སེམས་ཀྱི་ཞེ་སྡང་སྦྱོང་བར་བྱེད་པའི་ཕྱིར་དང་སྙིང་རྗེ་བསྐྱེད་པའི་ཕྱིར་རོ། །བཟོད་པའི་མྱ་ངན་ལས་འདས་པ་

ཞེས་བྱ་བ་ལ་བཟོད་པ་ཞེས་བྱ་བ་ནི་བཟོད་པར་བྱེད་པ་སྟེ། སྡུག་བསྔལ་གྱི་བདེན་པའི་ཡུལ་གྱི་རྣམ་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དག་བཟོད་པའི་ཤེས་རབ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །དེ་སྔོན་དུ་བཏང་བའང་། དེས་ཉེ་བར་བསྟན་པའི་མྱ་ངན་
ལས་འདས་པ་སྟེ། ཟག་པ་མེད་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པའོ། །དེ་མཆོག་ཅེས་སངས་རྒྱས་གསུངས་ཞེས་བྱ་བ་ནི་བཟོད་པ་མྱ་ངན་ལས་འདས་པ་དེ་དངོས་པོ་ཐམས་ཅད་ཀྱི་མཆོག་ཡིན་ནོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་པ་སྟེ། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་
མྱ་ངན་ལས་འདས་པ་ནི་གཏན་དུ་བ་མ་ཡིན་ལ། ཟག་པ་མེད་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པ་ནི་གཏན་དུ་བ་ཡིན་ཏེ། ཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་བཟོད་པ་དཀའ་ཐུབ་དམ་པ་ཞེ་ན། དེའི་ཕྱིར། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་
སྦྱོང་མ་ཡིན་ནོ། །ཞེས་གསུངས་ཏེ། གཞན་ལ་གནོད་པ་དང་ཞེས་བྱ་བ་ནི་ཡིད་ཀྱིས་གནོད་པ་བྱེད་པའོ། །གཞན་ལ་འཚེ་བ་ཞེས་བྱ་བ་ནི་ལུས་དང་ངག་གཉིས་ཀྱིས་འཚེ་བའོ། །དགེ་སྦྱོང་ཞེས་བྱ་བ་ནི་ཞི་བའི་བདག་ཉིད་དོ། །འདི་སྐད་བསྟན་ཏེ། གང་གི་ཕྱིར་གཞན་ལ་གནོད་པ་དང་། གཞན་ལ་འཚེ་
བ་རབ་ཏུ་བྱུང་བའི་དགེ་སློང་རྫོགས་པ་མ་ཡིན་པ་དེའི་ཕྱིར་བཟོད་པ་ནི་དཀའ་ཐུབ་དམ་པ་ཡིན་ལ། དེའི་འབྲས་བུ་བཟོད་པས་ཐོབ་པའི་མྱ་ངན་ལས་འདས་པ་ཡང་མཆོག་ཡིན་པས་དེའི་ཕྱིར་རབ་ཏུ་བྱུང་བས་བཟོད་པ་བསྟེན་པར་བྱའོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཙུག་
ཏོར་ཅན་གྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་གྱུར་ཏེ། གཞན་གྱི་ཉེས་པ་སྒྲོགས་པ་མང་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། མིག་ལྡན་འགྲོ་བ་ཡོད་པ་ཡིས། །
ཉམ་ང་བ་དག་ཇི་བཞིན་དུ། །མཁས་པ་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང་། །སྐུར་པ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །རབ་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་

རྒྱས་བསྟན་པ་ཡིན། །ཞེས་བྱ་བའོ། །དེ་ལ་མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །ཞེས་བྱ་བ་ནི་ཇི་ལྟར་མིག་དང་ལྡན་པ་ལོང་བ་མ་ཡིན་པ་འགྲོ་བ་ཡོད་པ་འགྲོ་ཤེས་པས་ངམ་གྲོག་དང་། ཚེར་མ་དང་། སྡིག་སྦྲུལ་ལ་སོགས་པ་ཉམ་ང་བ་སྡུག་བསྔལ་གྱི་རྒྱུར་འགྱུར་
བའི་གནས་མི་མཉམ་པ་དག་ཡོངས་སུ་སྤོང་བར་བྱེད་པ་དེ་བཞིན་དུ། མཁས་པ་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང་། །ཞེས་བྱ་བ་གསུངས་ཏེ། མཁས་པ་བློ་དང་ལྡན་པ་རྟོག་པ་སེལ་ནུས་པ་ཡང་འཚོ་བའི་འཇིག་རྟེན་འདི་ནི་སྡིག་པ་གང་དག་ཡིན་པ་དེ་དག་ཡོངས་སུ་སྤོང་བར་
བྱེད་དོ། །ཇི་ལྟར་སྡིག་པ་དེ་དག་ཡོངས་སུ་སྤང་བར་བྱ་ཞེ་ན། དེའི་ཕྱིར། སྐུར་པ་མི་གདབ་གནོད་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུར་པ་མི་གདབ་ཞེས་བྱ་བ་ནི་གཞན་ལ་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་གང་ཡང་རུང་བས་སྐུར་པ་མི་གདབ་པའོ། །གནོད་པར་མི་བྱ་
ཞེས་བྱ་བ་ནི་གཞན་ལ་རྡེག་པ་དང་། ཚིག་རྩུབ་མོ་ལ་སོགས་པས་གནོད་པར་མི་བྱའོ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཞེས་བྱ་བ་ལ། སོ་སོར་པ་ཐར་པ་ཞེས་བྱ་བ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཚིག་ཀྱལ་པ་དང་།
ངག་རྩུབ་པོ་དག་སྤངས་པའི་སྡོམ་པ་རིགས་བདུན་པོ་དག་གོ། །དེ་བསྡམ་པར་བྱ་བ་ནི་ཡོངས་སུ་བསྲུང་བར་བྱ་བ་སྟེ། དེས་བཟློག་པའི་མཚན་ཉིད་དང་། སྤྱད་པའི་མཚན་ཉིད་རྣམ་པ་གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ལྷག་པའི་ཚུལ་ཁྲིམས་བསྟན་པར་ཤེས་པར་བྱའོ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །
ཞེས་བྱ་བ་ནི་འདི་ལྟར་དགེ་སློང་རྣམས་ཀྱིས་ཟས་རུང་བ་དེ་ལ་ཟས་ཀྱི་ཚོད་ཀྱང་ཤེས་པར་བྱ་བ་སྟེ། ཇི་ཙམ་གྱིས་ལུས་ལྕི་བ་དང་། རྨ་བར་མི་འགྱུར་བ་དེ་ཙམ་གྱི་ཚོད་ཡོངས་སུ་ཤེས་པར་བྱའོ། །རབ་མཐའི་གནས་སུ་གནས་པར་བྱ། །ཞེས་བྱ་བ་ནི་རབ་ཀྱི་མཐར་གྱུར་པའི་གནས་དབེན་པར་གནས་པར་བྱ་བ་སྟེ། འདིས་
ནི་ལུས་དང་ཡུལ་ལེགས་པར་མཐུན་པ་དག་གི་ལམ་སྒོམ་པའི་ཚོགས་བསྟན་པར་ཤེས་པར་བྱའོ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །ཞེས་བྱ་བ་ནི་ལྷག་པའི་སེམས་ཞེས་བྱ་བ་ནི་སེམས་ཡོངས་སུ་སྦྱོང་བར་བྱེད་པ་སྟེ། གང་གིས་འདོད་ཆགས་ཀྱི་སྒྲིབ་པ་དང་། གཏི་མུག་གི་སྒྲིབ་པ་ལས་

སེམས་རྣམ་པར་སྦྱོང་བའོ། །དེ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བསམ་གཏན་ནོ། །དེ་ལ་ཡང་དག་པར་སྦྱོར་བ་ནི་ཡང་དག་པར་རྣལ་འབྱོར་དུ་བྱ་བ་སྟེ། འདིས་ནི་ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་པར་ཤེས་པར་བྱའོ། །འདི་ནི་
སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་མདོར་བསྟན་པ་དེ་ནི་ཚོགས་དང་བཅས་པའི་ལམ་བསྟན་པ་ཡིན་ཏེ། དེ་ཉིད་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཀྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་
གྱུར་ཏེ། འདི་ལྟར་ཁྱིམ་པའི་སྐྱེ་བོ་དང་འགྲོགས་པར་གྱུར་པ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་
པར། །ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །ཞེས་བྱ་བའོ། །དེ་ལ་ཇི་ལྟར་སྲོག་ཆགས་བུང་བ་མེ་ཏོག་ལས་ཁ་དོག་དང་དྲི་ལ་མི་གནོད་པར་ཁུ་བ་གཞིབས་ཏེ་འཕུར་བ་དེ་བཞིན་དུ་ཐུབ་པ་རབ་ཏུ་བྱུང་བ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བས་ཀྱང་གྲོང་ནས་ཁ་དོག་དང་དྲི་ལྟ་བུའི་
སེམས་དང་ཚུལ་ཁྲིམས་ལ་མི་གནོད་པར་ཁུ་བ་ལྟ་བུའི་ཁ་ཟས་བླངས་ཏེ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་སློབ་མ་རྣམས་ཉེས་པ་ཆུང་བར་གྱུར་ཏེ། གཞན་གྱི་རྐྱེན་དང་ཡོན་ཏན་ལ་རྟོག་པ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་ཡོངས་སུ་སྤང་བར་
བྱ་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་སྟོན་པར་གྱུར་ཏེ། བདག་གིས་རིགས་དང་མི་རིགས་དང་། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དག་གཞན་དག་གིས། །བྱས་དང་མ་བྱས་རྣམས་ལ་མིན། །ཞེས་བྱ་བའོ། །དེ་ལ། བདག་
གིས་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་བདག་གིས་བདག་ཉིད་ཀྱི་རིགས་པ་དང་མི་རིགས་པ་སོ་སོར་བརྟག་པར་བྱའོ། །གཞན་རྣམས་ཀྱི། མི་མཐུན་པ་ཞེས་བྱ་བ་ནི་གཞན་རྣམས་ཀྱི་མི་རིགས་སོ། །གཞན་དག་གིས། བྱས་དང་མ་བྱས་རྣམས་ལ་མིན། །ཞེས་བྱ་བ་ནི་

གཞན་དག་གིས་རྫོགས་པ་དང་མ་རྫོགས་པ་རྣམས་ལ་བརྟག་པར་མི་བྱའོ། །འདི་སྐད་བསྟན་ཏེ། གཞན་དག་གི་ཡོན་ཏན་དང་སྐྱོན་ལ་རྟོག་པ་ལ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་འབྱུང་བས་དེའི་ཕྱིར་གཞན་ལ་རྟོག་པ་སྤངས་ཏེ། བདག་ཉིད་ལ་བརྟག་ཅིང་བདག་ཉིད་
སེམས་པ་འདོད་པར་བྱས་ན། ཕྱིས་གཞན་ལ་བརྟག་པའི་སྐབས་ཡོད་པར་འགྱུར་རོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་གྱུར་ཏེ། སྲེད་པ་དང་བཅས་པས་བསམ་གཏན་སྐྱེད་པར་བྱེད་པ་ཙམ་ཡོད་པས། དེ་དག་གི་ཉེས་
པ་དེ་ཡོངས་སུ་སྤོང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །ཞེས་བྱ་
བའོ། །དེ་ལ་ལྷག་པའི་སེམས་ཞེས་བྱ་བ་ནི་བསམ་གཏན་བཞི་པོ་དག་གོ། །དེ་ལ་བག་བྱ་སྟེ་ཞེས་བྱ་བ་ནི་སྲེད་པ་དང་ང་རྒྱལ་དང་ལྟ་བ་མཆོག་ཏུ་འཛིན་པ་སྤང་ཞིང་བག་གྱིས་ཤིག་ཅེས་བྱ་བའོ། །སྤང་བ་བསྟན་ནས་བསླབ་པ་བསྟན་པའི་ཕྱིར། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཅེས་བྱ་
བ་གསུངས་ཏེ། ཐུབ་པ་ཞེས་བྱ་བ་ནི་མཁྱེན་པ་དང་ལྡན་པ་སྟེ། ཡང་དང་ཡང་དུ་མཛད་པའི་ཕྱིར་ཐུབ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །ཐུབ་པ་དེའི་ཐུབ་གཞི་ནི་འཕགས་པའི་བདེན་པ་བཞི་པོ་དག་སྟེ། གང་དག་གིས་ཐུབ་པ་སྐྱེད་པའོ། །དེ་ལ་བསླབ་པ་ནི་མཆོག་ཏུ་བསླབ་ཅིང་ནན་ཏན་
གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་བསླབ་པ་ནི་ཅིར་ཞེ་ན། འབྲས་བུ་བསྟན་པའི་ཕྱིར། ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། ཞེས་བྱ་བ་གསུངས་ཏེ། ཉེ་བར་ཞི་བ་དང་རྟག་ཏུ་དྲན་པ་དང་ལྡན་པ་ཉིད་ཀྱིས་སྐྱོབ་པ་ཉིད་དུ་བསྟན་པར་ཤེས་པར་བྱའོ། །དེ་ཉེ་བར་ཞི་
བ་ཞེས་བྱ་བ་ནི་མཉམ་པར་གཞག་པ་སྟེ། ལུས་དང་ངག་གཉིས་ཀྱིས་བསྡམས་པའོ། །རྟག་ཏུ་དྲན་ལྡན་པའི་ཞེས་བྱ་བ་ནི་རྟག་ཏུ་དྲན་པ་ཉེ་བར་གཞག་པའོ། །སྐྱོབ་པ་ཞེས་བྱ་བ་ནི་རང་གི་སེམས་རྗེས་སུ་བསྲུང་བའོ། །མྱ་ངན་མེད་པ་ཡིན་ཞེས་བྱ་བ་འདིས་ནི་སྐྱེ་བ་ཟད་པ་བསྟན་ཏེ། མྱ་

ངན་ལས་འདས་པ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་གྱུར་ཏེ། སྦྱིན་པ་ལ་མ་གུས་པ་དང་། དགྲ་མང་བར་ལྟ་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་དེས་མཐར་ཐུག་
པའི་ཆོས་བསྟན་པས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོང་། །ཉོན་མོངས་ཟད་པས་མྱ་ངན་འདའ། །ཞེས་བྱ་བའོ། །དེ་ལ་སྦྱིན་
པ་ཞེས་བྱ་བ་ནི་སྦྱིན་པར་བྱེད་པའི་མིང་སྟེ། དེས་ནི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་གྱི་བསོད་ནམས་ཀྱི་ལས་རབ་ཏུ་འཕལ་བར་འགྱུར་རོ། །ཚུལ་ཁྲིམས་ལེགས་པར་བསྡམས་པས་ནི་དགྲ་སོགས་མི་འགྱུར་ཏེ་ཚུལ་ཁྲིམས་ཀྱི་དགྲའི་རྒྱུ་གསོད་པ་དང་རྐུ་བ་དང་བུད་མེད་ལ་ཆགས་པ་ལ་སོགས་པ་མི་སྐྱེད་པའི་ཕྱིར་
རོ། །དགེ་དང་ལྡན་པས་ཞེས་བྱ་བ་ནི་བསམ་གཏན་བཞི་ཐོབ་པས་སོ། །དེས་ནི་འདོད་པ་ན་སྤྱོད་པའི་སྡིག་པ་ཁོང་ཁྲོ་བ་ལ་སོགས་པ་རྣམ་པར་སྨིན་པ་མི་འདོད་པར་འགྱུར་བ་དག་ཡོངས་སུ་སྤོང་བར་འགྱུར་རོ། །འཕགས་པའི་ལམ་གྱིས་ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཟད་པས་ནི་ཕུང་པོའི་ལྷག་མ་དང་
བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་སྦྱིན་པ་ནི་འཁོར་བའི་འབྲས་བུ་ཅན་ཡིན་པས་དེ་ལ་གདུང་བར་མི་བྱ་ཞིང་དགྲ་མང་བ་ནི་སྡོམ་བརྩོན་དང་མི་མཐུན་པ་ཡིན་པས་དེ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་
བསྟན་པ་ལ་ཆུ་བུར་མ་བྱུང་བའི་ཚེ་ན་དེའི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་གྱུར་པས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཚིགས་སུ་བཅད་པ་གསུམ་གྱིས་བཏོན་པར་གྱུར་ཏེ། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་
ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་

སྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་དག་རབ་བསྡམས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བྱ་བའོ། །དེ་ལ། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་འདིས་ནི་ལྷག་
པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ཏོ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །ཞེས་བྱ་བ་འདིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་པ་ནི་དོན་དམ་པར་དགེ་བའི་ཕྱིར་རོ། །རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱ་བ་འདིས་ནི་ལྷག་པའི་
སེམས་ཀྱི་བསླབ་པ་བསྟན་ཏོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྡོམ