Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 148
Văn bản gốc(Tây Tạng)
Trang 8 / 15 (50.000 ký tự/trang)
ཁྱད་པར་དུ་འདུན་པའི་རྒྱུ་འདིས་བྱས་པ་སྟེ། མི་ཤེས་པ་དག་དུག་དང་འདྲེས་པའི་ཁ་ཟས་ལ་དགའ་བ་བཞིན་དུ་གང་གི་ཕྱིར་དེ་དང་དེའི་ཉེས་དམིགས་མ་མཐོང་བའི་རྨོངས་པ་དེ་ཡང་ཀུན་སྦྱོར་རོ་ལ་དགའ་བའོ། །དེས་ན་ཡང་ངན་པར་སྤྱོད་པ་རྣམ་པ་མང་པོ་བྱས་ནས་ཡང་དང་ཡང་དུ་སྡུག་བསྔལ་ཐོབ་པར་འགྱུར་ཞེས་བྱ་བ་ཡིན་ཏེ། ལན་དུ་མར་ངན་ སོང་ངན་འགྲོའི་སྡུག་བསྔལ་ལམ་བསད་པ་དང་བཅིང་བ་དང་བརྡུང་བ་ལ་སོགས་པའི་སྡུག་བསྔལ་ལོ། །ངན་པར་སྤྱོད་པས་བཀག་ན་ནི་མི་འདོད་པ་མ་ལུས་པ་འབྱུང་བ་མི་འཐོབ་ཅིང་མི་རྙེད་པ་ཡིན་ནོ། །དེ་ལ་འདི་ནི་སྲེད་པ་མང་ཞིང་འཁོར་བ་ལ་མངོན་པར་དགའ་བའི་གདུལ་བྱ་དག་ལ་འཁོར་བས་ སྐྱོ་བར་བྱ་བའི་ཕྱིར་གསུངས་སོ། །སྲེད་པའི་དབང་གིས་སེམས་ཅན་འདི་དག་དགའ་བ་དང་འཆི་བའི་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྲེད་པ་རྣམས་ཀྱིས་མདུད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྲེད་པ་ནི་རྣམ་པ་གསུམ་སྟེ། འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་ པ་དང་། སྲིད་པ་མེད་པའི་སྲེད་པའོ། །ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །གཞན་དག་ན་རེ་གང་སུ་དག་སྡིག་པ་རྣམ་པ་དུ་མ་དང་མི་དགེ་བའི་ཆོས་ཡང་དག་པར་འབྱུང་བ་དེ་ཐམས་ཅད་ནི་སྲེད་པའི་ཀུན་དུ་སྦྱོར་བས་ཡིན་ཏེ། འདི་ལྟ་སྟེ། མདོར་བསྡུ་བའི་ཕྱིར་སྲེད་ པའི་ཀུན་དུ་སྦྱོར་བ་ནི་དེ་རྣམས་ཀྱི་ནང་ནས་མཆོག་ཏུ་བཤད་པའི་ཕྱིར་རོ་ཞེས་ཟེར་ཏེ། དཔེར་ན་གང་ལ་ལ་ཞིག་གིས་གླང་སྣ་ཕུག་ནས་ཁལ་བཀལ་ན་དེས་ཁལ་ཐམས་ཅད་འདེགས་ཤིང་ཁལ་གནས་པ་ཡིན་ནོ་ཞེས་བརྗོད་དོ། །འདི་ལ་བསྡུས་པའི་དོན་ནི་ཚིག་རྐང་དང་པོས་ ནི་སྲེད་པ་བསྟན་ཏོ། །ཚིག་རྐང་གཉིས་པས་ནི་སྲེད་པའི་ལས་བསྟན་ཏོ། །ལྷག་མས་ནི་དེའི་ཉེས་དམིགས་བསྟན་ཏོ། །དེ་ལ་སྲེད་པ་རྣམས་ཞེས་བྱ་བ་ནི་བདག་ལ་སྲེད་པའི་ཕྱིར་དེ་དང་འབྲེལ་པ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་དོ། །མདུད་པ་ཞེས་བྱ་བ་ནི་བཅིང་ཞིང་གཞན་གྱི་དབང་དུ་བྱས་པ་སྟེ། འཇིག་རྟེན་འདི་ན་སྲེད་པས་འཁོལ་བའོ་ཞེས་མདོ་ལས་གསུངས་སོ། །གཞན་དག་ན་རེ་འདོད་པའི་སྲེད་པས་མདུད་པ་ཡིན་ནོ་ཞེས་ཟེར་རོ། །སྲིད་དང་སྲིད་མིན་དག་ལ་སེམས་ཆགས་ཤིང་། །ཞེས་བྱ་བ་ནི་ཆགས་པའི་སེམས་གང་ལ་ཡོད་པ་དེ་ནི་སེམས་ཆགས་པས་སོ། །སྲིད་པ་དང་སྲིད་པ་མ་ཡིན་ པ་ནི་སྲིད་དང་སྲིད་མིན་ནོ། །གང་བདག་ལ་སྲེད་པ་དེ་ལ་བརྟེན་ནས་རྟག་པར་ལྟ་བ་དེ་ནི་སྲིད་པ་ལ་ཆགས་པའི་སེམས་ཏེ་མངོན་པར་དགའ་བའོ། །གང་ལ་ཡང་ཆད་པར་ལྟ་བ་དེ་ནི་སྲིད་པ་མེད་པ་ལ་སེམས་ཆགས་ཤིང་མངོན་པར་དགའ་བའོ། །འདིར་སྲིད་པའི་སྒྲ་ནི་ཁམས་གསུམ་ལ་བརྗོད་དེ། འདིར་སྲིད་པ་གསུམ་ཡང་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ་ཞེས་མདོ་ལས་གསུངས་སོ། །འདིར་སྲེད་པ་མ་ཡིན་པའི་སྒྲ་ནི་སྲེད་པ་མེད་པ་ལ་བརྗོད་དེ། ཁམས་གསུམ་གྱི་རིས་མཐུན་པ་མི་རྟག་པའམ་མེད་པ་དེ་ལ་དམིགས་པའི་སྲེད་པ་སྟེ། སྲེད་ པ་མེད་པ་ལ་དགོངས་སོ། །དེའི་ཕྱིར་གསུངས་པ། འདི་ལ་གཅིག་ཏུ་སྡུག་བསྔལ་ལ་སོགས་པ་དེ་ཉིད་དུ་འགྱུར་རོ་ཞེས་སྨྲ་སྟེ། ཀྱེ་མའོ་བདག་ནི་ཆད་པར་འགྱུར་བ་སྟེ་ཞིག་ནས་ཕ་རོལ་ཏུ་སྐྱེ་བ་ལ་སོགས་པར་མི་འགྱུར་རོ་ཞེས་སྨྲ་བ་ཡིན་ནོ། །འདི་ལྟར་གྱུར་པ་ལ་སྐྱོན་ཅིར་འགྱུར་ཞེ་ན། སྨྲས་པ། བདུད་ཀྱི་སྦྱོར་བ་དེ་ཞེས་སྨོས་ཏེ། སྲེད་པས་མདུད་པ་རྣམས་སྲིད་པ་གསུམ་དང་སྲིད་པ་མ་ཡིན་པ་དག་ལ་སེམས་ཆགས་པ་རྣམས་ཀྱི་ཉེས་དམིགས་བསྟན་ཏེ། འདིས་སྦྱོར་བར་བྱེད་པས་སྦྱོར་བ་སྟེ་འཆིང་བའོ། །དེ་དང་ལྡན་པ་ནི་འཆིང་བའི་སྦྱོར་བ་དང་ལྡན་པའོ། །བདུད་ཀྱི་ཞེས་བྱ་བ་ནི་ཉོན་མོངས་པ་ སྟེ་བདུད་ཀྱི་འཆིང་བས་བཅིངས་པ་སྟེ། དེ་ཐོས་ན་དེ་ལས་རྒྱལ་བར་བྱ་བའི་ལས་ལ་གཞན་གྱི་དབང་དུ་བྱས་ཞེས་བྱ་བའི་དོན་ཏོ། །བདུད་ཀྱི་སྦྱོར་བ་དང་ལྡན་པ་རྣམས་ལ་ནི་སྡུག་བསྔལ་དང་བཅས་པ་དང་། འཇིགས་པ་དང་བཅས་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གྲུབ་དང་བདེ་རྣམས་དང་བྲལ་ཞིང་། ། ཞེས་བྱ་བ་སྨོས་ཏེ། གྲུབ་པ་ནི་བདེ་བ་དང་འབྲེལ་པའོ། །བདེ་བ་ནི་འཇིགས་པ་མེད་པའོ། །གྲུབ་པ་དང་བདེ་བ་མེད་པ་ནི་གྲུབ་པ་དང་བདེ་བ་དང་བྲལ་བ་སྟེ། བྲལ་བ་ཡོད་པ་དེ་ཉིད་ནི་དེ་སྟེ། སྡུག་བསྔལ་བ་དང་འཇིགས་པ་ཡོད་པ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་སྨྲས་པ། གང་གི་ཕྱིར་དེ་རྒ་བ་ དང་འཆི་བ་ཞེས་བྱ་བ་སྨོས་ཏེ། རྒ་བས་ནི་སྡུག་བསྔལ་བ་ཉིད་དང་། འཆི་བས་ནི་འཇིགས་པ་ཉིད་བསྟན་ཏོ། །རྗེས་སུ་འགྲོ་འགྱུར་ཏེ་ཞེས་བྱ་བ་ནི་ཐོབ་པར་འགྱུར་བ་དང་རྗེས་སུ་འབྲང་བར་འགྱུར་བའོ། །གང་གིས་ཇི་ལྟ་བུ་ཞེ་ན། མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ། །ཞེས་བྱ་སྟེ། ཇི་ལྟར་ནུ་ཞོ་འཐུང་བའི་ བེའུ་འོ་མ་ལ་སྲེད་པས་འགྲོ་བ་དང་། དེ་ལྟར་རྟག་ཏུ་རྗེས་སུ་འབྲང་བ་དེ་བཞིན་དུ་སྲེད་པའི་འདུན་པ་ཡོད་ན་ནི་རྒ་བ་དང་འཆི་བ་དང་རྗེས་སུ་མཐུན་པར་འཇུག་པར་འགྱུར་ཞིང་རྒ་བ་དང་འཆི་བ་ཉིད་ཀྱི་རྗེས་སུ་འགྲོའི། མྱ་ངན་ལས་འདས་པར་ནི་མ་ཡིན་ནོ། །སྲེད་པའི་ཉེས་དམིགས་བསྟན་པས་དེ་སྤངས་ པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །སྲེད་པ་སྤངས་པ་ལས་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདི་ནི་སྲེད་པ་དེ་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྲེད་པ་རྣམ་པ་གསུམ་པོ་དེ་བཀག་ཅིང་གཏན་དུ་སྤངས་པ་དང་། དེ་སྤངས་པའི་ཕན་ཡོན་རབ་ཏུ་བསྟན་པ་ནི་འདིའི་ བསྡུས་པའི་དོན་ཏོ། །དེ་ཞེས་བྱ་བ་ནི་གང་སྔར་བསྟན་པའི་བདག་ལ་སྲེད་པའམ་འདོད་པའི་སྲེད་པའོ། །འདྲ་ཞེས་བྱ་བ་ནི་ཁྱད་པར་གྱི་དོན་ཏེ། གང་དེ་ལ་རྗེས་སུ་འབྲང་བ་ནི་འཁོར་བ་ཉིད་ཀྱི་རྗེས་སུ་འབྲང་བ་ཡིན་ལ་གང་ཡང་དེ་སྤང་བ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ཡིན་ནོ་ཞེས་ཁྱད་པར་དུ་བྱེད་དོ། ། སྤོང་བྱེད་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་གཉེན་པོས་དེ་ཐོབ་པ་རྒྱུད་ལས་བསྩལ་བའོ། །འདི་ན་ཞེས་བྱ་བ་ནི་བསྟན་པ་འདི་ལ་སྟེ། གཞན་དག་ཏུ་ནི་དེ་སྤོང་བ་མེད་པའི་ཕྱིར་རོ། །དེ་སྤངས་ན་ནི་དེའི་ལས་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྲིད་དང་སྲིད་མིན་དག་ལ་སྲེད་བྲལ་ཞིང་། །ཞེས་ བྱ་བ་སྨོས་ཏེ། བྲལ་བ་ནི་མི་ལྡན་པའོ། །སྲེད་པ་ལ་མངོན་པར་དགའ་བའི་ཚུལ་གང་ལ་ཡོད་པ་དེ་ནི་དེ་སྟེ། གང་ལ་སྲེད་པ་སྤངས་པར་གྱུར་པ་ལ་ནི་སྲིད་པ་དང་སྲིད་པ་མེད་པ་ལ་དམིགས་པའི་མངོན་པར་དགའ་བ་མེད་ཅེས་བྱ་བའི་དོན་ཏོ། །འདིར་གང་གིས་སྲེད་པ་སྤངས་པར་བྱས་པའི་ ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། སྲེད་པ་ཟིལ་གྱིས་གནོན་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲེད་པའི་ཀུན་དུ་སྦྱོར་བ་ཐོབ་པར་གཏན་དུ་དྲུངས་ཕྱུང་ཞིང་བཅད་པའི་ཕྱིར་ཏེ། བཀག་པ་ཙམ་གྱིས་སྤང་བ་ནི་མ་ཡིན་ཏེ། གཏན་དུ་བྲལ་བར་གྱུར་པའོ། །དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་བཅོམ་ པའི་ཕྱིར་རོ། །ལྷག་མ་མེད་པ་ཞེས་བྱ་བ་ལ། གང་ལ་གྲིབ་མ་ཡོད་པ་མ་ཡིན་པ་དེ་ནི་ལྷག་མ་མེད་པ་སྟེ། ཚོར་བ་པོ་ཉམས་པ་ཡིན་ནོ། །དེ་ཡང་རྣམ་པར་ཤེས་པའི་ཤིང་ལ་གྲིབ་མ་ལྟ་བུ་ནི་ཚོར་བ་ཡིན་ནོ་ཞེས་ཀུན་དགའ་བོའི་མདོའི་ཚིག་གིས་སོ། །དེས་ན་གང་གིས་སྲེད་པ་ཕྱོགས་གཅིག་སྤངས་པས་ནི་དེའི་ ཡན་ལག་གི་ཡོངས་སུ་མྱ་ངན་ལས་འདས་པ་ལྷག་མ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། ཚོར་བ་དང་བཅས་པའི་རྣམ་པར་ཤེས་པའི་ཤིང་ཡོངས་སུ་མ་བཅད་པའི་ཕྱིར་རོ། །གང་གིས་སྲེད་པ་ཐམས་ཅད་སྤངས་པས་ནི་ཡན་ལག་ཐམས་ཅད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེ་ ནི་ལྷག་མ་མེད་པས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བརྗོད་དེ་ཚོར་བ་དང་བཅས་པའི་རྣམ་པར་ཤེས་པའི་ཤིང་ཉིད་བཀག་ཅིང་གཞན་ཡང་མ་སྐྱེས་པའི་ཕྱིར་རོ། །སྲེད་པ་སྤངས་པའི་ཕན་ཡོན་བསྟན་པའི་ཕྱིར་འདི་གསུངས་སོ། །སྲེད་པ་མ་སྤངས་པ་དང་སྲེད་པ་སྤངས་པའི་ཉེས་དམིགས་དང་ ཕན་ཡོན་གོ་རིམས་བཞིན་དུ་བསྟན་པའི་ཕྱིར་སྨྲས་པ། གང་ཞིག་འཇིག་རྟེན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་སྨོས་སོ། །ཁ་ཅིག་ནི་ཉ་སེར་སྐྱའི་དབང་དུ་མཛད་ནས་འདི་གསུངས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་བཅོམ་ལྡན་འདས་དགོན་པ་ན་ཉན་ཐོས་ཀྱི་ཚོགས་དང་དབྱར་གྱི་དུས་ སུ་ལྷན་ཅིག་ཏུ་བཞུགས་སོ། །ཇི་ཙམ་ན་བི་རན་ཞེས་བྱ་བའི་རྩྭའི་རིགས་འཕེལ་ཞིང་རྒྱས་པ་གཟིགས་ཏེ། དགེ་སློང་སྲེད་པ་ཤས་ཆེ་བ་དག་གི་དོན་དུ་འདི་གསུངས་སོ། །དགེ་སློང་དག་སྲེད་པ་ནི་དྲ་བ་དང་ཡུལ་ལ་སྲེད་པ་ཡིན་ཏེ། འཁོར་བའི་འཆིང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་ ཟེར་རོ། །འདི་ལ་བསྡུས་པའི་དོན་ཡང་འདོད་པའི་སྲེད་པའི་སྐྱོན་མཐོང་བའི་ཆོས་འདི་ཉིད་ལ་རྣམ་པ་བཞི་ཡོད་དེ་ཞེས་བསྟན་ཏེ། ཤིན་ཏུ་ཟིལ་གྱིས་གནོན་པ་དང་། དམིགས་པ་དམན་པ་དང་། ལས་ལ་མངོན་པར་དགའ་བ་དང་། ཟིལ་གྱིས་གནོན་པར་དཀའ་ཞིང་མྱ་ངན་འཕེལ་བའོ། །དེའི་ཕྱིར་ དང་པོར་འདོད་པའི་སྲེད་པ་ལ་ལྷག་པར་བཏང་སྙོམས་ཀྱི་སེམས་སུ་འགྱུར་རོ། །དེ་ནས་དམིགས་པ་དམན་པ་དང་སྡིག་པའི་ལས་ལ་མངོན་པར་དགའ་བར་འགྱུར་རོ། །དེ་ནས་ངན་པར་སྤྱོད་པས་སྲིད་པར་འགྱུར་རོ། །དེ་ནས་འདོད་པའི་དངོས་པོ་ཡོངས་སུ་འགྱུར་བས་མྱ་ངན་ཤས་ཆེར་འཕེལ་བར་ འགྱུར་རོ། །གང་ཞིག་ཅེས་བྱ་བ་ནི་སེམས་ཅན་ནོ། །འདིས་ཞེས་བྱ་བ་ནི་འདོད་པའི་སྲེད་པས་སོ། །ཁོལ་བ་ཞེས་བྱ་བ་ནི་ཟིལ་གྱིས་མནན་པའོ། །ཇི་ལྟ་བུར་ཞེ་ན། སྨྲས་པ། བུད་མེད་ཅེས་བྱ་བ་སྨོས་ཏེ། དམན་པའི་དངོས་པོ་ལ་དམིགས་པའི་ཕྱིར་དང་། ངན་པར་སྤྱོད་པ་བསྐྱེད་པའི་ཕྱིར་དང་འདོད་པའི་ བདེ་བ་རྗེས་སུ་སྤྱོད་པ་ནི་དམན་པ་ཉིད་ཐ་མལ་པ་ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་གིས་སོ། །སྲེད་པ་ཞེས་བྱ་བ་ནི་འཁོར་བ་དོན་དུ་གཉེར་བའི་ལས་བསྐྱེད་པའོ། །འཇིག་རྟེན་སྤང་དཀའ་ཞེས་བྱ་བ་ནི་མུ་སྟེགས་པའི་འཇིག་རྟེན་ཏེ། འདི་ལ་དཀའ་བས་སྤང་ཞིང་དོར་བས་ཡོད་པ་དེ་ནི་སྤང་བར་དཀའ་ བའམ། འདའ་བར་དཀའ་བའམ། དོར་བར་དཀའ་བ་ཞེས་བྱ་བའི་དོན་ཏོ། །བདག་མེད་པའི་འདུ་ཤེས་དེ་ནི་དེའི་གཉེན་པོ་ཡིན་ཏེ། ཕྱི་རོལ་པས་མི་རྟོག་པའི་ཕྱིར་རོ། །སངས་རྒྱས་ཀྱི་བསྟན་པ་ལ་ནི་འདི་སྤང་བར་དཀའ་བ་མ་ཡིན་ཏེ། ཕྱིན་ཅི་མ་ལོག་པས་དེའི་གཉེན་པོ་དམིགས་པའི་ཕྱིར་ རོ། །དེ་ཡི་མྱ་ངན་འཕེལ་བར་འགྱུར། །ཞེས་བྱ་བ་ནི་གང་གི་ཕྱིར་དངོས་པོ་གང་ལ་འདོད་པའི་སྲེད་པས་ཟིལ་གྱིས་གནོན་པ་ནི་དངོས་པོ་དེ་མེད་ཅིང་རྣམ་པར་འགྱུར་བ་ལས་ལྷག་པར་ཞེན་པའི་སྐྱེས་བུའི་མྱ་ངན་ཏེ། ཡིད་ཀྱི་གདུང་བའོ། །འཕེལ་བར་འགྱུར་བ་ནི་སྩོགས་པར་འགྱུར་བ་སྟེ། ཇི་སྲིད་དུ་ གང་ལ་སྲེད་པའི་དངོས་པོ་ཡོད་པ་དེ་ནི་གང་དག་རྣམ་པར་འགྱུར་བ་དེ་སྲིད་དུ་མྱ་ངན་འཕེལ་བར་འགྱུར་ཏེ། འདིར་དཔེ་བསྟན་པ། རྩྭ་ལ་ཆར་པ་བབ་པ་བཞིན། །ཞེས་བྱ་བ་སྨོས་ཏེ། ཆར་བབ་པ་ནི་བརླན་པ་དང་། ཆུས་བླུག་པའོ། །འདིར་རྩྭ་ནི་བི་ར་ན་ཞེས་བྱ་བའི་རྩྭའི་རིགས་ཡོད་དེ། གང་གི་རྩ་བ་ ཨུ་ཤི་ར་ཡིན་པའོ། །དཔེར་ན་བི་ར་ན་ཞེས་བྱ་བའི་རྩྭ་ལ་ཇི་ལྟར་ཆར་བབ་ཅིང་བརླན་པ་དེ་ལྟ་དེ་ལྟར་འཕེལ་བར་འགྱུར་རོ། །དེ་བཞིན་དུ་ཇི་ལྟ་ཇི་ལྟར་རང་གི་སེམས་ཀྱི་རྒྱུད་ལ་བརྟེན་པའི་མྱ་ངན་གྱི་ས་བོན་སྲེད་པ་འཕེལ་བར་འགྱུར་བ་དེ་ལྟ་དེ་ལྟར་མྱ་ངན་འཕེལ་བར་འགྱུར་རོ། །སྲེད་པའི་ སྐྱོན་བསྟན་པས་དེ་སྤང་བ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །དཀར་པོའི་ཕྱོགས་ཀྱི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། གང་ཞིག་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གིས་ཡང་ཡང་སྲེད་པ་འདིས་འཁོལ་བ་དེ་ཟིལ་གྱིས་མནན་པ་དང་སྤངས་པ་སྟེ། བུད་མེད་ཅེས་བྱ་བ་ལ་སོགས་པའི་རྣམ་པའི་དོན་ ཏོ། །དེ་ཡི་མྱ་ངན་ལྡོག་འགྱུར་ཏེ། །ཞེས་བྱ་བ་ནི་སྲིད་པ་སྤངས་པའི་གང་ཟག་དེའི་སྟེ་སེམས་ཀྱི་གདུང་བ་ཐམས་ཅད་སེལ་བ་ཡིན་ནོ། །གང་ལ་ཇི་ལྟ་བུ་ཞེ་ན། སྨྲས་པ། པད་མ་ལ་ནི་ཆུ་ཡི་ཐིགས་པ་བཞིན། །ཞེས་བྱ་བ་སྟེ། པད་མ་ཞེས་བྱ་བ་ནི་པུ་ཀ་ར་སྟེ། ཇི་ལྟར་པད་མའི་འདབ་མ་ལ་ཆུའི་ཐིགས་པ་བྱུང་བ་ནི་ལྡོག་ཅིང་དེ་དེའི་ནང་དུ་ འཇུག་པར་མི་འགྱུར་རོ། །དེ་བཞིན་དུ་འདོད་པའི་སྲེད་པ་སྤངས་པ་ཡང་སྡུག་པ་རྣམ་པར་འགྱུར་བ་ལས་གྱུར་པའི་མྱ་ངན་སེམས་ལ་འཇུག་པར་མི་འགྱུར་རོ། །འདོད་པའི་སེམས་སྤངས་པའི་ཕན་ཡོན་བསྟན་པའི་ཕྱིར་འདི་གསུངས་སོ། །གང་གི་ཕྱིར་སྲེད་པ་འཕེལ་བ་ལས་ནི་ཕུང་ཁྲོལ་འབྱུང་བ་ཡིན་པས་དེ་སྤང་ བའི་ཕན་ཡོན་བསྟན་པའི་ཕྱིར་འདི་ལྟ་སྟེ། དེ་ཕྱིར་ཇི་སྙེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བཅོམ་ལྡན་འདས་ཀྱིས་སྣོད་དུ་གྱུར་པ་ལ་བསྟན་པ་དང་། ཕྱོགས་སུ་མ་ལྷུང་བས་བསྟན་པ་དང་། ཡང་དག་པར་བསྒྲུབ་པ་བསྟན་པ་དང་། ཡང་དག་པར་བསྒྲུབ་པའི་ཕན་ཡོན་བསྟན་པ་ཡིན་ཏེ། དེའི་ཕྱིར་ཁྱེད་ལ་ ཞེས་བྱ་བ་ལ་སོགས་པས་ནི་སྣོད་དུ་གྱུར་པ་བསྟན་ཏོ། །དེའི་ཕྱིར་ཇི་སྙེད་ཅེས་བྱ་བ་ལ་སོགས་པས་དེའི་ཕྱིར་ཕན་པའི་བསམ་པས་བསྟན་པའོ། །ཨུ་ཤིར་ཕྱིར་ནི་ཞེས་པ་དང་། སྲེད་པ་རྩར་བཅས་ཞེས་བྱ་བ་ལ་སོགས་པས་ནི་ཡང་དག་པར་བསྒྲུབ་པ་བསྟན་ཏོ། །སྲེད་པ་དྲུངས་ནས་ཕྱུང་ཤིག་དང་། ། ཞེས་བྱ་བ་ལ་སོགས་པས་དེའི་ཕན་ཡོན་བསྟན་ཏོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་དེ་བས་ན་སྟེ། གང་གི་ཕྱིར་སྲེད་པ་ལ་ནི་རྗེས་སུ་འཇུག་པ་ནི་མ་དག་པ་ཡིན་པར་སྣང་ལ། དེ་སྤངས་པ་ནི་ཕན་ཡོན་ཡོད་པ་ཉིད་དེ། དེའི་ཕྱིར་ཁྱོད་ཀྱིས་དེ་སྤངས་པ་ལ་འབད་པར་གྱིས་ཤིག་པའོ། །བརྒྱ་ལ་དེ་ལ་ བདག་ཅག་སྐལ་བ་དང་མི་ལྡན་པ་ཡིན་ནོ་ཞེ་ན། སྨྲས་པ། ཁྱོད་ལ་ཞེས་བྱ་བ་སྨོས་ཏེ། ཁྱེད་ཅག་ལ་ཞེས་བྱ་བའི་དོན་ཏོ། །སྨྲ་ཡིས་ཞེས་བྱ་བ་ནི་བཤད་དོ་ཞེས་བྱ་བའོ། །ཅི་ཞེ་ན་སྨྲས་པ། ཁྱེད་བདེ་ཤོག་ཅེས་བྱ་བ་སྨོས་ཏེ། ཁྱེད་ཅག་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་པའོ། །འདི་སྐད་སྟོན་པ་ ཡིན་ཏེ། ཁྱེད་ཅག་སྣོད་དུ་གྱུར་པ་ཡིན་པས་དེས་ན་ངས་ཁྱེད་ལ་སྨྲ་བར་བྱ་སྟེ། འདི་ནི་བདེ་བ་ཡིན་ཏེ་ཚེ་དང་ལྡན་པ་ཁྱེད་ཅག་ཉེ་བར་གནས་པ་སྟེ། འདི་ལྟ་སྟེ་སྟོན་པ་ཡང་མངོན་སུམ་དུ་གྱུར་ལ་ཁྱེད་ཅག་ཀྱང་སྲེད་པ་གཉེན་པོས་སྤོང་ནུས་པ་ཡིན་པས་སོ། །དེ་ལྟ་བུ་གང་ཡིན་ཞེ་ན། སྨྲས་པ། ཇི་སྙེད་བྱ་བ་ནི་ ཚད་ཇི་ཙམ་པ་སྟེ། ཚེ་དང་ལྡན་པ་གང་ཁྱེད་ཅག་ཉིད་དོ། །འདིར་ལྷགས་པ་ཞེས་བྱ་བ་ནི་ཁྱེད་ཅག་ཉེ་བར་གནས་ཤིང་གན་དུ་ཕྱིན་པ་སྟེ། ཁྱེད་ཅག་ཐམས་ཅད་དོ། །གང་ཡིན་ཞེ་ན། སྨྲས་པ། སྲེད་པ་སྟེ་འཁོར་བ་ལ་འདོད་ཆགས་པའམ། འདོད་པའི་འདོད་ཆགས་སོ། །རྩར་བཅས་ཞེས་བྱ་བ་ནི་རྒྱུ་དང་ བཅས་པ་སྟེ། མ་རིག་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྲེད་པའི་རྩ་བ་ནི་མ་རིག་པའོ། །གཞན་དག་ན་རེ་ཚོར་བ་ཡིན་ཏེ་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བའི་མདོའི་ཚིག་གིས་སོ། །རྩ་བ་དང་ལྷན་ཅིག་པ་ཡིན་པས་རྩར་བཅས་སོ། །བི་ར་ནའི་རྩ་བ་ནི་ཨུ་ཤི་ར་སྟེ་དེ་ལས་སྐྱེས་པའི་རྩྭའི་ རིགས་སོ། །ཨུ་ཤི་ར་དོན་དུ་གཉེར་བ་ནི་ཨུ་ཤི་རའི་ཕྱིར་ཏེ། དེ་དགོས་པ་ཡོད་པའི་ཕྱིར་རོ། །གང་ཨུ་ཤི་ར་འདོད་པ་དེ་ནི་རྩྭ་བི་ར་ན་རྩ་བ་དང་བཅས་པ་གཞོར་ལ་སོགས་པས་དྲུངས་ནས་འབྱིན་པ་དེ་བཞིན་དུ་མ་རིག་པ་དང་བཅས་པར་སྲེད་པ་དྲུངས་ནས་ཕྱུང་ན་ཉ་སེར་སྐྱ་བཞིན་དུ་ཉམས་པ་ཐོབ་པར་མི་འགྱུར་རོ། ། དེ་བཞིན་དུ་ཡང་དག་པར་བསྒྲུབ་པའི་ཕན་ཡོན་སྨྲས་པ། སྲེད་པ་དྲུངས་ནས་ཕྱུང་ཤིག་དང་། །ཞེས་བྱ་བ་སྨོས་ཏེ། ཕྱུང་ཤིག་ཅེས་བྱ་བ་ནི་བཏོན་པའོ། །འདི་རྩ་བ་ནས་བཏོན་པ་གང་ཡིན་པ་དེ་ནི་རྩ་བ་ནས་ཕྱུང་བའོ། །དེ་ལྟར་རྩ་བ་ནས་བྱུང་བར་གྱུར་ན་མྱ་ངན་མེད་ཅིང་ཞེས་བྱ་བ་ཡིན་ཏེ། དེ་ལྟར་བྱུང་བའི་དུས་ན་ ཡང་ཡིད་གདུང་བ་མེད་ཅིང་སྡུག་བསྔལ་བ་མེད་དོ། །འཇིགས་པ་མེད་ཅེས་བྱ་བས་ནི་མ་འོངས་པའི་དུས་སྡུག་བསྔལ་ཡང་མེད་པ་ཉིད་དོ། །གང་གི་ཕྱིར་སྲེད་པ་དང་བཅས་པ་རྣམས་ལ་ནི་ད་ལྟར་བྱུང་བའི་སྡུག་བསྔལ་དང་མྱ་ངན་ཡོད་པ་ཡིན་ལ་མ་འོངས་པ་ན་སྡུག་བསྔལ་བ་སྟེ་འཇིགས་པ་ཡོད་དོ། །གཞན་དག་ ནི་གདུལ་བྱ་ཉེ་བར་གནས་པ་དག་ལ་ཚིག་རྐང་དྲུག་གིས་ཡང་དག་པར་ལེན་པ་དག་སྟེ། རྒན་པོ་དང་བར་མ་དང་གསར་བུ་རྣམས་ལ་ཚིག་རྐང་སྔ་མ་གཉིས་ཀྱིས་ནི་ཡང་དག་པར་གཟེངས་བསྟོད་ཅིང་ཡང་དག་པར་འཇུག་པ་དག་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །ཚིག་རྐང་ཕྱི་མ་གཉིས་ཀྱིས་ནི་ ཡང་དག་པར་བསྒྲུབ་པ་དག་ལ་ཕྱིན་ཅི་མ་ལོག་པར་འཛིན་དུ་གཞུག་པའི་ཕྱིར་རོ། །ཚིག་རྐང་གསུམ་པ་གཉིས་ཀྱིས་ནི་ཡང་དག་པར་བསྒྲུབས་པའི་ཕན་ཡོན་བསྟན་པ་ནི་བསྡུས་པའི་དོན་ཡིན་ནོ་ཞེས་ཟེར་རོ། །འདི་ནི་སྲེད་པ་སྤང་བ་ལ་གཟུད་པའི་ཕྱིར་གསུངས་སོ། །ཡང་སྲེད་པ་སྐྱེ་བ་ཉིད་ནི་སྐྱོན་མ་ལུས་པའི་དྲ་བ་ ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྐྱེས་བུ་སྲེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་གླེང་གཞི་ནི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་སྲེད་པའི་ཀུན་དུ་སྦྱོར་བ་དང་གང་ཞིག་མི་ལྡན་པར་སེམས་ཅན་རྣམས་ཡུན་རིང་པོའི་དུས་སུ་འཁྱམ་ཞིང་འགྲོ་བར་འགྱུར་བ་ནི་ངས་གཅིག་ཀྱང་མ་མཐོང་ངོ་ཞེས་བྱ་བ་ལ་ སོགས་པ་གསུངས་ནས། ཚིགས་བཅད་གཉིས་གསུངས་སོ། །ཁ་ཅིག་ནི་དགེ་སློང་དག་འཇིག་རྟེན་ནི་སྲེད་པས་འཁོལ་ཅིང་ཐུག་པ་མེད་པར་འགྲོ་སྟེ། དེ་ལྷར་སྐྱེས་ནས་མིར་འགྱུར་རོ། །མིར་སྐྱེས་ནས་ཇི་སྲིད་དུ་དམྱལ་བའི་བར་དུ་འགྱུར་ཏེ། དེ་ལྟ་བས་ན་སྲེད་པ་ཡོངས་སུ་སྤོངས་ཤིག་དང་། དེ་ཉིད་ཀྱིས་ ཁྱོད་ཀྱི་སྡུག་བསྔལ་ཟད་པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ནི་ལོ་དྲུག་ཅུའི་བར་དུ་མངལ་དུ་གནས་ཏེ། སྐྲ་དཀར་དང་གཉེར་མ་བྱུང་ཞིང་ཐིག་ལེ་ནག་པོས་ལུས་ཉམས་པར་བྱས་པའི་རྒན་པོ་ཞིག་གི་དབང་དུ་བྱས་ནས་གསུངས་ཞེས་ཟེར་རོ། །དེ་གཉིས་ལས་རེ་ཞིག་དང་པོ་བཤད་པར་བྱ་སྟེ། སྐྱེས་ བུ་སྲེད་པ་དང་འགྲོགས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་བསྡུས་པའི་དོན་ནི་སྲེད་པ་དང་འགྲོགས་པ་དང་ཉེ་བར་ལེན་པ་གཉིས་ཀྱིས་ནི་ཀུན་འབྱུང་གི་བདེན་པ་བསྟན་ཏོ། །ཡང་དང་ཡང་དུ་མངལ་དུ་འཇུག །ཅེས་བྱ་བས་ནི་སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །སྲེད་པའི་གཉིས་པ་གང་བའི་སྐྱེས་བུ་ དེ་ནི་སྲེད་པའི་གཉིས་པ་སྟེ། སྲེད་པའི་གྲོགས་ཞེས་བྱ་བའི་དོན་ཏོ། །སྲེད་པའི་རྗེས་སུ་འགྲོ་བའི་ཕྱིར་དང་། སེམས་ཅན་གྱི་རྒྱུད་དེའི་རྗེས་སུ་འགྲོ་བའི་ཕྱིར་རོ། །སྐྱེས་བུ་ཞེས་བྱ་བ་ནི་རྩུབ་པ་ལ་སོགས་པའི་ལས་ཀྱིས་གང་བ་ཡིན་ནོ་ཞེས་བྱ་བ་ནི་ངེས་པའི་ཚིག་སྟེ། སོ་སོའི་སྐྱེ་བོ་ཞེས་བྱ་བའི་དོན་ཏོ། །ཡུན་ རིང་ཞེས་བྱ་བ་ནི་ཐོག་མ་མེད་པ་སྟེ། ཇི་སྐད་དུ་བཤད་པ། དགེ་སློང་དག་སྐྱེ་བའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དུས་ཞེས་བྱ་བ་ནི་འཁོར་བ་དག་ཏུ་ཟད་པ་སྟེ། མི་རྟག་པས་ཉམས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །འཁྱམ་འགྱུར་བས་ཞེས་བྱ་བ་ནི་འཁོར་བ་སྟེ། འགྲོ་ བའི་འགྲོ་བ་དག་ཏུ་ལས་ཇི་ལྟ་བ་བཞིན་དུ་འགྲོ་བའོ། །ཅི་ཞིག་བྱེད་པར་འགྱུར་ཞེ་ན། སྨྲས་པ། ཡང་དང་ཡང་དུ་ཉེར་ལེན་ཅིང་། །ཞེས་བྱ་བ་སྨོས་ཏེ། རྟག་ཏུ་ཉེ་བར་ལེན་པ་རྣམ་པ་བཞི་ཉེ་བར་ལེན་ཏེ། འདོད་པའི་འདོད་ཆགས་ལ་སོགས་པ་འདུས་པས་ཉེ་བར་ལེན་པའི་རྐྱེན་ནི་ལས་ཡིན་ནོ་ཞེས་བྱ་བའི་ཚིག་གིས་ སོ། །ལས་མེད་པ་ནི་ཉེ་བར་ལེན་པ་མི་འབྱུང་སྟེ། ལས་ཀྱི་དབང་གིས་ཡང་མངལ་དུ། །ཞེས་བྱ་བ་སྨོས་ཏེ། མངལ་གྱི་གནས་སུ་མི་གཙང་བའི་ནང་དུ་དམྱལ་བ་དང་འདྲ་བར་ལས་ཀྱི་དབང་གིས་འཇུག་པ་ཡིན་ནོ། །དེ་ལྟར་ཉེ་བར་འགྲོ་ཞིང་མངལ་གྱི་གནས་སུ་ཉེ་བར་སོང་ནས་ཡང་ཅི་ཞིག་བྱེད་པ་ཡིན་ཞེ་ན། སྨྲས་པ། གནས་སྐབས་འགྱུར་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གནས་སྐབས་འགྱུར་བས་མངལ་ནས་བྱུང་སྟེ། དེའི་དུས་ཕྱི་ཞིག་ན་རིམ་གྱིས་བདག་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་གནས་སྐབས་དག་སྟོན་པ་ཡིན་ཏེ། འདི་ལྟ་བུའི་རྣམ་པའི་དངོས་པོ་ཡིན་པས་གནས་སྐབས་འགྱུར་ བའོ། །དེ་ལས་གཞན་དུ་འགྱུར་བ་ནི། སྔ་མ་ལས་མི་འདྲ་བར་གྱུར་པ་སྟེ། འདིས་ནི་ལུས་ཡང་དང་ཡང་ནད་དང་རྒ་བ་དང་། འཆི་བས་བྱས་པའི་རྣམ་པར་འགྱུར་བ་ཉིད་སྟོན་ཏོ། །སེམས་ཅན་འོང་དང་ཞེས་བྱ་བ་ནི་སྲིད་པ་ལས་སེམས་ཅན་འོང་བའམ། དེའི་རྗེས་སུ་འོང་བ་སྟེ་འཇིག་རྟེན་ཕ་རོལ་ ལས་འདིར་འོང་ཞིང་མི་མཐོང་བའོ། །འགྲོ་བར་བྱེད་ཅེས་པ་ནི་འཇིག་རྟེན་འདི་ལས་ཡང་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་བྱེད་པ་སྟེ། འདིས་ནི་སྲེད་པའི་སྐྱོན་བསྟན་ཏོ། །དེ་ལ་འདིར་ཡང་སྐྱོན་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རྒྱུར་གྱུར་པའི་ཕྱིར་དང་། སྡུག་ བསྔལ་གྱི་ཀུན་ནས་ཉོན་མོངས་པའི་རྒྱུར་གྱུར་པའི་ཕྱིར་ཏེ། དེའི་ཕྱིར་ཡང་དང་ཡང་ཉེ་བར་ལེན་པ་དང་མངལ་ལ་སོགས་པས་གོ་རིམས་བཞིན་དུ་བསྟན་ཏོ། །སྡུག་བསྔལ་ཡང་འདིར་རྣམ་པ་གསུམ་དུ་བཤད་དོ། །དེ་ཡང་མངལ་གྱི་གནས་ཀྱི་སྡུག་བསྔལ་དང་། སྐྱེས་ནས་འདོད་པ་དང་མི་འདོད་པའི་གནས་ སྐབས་གཞན་དུ་འགྱུར་བའི་སྡུག་བསྔལ་དང་། འགྲོ་བ་དག་ཏུ་འཕོ་བའི་སྡུག་བསྔལ་ལོ། །དེ་བས་ན་འདི་དག་ཐམས་ཅད་ནི་སྲེད་པ་ལ་གནས་པ་ཡིན་ནོ་ཞེས་ཤེས་པར་བྱས་ནས་དེ་སྤང་བར་བྱ་བའི་ཕྱིར་འབད་པར་བྱའོ་ཞེས་བསྟན་པའི་ཆེད་དུ་འདི་གསུངས་སོ། །སྲེད་པ་སྤངས་པའི་ ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། འདིར་ནི་སྤང་དཀའི་སྲེད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སྲེད་པ་ནི་གཏན་དུ་སྤང་བར་དཀའ་བ་ཉིད་དང་། དེའི་ཕན་ཡོན་ཡང་འདིར་བསྟན་པ་ཡིན་ནོ། །སྲེད་པ་དེ་སྤོངས་ལ་ཞེས་བྱ་བ་ནི་གང་སྔར་བསྟན་པ་སྟེ། རང་དང་རྗེས་སུ་མཐུན་པའི་གཉེན་པོས་ཞེས་བྱ་བ་ནི་ ཚིག་གི་ལྷག་མའོ། །དང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། །གང་སྲེད་པ་དང་འགྲོགས་པ་ནི་འཁོར་བ་ཡིན་གྱི་གང་དེ་སྤངས་པ་དང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ནི་ཞེས་བྱ་བ་ནི་བསྟན་པ་འདི་ལའོ། །ཡང་ན་འཇིག་རྟེན་གྱི་ཡིད་དུ་འོང་བའི་ཡུལ་ལའོ། །ཅི་ཞིག་བྱས་ནས་སྲེད་པ་སྤང་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྒྱུན་ཆོད་ཅིག་དང་ཞེས་བྱ་བ་སྨོས་ཏེ་རྩ་བ་ནས་རབ་ཏུ་ཕྱུང་ཤིག་པའོ། །གང་གི་ཕྱིར་ཕྱི་རོལ་པ་རྣམས་ཀྱི་ནི་དེ་སྤངས་པ་དེ་ཡང་རྩ་བའི་རྒྱུན་ལས་གཅོད་པར་མི་ནུས་པ་ཡིན་ཏེ། སྲེད་པ་ལ་གནས་པས་སྤང་བར་མི་ནུས་པའི་ཕྱིར་རོ། །དཔེར་ན་ལ་ལ་ཞིག་གིས་དུག་ཤིང་བཅད་པར་གྱུར་ན་ཡང་དེའི་རྩ་བ་དྲུངས་ ནས་མ་ཕྱུང་བར་ནི་དེ་ཡང་དབྱར་གྱི་དུས་སུ་སྐྱེ་བར་འགྱུར་བ་དེ་བཞིན་ནོ། །སྤང་དཀའ་ཞེས་བྱ་བ་ནི་བསལ་བར་དཀའ་བ་སྟེ། སྲིད་པའི་རྩེ་མོའི་ཉོན་མོངས་པ་ཐམས་ཅད་ཀྱི་བྱ་བ་ནི་འཕགས་པའི་ལམ་ཉིད་ཀྱིས་སྤང་བ་ཡིན་ཏེ། དེ་ཡང་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་རོ། །ཡང་ན་རྒྱུན་ནི་ས་བོན་ཏེ་སྐལ་ བ་མཉམ་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་སྲེད་པ་དེས་ཡང་སོ་སོར་བརྟག་པའི་འགོག་པས་དེའི་ས་བོན་རྩ་བ་ནས་མ་སྤངས་པ་དེའི་ཚེ་ནི་ཡང་སྐྱེ་བར་འགྱུར་རོ། །དེ་ནི་ཡང་དུ་འཁོར་མི་འགྱུར། །ཞེས་བྱ་བ་ནི་སྲེད་པའི་ས་བོན་བཅད་པའི་འཕགས་པའི་ཉན་ཐོས་དེ་ནི་ཡང་འཁོར་བར་མི་འཁོར་རོ་ ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ཕྱི་རོལ་པ་དེ་དག་གིས་ནི་ས་བོན་མ་བཅད་པའི་ཕྱིར་འཁོར་བར་འགྱུར་ལ། འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་བསྟན་པ། ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ལ་སྲེད་པ་མེད་འགྱུར་ཞིང་། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེ་ཉིད་ལ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྲེད་པ་མེད་ལ་ཕྱི་རོལ་པ་རྣམས་ ལ་ནི་ལྷག་མ་དང་བཅས་པའི་ཕྱིར་དེ་ནི་ཡང་སྐྱེ་བ་ཡིན་ཏེ། བྱི་བའི་དུག་རྣམ་པར་གྱུར་པ་བཞིན་ནོ། །སྲེད་པ་ཐམས་ཅད་སྤོང་བར་རབ་ཏུ་ཞུགས་པའི་ཕྱིར་འདི་གསུངས་སོ། །སྲེད་པ་གཏན་དུ་མ་སྤངས་པའི་ཉེས་དམིགས་སྨྲས་པ། དལ་འབྱོར་ཆུད་ནི་མི་གསན་པར། །ཞེས་བྱ་བ་ལ་སོགས་པའི་ཚིགས་ བཅད་ཕྱེད་དང་གཉིས་སྨོས་སོ། །ཐམས་ཅད་ལ་ཕྱིན་ཅི་མ་ལོག་པའི་རྗེས་སུ་བསྟན་པ་སྦྱིན་པར་ནི་དགེ་སློང་མཽད་གལ་གྱི་བུ་ཆེན་པོས་ཀྱང་མི་ནུས་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། རེ་བ་ཏ་ཀ་ཞེས་བྱ་བ་དེའི་ཉེ་གནས་ལ་ཇི་ལྟར་ཡང་དེའི་འདོད་པའི་འདོད་ཆགས་ཀྱི་རྒྱུ་ཞེས་བྱ་བ་ལ་སོགས་པས་བསྟན་ནས་ འདི་གསུངས་སོ། །འདིའི་བསྡུས་པའི་དོན་ནི་གང་བཅིངས་པ་དང་། གང་གིས་དང་དེ་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དང་དེ་སྒྲུབ་པའི་དུས་ཀྱང་མི་རྟག་པ་ཉིད་ཀྱིས་དེའི་དུས་འདས་པ་ཉིད་ན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དྲག་པོ་དང་ལྡན་པ་ཉིད་དུ་བསྟན་ཏོ། །གང་གིས་ཞེས་བྱ་བ་ནི་ཡུལ་ལ་སྲེད་པ་དང་ལུས་ལ་སྲེད་ པ་ཞེས་བྱ་བའི་དོན་ཏོ། །ལྷ་ཞེས་བྱ་བ་ནི་རྒྱལ་ཆེན་རིས་བཞི་ལ་སོགས་པའོ། །མི་ནི་འཛམ་བུ་གླིང་པ་ལ་སོགས་པའོ། །དུད་འགྲོ་ནི་ངན་འགྲོ་རྣམས་ཀྱང་ངོ་། །བཅིངས་ནས་འཇོག་བྱེད་པ་ཞེས་བྱ་བ་ནི་ཆགས་ནས་གནས་པར་བྱེད་པའོ། །ནས་ཞེས་བྱ་བ་ནི་ཚིག་གི་ཁ་སྐོང་བའམ་ཡང་ན་འབྱེད་པ་ཡིན་ནོ། །གང་གིས་ འཆིང་བ་ནི་གཞན་ཡང་འཆིང་བ་ཡིན་མོད་ཀྱི། སྲིད་པ་གཙོར་བསྟན་པ་སྟེ། བཅིངས་པ་དེ་ཉིད་དོ། །དོན་གཉེར་ཞེས་བྱ་བ་ནི་འདོད་པའི་ཕུན་སུམ་ཚོགས་པ་དོན་དུ་གཉེར་བར་བྱེད་པ་ཡིན་ཏེ། དེ་ལ་ལྷ་རྣམས་ནི་འདོད་པས་ཡོངས་སུ་ཚོལ་བར་བྱ་བ་མེད་དེ། འོན་ཀྱང་འདོད་པ་དག་རབ་ཏུ་ཐོབ་པ་ལ་ཤིན་ཏུ་ཆགས་པའི་ སེམས་ཀྱིས་གནས་པ་ཡིན་ཏེ། དེ་ནས་བཅིངས་ནས་འཇོག་པ་ཡིན་ནོ། །མི་རྣམས་ནི་འདོད་པ་ཡོངས་སུ་ཚོལ་བས་རྟག་ཏུ་དོན་དུ་གཉེར་བར་བྱེད་པ་ཡིན་ནོ། །ཡང་ན་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ནི་སྙོམས་པར་འཇུག་པ་ལ་ཆགས་པས་བཅིངས་ནས་འཇོག་པར་བྱེད་པ་དེ་ ཉིད་དོ། །འདོད་པ་ན་སྤྱོད་པའི་ལྷ་དང་མི་རྣམས་ནི་ད་ལྟར་བྱུང་བའི་འདོད་པ་དག་ལ་འདོད་ཅིང་ཆགས་ལ་མ་འོངས་པ་དག་ལ་དོན་དུ་གཉེར་བའི་སྒྲར་བརྗོད་དོ། །དོན་དུ་གཉེར་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་དོན་དུ་གཉེར་བའོ། །ཡུལ་ལ་སྲེད་པ་ཞེས་བྱ་བ་ནི་ཡུལ་རྣམ་པ་སྣ་ཚོགས་ལ་ཀུན་དུ་ ཆགས་པ་དེ་ནི་ཡུལ་ལ་སྲེད་པ་སྟེ། འདིས་ནི་སྲེད་པའི་རང་གི་ངོ་བོ་བསྟན་ཏོ། །དེ་ལས་རྒོལ་ཞེས་བྱ་བ་ནི་སྲེད་པ་སྤོངས་ཤིག་པ་དང་། འདའ་བར་གྱིས་ཤིག་པའོ། །འདིར་བག་མེད་པར་མ་བྱེད་ཅིག་པ་སྟེ། དལ་བ་ལས་འདས་པར་མ་བྱེད་ཅིག་པའོ། །བྱ་བ་མ་ཡིན་པ་མི་བྱ་བ་ཉིད་བསྟན་པའི་ ཕྱིར་སྨྲས་པ། དལ་འབྱོར་ཆུད་ནི་མི་གསན་པར། །ཞེས་བྱ་བ་སྨོས་ཏེ། མི་ནི་མི་ཁོམ་པ་བརྒྱད་སྤངས་པའི་དལ་བ་སྟེ། དེ་ཁྱེད་ཀྱིས་ཆུང་མ་གསན་ཅིག་པ་ནི་ཐོབ་ནས་འདས་པ་དང་དོན་མེད་པས་འདའ་བར་མ་བྱེད་ཅིག་པའི་དོན་ཏོ། །ཅིའི་ཕྱིར་དེ་ལྟར་སྦྱར་བ་ཡིན་ཞེ་ན། སྨྲས་པ། དལ་འབྱོར་ཐལ་བས་ཞེས་བྱ་བ་ སྨོས་ཏེ། དལ་བ་ནི་ཇི་སྐད་དུ་བསྟན་པ་ཉིད་དོ། །ཐལ་བ་ནི་དལ་བ་ལས་འདས་པ་སྟེ་དལ་བ་ཉམས་པའོ། །བས་ཞེས་བྱ་བ་ནི་རྒྱུ་བསྟན་པའི་དོན་ཏེ། གང་གི་ཕྱིར་འདི་ལྟར་དལ་འབྱོར་ལ་གནས་ནས་བག་མེད་པས་སྲེད་པའི་དབང་དུ་ཅི་དགར་སྤྱོད་པ་དེ་ནི་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་བ་ཡིན་ཏེ། བག་མེད་པ་དང་སྲེད་ པ་དེ་གཉིས་ཀྱིས་འབྲས་བུ་མངོན་སུམ་དུ་གྱུར་ན་ནི་འགྱོད་པར་འགྱུར་ཏེ། སྲིད་པའི་དབང་གིས་སྔོན་བག་མེད་པ་བྱས་པ་ནི་བདག་གིས་ལེགས་པར་མ་བྱས་སོ་ཞེས་སོ། །གང་གི་ཕྱིར་སྔོན་བདག་གིས་བྱས་པ་མ་དྲན་པར་གྱུར་པ་དེའི་ཚེ་ན་ཡང་སྡུག་བསྔལ་གྱི་ཚོར་བའི་རེག་པ་དྲག་པོས་མྱ་ངན་དང་སྨྲེ་སྔགས་ འདོན་པར་འགྱུར་ཏེ། ཀྱི་ཧུད་བདག་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ལ་སོགས་པའོ། །ལྷ་དང་མི་རྣམས་ཀྱི་འཆིང་བ་དོན་དུ་གཉེར་བ་ཉིད་བསྟན་ནས། ངན་སོང་པ་རྣམས་ཀྱི་ཡང་དེ་ལ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་རྣམ་པར་སྨིན་པའི་སྒྲིབ་པས་བཅིངས་པ་ཡིན་ཏེ། དེས་ན་ཐར་པ་ཐོབ་པར་མི་འགྱུར་རོ། །ལྷ་དང་ མི་རྣམས་ཀྱི་ཡང་སྲེད་པའི་སྒྲིབ་པ་ཉིད་ཡིན་ཏེ། དེས་ན་ནུས་སུ་ཟིན་ཀྱང་གཟུང་བ་ནི་སྐྱོན་དང་བཅས་པ་ཡིན་པས་སྲེད་པ་སྤང་བ་ལ་གཟུད་པའི་ཕྱིར་བསྟན་ཏོ། །སྲེད་པ་ལས་འདའ་བར་མ་བྱས་ན་སྡུག་བསྔལ་ཐམས་ཅད་འབྱུང་བ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གང་ཕྱིར་སྲེད་པའི་མཚོ་ཞེས་བྱ་བ་ལ་སོགས་པ་སྨོས་ སོ། །ཡང་ན་ཅིའི་སྲེད་པ་ཉིད་ཀྱིས་འགྱོད་པར་འགྱུར་ཞེ་ན། སྨྲས་པ། གང་ཕྱིར་སྲེད་མཚོ་ཞེས་བྱ་བ་ལ་སོགས་པའོ། །སྲེད་པ་ནི་གསུམ་སྟེ། འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པའོ་ཞེས་མདོ་ལས་གསུངས་པ་ཡིན་པས་འདི་གསུངས་སོ། །སྲེད་པ་མ་སྤངས་པ་ལ་ ནི་རྒྱུན་མི་འཆད་པར་སྡུག་བསྔལ་གྱི་འཁོར་ལོ་འཁོར་བ་ཡིན་ནོ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ཏོ། །སྲེད་པ་ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བའོ། །གང་ཕྱིར་ཞེས་བྱ་བ་ནི་དེ་ཉིད་ཀྱི་དོན་ཏེ། སྲེད་པ་ཁོ་ན་ཞེས་བྱ་བའོ། །གང་གི་ཕྱིར་དེ་ཉིད་ནི་གཙོ་བོའི་རྒྱུ་ཉིད་དུ་བསྒྲུབ་པ་སྟེ། འདི་ལྟར་ཡང་སྡུག་ བསྔལ་གྱི་རྒྱུ་ཉིད་ཡིན་ཏེ། མ་བཏུལ་ན་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། །རྒྱུར་གྱུར་པ་ཞེས་བྱ་བ་ནི་བྱེ་བྲག་མེད་པས་འཁོར་བ་འགྲུབ་པའི་རྒྱུར་གྱུར་པ་ཡིན་ཏེ། ཀུན་འབྱུང་གི་བདེན་པ་གང་ཞེ་ན། སྲེད་པའོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །འདིར་མཚོ་ཞེས་བྱ་བ་ནི་ཆུ་བོ་སྟེ། དེ་དང་ཆོས་མཐུན་པ་ཡིན་པས་སྲེད་པའི་ མཚོ་དེ་བརླན་པའི་བདག་ཉིད་དང་། འཕོ་ཞིང་རྒྱུན་ལས་འབབ་པའི་བདག་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་ཆུ་བོ་ཡང་རྒྱུན་ལས་འབབ་ཅིང་གཤེར་བ་ཡིན་ཏེ་དེ་བཞིན་དུ་སྲེད་པའོ། །ཡུལ་ལ་སྲེད་པ་ཞེས་བྱ་བ་ནི་ཡུལ་རྣམ་པ་སྣ་ཚོགས་ལ་ཀུན་དུ་ཆགས་ཤིང་ལྷག་པར་ཞེན་པའི་ཕྱིར་རོ། །འབྲས་ཀྱི་གཞི་ཞེས་བྱ་བ་ནི་རྣག་མང་ པོ་ལ་སོགས་པས་ཁེངས་པའི་འབྲུམ་བུའི་མཚན་མ་ལས། མི་གཙང་ཞིང་སྡུག་བསྔལ་གྱི་གཞིའི་ལུས་ལ་འཇུག་པའི་ཕྱིར་རོ། །ཁེབས་བྱེད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སྣ་ཚོགས་པ་འབྱུང་བས་སྲིད་པ་གསུམ་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །དྲ་བ་ཞེས་བྱ་བ་ནི་ཤིན་ཏུ་སྡུག་པའི་དྲ་བ་གང་ལ་ཡོད་པ་དེ་ནི་དྲ་ བ་སྟེ། ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་དྲ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །འཁྲི་ཤིང་ཞེས་བྱ་བ་ནི་ནགས་ཀྱི་འཁྲི་ཤིང་དང་འདྲ་བ་སྟེ་གཡོ་བའི་ཕྱིར་དང་། མ་འོངས་པའི་ཕུན་སུམ་ཚོགས་པ་རིང་བ་ལ་བསམ་པ་རྗེས་སུ་འཇུག་པའི་ཕྱིར་རོ། །གདུང་བར་བྱེད་པ་ཞེས་བྱ་བ་ནི་འདོད་པའི་ཡུལ་གྱི་ལོངས་སྤྱོད་ཐོབ་པ་ རྣམས་ཀྱིས་ངོམས་པ་མེད་པའི་ཕྱིར་རོ། །མ་བཏུལ་ན་ཞེས་བྱ་བ་ནི་མ་སྤངས་པ་ཞེས་མ་དོར་ནའོ། །རྣམ་པ་ཀུན་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དང་རྣམ་པའི་ས་དེ་དང་། ཡང་ན་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའོ། །དེ་ལྟར་ན་རྣམ་པ་ཀུན་དུ་ཞེས་བྱ་བ་འདིས་ནི་རྣམ་པ་ཐམས་ཅད་དུ་སྤངས་པ་ཞེས་བྱ་བའི་དོན་ཏོ། ། ལྡོག་མི་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་སྲེད་པས་བྱས་པའི་སྡུག་བསྔལ་བསྟན་ཏེ། ལྡོག་པར་མི་འགྱུར་བ་ནི་སྐྱེ་བ་དང་རབ་ཏུ་འབྱུང་བའོ། །སྡུག་བསྔལ་ནི་ནང་གི་སྐྱེ་བ་ལ་སོགས་པའོ། །འདི་ནི་ཞེས་བྱ་བ་ནི་མངོན་སུམ་དུ་ཉེ་བར་བླངས་པའམ་འཁོར་བའོ། །ཡང་དང་ཡང་ཞེས་བྱ་བ་ནི་མ་བཅད་ན་ཡང་དང་ ཡང་དུ་སྟེ། འཇིག་རྟེན་གྱི་གཞི་ཉམས་ན་ཡང་སྡུག་བསྔལ་ལྡོག་པ་མེད་པ་ཉིད་དུ་བསྟན་ཏོ། །སྲེད་པ་མ་སྤངས་ན་འཇིག་རྟེན་པ་དང་འདོད་ཆགས་དང་བྲལ་བ་རྣམས་ཡང་དང་ཡང་དུ་འོང་བའི་ཕྱིར་རོ། །སྲེད་པས་བྱས་པའི་ཉེས་དམིགས་བསྟན་པས་དེ་སྤང་བ་ལ་གཟུད་པའི་ཕྱིར་འདི་ གསུངས་སོ། །འདར་ཡང་དཔེས་དོན་བསྒྲུབ་པའི་ཕྱིར་སྨྲས་པ། དཔེར་ན་ལྗོན་ཤིང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བད་སའི་རྒྱལ་པོ་འཆར་བྱེད་བཙུན་མོའི་འཁོར་དང་བཅས་ཏེ། སྐྱེད་མོས་ཚལ་དུ་རྩེ་བའི་ཕྱིར་ཞུགས་སོ། །ཡང་དྲང་སྲོང་ལྔ་བརྒྱ་ཙམ་ནམ་མཁའ་ལ་འཕུར་བས་ཕྱོགས་དེ་ནས་སྒྲ་ ཤིན་ཏུ་ཡིད་དུ་འོང་བ་ཐོས་པ་དང་དྲི་བསུང་བཟང་ཞིང་དགའ་བ་དག་བསྣམས་པ་ལས་མཐུ་ཉམས་པར་གྱུར་ཏེ། གཤོག་པ་ཆད་པའི་བྱ་བཞིན་དུ་དེའི་སྐྱེད་མོས་ཚལ་དུ་ལྷུང་བར་གྱུར་ཏེ། ཇི་ཙམ་ན་དེས་དེ་དག་གི་ལག་པ་དང་རྐང་པ་བཅིངས་པར་གྱུར་ཏོ། །དུས་གཞན་ཞིག་ན་རྒྱལ་པོ་དེ་དང་བ་སྐྱེས་ཏེ། དེ་ལྟར་ལྷུང་བ་དག་ ལ་བལྟས་ནས་སྨྲས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །གང་གི་ཉན་ཐོས་ཀྱང་ཡུལ་ཁྱད་པར་ཅན་བརྟན་པས་མི་འགྱུར་བ་ཡིན་ནོ་ཞེས་སྨྲས་སོ། །དྲང་སྲོང་དེ་རྣམས་ཀྱིས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་ མ་ཐོས་པ་ཐོས་པས་བ་སྤུ་ཐམས་ཅད་ལངས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་དེ་དག་ཁྱེར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཞེས་བྱ་བ་ནས། རྒྱ་ཆེར་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ། དེའི་དབང་དུ་མཛད་ནས་བད་སའི་རྒྱལ་པོ་འཆར་བྱེད་ལ་བོས་ཏེ་ཚིགས་སུ་བཅད་པ་འདི་ གསུངས་སོ། །ཀུན་འབྱུང་གི་བདེན་པ་གཏན་དུ་མ་སྤངས་པ་ལས་ནི་སྡུག་བསྔལ་གྱི་བདེན་པ་གཏན་དུ་འགག་པར་མི་འགྱུར་རོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །དཔེར་ན་ཞེས་བྱ་བ་ནི་ཇི་ལྟར་རོ། །རྩ་བ་ཞེས་བྱ་བ་ནི་སྐྱེས་པའི་གཞིའོ། །མ་བཏོན་ན་ཞེས་བྱ་བ་ནི་ཉམས་པར་མ་བྱས་པ་དང་མ་ཕྱུང་བ་དང་མ་ བཤིག་པའི་དོན་ཏོ། །ན་ཞེས་བྱ་བ་ནི་ཡང་དག་པར་ཡོད་པ་སྟེ། མི་འཇུག་པ་ཉིད་དུའོ། །བཅད་ཀྱང་ལྗོན་ཤིང་ཞེས་བྱ་བ་ནི་སྟ་རེ་ལ་སོགས་པས་ཤིང་དུམ་བུ་གཉིས་སུ་བྱས་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད་ཅེས་བྱ་བ་ཡིན་ཏེ། ཡང་སྐྱེ་བར་འགྱུར་རོ། །དཔེ་བསྟན་པས་དཔེས་མཚོན་པའི་དོན་བཤད་པའི་ཕྱིར་ སྨྲས་པ། དེ་བཞིན་ཞེས་བྱ་བ་ནི་དེ་ལྟར་རོ། །སྲིད་པའི་ཕྲ་རྒྱས་ཞེས་བྱ་བ་ནི་སྲིད་པའི་ཀུན་དུ་སྦྱོར་བ་སྟེ་རྩ་བར་གྱུར་པའོ། །མ་བཏོན་ན་ཞེས་བྱ་བ་ནི་རྩ་བའམ་དྲུངས་ནས་མ་ལུས་པར་མ་ཕྱུང་བ་སྟེ། འདི་ལྟར་སྲིད་པའི་རྩེ་མོའི་སྲེད་པ་འཁོར་བའི་རྩ་བ་དེ་ཡང་ཕྱི་རོལ་པས་སྤང་བར་མི་ནུས་སོ། །འདིས་ནི་འཇིག་ རྟེན་པའི་འདོད་ཆགས་དང་བྲལ་བས་ཡིད་བརྟན་དུ་མི་རུང་བ་ཉིད་དུ་བསྟན་ཏོ། །མི་ལྡོག་ཅེས་བྱ་བ་ནི་ཤིན་ཏུ་སྡུག་བསྔལ་བའི་ཕུང་པོའི་བདག་ཉིད་སྐྱེ་བར་འགྱུར་བའོ། །འདི་ཞེས་བྱ་བ་ནི་ནང་ངོ་། །ཡང་དང་ཡང་དུ་ཞེས་བྱ་བ་ནི་ཕྱིར་ཞིང་ཕྱིར་ཞིང་སྟེ། འཁོར་བ་ཐོག་མ་མེད་པ་ནས་སྲེད་པ་དེས་ཡང་དང་ཡང་དུ་སྡུག་ བསྔལ་བའི་ཕུང་པོ་འབྱུང་བའི་ཕྱིར་རོ། །འཇིག་རྟེན་པའི་ལམ་གྱི་ནུས་པ་བསྟན་པས་འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །གང་ལ་གནས་པས་སྲེད་པ་སྐྱེ་བ་ཉིད་ཀྱིས་ངེས་པར་མེ་བཞིན་དུ་ཕུང་བར་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་སྨྲས་པ། དཔེར་ན་བདག་ཉིད་ཀྱིས་ ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །མགར་བ་ཞིག་མཚོན་བྱས་པ་རྣམས་འཚོང་ཞིང་འཚོ་བར་བྱེད་པ་ཞིག་ཡོད་དེ། ཇི་ཙམ་དུས་གཞན་ཞིག་ན་བདག་ཉིད་ཀྱིས་བྱས་པའི་རལ་གྱི་མཆན་ཁུང་དུ་བཅུག་སྟེ། བྱ་བ་ཞིག་གི་ཕྱིར་གྲོང་བར་དུ་ཆས་སོ། །དེ་ལམ་དེ་ན་རྐུན་པོ་སྡིག་པ་ཅན་ དག་གནས་ཏེ། དེས་དེ་མཚོན་དེ་ཉིད་ཀྱིས་བསད་ནས་རྫས་ཁྱེར་ཏེ་སོང་བ་ལས་དེའི་དབང་དུ་མཛད་དེ་འདི་གསུངས་སོ། །སྲེད་པ་བདག་ཉིད་ལས་སྐྱེས་པ་སྟེ། རང་གི་ས་བོན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ས་བོན་ལྟ་བུ་ལས་ལྕུག་མ་ལ་བསྒོས་པས་ལྕུག་མ་དེ་འཕེལ་བ་དང་འཕེལ་བར་བྱེད་པའོ། །དེ་ བཞིན་དུ་སྡིག་པ་སྐྱེད་པར་བྱེད་པས་མི་འདོད་པའི་འབྲས་བུ་ངན་སོང་ཡིན་ནོ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་དུ་བསྟན་ཏོ། །དཔེར་ན་ཞེས་བྱ་བ་ནི་ཇི་ལྟར་རོ། །མཚོན་ནི་མདའི་མདེའུ་ལ་སོགས་པའི་མཚོན་ཏེ། ཕྱི་རོལ་གྱི་མཚོན་གྱིས་ནང་གི་མཚོན་གྱི་དཔེ་བྱས་པ་ཡིན་ནོ། །བདག་ཉིད་ཀྱིས་ནི་བྱས་པ་ཞེས་ བདག་ཉིད་ཀྱིས་བྱས་པ་ཡིན་ཏེ། གཞན་གྱིས་བྱས་པ་ནི་མ་ཡིན་པའོ། །བདག་ཉིད་ཅེས་བྱ་བ་ནི་དོན་འདི་ལ་ཚིག་གི་ཕྲད་དུ་བྱུང་བ་སྟེ། བདག་ཅེས་བྱ་བ་བདག་ཉིད་འདོད་པས་བྱས་པ་སྟེ། གཞན་གྱིས་བྱེད་དུ་བཅུག་པ་ནི་མ་ཡིན་ནོ། །དེ་ཡིས་བདག་གསོད་པ་ལྟར་ཞེས་བྱ་བ་ནི་གང་བྱས་པ་དེ་ཉིད་ཀྱིས་བསད་ པའོ། །ཇི་ལྟ་བུ་ཞེ་ན། སྨྲས་པ། རྐུན་པོའི་མཐུ་ཡིས་ཞེས་བྱ་བ་སྨོས་ཏེ། མཐུ་གང་ལ་ཡོད་པ་དེ་ནི་མཐུ་ཅན་ཏེ། མཐུ་དང་ལྡན་པ་དེས་ཡོངས་སུ་གཟུང་སྟེ་ལུས་ལ་བསྣུན་པ་དེ་བཞིན་དུ། ཕྱི་རོལ་གྱི་མཚོན་དང་ཆོས་མཐུན་པར་སྦྱར་བ་ཡིན་པས་དེ་བཞིན་དུ་ཞེས་བྱ་བ་ཡིན་ ནོ། །ནང་གི་སེམས་ལས་བྱུང་བ་ཞེས་བྱ་བ་ནི་བདག་དང་འབྲེལ་ནས་འབྱུང་བ་སྟེ། བདག་ཉིད་ཀྱི་རྒྱུད་ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །དཔེར་ན་མཚོན་བདག་ཉིད་ཀྱིས་བྱས་པ་དེ་བཞིན་དུ་སྲེད་པ་འདི་ཡང་ནང་ཉིད་ལས་བྱུང་བ་ཡིན་ཏེ། འདིས་ནི་སྲེད་པ་རང་གི་རྒྱུད་ཉིད་ལས་སྐྱེས་པ་ཉིད་དུ་སྟོན་ཏེ། དབང་ཕྱུག་ ལ་སོགས་པས་བྱས་པ་དང་། བྱེད་དུ་བཅུག་པས་ནི་མ་ཡིན་ནོ། །དཔེར་ན་མཚོན་ནི་བདག་ཉིད་བྱེད་པ་པོ་འཇིག་པ་ཡིན་ལ་དེ་བཞིན་དུ་སྲེད་པ་དེ་ཉིད་ཀྱིས་ཀྱང་བདག་ཉིད་འཇིག་པ་ཡིན་ཏེ། གང་གིས་བསྒོས་ཤིང་འཕེལ་བར་བྱས་པ་དེ་ཉིད་ལ་ཕྱིས་ཀྱང་གསོད་པར་འགྱུར་ཏེ། ངན་སོང་དག་ཏུ་སྡུག་བསྔལ་དྲག་པོ་ མང་པོ་འབྱུང་བའི་ཕྱིར་རོ། །དཔེར་ན་མཚོན་མཐུ་དང་ལྡན་པའི་ལག་ན་འདུག་ན་གསོད་པར་བྱེད་དེ་དེ་བཞིན་དུ་སྲེད་པ་ཡང་ངན་སོང་གི་སྟོབས་དང་ལྡན་པའི་ལས་ལ་གནས་ན་སེམས་ཅན་རྣམས་ངན་སོང་དུ་གསོད་པར་འགྱུར་ཞིང་འགྲོ་བ་དང་ཉེ་བར་འགྲོ་བར་འགྱུར་རོ། །འདི་ན་ཞེས་བྱ་བ་ནི་འདོད་པའི་ཁམས་ནའོ། ། ལུས་ཅན་ཞེས་བྱ་བ་ནི་སྲེད་པ་དང་མ་བྲལ་བའི་སེམས་ཅན་ནོ། །ཅིའི་ཕྱིར་ཁྱེར་བར་བྱེད་ཅེ་ན། སྨྲས་པ། གསོད་པར་བྱེད་པ་སྟེ་རྣམ་པ་སྣ་ཚོགས་པའི་གནོད་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཕྱིར་རོ། །བདག་ཉིད་ལ་སྲེད་པ་ཕན་འདོགས་པ་ཉིད་ཡིན་ནོ་ཞེས་མི་བདེན་པར་སྨྲ་བ་དག་དགག་པའི་ཕྱིར་འདི་ གསུངས་སོ། །གང་གི་ཕྱིར་རྣམ་པ་སྣ་ཚོགས་པའི་ཉེས་པས་མ་རུང་བར་གྱུར་པ་འདི་ནི་སྲེད་པ་ལས་བྱུང་བ་ཡིན་ཏེ། དེས་ན་སྤང་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་སྨྲས་པ། དེ་ལྟར་སྲེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོའི་ཚིག་རྐང་གཉིས་ཀྱིས་འདིར་སྲེད་པ་སྤང་བའི་རྒྱུ་བསྟན་ཏོ་ ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །དེ་ལྟར་ཉེས་དམིགས་ཞེས་བྱ་བ་ནི་གནོད་པ་འདི་དག་གོ། །ཤེས་གྱིས་ཏེ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཤེས་པའོ། །ཉེས་དམིགས་ཀྱི་རང་གི་ངོ་བོ་གང་ཡིན་ཞེ་ན། སྨྲས་པ། སྲེད་ལས་ཞེས་བྱ་བ་སྨོས་ཏེ། སྲེད་པའི་ཀུན་ཏུ་སྦྱོར་བ་ལས་སོ། །དེ་ནི་གང་གི་ ཕྱིར་རང་ཉིད་གནོད་པར་བྱེད་པ་སྟེ། གཅིག་ཏུ་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །གཞན་དག་ནི་ཉོན་མོངས་པ་དང་འབྲེལ་པ་ཡིན་ནོ་ཞེས་དེ་ཉིད་གསལ་བར་བསྟན་པའི་ཕྱིར་སྨྲས་པ། སྡུག་བསྔལ་འབྱུང་བ་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་རབ་ཏུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་ལས་ནི་སྡུག་བསྔལ་ རབ་ཏུ་འབྱུང་བ་ཡིན་ལ་སྲེད་པ་དང་བྲལ་བ་རྣམས་ལ་ནི་སྡུག་བསྔལ་མི་འབྱུང་བའི་ཕྱིར་རོ། །འདི་ལས་འབྱུང་བ་ཡིན་པས་འབྱུང་བ་སྟེ་རྒྱུའོ། །ཡང་ན་དེ་ལྟར་ཞེས་བྱ་བ་ནི་གང་སྔར་བསྟན་པའི་ཚིགས་བཅད་ཀྱིས་ཉེས་དམིགས་བསྟན་པ་སྟེ། སྲེད་པས་ལུས་ཅན་འདི་ན་གསོད་སར་ཁྱེར་བར་བྱེད། །ཅེས་བྱ་བ་ ཡིན་ཏེ། ཇི་ལྟར་ཡང་གསོད་སར་ཁྱེར་བར་བྱེད་ཅེ་ན། ངན་སོང་གི་ལས་ཉེ་བར་བསྒྲུབས་ནས་ངན་སོང་རྣམས་སུ་ཉེ་བར་ལེན་པ་ཡིན་ནོ་ཞེས་འདི་ལ་ཉེས་དམིགས་ཆེན་པོར་ཤེས་པར་བྱས་ནས་སོ། །སྲེད་ལས་སྡུག་བསྔལ་འབྱུང་བ་ཞེས་བྱ་བ་འདིས་ནི་ཉེས་དམིགས་གཉིས་པ་བསྟན་པ་ཡིན་ཏེ། འཁོར་ བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །སྲེད་སྤོངས་ཞེས་བྱ་བ་ནི་བྲལ་ཞིང་སྤངས་པའི་སྲེད་པ་གང་ཡིན་པ་དེ་ནི་སྲེད་པ་སྤངས་པ་སྟེ། སྲེད་པའི་བག་ཆགས་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་སྤངས་ན་འཁོར་བའི་འཆིང་བའི་གཞི་ཐམས་ཅད་སྤངས་པ་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། ཉེ་བར་ལེན་མེད་ ཅེས་བྱ་བ་སྨོས་ཏེ། ལེན་པ་ངེས་པར་སྤངས་པ་ནི་འདིའི་ཉེ་བར་ལེན་པ་མེད་པ་སྟེ། ལེན་པའི་རྐྱེན་སྲེད་པ་སྤངས་པའི་ཕྱིར་དེ་ནི་འཇིག་རྟེན་དུ་ཅུང་ཟད་ཀྱང་ལེན་པ་མེད་དེ། འདོད་པའམ། ལྟ་བའམ། ཚུལ་ཁྲིམས་དང་བརྟུལ་ཞུགས་སམ། བདག་ཏུ་སྨྲ་བའོ། །དྲན་ལྡན་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་ པ་བཞི་ལ་སེམས་ཡང་དག་པར་ཉེ་བར་གནས་པ་ཡིན་ནོ། །དགེ་སློང་ཞེས་བྱ་བ་ནི་ཡོངས་སུ་བཟུང་བ་མཐའ་དག་སྤངས་པ་ཡིན་ཏེ། གཞན་ལས་བླངས་པ་ལ་སོགས་པས་ཐོབ་པ་ཙམ་ལ་མངོན་པར་ཕྱོགས་ཤིང་ཆོག་ཤེས་པའོ། །འདིས་ནི་ལུས་དང་སེམས་དབེན་ཞིང་ཆོག་ཤེས་པ་ལ་སོགས་པའི་ཁྱད་པར་ དང་ལྡན་པར་བསྟན་ཏོ། །ཡང་ན་ཉོན་མོངས་པ་བཅོམ་པའི་ཕྱིར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བསྟན་ཏོ། །ཡོངས་སུ་རྒྱུས་ཞེས་བྱ་བ་འདིས་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། འོག་ནས་བརྗོད་པའི་ཕྱིར་རོ། །དེས་ན་ཡང་འདི་གཉིས་ཀྱིས་ནི་སྲེད་པ་དང་བྲལ་ཞིང་ཉེ་བར་ལེན་ པ་མེད་པའི་ཐབས་རྟོགས་པ་ཡིན་ནོ། །ཀུན་དུ་རྒྱུས་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །འདིར་ཀུན་དུ་ཞེས་བྱ་བ་ནི་ཡོངས་སུ་ཞེས་བྱ་བའི་ཚིག་ཡིན་ཏེ། ཡོངས་སུ་འགྲོ་བ་ཡིན་པས་གང་ཡང་སྐྱེ་བ་གཅིག་མི་འཛིན་པའི་ཕྱིར་སྲིད་པའི་རྩེ་མོ་མ་ཡིན་པར་ཡང་ ཞེས་བྱ་བའི་དོན་ཏོ། །ཡང་ན་སྲེད་པ་དང་བྲལ་བ་ནི་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཐམས་ཅད་དུ་འགྲོ་ཞེས་བྱ་བའི་དོན་ཏེ། ཇི་སྐད་དུ་གསུངས་པ། དགེ་སློང་དག་ང་ནི་འཆིང་བ་ཐམས་ཅད་ལས་གྲོལ་བས་ན་གང་ལྷ་དང་མིའི་བར་དུ་འགྲོ་སྟེ། ཡུལ་དག་ཏུ་རྒྱུ་ཞིང་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞེས་རྒྱ་ ཆེར་གསུངས་སོ། །སྲེད་པའི་སྐྱོན་མངོན་པར་མ་ཤེས་པ་དང་། དེ་སྤངས་པའི་ཕན་ཡོན་མི་ཤེས་པ་ལ་གཉི་ག་བསྟན་པའི་ཕྱིར་འདི་གསུངས་སོ། །སྲེད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་སྟེ་གསུམ་པ་རྫོགས་སོ།། །།དེའི་འོག་ཏུ་སྲེད་པ་སྤོང་བར་ནུས་པའི་གཉེན་པོ་བསྟན་པའི་ཕྱིར་བག་ཡོད་པའི་ ཚོམས་བཀོད་པ་ཡིན་ཏེ། དེའི་ཕྱིར་བཤད་པ། སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ། །འཁྲི་ཤིང་བཞིན་དུ་སྲེད་པ་འཕེལ་འགྱུར་ཏེ། །ཞེས་བྱ་བས་སོ། །བག་མེད་པས་དེ་འཕེལ་བའི་རྒྱུ་ཉིད་དུ་འགྲུབ་པ་ཡིན་པས་འདིར་མ་བཤད་ཀྱང་དེ་ལྟར་འགྲུབ་པ་ཉིད་དོ་ཞེ་ན། འདི་ལྟ་སྟེ་བག་མེད་པ་འདི་ནི་སྲེད་པ་ཟད་ པ་དང་། འགོག་པ་ཡིན་པའི་ཕྱིར་ཚོམས་འདི་ཉིད་ཀྱི་འགྲེལ་པ་བཤད་པར་བྱ་སྟེ། དེའི་ཕྱིར་སྨྲས་པ། བག་ཡོད་འཆི་མེད་གནས་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་གླེང་གཞི་ནི་ཡུལ་ཀཽ་ཤཱམྦཱི་ན་གན་དི་ཀ་ཞེས་བྱ་བའི་བློན་པོས་ཉེས་པ་མེད་པ་དཔེ་མེད་པའི་བུད་མེད་སྔོ་བསངས་ཅན་ཞེས་ བྱ་བ་ལ་སོགས་པ་ལྔ་བརྒྱ་མེ་ལ་བསྲེགས་སོ། །དེའི་ཕྱིར་ཡང་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་བློན་པོ་ལྔ་བརྒྱ་བསད་དེ། དེ་ལས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །དེ་ལ་ཚིག་རྐང་དང་པོས་ནི་ལམ་གྱི་བདེན་པ་དང་། འགོག་པའི་བདེན་པ་བསྟན་ཏོ། །གཉིས་ པས་ནི་ཀུན་འབྱུང་གི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །གསུམ་པས་ནི་གང་དག་གིས་འགོག་པ་ཐོབ་པའོ། །བཞི་པས་ནི་གང་དག་གིས་མ་ཐོབ་པའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །བག་ཡོད་པ་ཞེས་བྱ་བ་ནི་ཀུན་དུ་ཟག་པ་དང་དག་པའི་གནས་ཀྱི་ཆོས་གང་དག་ལས་སེམས་ཀུན་དུ་སྲུང་ བའོ། །དགེ་བའི་ཆོས་རྣམས་ལ་བསྒོམ་པ་ནི་བག་ཡོད་པའི་ཆོས་སོ་ཞེས་བསྟན་པ་ཡིན་ཏེ། འདི་ལྟར་འདིའི་མཚན་ཉིད་བསྟན་པ་སྟེ། རང་ལ་ཕན་པ་སྐྱེས་པའི་ལུས་དང་ངག་དང་ཡིད་ཀུན་དུ་བསྲུང་བ་མཆོག་ཏུ་བྱེད་པ་བག་མེད་པ་དང་འགལ་བའི་ཆོས་ནི་བག་ཡོད་པའོ། །གང་གི་དགེ་བ་དག་ལས་བག་མེད་པར་ མི་འགྱུར་བ་དང་། མི་ཞིག་པ་སྟེ། དགེ་བའི་རྩ་བ་ཐམས་ཅད་ཀྱིས་བརྟེན་པའི་ཕྱིར་ཏེ། ཇི་སྐད་དུ་འདི་ལྟ་སྟེ་དགེ་སློང་དག་དུད་འགྲོའི་སྐྱེ་གནས་ཀྱི་སྲོག་ཆགས་གང་ཇི་སྙེད་པའི་རྗེས་དེ་དག་ཐམས་ཅད་ནི་གླང་པོ་ཆེའི་རྗེས་ཀྱི་ནང་དུ་འདུས་ཤིང་དེའི་ཁོངས་སུ་འདུས་ཤིང་དེའི་ཁོངས་སུ་གཏོགས་པར་འགྱུར་ཏེ། གླང་པོ་ ཆེའི་རྗེས་ནི་དེ་རྣམས་ལས་མཆོག་ཏུ་བཤད་དེ། འདི་ལྟ་སྟེ་ཆེ་བ་ཉིད་ཀྱིས་སོ། །དེ་བཞིན་དུ་གང་དག་དགེ་བའི་ཆོས་དེ་དག་ཐམས་ཅད་ཀྱི་རྩ་བ་ནི་བག་ཡོད་པ་ཡིན་ཏེ། བག་ཡོད་པ་ནི་དེ་དག་ཐམས་ཅད་ཀྱི་མཆོག་ཏུ་བཤད་དོ་ཞེས་གསུངས་སོ། །འཆི་མེད་གནས་ཞེས་བྱ་བ་ནི་གང་དུ་འཆི་བ་མེད་པ་དེ་ནི་འཆི་ མེད་དེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ན་འཆི་བ་ལ་སོགས་པའི་གནོད་པ་མེད་པའི་ཕྱིར་རོ། །དེའི་གནས་ནི་བཞི་སྟེ་གང་གི་ཕྱིར་བག་ཡོད་པ་ལ་གནས་པས་མྱ་ངན་ལས་འདས་པ་འཐོབ་པའོ། །ཡང་ན་འདིས་འཆི་བ་མེད་པ་རྟོག་པར་བྱེད་པས་གནས་ཏེ། མྱ་ངན་ལས་འདས་པ་འཐོབ་པར་ བྱེད་པའི་ཐབས་ཞེས་བྱ་བའི་དོན་ཏོ། །བག་མེད་ཅེས་བྱ་བ་ནི། བག་ཡོད་པའི་མཚན་ཉིད་ལས་བཟློག་པར་ཤེས་པར་བྱའོ། །འཆི་བའི་གནས་ཞེས་བྱ་བ་འཆི་བ་ཉིད་ཀྱི་གཞི་སྟེ། བག་མེད་པ་ལ་གནས་པས་འཁོར་བ་དག་ཏུ་ཡང་དང་ཡང་དུ་འཆི་བར་འགྱུར་བའོ། །ཡང་ན་འཆི་བ་འཐོབ་པའི་ཐབས་ཡིན་ནོ། ། ཅིའི་ཕྱིར་ཡང་བག་ཡོད་པ་ནི་མི་འཆི་བའི་གནས་ཡིན་ལ། བག་མེད་པ་ནི་འཆི་བའི་གནས་ཡིན་ཞེ་ན། འདིར་སྨྲས་པ། འདི་ལྟར་བག་ཡོད་འཆི་བར་མི་འགྱུར་ཏེ། །ཞེས་བྱ་བ་ཡིན་ཏེ། བག་ཡོད་པ་ཤཱ་རིའི་བུ་ལ་སོགས་པ་ནི་འཆི་བ་མེད་པའི་གནས་སུ་ཞུགས་ཏེ། ནམ་ཡང་འཆི་བར་མི་འགྱུར་རོ། ། བག་མེད་པ་ནི་ཉ་སེར་སྐྱ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་གཉིས་དང་འདིར་ཡང་འཆི་བའི་ཆོས་ཡིན་པའི་ཕྱིར་རྟག་ཏུ་འཆི་བར་བརྗོད་པར་བྱའོ། །བག་ཡོད་པས་མི་འཆི་བ་ཞེས་བཤད་པ་ཡང་ཅི་ཕའི་བག་ཡོད་པས་བུ་མི་འཆི་བར་འགྱུར་རམ། བུའི་བག་ཡོད་པས་ཀྱང་ ཕ་མི་འཆི་བར་འགྱུར་རམ། དེ་བཞིན་དུ་བླ་མ་དང་སློབ་མ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །བག་ཡོད་པས་ཀྱང་མི་འཆི་བར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་འོན་ཀྱང་། བག་ཡོད་འཆི་བར་མི་འགྱུར་ཏེ། ཞེས་བྱ་བ་སྨྲས་ཏེ། གང་བདག་ཉིད་ཀྱི་བག་ཡོད་པའམ། བག་ མེད་པ་དེ་ཉིད་ཀྱིས་ཏེ་བག་ཡོད་པས་ནི་འཆི་བར་མི་འགྱུར་རོ། །བག་མེད་པས་ནི་འཆི་བར་འགྱུར་ཏེ། གཞན་གྱི་རྒྱུད་ཀྱིས་རྣམ་པའི་བག་ཡོད་པའམ། བག་མེད་པ་གཉིས་ཀྱིས་ནི་གང་ལ་ཡང་མི་འཆི་བ་དང་། འཆི་བ་འཐོབ་པར་མི་འགྱུར་རོ། །གལ་ཏེ་ཡང་ཐོབ་པར་འགྱུར་ན་ནི་གང་སངས་རྒྱས་བཅོམ་ལྡན་ འདས་ཉིད་ལ་བག་ཡོད་པ་མངའ་བས་སེམས་ཅན་ཐམས་ཅད་ཀྱང་འཆི་བར་མི་འགྱུར་རོ། །དེ་ལ་འདི་ནི་བག་མེད་པ་རྣམས་བག་ཡོད་པ་ལ་གཟུད་པའི་ཕྱིར་དང་། བག་ཡོད་པ་རྣམས་བརྟན་པར་བྱ་བའི་ཕྱིར་དང་། ལམ་ངན་པའི་བརྟུལ་ཞུགས་དང་། དཀའ་ཐུབ་དང་མཆོད་སྦྱིན་ལ་སོགས་པས་འཆི་བ་ མེད་པའི་གནས་ཐོབ་པར་བྱའོ་ཞེས་མི་བདེན་པར་སྨྲ་བ་དག་དགག་པའི་ཕྱིར་གསུངས་སོ། །བག་ཡོད་པའི་ཡོན་ཏན་ཡོངས་སུ་ཤེས་པའི་མཁས་པ་ནི་དེ་ཉིད་དུ་འཇུག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་བསྡུས་པའི་དོན་ནི་འདིའི་ལམ་ཡོངས་སུ་ཤེས་ཤིང་བག་ ཡོད་པའི་ཁྱད་པར་ཤེས་པ་དེས་མཁས་པ་དག་བག་དང་བཅས་པ་ལས་མི་ཉམས་པར་བྱེད་དོ། །བག་ཡོད་པ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། འབད་པ་ལ་གནས་པ་ཕུན་སུམ་ཚོགས་པའོ། །དེ་ལ་དེ་ལྟར་རབ་ཏུ་ཞུགས་པ་ལས་ནི་བག་མེད་པ་ཁ་ན་མ་ཐོ་བ་མེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། ། འཕགས་པའི་སྤྱོད་ཡུལ་ལ་དགའ་བ་ཉིད་ཀྱིས་ནི་སྔ་ཕྱིའི་ཁྱད་པར་རྟོགས་པའོ། །དེའི་ཞེས་བྱ་བ་ནི་གང་སྔར་བསྟན་པའི་ཚིགས་སུ་བཅད་པ་བག་ཡོད་པའི་ཁྱད་པར་བསྟན་པ་སྟེ། བག་ཡོད་འཆི་མེད་གནས་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཁྱད་པར་རིག་པ་ནི་འདིར་ཕན་ཡོན་ནོ། །ཁྱད་པར་ ཉིད་ཡིན་པས་ཁྱད་པར་རོ། །དེ་རིག་པས་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་མཚོན་པ་ཉིད་དོ། །གང་གི་ཁྱད་པར་ཞེ་ན། སྨྲས་པ། བག་དང་བཅས་ཞེས་བྱ་བ་སྨོས་ཏེ། འདིར་བག་མེད་པའི་སྐྱོན་རིག་པའོ་ཞེས་ཀྱང་བརྗོད་པར་བྱ་སྟེ། གཅིག་གིས་གཉིས་པ་མཚོན་པ་ཡིན་ནོ། ། ཡང་ན་ཡོན་ཏན་ཡང་དག་པར་སྒྲོགས་པ་ཉིད་ལ་མངོན་པར་སྦྱོར་བར་བྱེད་དེ། མཁས་པ་རྣམས་ནི་སྐྱོན་བརྗོད་པ་མ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །མཁས་པ་ཞེས་བྱ་བ་ནི་སྔ་མའི་ཚོགས་ཀྱི་རྣམ་པ་ལ་འཇིགས་པ་མེད་པ་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་སྟེ། གང་གི་ཕྱིར་དེ་ཉིད་ ཀྱིས་ནི་ནུས་པ་དང་ལྡན་པའི་ཕྱིར་རོ། །རིག་པར་བྱས་ནས་ཅི་ཞིག་ཏུ་འགྱུར་ཞེ་ན། སྨྲས་པ། བག་ཡོད་པ་ཞེས་བྱ་བ་སྨོས་ཏེ། བག་ཡོད་པ་ལ་གནས་པའོ། །དེའི་གནས་སྐབས་ཀྱི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། རབ་དགའ་བ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་ཚིམ་པ་དང་མགུ་བ་ཐོབ་པས་རབ་ཏུ་ དགའ་བ་ཉིད་དོ། །དགེ་བ་རྒྱ་ཆེ་བ་དག་ལ་ངེས་པར་འབྱུང་བ་དང་ལྡན་ཞིང་བསམ་གཏན་འཐོབ་པས་སོ། །དྲན་པ་བསྒོམ་པ་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར་སྨྲས་པ། འཕགས་པའི་སྤྱོད་ཡུལ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་དང་སངས་རྒྱས་ཀྱི་སྲས་ཀྱི་སྤྱོད་ཡུལ་ཏེ། དྲན་པ་ཉེ་བར་གཞག་པ་ བཞི་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དྲན་པ་ཉེ་བར་གཞག་པ་བཞི་ནི་འཕགས་པའི་སྤྱོད་ཡུལ་ཞེས་གསུངས་སོ། །དགའ་བ་ཡིན་ཞེས་བྱ་བ་ནི་མངོན་པར་དགའ་བ་སྟེ་བསྟན་པའི་རོ་ཤེས་པ་དེས་གཞན་གྱིས་བཀྲིར་མི་ནུས་པ་ཉིད་དུ་བསྟན་ཏོ། །བག་ ཡོད་པ་དང་ཐར་པའི་ལམ་རྙེད་པར་དཀའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་གསུངས་སོ། །བག་ཡོད་འཆི་མེད་གནས་ཡིན་ཏེ། །ཞེས་བསྟན་པ་དེ་ཇི་ལྟ་བུ་ཞེ་ན། འདིར་གོ་རིམས་བཞིན་དུ་བསྟན་པའི་ཕྱིར། དེ་ལ་རྒྱུན་དུ་བསྒོམ་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་ཤོ་ན་ཀའི་དབང་ དུ་མཛད་ནས་འདི་གསུངས་སོ། །ཤོ་ན་ཀ་བག་ཡོད་པ་ནི་གཞི་ཡིན་ཏེ། དགེ་བའི་ཆོས་གང་ཇི་རྙེད་པ་ནི་བག་ཡོད་པ་ལས་རབ་ཏུ་འབྱུང་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་ཀྱང་བག་ཡོད་པར་འཐོབ་པ་ཡིན་ཏེ། དེ་བས་ན་ཁྱོད་ ཀྱིས་དགེ་བ་དག་ལ་བག་མེད་པར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་ཏེ། ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །འདིར་ཏིང་ངེ་འཛིན་གྱིས་བསྡུས་པའི་དོན་ནི་ཏིང་ངེ་འཛིན་བསྒོམས་པ་དང་། ཏིང་ངེ་འཛིན་བསྒོམ་པའི་ཐབས་དང་། ཏིང་ངེ་འཛིན་བསྒོམས་པའི་འབྲས་བུ་དང་། གྲུབ་པ་དང་བདེ་ བ་བླ་ན་མེད་པའི་ཕན་ཡོན་བསྟན་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་བག་ཡོད་པའོ། །བསྒོམ་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་བསྒོམ་པ་སྟེ། བསམ་གཏན་དང་པོ་ལ་སོགས་པ་ཐོབ་པའོ། །ཡང་ན་གང་དག་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་སྟེ། འདི་གཉིས་ནི་གཅིག་ལ་ གཅིག་འབྲེལ་པ་ཉིད་དེ། ཇི་སྐད་དུ་བཤད་པ། བསམ་གཏན་མེད་པར་ནི་ཤེས་རབ་མེད་དོ། །ཤེས་རབ་མེད་པར་ཡང་བསམ་གཏན་མེད་དོ་ཞེས་པའོ། །དེ་ཡང་རང་བཞིན་གྱིས་བསམ་པ་བཟང་བར་བྱས་ཏེ། བག་ཡོད་པ་ལ་བརྟེན་ནས་དགེ་བའི་བཤེས་གཉེན་ཉེ་བར་བསྟེན་པ་ཡིན་ཏེ། དེས་ན་ཡང་རྣལ་ འབྱོར་དང་རྗེས་སུ་མཐུན་པའི་ཉེ་བར་བསྟེན་པ་ལ་གུས་པར་བྱེད་ཅིང་ཉན་པར་བྱེད་ལ། ཐོས་ནས་ཀྱང་ཕྱིན་ཅི་མ་ལོག་པར་དེས་རྣམ་པར་བསམས་ཏེ། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་བསྐྱེད་པའི་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་བསྒོམ་པར་འགྱུར་རོ། །རྒྱུན་དུ་ཞུགས་པ་ཞེས་བྱ་བ་ནི་རྟག་ པར་ཡིན་པས་རྒྱུན་དུ་སྟེ། བསྒོམ་པ་དེ་ཉིད་ལ་རྟག་ཏུ་སྦྱོར་བའི་ཕྱིར་རོ། །དེ་དགུན་དང་སོ་ག་ལ་སོགས་པར་མི་རྟག་པ་ཡིན་ནམ་ཞེ་ན། རྒྱུན་མི་འཆད་པར་སྦྱོར་བའི་ཕྱིར་ཏེ། ཇི་སྲིད་མཐར་ཐུག་གི་བར་དུའོ། །འདི་ནི་རྟག་ཏུ་བྱེད་པ་ཉིད་དུ་བསྟན་ཏོ། །ཕ་རོལ་གནོན་བརྟན་པའི་ཞེས་བྱ་བ་ལ་བརྟན་པ་ནི་མི་ལྷོད་པའོ། ། ཕ་རོལ་གནོན་པ་ནི་སྤྲོ་བ་གང་ལ་ཡོད་པ་སྟེ། འདིས་ནི་མི་ལྷོད་པ་དང་གུས་པར་སྦྱོར་བ་བསྟན་ཏེ། རྩོད་པ་དང་འཚེ་བ་ཐམས་ཅད་ཀྱིས་ཀྱང་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་རོ། །རེག་པ་ཡིན་ཞེས་བྱ་བ་ནི་ཐོབ་པར་འགྱུར་བའོ། །འདིར་རེག་པ་ཡང་རྣམ་པ་གཉིས་ཏེ། ལམ་དང་མྱ་ངན་ལས་འདས་པའོ། ། དེ་ལ་འདིར་ནི་མྱ་ངན་ལས་འདས་པ་ཉིད་ལ་དགོངས་ཏེ། འདི་ཉིད་འོག་ནས་བརྗོད་པའི་ཕྱིར་རོ། །བརྟན་པ་ནི་བློ་དང་ལྡན་པ་སྟེ། ཐབས་འདི་དག་དང་ལྡན་པ་ཉིད་དུ་ཕ་རོལ་གནོན་བརྟན་པའི་ཞེས་བྱ་བས་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་བརྟན་པའི་བར་དུ་མི་སྐྲག་ཅིང་སྒྱིད་ལུག་པར་མི་འགྱུར་རོ། །མྱ་ངན་ ལས་འདས་པ་ཞེས་བྱ་བ་ནི་སྡུག་བསྔལ་མཐར་བྱེད་པ་སྟེ་འགོག་པའོ། །གྲུབ་པ་དང་བདེ་བ་ཞེས་བྱ་བ་ནི་རིག་པ་སྟེ། འབད་པས་བསྒྲུབས་པའི་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བའི་ལམ་ནི་གྲུབ་པའོ། །དེས་ཐོབ་པ་ནི་བདེ་བ་སྟེ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ནི་འཇིག་པ་ཐམས་ཅད་དང་གཏན་དུ་ འབྲལ་བའི་ཕྱིར་རོ། །འཇིག་རྟེན་པའི་བསམ་གཏན་ཡང་རྣམ་གྲངས་ཀྱི་མྱ་ངན་ལས་འདས་པར་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཇི་སྲིད་དུ་སྲིད་པའི་རྩེ་མོའི་རྒྱུན་གྱི་བར་དུ་ནི་བླ་ན་ཡོད་པའོ། །འདི་ནི་ཁྱད་པར་ཆེ་བ་ཡིན་པས་བྱེ་བྲག་བསྟན་པའི་ཕྱིར་སྨྲས་པ། བླ་ན་མེད་པ་ཞེས་བྱ་བ་ཡིན་ནོ། །བག་ མེད་པའི་སྐྱོན་མི་ཤེས་པ་དང་། བག་ཡོད་པ་ནི་ཕན་ཡོན་ཐམས་ཅད་ཀྱི་གཞི་ཡིན་པས་གཟུད་པའི་ཕྱིར་འདི་གསུངས་སོ། །བག་མེད་པ་སྤངས་པ་ནི་ཕན་ཡོན་ལྷག་པ་སྟེ། ཆེ་བ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གང་ཚེ་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལས་ངན་པས་འཚོ་བའི་ཁྱེའུ་ཞིག་ ལ་ཆོས་བསྟན་པའི་དབྱིག་པས་དྲང་བ་སྦྱིན་པའི་ཐབས་ཀྱིས་ལས་ངན་པའི་མི་གཙང་བའི་ཕུང་པོ་ལས་དབྱུང་བ་དང་། ཡང་དག་པའི་བསྒྲུབ་པ་ལ་གཞག་པས་ཁྱད་པར་དུ་བདེན་པ་ཐོབ་པར་བྱ་བ་དང་། དེ་ལ་འདི་སྐད་གསུངས་སོ། །གཞན་དག་ན་རེ་ལོངས་སྤྱོད་ཆེན་པོ་རྒྱ་ཆེ་བ་སྤངས་ནས་རབ་ཏུ་བྱུང་སྟེ། བསྒྲུབ་པས་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་འཕགས་པ་འོད་སྲུངས་ཆེན་པོའི་དབང་དུ་བྱས་ནས་གསུངས་སོ་ཞེས་ཟེར་རོ། །དང་པོའི་ཚིག་རྐང་གཉིས་ཀྱིས་ནི་ནག་པོའི་ཕྱོགས་སྤངས་པ་དང་། དཀར་པོའི་ཕྱོགས་བསྟེན་པ་ཉིད་དུ་བསྟན་ཏོ། །གསུམ་པས་ནི་དེའི་འབྲས་བུ་ཤེས་རབ་ ཀྱི་མཐར་ཕྱིན་པ་བསྟན་ཏོ། །ལྷག་མས་ནི་དེའི་ཕན་ཡོན་བསྟན་ཏོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །བག་མེད་པ་ནི་བདག་དང་གཞན་གྱི་ཕན་པ་ཉམས་པ་སྟེ། ཐ་མལ་པའོ། །ཡང་ན་རྣམ་པ་བཞི་སྟེ། སྲོག་དང་སྟོབས་དང་། སེམས་དང་ཉོན་མོངས་པ་ཀུན་དུ་མི་བསྲུང་བ་ཡིན་ཏེ། ཡང་དག་པའི་ སྦྱོར་བ་ལ་རྗེས་སུ་མི་འཇུག་པའི་སྦྱོར་བས་སོ། །བག་ཡོད་པ་ཤེས་པ་ལ་བག་མེད་པའི་མཚན་ཉིད་ལས་བཟློག་པ་ནི་བག་ཡོད་པར་གནས་པ་ཡིན་ཏེ། འདི་ནི་བག་མེད་པར་གསལ་བར་ནུས་ཏེ། རྗེས་སུ་མཐུན་པའི་གཉེན་པོ་ཡིན་པའི་ཕྱིར་མུན་པའི་སྒྲོན་མ་བཞིན་ནོ། །གང་གི་ཚེ་ཞེས་བྱ་བ་གང་གི་དུས་ ནའོ། །བཅོམ་པ་ནི་རབ་ཏུ་སྤངས་པའོ། །དེ་གང་གིས་སྤོང་བར་བྱེད་ནུས་པ་ཡིན་ཞེ་ན། སྨྲས་པ། མཁས་པ་ཞེས་བྱ་བ་ལ་མཁས་པ་ནི་རྟོགས་པ་སྟེ། སློབ་པ་ཞེས་བྱ་བའི་དོན་ཏོ། །མི་སློབ་པའི་གནས་སྐབས་བསྟན་པའི་ཕྱིར་སྨྲས་པ། ཤེས་རབ་ཁང་བཟངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཇི་ སྐད་དུ་གསུངས་པ་བག་ཡོད་པ་ལ་བརྟེན་པས་ཇི་སྐད་བསྟན་པ་བག་མེད་པ་སྤོང་བ་ཡིན་ཏེ། དེ་ཉིད་ཁྱད་པར་དུ་བྱེད་པས་མི་སློབ་པའི་ཤེས་རབ་ཐོབ་པར་འགྱུར་རོ། །ཤེས་རབ་ནི་ཁང་བཟངས་བཞིན་དུ་ཐམས་ཅད་ཀྱི་སྟེང་ན་གནས་པའི་ཕྱིར་དང་། ཤིན་ཏུ་ཉམས་དགའ་བར་ གྱུར་པའི་ཕྱིར་རོ། །འཛེག་པ་ནི་ཕྱིན་པའོ། །འཛེགས་ནས་ཇི་ལྟ་བུས་ཅི་ཞིག་བྱེད་པ་ཡིན་ཞེ་ན། སྨྲས་པ། མྱ་ངན་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མྱ་ངན་དང་བྲལ་བ་གང་ཡིན་པ་དེ་ནི་མྱ་ངན་མེད་པ་སྟེ། འདིས་མྱ་ངན་དང་བྲལ་བར་བདག་ལ་མཐོང་བ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། ། དེས་གཞན་དག་ལ་ཡང་ཇི་ལྟར་མཐོང་བ་ཡིན་ཞེ་ན། སྨྲས་པ། གདུང་བ་ཞེས་བྱ་བ་སྨོས་ཏེ། མྱ་ངན་གང་ལ་ཡོད་པ་དེ་ནི་གདུང་བ་སྟེ་བྱིས་པ་ཞེས་བྱ་བ་དེ་དང་སྦྱར་རོ། །སྡུག་བསྔལ་གྱི་ཚོགས་ཆེན་པོའི་གནས་ཡིན་པའི་ཕྱིར་དཔག་ཏུ་མེད་པའི་ཡིད་ཀྱི་གདུང་བ་དང་ལྡན་པའོ། །ཇི་ལྟ་བུ་གང་ཡིན་ཞེ་ན། འདིར་དཔེ་བསྟན་ པ། སའི་སྟེང་རི་བོའི་སྤོ་དག་ལས་ཞེས་ཏེ། སའི་སྟེང་ན་གནས་པ་ཡིན་པས་ས་སྟེང་ངོ་། །དེ་རིའི་སྟེང་ན་གནས་པ་ཡིན་པས་རི་བོའི་སྤོ་དག་ལས་ཏེ། དཔེར་ན་རིའི་རྩེ་མོ་ལས་མིག་དང་ལྡན་པས་སྲོག་ཆགས་ཀྱི་རྣམ་པ་ལ་འོག་ཏུ་བལྟས་ན་འབད་མི་དགོས་པར་མཐོང་ངོ་། །དེ་བཞིན་དུ་ཁྱད་པར་དུ་འཕགས་པ་ ཐོབ་པའི་ཤེས་རབ་ཀྱི་ཁང་བཟངས་ཀྱི་སྟེང་དུ་འཛེགས་ཏེ། ངན་པའི་ཕུང་པོ་ལ་གནས་པའི་བྱིས་པ་རྣམས་ལ་ལྟ་ཞིང་རྟོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །བརྟན་རྣམས་ཞེས་བྱ་བ་ནི་ཞུམ་པ་མེད་པ་སྟེ། གཞན་གནོད་པར་བྱ་བའི་བྱེད་པ་ལ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ། དེའི་དོན་ལ་ལྟ་བའོ། །བག་ཡོད་པ་དང་ བརྟན་པ་དང་། །བདག་ཉིད་ལ་ནི་རྟག་ཏུ་དགའ། །ཞེས་བྱ་བའི་ཚིགས་བཅད་ཀྱི་ཕྱེད་འདིས་གཞན་དག་བརྗོད་མོད་ཀྱི། འདི་ནི་ཡང་དག་པ་མ་ཡིན་ཏེ། ཕྲན་ཚེགས་ཀྱི་སྡེ་སྣོད་ལས་ཚིག་རྐང་དྲུག་པོ་འདི་ཉིད་སྨོས་པའི་ཕྱིར་དང་། འདིར་དོན་ལྷག་པ་ཡང་མེད་པས་བརྗོད་པར་མི་བྱའོ། །བག་མེད་པ་རྣམས་ ཐར་པར་འདོད་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །བག་ཡོད་པ་གཅིག་པུས་ནི་མངོན་པར་འདོད་པའི་དོན་མི་འགྲུབ་པ་སྟེ། འོན་ཀྱང་འབྲས་བུའི་ཚོགས་ཐམས་ཅད་ཀྱི་ཚོགས་པ་ལ་རག་ལུས་པའི་ཕྱིར་བརྩོན་འགྲུས་དང་བཅས་པ་ཉིད་དུ་འདིར་བསྟན་པའི་ཕྱིར་སྨྲས་པ། བརྩོན་འགྲུས་དང་ནི་ཞེས་བྱ་བ་ལ་སོགས་ པ་སྨོས་སོ། །ཨ་སི་བད་ད་ཀའི་བུ་གྲོང་དཔོན་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ནི་གཅིག་ལ་ཐུགས་བརྩེ་བར་གྱུར་པ་བཙུན་པ་རྒྱུ་གང་ལགས་རྐྱེན་གང་ལགས་ཞེས་གསོལ་པ་དང་། གྲོང་དཔོན་དེ་ནི་གནས་མེད་དེ་ཇི་སྲིད་དུ་འདི་ལྟ་སྟེ། ཇི་ལྟར་ཡང་ཞིང་པ་ཁྱིམ་བདག་གི་ཞིང་ནི་གསུམ་ཡོད་དེ། དེ་ལ་ཞིང་དང་པོ་ནི་ལེགས་པར་རྨོས་པ་དང་། ལེགས་པར་བདལ་ཞིང་བསྙམས་པ་དང་། ས་སྣུམ་ཞིང་འཇམ་པ་དང་། རྩྭ་དང་ཚེར་མ་མེད་པའོ། །གཉིས་པ་ནི་ལེགས་པར་རྨོས་པ་སྟེ་དགོན་དུང་ངོ་། །གསུམ་པ་ནི་ཚྭ་སྒོ་ཅན་མ་རྨོས་པའོ། །དེ་ལ་གྲོང་ དཔོན་ཞིང་པ་ཁྱིམ་བདག་གིས་ས་བོན་གང་དུ་འདེབས་པར་བྱེད། སྔ་མ་མ་གཏོགས་པར་གཞན་དུ་ནི་མ་ཡིན་ཏེ། དེ་མེད་ན་ནི་གཉིས་པའོ། །གྲོང་དཔོན་དེ་བཞིན་དུ་དེ་བཞིན་གཤེགས་པས་གདུལ་བྱའི་བསམ་པ་ལ་ལྟོས་ཏེ། ཆོས་སྟོན་པ་ལ་སོགས་པའི་བྱ་བ་མཛད་པར་འགྱུར་རོ་ཞེས་བྱ་བ་སྟེ། ཇི་ཙམ་ན་འདི་ གསུངས་སོ། །གཞན་དག་ན་རེ་འོད་མའི་ཚལ་ན་གནས་བརྟན་ལམ་ཕྲན་བསྟན་ལས་བརྩམས་པ་ཡིན་ནོ་ཞེས་ཟེར་རོ། །གཞི་དང་བཅས་པའི་ཚུལ་ཁྲིམས་དང་། སེམས་དང་ལྟ་བ་རྣམ་པར་དག་པ་དང་། དེའི་འབྲས་བུ་འདིར་བསྟན་ཏོ་ཞེས་བྱ་བ་ནི་འདིའི་བསྡུས་པའོ། །བརྩོན་འགྲུས་ནི་ཀུན་ནས་སློང་ཞིང་བརྩོན་ འགྲུས་རྩོམ་པ་སྟེ། དེ་མེད་པར་ནི་མངོན་པར་འདོད་པའི་འབྲས་བུ་མི་འཐོབ་བོ། །བག་ཡོད་པ་ཞེས་བྱ་བ་ནི་དོན་འདི་ལ་ཤེས་བཞིན་གྱིས་གནས་པ་དེས་སེམས་སྲུང་བ་སྟེ། བག་ཡོད་པ་དེས་སོ། །ཡང་དག་པར་སྡོམ་པ་ནི་ལུས་དང་ངག་ཡང་དག་པར་སྡོམ་པ་སྟེ། དེས་སྡིག་པ་ལ་ཁྱད་དུ་གསོད་པ་ལས་ ལྡོག་པ་ཡིན་ནོ། །དུལ་བ་དང་ཞེས་བྱ་བ་ནི་དབང་པོའི་སྒོ་བསྲུང་བ་དེས་མིག་ལ་སོགས་པའི་དབང་པོ་རྣམས་ཡོངས་སུ་འདུལ་བ་སྟེ། གང་ཡུལ་གྱིས་མི་འཕྲོགས་པའོ། །དང་གི་སྒྲ་ནི་འདིས་གླིང་དུ་བྱེད་པ་ཡང་ཡིན་ནོ་ཞེས་པའོ། །གླིང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་རབ་ཏུ་འཇུག་པའི་ཕྱིར་ཏེ། དེའི་ཕྱིར་ མདོ་སྡེ་པ་ལ་ལས་མྱ་ངན་ལས་འདས་པའི་རྣམ་གྲངས་སུ་བརྗོད་དེ། འདི་ལྟར་འདུས་མ་བྱས་དང་། བལྟ་བར་དཀའ་བ་དང་། མི་འགྱུར་བ་དང་། མཐའ་ཡས་པ་དང་། ཟག་པ་མེད་པ་དང་། གནས་དང་། གླིང་དང་། སྐྱོབ་པ་ཞེས་རྒྱ་ཆེར་གསུངས་སོ། །དེས་བྱས་པ་ནི་མྱ་ངན་ལས་འདས་པ་འཐོབ་པ་ཞེས་ བྱ་བའི་དོན་ཏེ། འདིར་བྱས་པ་ནི་ཐེག་པ་ལ་འཇུག་སྟེ། ཇི་ལྟར་གཞན་དག་ཏུ་བཤད་པ། སྡུག་བསྔལ་མཐར་བྱེད་པ་ཡིན་ནོ་ཞེས་པའོ། །མཁས་པ་ཞེས་བྱ་བ་ནི་ཡུལ་ཇི་ལྟ་བ་ཉིད་ལ་ཤེས་པའི་མཁས་པ་དེ་གང་ལ་ཡོད་པ་སྟེ། བདེན་པ་མཐོང་བ་ཞེས་བྱ་བའི་དོན་ཏོ། །ཆུ་བོ་ ཆེན་པོ་མངོན་དུ་བཟློག །ཅེས་བྱ་བ་ནི་གང་དེ་མཁས་པས་གླིང་དུ་བྱས་པས་ནི་ཞེས་བྱ་བས་ཆུ་བོ་རྣམ་པ་བཞིས་ཟིལ་གྱིས་མནན་པར་མི་འགྱུར་ཞིང་འཕྲོགས་པར་མི་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། འཕགས་པའི་ཉན་ཐོས་བརྩོན་འགྲུས་ཕུན་སུམ་ཚོགས་ པ་ལ་གནས་པས་བག་ཡོད་པར་འགྱུར་ཞིང་ཤེས་བཞིན་ལ་གནས་པར་འགྱུར་རོ། །བག་ཡོད་པ་ལ་གནས་པས་ནི་ཉེས་པར་སྤྱོད་པ་དང་། ཀུན་ནས་ཉོན་མོངས་པ་ལ་ལུས་དང་ངག་གིས་ཡང་དག་པར་སྡོམ་པར་བྱེད་དོ། །ཚུལ་ཁྲིམས་ཡོངས་སུ་སྦྱངས་པའི་ཕྱིར་ཡུལ་དང་ཉོན་མོངས་པ་ལས་དབང་པོ་འདུལ་ བར་བྱེད་དོ། །སེམས་ཡོངས་སུ་སྦྱངས་པའི་ཕྱིར་དམ་པ་རྣམས་ཀྱི་སྡོམ་པ་དང་བཅས་ཤིང་། ཚུལ་ཁྲིམས་ལ་སོགས་པ་རྣམ་པར་དག་པ་ལ་བརྟེན་ནས་གླིང་དུ་བྱེད་དོ། །གང་དུ་ཉོན་མོངས་པ་ཟད་པ་ཐོབ་ན་ནི་ཡང་ཆུ་བོ་བཞིས་འཕྲོགས་པར་མི་འགྱུར་རོ། །བརྩོན་འགྲུས་ཀྱིས་ནི་བརྩོན་འགྲུས་ཀྱི་དབང་པོ་ བསྟན་ཏོ། །བག་ཡོད་པས་ནི་དྲན་པའི་དབང་པོ་ལ་ཉེ་བར་གནས་པ་སྟེ། གང་གི་ཕྱིར་དྲན་པ་ཡོད་ན་ནི་བག་ཡོད་པར་འགྱུར་རོ། །ཡང་དག་པར་སྡོམ་པས་ནི་ཡུལ་ལ་མཆེད་པའི་སེམས་ཡང་དག་པར་སྡོམ་པ་ཡིན་པའི་ཕྱིར་ཏིང་ངེ་འཛིན་གྱི་དབང་པོ་བསྟན་ཏོ། །དུལ་བས་ནི་ཤེས་རབ་ཀྱི་དབང་པོ་བསྟན་ཏེ། གང་ གི་ཕྱིར་ཤེས་རབ་ཀྱིས་སེམས་ཡོངས་སུ་འདུལ་བར་བྱེད་དོ། །ཇི་ལྟར་ཡང་ཉོན་མོངས་པས་བྱས་པའི་རྣམ་པར་སྨིན་པར་ཡང་མི་འགྱུར་རོ། །མཁས་པས་གླིང་དུ་བྱས་ནས་ནི། །ཞེས་བྱ་བ་ནི། འཕགས་པའི་ཉན་ཐོས་དེ་འདི་ལ་དད་པས་ཐར་པ་དོན་དུ་གཉེར་བས་ནི་དབང་པོ་རྣམ་པ་བཞི་འབྲས་བུ་དང་བཅས་ པར་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཚིག་གི་རྣམ་པའི་དོན་ཏོ། །དེ་ལ་འདི་ནི་ཐར་པ་འདོད་པ་རྣམས་ཀྱིས་ལེ་ལོ་ལ་སོགས་པའི་སྐྱོན་དེ་སྤང་བར་བྱ་བའི་ཕྱིར་འདི་གསུངས་སོ། །སྟོན་གྱི་ཟླ་བ་དྲི་མ་མེད་པ་ལས་ཀྱང་ལྷག་པའི་དྲི་མ་མེད་པའི་གྲགས་པ་ནི་བག་ཡོད་པ་ཉིད་ལས་འཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ སྨྲས་པ། བརྩོན་འགྲུས་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲགས་པ་འདོད་པའི་རྒྱལ་པོའི་བུ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ། ཀྱེ་གཽ་ཏ་མ་གང་གིས་གྲགས་པ་འཕེལ་བར་འགྱུར་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་སོ། །གཞན་ དག་ན་རེ་རྒྱལ་པོའི་ཁབ་ཏུ་ཀུན་པ་གོ་ཤ་ཞེས་བྱ་བ་ལས་བརྩམས་ཏེ་གསུངས་སོ་ཞེས་འདི་ལ་བསྡུས་པའི་དོན་ནི་བརྩོན་འགྲུས་ལྡན་ཞིང་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དྲན་པ་ནི་དྲན་པའི་དབང་པོའོ། །སྤྱོད་པ་གཙང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དབང་པོ་སྟེ། གང་གི་ཕྱིར་བསམ་གཏན་ཐོབ་ ན་ནི་ཚུལ་ཁྲིམས་ཡོངས་སུ་དག་གོ། །བརྟགས་ནས་བྱེད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་པོ་སྟེ། དེའི་དབང་གིས་ནི་འཇིག་རྟེན་ལས་འདས་པའི་ལམ་འཐོབ་ཅིང་ཡང་དག་པར་སྡོམ་པ་ལ་སོགས་པ་རྣམས་ཀྱིས་ཚུལ་ཁྲིམས་དང་འཚོ་བ་དང་སེམས་ཤིན་ཏུ་ཡོངས་སུ་དག་པར་ཀུན་དུ་བསྟན་པའི་ཕྱིར་རོ། ། བརྩོན་འགྲུས་གང་ལ་ཡོད་པ་དེ་ནི་བརྩོན་འགྲུས་དང་ལྡན་པ་སྟེ། བརྩོན་འགྲུས་རྩོམ་པ་དང་ལྡན་པའོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་དྲན་པ་གང་ལ་ཡོད་པ་དེ་ནི་དྲན་པ་དང་ལྡན་པའོ། །སྤྱོད་པ་གཙང་བ་དང་ལྡན་པ་ཞེས་བྱ་བ་ལ་གཙང་ཞིང་དྲི་མ་མེད་པའི་སྤྱོད་པའི་ཚུལ་འདི་ལ་ཡོད་པའོ། །བརྟགས་ནས་བྱེད་པ་ ཞེས་བྱ་བ་ནི་བརྟགས་ཤིང་ངེས་པར་རྟོག་པ་དང་ལེགས་པར་སྤྱོད་པའི་ཚུལ་གང་འདི་ལ་ཡོད་པ་སྟེ། རྟོག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་སྡོམ་པར་བྱེད་པ་ཞེས་བྱ་བ་ནི་སྡིག་པ་ལས་གཏན་དུ་ལྡོག་པ་དང་། མི་བྱེད་པའི་སྡོམ་པ་ཐོབ་པས་འཕགས་པའི་གང་ཟག་གཏན་དུ་ཡང་དག་པར་སྡོམ་ པར་འགྱུར་རོ། །ཡང་དག་པར་སྡོམ་པ་དག་པའི་ཐབས་བསྟན་པ། ཆོས་ཀྱིས་འཚོ་བ་དང་ཞེས་བྱ་བ་ལ་ཆོས་ནི་རིགས་པ་སྟེ། དེས་འཚོ་བའི་ངང་ཚུལ་འདི་ལ་ཡོད་པ་དེ་ནི་དེ་ལྟ་བུ་སྟེ་ཤེས་རབ་ཀྱིས་འཚོ་བས་སོ། །ཡང་ན་ཚུལ་འཆོས་པ་ལ་སོགས་པ་ལོག་པའི་འཚོ་བ་སྤངས་པའོ། །བག་ཡོད་རྣམས་ཀྱིས་ ཞེས་བྱ་བ་ནི་བག་ཡོད་པའི་ཕྱིར་གང་ཡང་འབྱུང་བར་མི་འགྱུར་བ་དེ་ནི་འདིར་དོན་དམ་པས་བག་ཡོད་ཅིང་དགྲ་བཅོམ་པ་ཡིན་ཏེ། དྲུག་ལ་རྟག་ཏུ་གནས་པ་ཡིན་ནོ། །གྲགས་པ་མངོན་པར་འཕེལ་ཞེས་བྱ་བ་ནི་སྙན་པས་སྲིད་པ་གསུམ་མ་ལུས་པར་ཁྱབ་པར་འགྱུར་ཏེ། ཇི་སྐད་དུ་པ་རི་ཛ་ཀའི་མདོ་ལས་གསུངས་པ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷའི་འདུན་སའི་ཆོས་བཟངས་སུ་འདུས་ཤིང་འཁོད་ནས་ཡང་དང་ཡང་དུ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་གྲགས་པ་སྒྲོགས་པའི་ཚུལ་གྱིས་འདུག་གོ་ཞེས་སོ། །གྲགས་པ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་འདོད་པ་རྣམས་ཀྱིས་བག་ཡོད་པ་ལ་ ནན་ཏན་དུ་སྦྱར་བའི་ཕྱིར་འདི་གསུངས་སོ། །བག་ཡོད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་གནས་ཡིན་པས་གང་སྤང་བའི་དངོས་པོ་དེ་བསྟན་པའི་ཕྱིར། དམན་པའི་ཆོས་ལ་མི་རྟེན་ཅིང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །འདིའི་གླེང་གཞི་ནི་ལོག་པའི་ལྟ་བ་མཆོག་ཏུ་ཁ་ན་མ་ཐོ་བ་མེད་ པ་ལ་ལོག་པར་ལྟ་བའི་སྐྱེས་བུ་གང་ཟག་གང་ཡང་ལུས་ཀྱི་ལས་ལ་དེ་ལྟར་ལྟ་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །གཞན་དག་ནི་དགེ་སློང་ཞིག་དམན་པ་ལ་མོས་ཤིང་ལེ་ལོ་ཅན་ཞིག་གི་དབང་དུ་མཛད་ནས་གསུངས་ཞེས་ཟེར་རོ། །ཚིག་རྐང་དང་པོས་ནི་ཚུལ་ཁྲིམས་ འཆལ་བ་བཟློག་ཅིང་ལྷག་པའི་ཚུལ་ཁྲིམས་ལ་གཟུད་པ་ཡིན་ནོ། །ཚིག་རྐང་གཉིས་པས་ནི་འདོད་པའི་ཡོན་ཏན་དག་ལ་གཡེང་བ་ལས་བཟློག་ཅིང་ལྷག་པའི་སེམས་ལ་གཟུད་པའོ། །གསུམ་པས་ནི་ཕྱིན་ཅི་ལོག་གི་ལྟ་བ་ལ་མཆོག་ཏུ་འཛིན་པ་བཟློག་པ་སྟེ། ལྷག་པའི་ཤེས་རབ་ལ་གཟུད་པ་ཡིན་ནོ། །བཞི་པས་ ནི་བསླབ་པའི་འབྲས་བུ་སྟོན་ཏོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡང་ན་ཚིག་རྐང་དང་པོས་ནི་སྡིག་པ་སྤྱོད་པ་ལས་བཟློག་པའོ། །གཉིས་པས་ནི་འདོད་པ་སྤྱོད་པ་ལས་བཟློག་པའོ། །གསུམ་པས་ནི་དཀའ་བ་སྤྱོད་པ་ལས་བཟློག་པ་ཡིན་ཏེ། གང་གི་དཀའ་ཐུབ་ཀྱིས་བདག་ཉིད་ཡོངས་སུ་གདུང་བར་བྱེད་ཅིང་འདིས་ ཡོངས་སུ་དག་པར་བལྟ་བའོ། །བཞི་པས་ནི་དེ་བསྟེན་པའི་ཉེས་དམིགས་བསྟན་ཏོ། །ཡན་ལག་གི་དོན་ནི། དམན་པའི་ཆོས་ལ་མི་རྟེན་ཅིང་། །ཞེས་བྱ་བ་ནི་ངན་པར་སྤྱོད་པ་ལྷག་པར་མི་བྱེད་པ་འདིས་ངན་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་ལས་བཟློག་པ་ཡིན་ནོ། །བག་མེད་པ་ལ་བརྟེན་མི་བྱ། །ཞེས་པ་ནི་ བག་མེད་པའི་དངོས་པོ་དང་ལྷན་ཅིག་མི་རྟེན་ཅིང་མི་འབྲེལ་བར་བྱ་བ་སྟེ། འདིས་ནི་ཡུལ་ལ་སྲེད་པའི་ཉོན་མོངས་པ་ལས་བཟློག་པ་ཡིན་ནོ། །ལོག་པར་ལྟ་ལ་འདོད་མེད་དང་། །ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་གཅོད་པར་བྱེད་པ། ལྟ་བ་ངན་པའི་ལྟ་བ་དེ་ལ་འདོད་པ་མེད་པ་སྟེ། །དེའི་ཡུལ་ལ་འདོད་ པར་མི་བྱ་སྟེ། འདིས་ནི་ལྟ་བའི་ཀུན་ནས་ཉོན་མོངས་པ་ལས་བཟློག་པ་ཡིན་ནོ། །འཇིག་རྟེན་འཕེལ་བར་མི་བྱའོ། །ཞེས་བྱ་བ་ནི་འཇིག་རྟེན་སོགས་པར་མི་བྱེད་པ་སྟེ། གང་གིས་འཇིག་རྟེན་འཕེལ་བ་ནི་སྐྱེ་བ་གཞན་དུ་འཁོར་བ་སྟེ། རྒྱུ་དང་འབྲས་བུ་རྒྱུན་ཆགས་པར་འབྱུང་བས་སོ། །འཇིག་རྟེན་ ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ་ཞེས་བསྟན་ཏོ། །དེ་ཡང་འཇིག་ཅིང་རབ་ཏུ་འཇིག་པ་ཡིན་པས་འཇིག་རྟེན་ནོ། །འཕེལ་བར་བྱ་བ་མ་ཡིན་པ་ནི་འཕེལ་བར་མི་བྱའོ། །འཇིག་རྟེན་གྱི་འཕེལ་བ་ནི་འཇིག་རྟེན་འཕེལ་བའོ། །དེ་ལ་འདིས་ནི་ཀུན་ནས་ཉོན་མོངས་པ་གསུམ་སྤང་ཞིང་ཡོངས་སུ་སྦྱོར་བར་བསྟན་པ་ཡིན་ ནོ། །དེ་དག་ཡོངས་སུ་མ་སྤངས་ན་ནི་འཁོར་བ་འཕེལ་བར་འགྱུར་ལ་ཡོངས་སུ་སྤངས་ན་ནི་འཕེལ་བར་མི་འགྱུར་རོ་ཞེས་བསྟན་ཏོ། །ཡང་ན་དམན་པ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། ཉན་ཐོས་ལ་སོགས་པའི་ལམ་ནི་གཞན་གྱི་དོན་བྱེད་པར་འདོད་པ་སྤངས་པའི་ཕྱིར་རོ། །བག་མེད་ པ་ཞེས་བྱ་བ་ནི་དེ་སྤོང་བའི་ལམ་གྱི་གཉེན་པོ་དང་བྲལ་བ་ཉིད་དུ་སྟོན་ཏོ། །ལོག་པར་ལྟ་ལ་ཞེས་བྱ་བ་ནི་སྐྱོན་ཐམས་ཅད་རྩ་བ་ནས་འབྱིན་པ་ལ་གཟུད་པའོ། །དེ་ལྟ་ན་ནི་འདིར་ཕན་འདོགས་པ་ཉིད་དུ་ཉེ་བར་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་འཕེལ་བར་མི་བྱའོ། །ཞེས་བྱ་བ་ཡིན་ནོ། །འཁོར་བ་ཡོངས་ སུ་སྤོང་བར་འདོད་པས་ནི་ཇི་སྐད་དུ་བཤད་པ་སྤྱད་པར་མི་བྱའོ་ཞེས་ཡང་དག་པར་འཛིན་པར་བྱེད་དུ་གཞུག་པའི་ཕྱིར་འདི་གསུངས་སོ། །གང་སྔར་བཤད་པའི། ལོག་པར་ལྟ་ལ་འདོད་མེད་དང་། །ཞེས་བྱ་བ་དེ་དང་པོར་གང་གིས་སེལ་བ་ཡིན་ཞེ་ན། འཇིག་རྟེན་པའི་ཡང་དག་པའི་ལྟ་བས་ཡིན་ཏེ། དེས་ན་ དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡང་མཐུ་འདི་ལྟ་བུ་ཡོད་དེ། འདི་ལྟར་ངན་སོང་གསུམ་དུ་ལྟུང་བ་འགོག་པར་བྱེད་པ་ཡིན་ན། འཇིག་རྟེན་ལས་འདས་པ་ལྟ་སྨོས་ཀྱང་ཅི་དགོས་སོ་ཞེས་ཕན་ ཡོན་བསྟན་པ་ནི་འདིའི་བསྡུས་པའི་དོན་ཏོ། །ཕྱིན་ཅི་མ་ལོག་པ་ལ་འཇུག་པའི་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། གང་སོ་སོའི་སྐྱེ་བོའི་དགེ་བ་གང་མཐོང་བའི་དབང་གིས་ལས་དང་། འབྲས་བུ་ཡོད་པ་ཉིད་ལས་བརྩམས་ཏེ། དཀོན་མཆོག་གསུམ་དང་བདེན་པ་རྣམས་ལ་ཡིད་ཆེས་ཤིང་མོས་པ་དང་འདོད་པའོ། ། ཆེན་པོ་ཞེས་བྱ་བ་ནི་ཤས་ཆེ་བ་དང་ལྡན་པ་སྟེ། མདོར་ན་ཁྱད་པར་གྱི་གནས་སྐབས་ཐོབ་པའི་དོན་ཏེ། དེའི་ཕྱིར་དྲོ་བར་གྱུར་པ་ཡང་དག་པར་འཛིན་པ་ནི་ཐ་མའོ། །རྩེ་མོ་ཡང་དག་པར་འཛིན་པ་ནི་བར་མའོ། །བཟོད་པ་ཡང་དག་པར་འཛིན་པ་ནི་ཆེན་པོའོ། །འཇིག་རྟེན་པ་ཉིད་ཡིན་པས་ འཇིག་རྟེན་པའོ་སྟེ་ཟག་པ་དང་བཅས་པའོ། །གང་གི་གནས་སྐབས་ཀྱིས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཆེན་པོ་ཡིན་ཞེ་ན། སྨྲས་པ། འདི་ལྟ་སྟེ་སོ་སོའི་སྐྱེ་བོར་གྱུར་པ་འདི་ལ་འཕགས་པའི་བདེན་པ་བཞི་ལ་བཟོད་པ་ཆེན་པོ་ཡོད་པ་སྟེ། དེ་ཡང་ངེས་པར་འབྱེད་པའི་ཆའི་བཟོད་པ་ཐོབ་པའི་སོ་སོའི