Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 148

Văn bản gốc(Tây Tạng)

Trang 7 / 15 (50.000 ký tự/trang)
ོངས་སུ་བསྡམས་པས་ཆོ་ག་དག་པའོ། །གཉིས་པ་ལ་གནས་པས་ནི་སྒྲིབ་པ་དག་ལས་སེམས་ཡོངས་སུ་སྦྱངས་པ་སྟེ། གནས་པ་དག་པའོ། །གསུམ་པས་ནི་ཡོངས་སུ་དག་པའི་སྤྱོད་པ་ལ་གནས་ཤིང་ཏིང་ངེ་འཛིན་ལ་བརྟེན་ནས་བག་ཆགས་སྤངས་པའི་ཕྱིར་དེའི་གཉེན་
པོ་དྲན་པ་ཉེ་བར་གཞག་པ་བསྒོམ་པས་སོ། །འདི་ཡང་མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་དག་པར་སྦྱོར་བ་རྣམ་པ་གཉིས་སོ། །མཉམ་པར་བཞག་པའི་གནས་སྐབས་ན་ནི་རྣམ་པ་གཅིག་ཏུ་བསྟན་ཏོ། །གང་ཡང་དག་པར་སྦྱོར་བའི་འབྲས་བུ་ནི་འདོད་པ་རྣམས་ལ་སོ་སོར་མ་ཆགས་པ་ཞེས་བྱ་
བས་བསྟན་ཏོ། །འབྲས་བུ་དེའི་ཕན་ཡོན་ནི་གང་དུ་འཕོ་བ་སྟེ་འདི་དག་གོ། །ཚིག་རེ་རེའི་དབྱེ་བ་ཡང་འདུན་པ་ཞེས་བྱ་བ་ནི་གང་ལ་འདུན་པ་འདི་སྐྱེས་པ་ཡོད་པ་དེ་ནི་འདུན་པ་སྐྱེས་པ་སྟེ། འདོད་པ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །གང་ལ་འདི་ལྟ་བུའི་ཚུལ་གྱིས་ཆོས་ནི་འདུན་པ་སྐྱེས་པ་ཡིན་ཏེ། ནམ་
ཞིག་ན་དེའི་ཚེ་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་བྱའོ་ཞེས་བྱ་བ་དང་། གང་འཕགས་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་བྱའོ་ཞེས་བྱ་བ་ནི་འདུན་པ་སྐྱེས་པའི་སྒྲའི་དོན་ཏོ། །འདིས་ནི་དང་པོའི་སྦྱོར་བས་གོང་དུ་འཕོ་བ་བསྟན་ཏོ། །ཟག་པར་མི་བྱེད་དང་ཞེས་བྱ་བ་ནི་ཉོན་མོངས་པའི་
ཡུལ་ལ་འཇུག་པ་ནི་ཟག་པའོ། །རྒྱུན་དུ་ཟག་ཅིང་འབྱུང་བའི་ཕྱིར་རྣག་འཛག་པ་ལྟ་བུ་སྟེ། དེ་གང་ལ་ཡོད་པ་དེ་ནི་ཟག་པ་སྟེ། དབང་པོའི་སྒོ་མ་བསྡམས་པའོ། །དེའི་ཕྱིར་མདོ་ལས་གསུངས་པ། ཇི་ལྟར་ཡང་དགེ་སློང་དག་རབ་ཏུ་ཟག་པར་འགྱུར་བ་ཡིན་ཞེ་ན། དབང་པོའི་སྒོ་མ་བསྡམས་
པར་གནས་པའོ་ཞེས་པས་སོ། །ཅིའི་ཕྱིར་དེ་ལ་ཟག་པ་ཞེས་བྱ་ཞེ་ན། སྨྲས་པ། དེ་ལ་སྐྱེ་མཆེད་དྲུག་དག་ལས་ཡུལ་རྣམས་སུ་ཟག་པར་བྱེད་པ་སྟེ། རྐྱལ་པའི་བུག་པ་དག་ལས་ཆུ་འཛག་པ་བཞིན་ནོ། །ཟག་པར་མི་བྱེད་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །སེམས་ལ་སྐྱོན་མེད་ཅེས་བྱ་བ་
ནི་ཡིད་ལ་སྐྱོན་དང་རྙོག་པ་མེད་པ་སྟེ། རྙོག་པའི་ཀུན་དུ་རྟོག་པས་ཀུན་དུ་མི་རྟོག་པའོ། །རྙོག་པའི་ཀུན་དུ་རྟོག་པ་དེ་ཡང་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་ཀུན་དུ་རྟོག་པ་ཞེས་གྲགས་པ་སྟེ། ངེས་པར་མི་འབྱུང་བ་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་ཀུན་དུ་རྟོག་པ་

དག་གི་སྐྱོན་མེད་པར་གྱུར་པའི་ཕྱིར་ཏེ། དེ་ལྟར་ན་མདོ་ལས་གསུངས་པ་ཡིན་ནོ། །ཇི་ལྟར་སྐྱོན་མེད་པར་ཀུན་དུ་རྟོག་པར་འགྱུར་ཞེ་ན། ངེས་པར་འབྱུང་བ་དང་། གནོད་སེམས་མེད་པ་དང་། རྣམ་པར་འཚེ་བའི་ཀུན་དུ་རྟོག་པར་མི་འགྱུར་བ་ཡིན་ནོ། །དེ་ལྟར་རིམ་པ་འདིས་སྣོད་དུ་གྱུར་པ་དང་།
རྣལ་འབྱོར་ཅན་བདེན་པ་རྟོག་པར་བྱ་བའི་ཕྱིར་སྦྱོར་བ་རྩོམ་འདོད་པར་འགྱུར་ཏེ། དང་པོར་དྲན་པ་ཉེ་བར་གཞག་པ་བཞིའི་བསྒོམ་པ་འདི་ཉིད་ལ་བརྩོན་པར་འགྱུར་བ་བསྟན་པའི་ཕྱིར་སྨྲས་པ། དྲན་པ་དང་ཞེས་བྱ་བ་སྨོས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པ་ཡིན་ཏེ། དེ་ལྟར་ན་མདོ་ལས་
གསུངས་པ་ཡིན་ནོ། །ཡང་དགེ་སློང་ཇི་ལྟར་དྲན་པར་འགྱུར་ཞེ་ན། འདི་ལ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རྒྱ་ཆེར་ཆོས་ལའོ་ཞེས་པའོ། །ཇི་འདི་ཙམ་ཉིད་ལ་གོང་དུ་འཕོ་བ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་སྨྲས་པ། འོན་ཀྱང་འདོད་པ་རྣམས་ལ་སོ་སོར་མ་ཆགས་པ་གང་ཞེས་
བྱ་བ་སྨོས་ཏེ། གཟུགས་ལ་སོགས་པའི་ཡུལ་དག་ལ་ཆགས་པ་མེད་པ་སྟེ། གང་གི་འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་ཟག་པ་མེད་པའི་ལམ་གྱིས་རབ་ཏུ་སྤངས་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུངས་ཞེས་བྱ་བ་ལ། གོང་ནི་ཤས་ཆེར་སྟེང་དུའོ། །འཕོ་བ་ནི་
འགྲོ་བ་སྟེ། གང་གི་སྐྱེ་བ་རང་གི་གནས་དང་འོག་ཏུ་མ་ཡིན་པ་གང་དུ་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །ཕྱིར་མི་འོང་བ་རྣམ་པ་བཞི་མ་གཏོགས་པ་དེ་ལྟར་དེ་ཉིད་སྨོས་པ་ནི་ཉམས་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །འདི་ལྟར་འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་ཐམས་ཅད་དང་སོ་སོའི་སྐྱེ་བོ་མ་ཡིན་
པ་དག་ནི་ཉམས་པ་ཉིད་དེ། འདི་ནི་ཕྱིར་མི་འོང་བ་ཐམས་ཅད་ལ་ཡང་གང་འགྲོས་གཞན་པས་ཁྱད་པར་མ་ཐོབ་པ་དེ་ནི་ངེས་པར་གང་དུ་འགྲོ་བར་འགྱུར་དེ་ལ་ལམ་གྱི་ཚོགས་འདུན་པ་སྐྱེས་པ་ལ་སོགས་པ་དང་དྲན་པས་ནི་ལམ་བསྟན་ཏོ། །ལྷག་མས་ནི་ཕན་ཡོན་དང་བཅས་པའི་ལམ་གྱི་འབྲས་
བུ་ཡོངས་སུ་བསྟན་ཏོ། །གཞན་དག་ནི་གཞི་དང་བཅས་པའི་བསླབ་པ་གསུམ་རྣམ་པར་དག་པའི་ཐབས་འབྲས་བུ་དང་བཅས་པ་དང་། ཕན་ཡོན་དང་བཅས་པ་འདིར་བསྟན་ཏོ་ཞེས་ཟེར་ཏེ། དེ་ལ་འདུན་པ་སྐྱེས་པ་ཞེས་བྱ་བས་ནི་བཞིའོ། །ཟག་པར་མི་བྱེད་ཅེས་བྱ་བས་ནི་ལྷག་པའི་ཚུལ་

ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པའི་ཐབས་སོ། །སེམས་ལ་སྐྱོན་མེད་ཅེས་བྱ་བས་ནི་ལྷག་པའི་སེམས་ཀྱི་བསླབ་པ་རྣམ་པར་དག་པའི་ཐབས་ཏེ། འདིར་ཏིང་ངེ་འཛིན་ལ་རོ་མྱང་བ་མེད་པས་སྐྱོན་མེད་པའི་སེམས་སུ་རིག་པར་བྱའོ། །དྲན་པས་ནི་ལྷག་པའི་ཤེས་རབ་ཀྱི་
བསླབ་པ་རྣམ་པར་དག་པའི་ཐབས་སོ། །འོག་མ་དག་གིས་ནི་ཕན་ཡོན་དང་བཅས་པ་དང་དེའི་འབྲས་བུ་བསྟན་ཏོ། །དེ་ལ་འདི་ནི་འདོད་ཆགས་དང་མ་བྲལ་བའི་འཕགས་པ་རྣམས་འདོད་པའི་ཁམས་ལས་འདའ་བར་བྱ་བའི་ཕྱིར་དང་། དེ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་མི་སློབ་པའི་ལམ་
མངོན་སུམ་དུ་བྱ་བའི་ཕྱིར་འདི་གསུངས་སོ། །ཅི་དགེ་བའི་འདུན་པ་ལ་སོགས་པའི་ཡོན་ཏན་འཐོབ་པ་དང་། སྐྱོན་ཐམས་ཅད་སྤང་བ་ཅིག་ཅར་དུའམ། འོན་ཏེ་གཉི་ག་རིམ་གྱིས་འགྱུར་ཞེས་བྱ་བ་ལ་དེ་ཉིད་ངེས་པར་བསྟན་པའི་ཕྱིར་སྨྲས་པ། མགར་བ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དགེ་སློང་ཞིག་དུ་མའི་སྒོ་ནས་ཉོན་མོངས་པ་ཉེ་བར་བསྟན་པ་ཐོས་ཏེ། བདག་གིས་ཉོན་མོངས་པ་སྤང་བར་བྱ་བ་ནི་ཇི་ལྟར་ནུས་ཏེ། འདི་དག་ནི་མཐའ་ཡས་པའི་ཕྱིར་ཅིག་ཅར་སྤང་བར་སུས་ཀྱང་མི་ནུས་སོ་ཞེས་རྣམ་པར་རྟོག་ཅིང་ཡིད་མི་བདེ་བ་ཆེན་པོ་སྐྱེས་པར་གྱུར་པ་ལས་ཇི་ཙམ་ན་བཅོམ་
ལྡན་འདས་དེ་གདུལ་བའི་ཕྱིར་གྲོང་ཁྱེར་དུ་རྒྱུ་ཞིང་གཤེགས་པ་ལས་དངུལ་མགར་དངུལ་ལ་རིམ་གྱིས་དྲི་མ་སེལ་བར་བྱེད་པ་དག་གཟིགས་པ་དང་། ཡང་དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང་མགར་བ་འདིས་རིམ་གྱིས་དངུལ་གྱི་དྲི་མ་མཐའ་དག་སེལ་བར་བྱེད་པ་ལྟོས་ཤིག །
བཙུན་པ་དེ་དེ་བཞིན་ནོ་ཞེས་གསོལ་ཏོ། །དེ་བཞིན་དུ་དགེ་སློང་ཁྱོད་ཀྱིས་ཅུང་ཟད་ཙམ་གྱིས་སེམས་ཀྱི་དྲི་མ་བསྩལ་བར་བྱས་ན་རིང་པོ་མི་ཐོགས་པར་དྲི་མ་མེད་པར་འགྱུར་རོ་ཞེས་བསྟན་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །གང་གི་ཚེ་དང་གང་གིས་དང་། ཇི་ལྟར་ཡང་ཉོན་མོངས་
པ་སྤང་བར་ནུས་པ་དེ་དང་མཐུན་པ་དང་། དཔེ་དེ་འདིར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལ་རིམ་པ་བཞིན་ཞེས་བྱ་བས་ནི་གང་གི་ཚེ་ཞེས་བྱ་བའི་དུས་བསྟན་ཏོ། །གང་གིས་ཞེས་བྱ་བ་ནི་བློ་གྲོས་དང་ལྡན་པས་སོ། །ཇི་ལྟར་ཞེས་བྱ་བ་ནི། སྐད་ཅིག་སྐད་ཅིག་ཅུང་ཟད་

ཙམ། །ཞེས་བྱ་བས་བསྟན་ཏོ། །མགར་བ་དང་དངུལ་གྱིས་ནི་དཔེ་བསྟན་ཏོ། །རིམ་པ་བཞིན་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པ་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པའི་རིམ་པས་སོ། །དེ་དང་རྗེས་སུ་མཐུན་པའི་
ཚོགས་མེད་པར་ནི་ཡོན་ཏན་འཐོབ་པ་མེད་དེ། ཇི་སྐད་གསུངས་པ་དེ་ལ་རེ་ཞིག་དགེ་སློང་དག་དགེ་སློང་ལ་གུས་པ་མེད་པར་གནས་པ་ནི་མ་བསྔགས་ཏེ། ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ཇི་སྲིད་ཡང་དག་པར་ཀུན་དུ་སྤྱོད་པས་ཆོས་ཡོངས་སུ་རྫོགས་པར་འགྱུར་བ་དང་། རྒྱ་ཆེར་རྣམ་པར་རོལ་པའི་
ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་བ་འདི་ནི་གནས་མེད་དེ། དེ་བས་ན་རིམ་པ་བཞིན་དུ་བསླབ་ན་རབ་ཏུ་ཤེས་པ་ཡིན་ཏེ། ཚུལ་ཁྲིམས་དང་རྟོགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །བློ་གྲོས་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་དང་བློ་གང་ལ་ཡོད་པ་དེ་ནི་བློ་གྲོས་དང་ལྡན་པ་སྟེ།
བློ་དང་ལྡན་ཞིང་ཐབས་ཤེས་པ་བཞིན་བྱ་བའི་དོན་ཏོ། །ཅུང་ཟད་ཅུང་ཟད་ཅེས་བྱ་བ་ནི་ཉུང་ངུ་ཉུང་ངུ་སྟེ་དྲི་མ་ཞེས་བྱ་བ་འདི་དང་སྦྱར་རོ། །སྐད་ཅིག་སྐད་ཅིག་ཙམ་ཞེས་བྱ་བ་ནི་ཡང་ནས་ཡང་སྟེ། རྟག་ཏུ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་འདི་ཇི་ལྟ་བུ་ཞེ་ན། འདིར་དཔེ་སྨྲས་པ། མགར་བ་ཞེས་བྱ་བ་སྟེ། ལྕགས་
དང་གསེར་དང་དངུལ་ལ་སོགས་པ་ཐམས་ཅད་བྱེད་པ་དག་ལ་མགར་བ་ཞེས་བྱའོ། །འདིར་ནི་གླེང་གཞིའི་དབང་གིས་དངུལ་མགར་ལ་དགོངས་པ་ཡིན་ནོ། །དངུལ་བཞིན་དུ་ཞེས་བྱ་བ་ནི་དངུལ་ལྟ་བུ་སྟེ། དེའི་ཕྱིར་དེས་བསྲེགས་པ་དང་བརྡུངས་པ་ལ་སོགས་པའི་ཐབས་ཀྱིས་དངུལ་གྱི་དྲི་མ་ནག་པོ་སེལ་
བ་དེ་བཞིན་དུ་བློ་གྲོས་དང་ལྡན་པས་རང་གི་དྲི་མ་བསལ་བར་བྱ་ཞེས་བྱ་བ་ཡིན་ཏེ། ཟག་པ་མེད་པར་བྱ་བ་དང་། སྤང་བར་བྱ་བ་དང་། ཟད་པར་བྱ་བའོ། །དྲི་མ་ནི་འདོད་ཆགས་ལ་སོགས་པའི་བག་ཆགས་ལ་ལུས་འདིའི་དྲི་མ་ཞེས་བརྗོད་དོ། །རང་གི་ཞེས་བྱ་བ་ལ་རྐྱེན་གྱི་དངོས་པོ་ཡིན་པའི་ཕྱིར་འདིར་
ནི་རང་གི་སེམས་ཀྱི་དོན་ལ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བདག་ཏུ་དགོངས་སོ། །ཆོས་ཐམས་ཅད་བདག་མེད་པ་ཡིན་ན་ཡང་དེའི་དྲི་མ་ནི་ཉོན་མོངས་པ་ཉིད་དོ། །དེ་ལ་འདི་ནི་བརྩོན་འགྲུས་བརྩམས་པ་མྱུར་དུ་ཟག་པ་ཟད་པར་འདོད་པ་རྣམས་རྒྱུད་ཡོངས་སུ་མ་སྨིན་པ་དེ་དག་མ་ཐོབ་པས་ཡོངས་སུ་

སྐྱོ་བ་ལ་དེ་མི་སྐྱོ་བར་བྱ་བའི་ཕྱིར་འདི་གསུངས་སོ། །ཇི་སྲིད་དྲི་མ་སྤངས་པ་དེ་ཙམ་དུ་ཕན་ཡོན་དུ་འབྱུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ལྷམ་མཁན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲོང་གི་ཚེར་མ་ཞེས་བྱ་བ་ནི་འདོད་པ་འདིའི་ཚིག་བླ་དགས་ཡིན་ཏེ། གང་གི་
ཕྱིར་དགེ་སློང་དག་འདོད་པ་ནི་ཤིན་ཏུ་སྡུག་བསྔལ་བ་ཡིན་ཏེ། ཇི་སྲིད་འདི་ཡོངས་སུ་སྤངས་པ་དེ་སྲིད་ན་ཡིད་བདེ་བ་འཐོབ་པར་འགྱུར་ཞེས་སོ། །དེའི་ཚེ་ཡུལ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ལྷམ་མཁན་དང་ཧ་ཅང་མི་རིང་བ་ཞིག་ན་རྒྱལ་པོའི་ཤིང་རྟའི་བཟོ་བྱེད་དེ་དེ་དང་ཉེ་བར་འཚམ་པའི་ཀོ་བ་
དག་ཡོངས་སུ་སྦྱོར་བར་བྱེད་པ་ལས་རྒྱ་ཆེར་དེ་ཉིད་ཀྱི་དཔེའི་དབང་དུ་བྱས་ནས་འདི་གསུངས་སོ། །འདོད་པ་རྣམས་ནི་སྡུག་བསྔལ་བ་ཡིན་པའི་ཕྱིར་དེ་ཡོངས་སུ་སྤངས་ན་ནི་བདེ་བ་འཐོབ་བོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །ལྷམ་མཁན་ཞེས་བྱ་བ་ནི་གང་ལྷམ་མཁན་བྱེད་ཅིང་ལྷམ་གྱི་བཟོ་ལ་
མཁས་པ་ཞེས་བྱ་བའི་དོན་ཏོ། །ལྟར་ཞེས་བྱ་བ་ནི་དཔེ་ཉེ་བར་འཇལ་བ་སྟོན་ཏོ། །ཀོ་བ་དག་ཅེས་བྱ་བ་ནི་བ་ལང་དང་མ་ཧེ་ལ་སོགས་པའོ། །ཡོངས་སུ་སྦྱངས་ནས་ཞེས་བྱ་བ་ལ་སྦྱངས་པ་ནི་བཅད་པ་སྟེ་མཚོན་གྱིས་བསྐྱེད་ཅིང་སྦྱངས་པའོ། །ཡོངས་སུ་ཞེས་བྱ་བ་ནི་ཐམས་ཅད་ནས་ཏེ། ཀུན་ནས་སྦྱངས་
ནས་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཡོངས་སུ་སྦྱངས་པ་ཡིན་ཞེ་ན། སྨྲས་པ། ལྷམ་ཞེས་བྱ་བ་སྨོས་ཏེ། ཤིང་རྟའི་འཁོར་ལོ་ལ་བཅིང་བ་སྟེ་ཀོ་བ་གང་གིས་ཤིང་རྟའི་འཁོར་ལོ་བཅིང་ཞིང་ཉེ་བར་སྤེལ་བ་དེ་ནི་ལྷམ་ཞེས་བྱ་བའི་སྒྲར་བརྗོད་དེ། ནཱ་ཧ་བན་ད་ན་ཞེས་བྱ་བའི་སྐད་ཀྱི་བྱིངས་ཀྱིས་བསྟན་པའི་
ཕྱིར་རོ། །ཡང་ན་ལྷམ་མཁན་ནི་ཀོ་ལྤགས་མཁན་ཏེ། འདིས་རྐང་པ་ལ་ཉེ་བར་འགེབས་པ་ཡིན་པས་ལྷམ་སྟེ། རྐང་པ་སྐྱོབ་པ་ཞེས་བྱ་བའི་དོན་ཏོ། །གང་དང་གང་སྤངས་པ་ཞེས་བྱ་བ་དང་ཀོ་བ་ཞེས་བྱ་བར་སྦྱར་རོ། །དེ་ནི་འདི་སྐད་བསྟན་པ་ཡིན་ཏེ། ཇི་ལྟར་ལྷམ་མཁན་གྱིས་ལྷམ་དེའི་མཐའ་འདི་
ལ་ཡང་གང་དགོས་པ་ཡོངས་སུ་སྦྱངས་ནས་གང་དང་གང་མི་དགོས་པའི་ཀོ་བ་དག་ནི་ཡོངས་སུ་དོར་བར་བྱས་པས་དེ་དང་དེས་མངོན་པར་འདོད་པའི་དོན་འགྲུབ་པར་བྱེད་དོ། །དེ་བཞིན་དུ་འདོད་པ་སྤོང་བར་བྱེད་པས་ཀྱང་གང་དང་གང་ཅུང་ཟད་སྐྱེས་པའི་རྣམ་པ་སྤང་བར་བྱས་པ་དེ་དང་དེས་ནི་བདེ་བ་དང་

ལྡན་པར་འགྱུར་ཏེ། བདེ་བའི་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་ཡོངས་སུ་སྤང་བས་ནི་དེའི་གཞིས་སྡུག་བསྔལ་མི་འབྱུང་བའི་ཕྱིར་དང་ངེས་པར་འབྱུང་བའི་བདེ་བ་འབྱུང་བའི་ཕྱིར་བདེ་བ་དང་ལྡན་པ་ཡིན་པས་རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་ཏེ། འདི་ལྟར་བདེ་བ་ནི་ནད་སེལ་བའི་སྨན་བསྟེན་པ་བདེ་བ་ཡིན་ནོ་ཞེས་བྱ་
བ་དེ་བཞིན་ནོ། །འདི་ལྟར་འདོད་པ་ཡང་རྣམ་པ་གཉིས་ཏེ། དངོས་པོ་དང་ཉོན་མོངས་པའི་བདག་ཉིད་དོ། །དེ་ལ་དངོས་པོའི་འདོད་པ་ནི་གཟུགས་ལ་སོགས་པ་ཡུལ་རྣམ་པ་ལྔ་དང་། ཁྱིམ་རྣམས་ཡོངས་སུ་གཟུང་བ་ཕ་དང་མ་དང་བུ་སྨད་ལ་སོགས་པའོ། །རབ་ཏུ་བྱུང་བ་རྣམས་ཀྱི་ནི་རྙེད་པ་དང་བཀུར་
སྟིའོ། །ཉོན་མོངས་པའི་བདག་ཉིད་ནི་འདོད་པ་དེ་ཡང་དངོས་པོ་དེ་དག་ཉིད་ལ་འདོད་པ་སྟེ། གང་འདུན་པའི་འདོད་ཆགས་སོ། །དེ་གཉི་གའི་སྦྱོར་བ་འདི་དག་གི་རྣམ་པ་ཡོངས་སུ་སྤངས་པ་དེ་ནི་བདེ་བ་དང་ལྡན་པའོ། །ཇི་སྐད་དུ་གསུངས་པ། ཡོངས་སུ་བཟུང་བ་སྤང་བྱས་ན། །གནོད་པ་དེ་དག་མི་
འབྱུང་སྟེ། །དེ་བཞིན་སེམས་ཀྱི་དྲི་མ་དག །སྤང་བྱས་གནོད་པ་དེ་མི་འབྱུང་། །ཞེས་སོ། །དེ་ལ་འདི་ནི་འདོད་པ་ལ་མངོན་པར་དགའ་བ་རྣམས་འདོད་པ་སྤངས་པ་ལ་གཟུད་པའི་ཕྱིར་གསུངས་སོ། །འདོད་པ་རྣམས་ནི་ཅུང་ཟད་ཙམ་སྤངས་པ་ལས་བདེ་བ་ཅུང་ཟད་ཙམ་ཉིད་ཡིན་ལ་མཐའ་དག་སྤངས་
ན་ནི་བདེ་བ་ཕུན་སུམ་ཚོགས་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། གསོལ་པ། ཀྱེ་གཽ་ཏ་མ་ཅི་ཞིག་སྤངས་ན་བདེ་བ་ཐམས་ཅད་ཐོབ་པར་འགྱུར་ཞེས་པ་དང་། དེའི་དབང་དུ་
མཛད་དེ་ཚིགས་སུ་བཅད་པ་འདི་གསུངས་སོ། །འདོད་པ་ཐམས་ཅད་སྤངས་པ་ཕན་ཡོན་དང་བཅས་པ་བསྟན་ཏོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་ཏོ། །ཀུན་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་མ་ལུས་པ་གཟུང་ངོ་། །གལ་ཏེ་ཞེས་བྱ་བ་ནི་ཇི་སྟེའོ། །བདེ་བ་ནི་འདོད་པ་
རྗེས་སུ་མྱོང་བ་ལ་སོགས་པའོ། །འདོད་པ་ཞེས་བྱ་བ་ནི་རྗེས་སུ་འབྲེལ་པ་དང་མངོན་པར་འདོད་པའོ། །འདོད་པ་ཐམས་ཅད་ཅེས་བྱ་བ་ནི་དངོས་པོའི་འདོད་ཆགས་དང་ཉོན་མོངས་པའི་འདོད་ཆགས་སོ། །ཡོངས་སུ་སྤོང་ཞེས་བྱ་བ་ནི་རབ་ཏུ་དོར་བའོ། །འདོད་པ་གང་དང་གང་སྤངས་པ། །ཞེས་བྱ་བ་

ནི་བདེ་བའི་འདུ་ཤེས་ཀྱི་འདོད་པ་རྣམས་ཕྱོགས་གཅིག་མ་སྤངས་ན་ནི་ཟང་ཟིང་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་མི་འགྱུར་ཏེ། དེས་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་བདེ་བ་ཡོངས་སུ་རྫོགས་འདོད་ན། །འདོད་པ་ཐམས་ཅད་ཡོངས་སུ་སྤང་བར་
བྱ། །ཞེས་བྱ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྨྲས་པ། འདོད་པ་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འདོད་པ་ཐམས་ཅད་ཡོངས་སུ་གཏོང་བའི་ངང་ཚུལ་གང་ཡིན་པ་དེ་ནི་འདོད་པ་ཐམས་ཅད་ཡོངས་སུ་སྤངས་པའོ། །ཇི་ལྟར་ཡང་འདོད་པ་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་ཞེ་ན། སྨྲས་པ། མཐོང་
བ་དང་བསྒོམ་པའི་ལམ་གཉིས་ཀྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རིས་གཉིས་སྤོང་བས་སོ། །མཆོག་ཏུ་ཞེས་བྱ་བ་ནི་གཏན་དུའོ། །ཡང་ན་ཟག་པ་མེད་པའི་ལམ་གྱིས་སྤངས་པས་བདེ་བ་ཁྱད་པར་ཅན་དུ་གྱུར་པ་སྟེ། ཁྱད་པར་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཐོབ་པ་ཞེས་བྱ་བ་ནི་བདེ་བ་རྗེས་
སུ་མྱོང་བ་དང་། བདེ་བ་ལ་གནས་པ་དང་ཐོབ་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་ཡོངས་སུ་སྤངས་པས་མཆོག་ཏུ་བདེ་བ་ཐོབ་པ་ཡིན་ཞེ་ན། གང་གི་ཕྱིར་དེ་ནི་ཕྱིར་མི་འོང་བར་གྱུར་ནས་འདོད་པའི་ཁམས་སུ་ཡང་མི་འོང་བ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགྲོ་བ་ཡིན་
ཏེ། དེས་ན་གནོད་པ་དང་བཅས་པའི་ཁམས་ལས་ཡང་དག་པར་འདས་པའི་ཕྱིར་མངོན་པར་འདོད་པའི་བདེ་བ་འཐོབ་པ་ཡིན་ནོ། །འདོད་པ་ཕྱོགས་གཅིག་སྤངས་པས་ཆོག་པར་འཛིན་པ་དག་འདོད་པ་ཐམས་ཅད་སྤངས་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །ཅིའི་ཕྱིར་འདོད་པ་སྤངས་པས་མཆོག་ཏུ་
བདེ་བ་ཐོབ་པར་བརྗོད་ཅེ་ན། གང་གི་ཕྱིར་ངོམས་མི་ཤེས་པའི་ཕྱིར་འདོད་པ་ནི་སྡུག་བསྔལ་བ་ཡིན་ཏེ། དེས་ན་འདོད་པ་དེ་དག་སྤངས་པ་འདི་ནི་བདེ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཇི་སྲིད་འདོད་པའི་རྗེས་འབྲང་བ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདེ་བ་འདོད་པ་ཞེས་བྱ་བའི་གཅེར་བུ་
པ་དེ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲས་ཏེ། འདི་ལྟ་སྟེ་དཀའ་ཐུབ་དྲག་པོས་ཐར་པ་ཐོབ་པ་དེ་ཉིད་ངོམས་པ་ཡིན་ནོ་ཞེའོ། །མཆོད་སྦྱིན་གྱི་བདག་པོ་ཞེས་བྱ་བའི་བྲམ་ཟེ་དེ་ཡང་འདི་ལྟར་ལྟ་ཞིང་འདི་སྐད་སྨྲས་ཏེ། འདི་ལྟ་སྟེ། ཇི་ལྟར་འདོད་པ་བཞིན་དུ་འདོད་པ་ལས་ལོངས་སྤྱོད་པ་ཉིད་ཀྱིས་ངོམས་པ་ཡིན་

གྱི། ཐབས་གཞན་གྱིས་ནི་མ་ཡིན་ཏེ། དཔེར་ན་ཆུ་ཉེ་བར་ལོངས་སྤྱོད་པས་སྐོམ་པ་དང་བྲལ་བ་ནི་དེའི་དངོས་པོ་ཉིད་ཀྱིས་ཐར་པའོ། །དེ་བས་ན་དེ་གཉིས་ཀྱི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །དེ་ལ་རེ་ཞིག་དང་པོའི་བཤད་པ་སྨྲས་པ། ཇི་སྲིད་ཅེས་བྱ་བ་ནི་དུས་ཇི་སྲིད་
ཀྱི་བར་དུའོ། །འདོད་པའི་རྗེས་འབྲང་བ་ཞེས་བྱ་བ་ནི་གཟུགས་སྡུག་པ་ལ་སོགས་པ་ཡུལ་གྱི་རྗེས་སུ་འབྲང་ཞིང་རབ་ཏུ་སྟོན་པ་དང་སྤྱོད་པའོ། །དེ་སྲིད་བར་དུ་ངོམས་མི་འགྱུར། །ཞེས་བྱ་བ་ནི་དུས་དེ་སྲིད་ཀྱི་བར་དུ་སྲེད་པ་དང་བྲལ་བའི་མཐའ་གཉིས་སོ། །ཡང་ཐབས་གང་གིས་ངོམས་པ་རྙེད་པར་འགྱུར་ཞེ་ན།
སྨྲས་པ། དེ་ལས་ཞེས་བྱ་བ་སྨོས་ཏེ། འདོད་པ་དག་ལས་སོ། །ལྡོག་བྱེད་ཅེས་བྱ་བ་ནི་སྤངས་པའོ། །དེའི་ཕྱིར་ཇི་སྲིད་ཇི་སྲིད་དུ་འདོད་པ་སྤོང་བར་གྱུར་པ་དེ་དང་དེ་སྲིད་དུ་དོན་གཉེར་བ་དང་བྲལ་བ་ཡིན་ཏེ། ཇི་སྐད་དུ་གསུངས་པ། གཅིག་ཏུ་སྤང་བྱ་སྤང་བྱ་སྟེ། །ཡང་དག་སྤྱད་ན་འཛེག་པར་འགྱུར། །རང་གི་
ལུས་ལ་འདོད་པ་ཡི། །སྐས་ནི་བྱ་བར་མི་རིགས་སོ། །ཞེས་སོ། །ལུས་དང་སེམས་ཀྱི་སྐྱོ་བར་ཡང་དག་པར་བསྟན་པས་ཏིང་ངེ་འཛིན་འཐོབ་པར་འདིས་སྟོན་པ་ཡིན་ནོ། །གང་གི་ཕྱིར་སྲེད་པ་བསལ་བའི་ཐབས་ནི་དབེན་པའོ། །ཅི་ཞིག་བྱས་ནས་ཉོན་མོངས་པ་དང་འདོད་པ་རྩ་བ་ནས་འབྱིན་པར་འགྱུར་ཞེ་ན།
སྨྲས་པ། ཤེས་རབ་ཀྱིས་ནི་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་ཡེ་ཤེས་ཀྱིས་འདོད་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཡིན་ཏེ། ཇི་སྐད་དུ་གསུངས་པ་ལས། གཅིག་ཀྱང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་པས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ་ཞེས་ང་མི་སྨྲའོ་ཞེས་སོ། །
གང་དག་ཅེས་བྱ་བ་ནི་གང་ལ་ལ་སྟེ་སྔར་བསྟན་པའི་རིམ་པས་དམིགས་ཏེ། རྒྱལ་རིགས་དང་བྲམ་ཟེ་ལ་སོགས་པའི་རིགས་ལ་ལྟོས་པ་མེད་དེ། དེ་བཞིན་གཤེགས་པ་ནི་རུས་དང་རིགས་དང་རྒྱུད་ལ་ཡོངས་སུ་མི་གཟིགས་ཏེ། དགེ་བ་དང་མི་དགེ་བའི་ལས་ལ་ཡང་དག་པར་གཟིགས་སོ། །གང་
གི་ཕྱིར་དག་པ་ནི་ཤེས་རབ་ལ་རག་ལས་པ་ཡིན་གྱི། རིགས་ལ་རག་ལས་པ་ནི་མ་ཡིན་ནོ། །ཚིམ་པ་ཞེས་བྱ་བ་ནི་སྲེད་པ་དང་བྲལ་བ་སྟེ། དོན་དུ་གཉེར་བ་སྤངས་པའོ། །དེ་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཐབས་རྗེས་སུ་འབྲང་བ་སྟེ། གང་དག་གི་སྒྲས་བསྟན་ཏོ། །འཐོབ་ཅེས་བྱ་བ་ནི་རྙེད་

པའོ། །གང་ཤིན་ཏུ་དཀའ་བས་དཀའ་ཐུབ་ལ་གནས་པ་དང་འདོད་པ་ལ་བརྟེན་པ་ནི་བཟློག་པ་ཡིན་ནོ་ཞེས་སྟོན་ཏེ། ཡུན་རིང་པོར་ཡང་འདོད་པ་ལ་བརྟེན་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འདོད་པ་དག་ལ་བདེ་བླག་ཏུ་རྗེས་སུ་སྦྱོར་བའི་ཕྱིར་ཏེ། དེ་ཡང་བདག་ཉིད་
ཉོན་མོངས་པ་ལ་སྦྱོར་བ་ཡིན་པའི་ཕྱིར་དང་། དེ་ཡང་ངོམས་པར་མི་བྱེད་པ་དང་། རབ་ཏུ་བསྒྲུབས་པའོ། །ཡང་དག་པའི་ལྟ་བས་ཡང་དག་པར་གཟུང་བས་ནི་ངོམས་པར་བྱེད་པ་ཉིད་དུ་སྟོན་ཏོ། །དེ་ལ་འདི་ནི་འདོད་པ་བསྟེན་པ་དང་དཀའ་ཐུབ་བྱས་པ་ལས་ནི་ངོམས་པར་མི་འགྱུར་གྱི། དེ་ཁོ་ན་ཉིད་ཕྱིན་ཅི་
མ་ལོག་པར་ཤེས་པ་དང་ཐབས་ཤེས་པས་ནི་ངོམས་པར་འགྱུར་བས་དེ་ཉིད་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །དུས་ཇི་སྲིད་འདོད་པ་ཉེ་བར་ལོངས་སྤྱད་པས་ཀྱང་ངོམས་པ་ཉིད་དོ་ཞེས་རྟོག་པ་ལ་སྨྲས་པ། འདོད་པས་ངོམས་པར་མི་འགྱུར་བས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱིད་པ་ཞེས་བྱ་བ་
ནི་སྐྱིད་པར་བྱེད་པ་སྟེ་འདོད་པ་ལ་ལོངས་སྤྱོད་པའི་ངོམས་པ་བས་ཁྱད་པར་དུ་ངོམས་པ་ཞེས་བྱ་བའི་དོན་ཏོ། །ངོམས་པ་ཞེས་བྱ་བ་ནི་འདིར་སྦྱར་ཏེ། གང་ཞིག་གིས་ངོམས་ཤེ་ན། སྨྲས་པ། ཤེས་རབ་ཀྱིས་ཞེས་བྱ་བ་སྨོས་ཏེ། གང་དེ་བཞིན་ཉིད་ཤེས་པའི་རྒྱུ་དེས་བསྐྱེད་པའི་ངོམས་པ་དེའོ། །ཅིའི་ཕྱིར་ཞེ་
ན། སྨྲས་པ། མི་འགྱུར་བས་ཞེས་བྱ་བ་སྨོས་ཏེ། འདོད་པ་ཉེ་བར་ལོངས་སྤྱོད་པས་སུ་ཞིག་གཏན་དུ་ངོམས་པར་འགྱུར་ཏེ་མི་འགྱུར་བས་སོ། །འདོད་པ་དག་ལས་ལྡོག་པར་འདོད་པས་ཀྱང་འདོད་པ་དག་ལ་བརྟེན་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། འདོད་པས་ངོམས་པར་མི་འགྱུར་བས། །
ཞེས་སྨོས་ཏེ། །འདི་ལྟར་ནམ་ཡང་འདོད་པ་ལ་ལོངས་སྤྱོད་པས་ནི་ཆགས་པ་དང་བྲལ་བར་མི་འགྱུར་ཏེ། རྒས་པའི་གནས་སྐབས་ན་ཡང་དྲེགས་པ་དང་འདོད་པ་ལས་ལྡོག་པར་མི་འགྱུར་ཏེ། ཇི་སྐད་དུ་བཤད་པ། རྒ་བས་ལུས་ནི་རྒས་གྱུར་ཅིང་། །མགོ་ནི་སྐྱ་བོར་གྱུར་པ་དང་། །དབང་པོ་རྣམས་ནི་
རྙིས་གྱུར་ཀྱང་། །འདོད་ཆགས་ཞེ་སྡང་རྒ་མི་འགྱུར། །ཞེས་པའོ། །གང་གི་ཕྱིར་རྒས་པ་ན་འདོད་པ་དག་ལ་ལྷག་པར་བསྟེན་དུ་ནི་ལུས་མཐའ་དག་སྐམས་པར་གྱུར་ཏེ། སྲེད་པས་སེམས་ལ་ཁྱབ་པར་གྱུར་ཀྱང་དེ་ལ་ལོངས་སྤྱོད་པར་མི་ནུས་པ་ཡིན་ཏེ། དེས་ན་མི་བསྟེན་པ་ཡིན་གྱི་ངོམས་པ་ནི་མ་

ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱིས་ཀྱང་དེ་བཞིན་དུ་ངོམས་པར་མི་འགྱུར་རམ་ཞེ་ན། དེ་ནི་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། སྨྲས་པ། ཤེས་རབ་ཀྱིས་ནི་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་ཤེས་རབ་ཀྱིས་སྐྱེས་བུ་གང་ངོམས་ན་ནི་སྲིད་པ་དང་བྲལ་བ་ཡིན་ཏེ། དེ་ནི་ཡང་འདོད་ཅིང་སྲེད་པའི་དབང་དུ་མི་
འགྲོའོ། །དེ་ཉིད་སྨྲས་པ། སྲིད་པའི་དབང་དུ་མི་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ། དབང་དུ་མི་བྱེད་པ་ནི་བདག་དང་རྗེས་སུ་མཐུན་པ་སྲེད་པའི་གཞན་གྱི་དབང་དུ་མི་འགྲོ་བ་སྟེ། དེའི་བདག་ཉིད་ལ་རག་མ་ལུས་པ་ཞེས་སོ། །ངོམས་པར་འདོད་པས་ནི་ཡེ་ཤེས་ཉིད་ལ་གོམས་པར་བྱའི་འདོད་པ་བསྐྱེད་པར་
ནི་མི་བྱའོ་ཞེས་ངེས་པ་བསྐྱེད་པར་བྱ་བའི་ཕྱིར་འདི་གསུངས་སོ། །འདོད་པའི་དབང་དུ་འགྲོ་བ་ནི་སྐྱོན་འདི་ཡོད་དེ། གང་དུ་ངན་པར་སྤྱོད་པའི་རྒྱུར་གྱུར་པ་དང་། འདོད་པས་ནི་དེ་བཞིན་ཉིད་ཤེས་པ་ལ་བར་དུ་གཅོད་པར་བྱེད་པ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར་སྨྲས་པ། འདོད་ལ་ཆགས་པའི་ཞེས་བྱ་བ་ལ་
སོགས་པ་ཚིགས་བཅད་གཉིས་སོ། །ཡུལ་ཡངས་པ་ཅན་ན་ཁྱིམ་བདག་དྲག་ཤུལ་ཅན་ཞེས་བྱ་བ་བྲན་ཕོ་དང་བྲན་མོ་དང་ལས་བྱེད་པ་དག་ལ་ཆད་པས་བསྡིགས་པ་དང་འཇིགས་པས་བསྡིགས་པ་དག་བྱས་ནས་ཉིན་པར་བུད་མེད་ཀྱི་ཚོགས་དང་རོལ་མོས་རྩེ་ཞིང་དགའ་བར་སྤྱོད་ལ་སྐྱེད་མོས་ཚལ་
ནས་སྐྱེད་མོས་ཚལ་དུ་འགྲོ་བ་དེ་གཟིགས་ནས། བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །འདོད་པ་ལ་སྲེད་པ་ནི་ངན་པར་སྤྱོད་པའི་རྒྱུར་གྱུར་པ་དང་། ཀུན་ཏུ་རྨོངས་པར་བསྟན་པ་དང་། དེ་ལ་ཆགས་པས་བྱ་བ་མ་ཡིན་པ་ལ་འབད་ཅིང་འཇུག་པར་འགྱུར་བས་ངེས་པར་མི་རྟག་པར་འགྱུར་བ་
དེས་མ་མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདོད་ལ་ཞེས་བྱ་བ་ནི་དངོས་པོའི་འདོད་པ་ལའོ། །མི་གང་ཡིན་ཞེས་བྱ་བ་ནི་སེམས་ཅན་གང་དག་གོ། །ཆགས་པ་ཞེས་བྱ་བ་ནི་ལྷག་པར་ཞེན་པ་སྟེ། སོ་སོའི་སྐྱེ་བོ་འདོད་པ་ན་སྤྱོད་པ་དག་གོ། །ཆོས་མིན་ཞེས་བྱ་བ་ནི་ལུས་དང་ངག་
དང་ཡིད་ཀྱིས་ཉེས་པར་སྤྱོད་པ་སྟེ། ཇི་སྐད་དུ་གསུངས་པ། ཆོས་མ་ཡིན་པ་གང་ཞེ་ན། འདི་ལ་གཅིག་སྟེ། སྲོག་གཅོད་པར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་རྒྱ་ཆེར་གསུངས་སོ། །ཀྱེ་མ་ཞེས་བྱ་བ་ནི་འདོད་པ་ལ་ལྷག་པར་ཞེན་པ་རྣམས་ལ་བཅོམ་ལྡན་འདས་མི་གཙང་བའི་ཚོགས་

ཀྱི་ནང་ན་སྲིན་བུ་གནས་པ་བཞིན་དུ་ཐུགས་བརྩེ་བ་ཡིན་ཏེ། མི་གང་དག་འདོད་པ་ལ་ཆགས་པ་དེ་དག་དང་འདོད་པ་རྣམས་ཀྱི་དོན་ཕུན་སུམ་ཚོགས་པས་དྲེགས་པས་ངན་པར་སྤྱོད་པ་བྱེད་ཅིང་དགའ་བར་འགྱུར་བ་ལའོ། །དེ་དག་ཅེས་བྱ་བ་ནི་གང་སྔར་བསྟན་པའི་འདོད་པ་ལ་
ཆགས་པ་དེ་དག་གོ། །ཆོས་མ་ཡིན་པ་ངན་པར་སྤྱོད་པ་རྣམ་པ་བཅུ་པོ་དེ་དག་ལ་དགའ་བ་ཞེས་བྱ་བ་ནི་དགའ་བ་དང་ལྡན་པའོ། །ཇི་སྐད་དུ་གསུངས་པ། འདོད་པ་ནི་གསོད་པར་བྱེད་པ་ཡིན་ཏེ། འདོད་པའི་གཞི་དང་འདོད་པའི་རྒྱུས་རྒྱལ་རིགས་དང་རྒྱལ་རིགས་སུ་འཐབ་པར་འགྱུར་རོ། །དེ་དག་འདོད་པ་ལ་ཆགས་པ་
དང་ཆོས་མ་ཡིན་པ་ལ་དགའ་བ་དེས་ཀྱང་འདོད་པས་བློ་རྣམ་པར་གཡེན་སྤྱོ་བ་དེ་དག་གིས་འཆི་བ་ལ་ཉེ་བར་གནས་པར་གྱུར་པ་དང་། བར་ཆད་མཐོང་བར་མ་གྱུར་པ་ཡིན་ཏེ། གགས་མ་རྟོགས་ཤིང་བར་དུ་གཅོད་པ་མི་བཟད་པ་མ་རྟོགས་པ་ཞེས་བྱ་བའི་དོན་ཏོ། །འདོད་པ་དང་ལྡན་པ་རྣམས་ལ་གང་ཡོད་ན་གློ་བུར་
དུ་འཆི་བའི་མཚན་ཉིད་ཀྱི་བགེགས་ཡོད་པར་འགྱུར་ཞེ་ན། སྨྲས་པ། ཅུང་ཟད་གསོན་པོར་འདུག་པ་ན། །ཞེས་བྱ་བ་སྨོས་ཏེ། དུས་ཤིན་ཏུ་ཐུང་བར་གནས་པའི་ཚེ་ཡོད་པར་གྱུར་པ་ལ་སྟེ་གང་དེ་ལྟར་ཡུན་རིང་དུ་འཚོ་བ་དེ་ཡང་ལོ་བརྒྱའོ་ཞེས་ལུང་ལས་གསུངས་པས་སོ། །རྒྱུ་མཚན་གྱི་འདུན་པའམ་ཅུང་ཟད་
གསོན་པའི་ཆེད་དུ་བར་ཆད་མཐོང་བར་མ་གྱུར་པ་ཡིན་ཏེ། ཇི་སྐད་དུ་བཤད་པ། ལྐོག་མར་སྲོག་ཕྱིན་པར་གྱུར་ན་ནི་ཐམས་ཅད་ཀྱང་གཞན་གྱི་ལག་ཏུ་འགྲོ་བ་ཉིད་དེ་ཇི་སྲིད་འཚོ་བ་དེ་སྲིད་ཀྱི་བར་དུ་ནི་འདོད་པ་ཡོད་དོ། །དེ་དང་བྲལ་ན་ནི་འདོད་པ་དང་ཡང་བྲལ་བར་འགྱུར་རོ་ཞེས་སོ། །དེ་ལ་འདི་ནི་འདོད་
པ་ལ་ཞེན་པ་དག་དེ་ལས་འདུན་པ་བཟློག་པའི་ཕྱིར་གསུངས་སོ། །ཇི་ལྟར་ཡང་འདོད་པ་ལ་ཆགས་པ་དང་། ཆོས་མ་ཡིན་པ་ལ་དགའ་བས་བདག་དང་གཞན་གཉི་ག་ཉེ་བར་འཇོམས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བློ་ངན་ལོངས་སྤྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བློ་ངན་ནི་བྱིས་
པ་སྟེ། ལོངས་སྤྱོད་ཀྱིས་བྱས་པའི་སྲེད་པའི་ཀུན་ནས་ཉོན་མོངས་པ་དང་སྲེད་པས་བྱས་པའི་ངན་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ཏོ། །བཅོམ་པ་ནི་ཉེ་བར་གདུང་བར་བྱེད་པ་སྟེ། དགེ་བའི་ཆོས་རིང་དུ་བྱེད་ཅིང་རྒྱུད་རྒུད་པར་བྱེད་པའོ། །གང་ཡིན་ཞེ་ན། སྨྲས་པ།

བློ་ངན་ཞེས་བྱ་བ་སྨོས་ཏེ། བློ་ངན་པ་གང་ལ་ཡོད་པ་དེ་ནི་བློ་ངན་ཏེ་ཤེས་རབ་དང་རྟོག་པ་ངན་པ་སྟེ། རྨོངས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གིས་ཤེ་ན། སྨྲས་པ། ལོངས་སྤྱོད་ཀྱི་ཞེས་བྱ་བ་སྨོས་ཏེ། འདོད་པས་ཉེ་བར་སྤྱོད་པའི་ཕྱིར་ལོངས་སྤྱོད་དེ། འདོད་པའི་ཡུལ་རྣམས་སོ། །དེ་དག་ཀྱང་རྨོངས་པའི་
སྐྱེ་བོ་ཉིད་བཅོམ་པར་འགྱུར་ཞིང་ཇི་སྲིད་སྐྱོ་བ་ཆུང་བའི་འཕགས་པའི་གང་ཟག་རྣམས་ཀྱང་གཡེན་སྤྱོ་བར་འགྱུར་རོ་ཞེས་བསྟན་ཏོ། །མི་བྱེད་ཅིང་ཞེས་བྱ་བ་ནི་ནམ་ཡང་ཕ་རོལ་ཚོལ་བར་མི་བྱེད་པ་ཡིན་ཏེ། འདོད་པ་དག་ལས་ཕ་རོལ་ཏུ་ངེས་པར་འབྱུང་བ་སྟེ། དེ་ཚོལ་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་དེ་སྟེ།
དེ་ལྟ་བུར་མྱ་ངན་ལས་འདས་པ་ཚོལ་བ་མེད་པ་སྟེ་སོ་སོའི་སྐྱེ་བོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ཏུ་ནི་བདག་ཉིད་ཚོལ་བ་ཞེས་བརྗོད་དེ། བདག་ཉིད་ལ་ཕན་པ་ཚོལ་བ་ཡིན་པའི་ཕྱིར་མཁས་པ་ཞེས་བྱ་བའི་དོན་ཏོ། །འདོད་པས་རྨོངས་པ་ཞེས་བྱ་བ་ལ། རྨོངས་པའི་སྐྱེ་བོ་ནི་ཉེ་བར་གདུང་བ་ཡིན་ཏེ་
ཉེ་བར་ཆགས་པར་འགྱུར་རོ། །དེས་ན་ངན་པར་སྤྱོད་པ་བསགས་པས་བདག་དང་གཞན་ལ་ཉེ་བར་གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདག་དང་གཞན་ཡང་ཕུང་བར་བྱེད། །ཅེས་བྱ་བ་སྨོས་ཏེ། དེ་ཡང་ལོངས་སྤྱོད་ལ་ཆགས་པ་དང་ལོངས་སྤྱོད་ལ་སྲེད་པས་བདག་ཕུང་བར་བྱེད་དེ་དེ་ངན་
སོང་ཉེ་བར་སློང་བའི་ངན་པར་སྤྱོད་པས་སོ། །གཞན་ཡང་ཞེས་བྱ་བ་ནི་སེམས་ཅན་གཞན་ཡང་ཕུང་བར་བྱེད་པ་ཡིན་ཏེ། རྣམ་པ་མང་པོའི་གནོད་པ་བྱེད་པས་སོ། །དང་གི་སྒྲ་ནི་ཕུང་བར་བྱེད་པ་ཉིད་དུ་ངེས་པར་གཟུང་བའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། བསམ་བརླག་ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་
ལོངས་སྤྱོད་མ་ཐོབ་ཀྱང་དེ་ནི་སྲེད་པ་སྐྱེད་པར་བྱེད་དེ། དེ་ཡང་དེ་ལ་སྲེད་པའི་བག་ཆགས་སྒོམ་པར་བྱེད་དོ། །དེ་ལྟར་ན་དེས་ལོངས་སྤྱོད་ཀྱིས་ཕུང་བར་འགྱུར་ཏེ། རང་དབང་མེད་པར་འགྱུར་རོ། །དེ་དེ་ལྟར་ལོངས་སྤྱོད་ལ་སྲེད་པ་དེས་ཕུང་བས་བདག་ཉིད་ཀྱང་ཕུང་བར་བྱེད་དེ་ངན་པར་སྤྱོད་པ་ཀུན་དུ་སྤྱོད་པའི་
ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གང་གིས་དེ་ལྟར་ཕུང་བར་བྱེད་པ་ཡིན་ཞེ་ན། སྨས་པ། འདོད་ལ་སྲེད་པ་ཡིས་ཞེས་བྱ་བ་སྨོས་ཏེ། ལོངས་སྤྱོད་ལ་སྲེད་པས་སོ། །ལོངས་སྤྱོད་དོན་དུ་གཉེར་བ་དང་ལོངས་སྤྱོད་ལ་ཆགས་པ་རྣམས་འདུན་པ་དེ་ལས་བཟློག་པའི་ཕྱིར་འདི་གསུངས་སོ། །བཅོམ་པ་

ཞེས་བསྟན་པ་ལ་ཇི་ལྟར་འདི་དག་བཅོམ་པ་ཡིན་ཞེ་ན། སྨྲས་པ། ཆོག་མི་ཤེས་པའི་ཕྱིར་དང་། མནོག་ཆུང་བའི་ཕྱིར་དང་། ཉེས་པ་མང་བས་སོ། །འདི་ཉིད་སྨྲས་པ། ཀཱར་ཥཱ་པ་ཎའི་ཆར་བབ་ཀྱང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་སྨོས་སོ། །རྒྱལ་པོ་
ང་ལས་ནུས་བརྒྱ་བྱིན་བརྒྱ་རྩ་བཅུ་བཞིའི་ཚེ་ཚད་དང་མཉམ་པ་སྙེད་དུ་ལྷ་དང་མིའི་བདེ་བ་ཉམས་སུ་མྱོང་ནས། དེའི་ཐ་མར་རྒྱ་ཆེར་སྨྲས་པ། བདག་གིས་ནི་ཤིན་ཏུ་ཡུན་རིང་པོར་ཉེ་བར་ལོངས་སྤྱོད་ཅིང་ལྷག་པར་རོལ་པར་བྱས་ཀྱང་འདོད་པ་རྣམས་ཀྱིས་མ་ངོམས་ཏེ། དེ་བས་ན། ཀཱར་ཥཱ་པ་ཎའི་ཆར་
བབ་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གཞན་དག་ན་རེ་མཉན་ཡོད་ན་བ་ཀ་ཞེས་བྱ་བ་རབ་ཏུ་བྱུང་བ་ལ་ནི་མངོན་པར་མི་དགའ་ལ་འདོད་པ་དག་ལ་ནི་དགའ་བས་དེ་དང་དགེ་སློང་དག་ལས་བརྩམས་ཏེ་དང་པོའི་ཚིགས་སུ་བཅད་པ་གཉིས་གསུངས་ཞེས་སོ། །དེ་དག་ཀྱང་གཅིག་ལ་གཅིག་འབྲེལ་
པ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ཏོ། །ཇི་ལྟར་ཡང་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་ནི་ཆོག་མི་ཤེས་པ་དང་། མནོག་ཆུང་བ་དང་། ཉེས་དམིགས་མང་བའོ། །གལ་ཏེ་འདིར་ངོམས་པར་འགྱུར་ན་ནི་མནོག་ཆུང་བ་དང་ཉེས་པ་མང་དུ་ཟིན་ཀྱང་ངོམས་པར་འགྱུར་བའི་ཕྱིར་དོན་དུ་གཉེར་
བར་འགྱུར་རོ། །ཡང་ན་མནོག་ཆེ་བར་གྱུར་ཅིང་ཉེས་པ་མེད་ན་ངོམས་པར་མི་བྱེད་དུ་ཟིན་ཀྱང་བདེ་བའི་ཕྱིར་དོན་དུ་གཉེར་བར་བྱའོ། །ཡང་ན་མནོག་ཆུང་བ་ཡོད་ཅིང་སྡུག་བསྔལ་ཆུང་བ་ཡིན་ཡང་དེ་ལྟ་ན་ཡང་བདེ་བའི་ཕྱིར་དོན་དུ་གཉེར་བར་བྱ་བ་ཉིད་ན། གང་གི་ཕྱིར་འདོད་པ་རྣམས་ནི་ངོམས་པར་མི་
བྱེད་པ་དང་མནོག་ཆུང་བ་དང་ཉེས་པ་མང་བ་ཡིན་ཏེ། དེ་བས་ན་དེ་ལྟར་ཡོངས་སུ་ཤེས་པར་བྱའོ། །གང་རྫོགས་པའི་སངས་རྒྱས་དང་། ཉན་ཐོས་ཀྱིས་ནི་དེ་ཡུལ་དུ་མི་བྱེད་པས་གང་འདོད་པ་ལ་མ་ཆགས་པའི་ཕན་ཡོན་རྣམས། དེའི་འབྲས་བུ་ནི་མྱ་ངན་ལས་འདས་པ་ལ་མངོན་པར་དགྱེས་པ་སྟེ་
དེ་འདིར་བསྟན་པ་ཡིན་ནོ། །ཀཱར་ཥཱ་པ་ཎའི་ཆར་བབ་ཀྱང་། །ཞེས་བྱ་བ་ལ། ཀཱར་ཥཱ་པ་ཎའི་གཟུགས་བཅོམ་པའི་ཚོང་གི་ཐ་སྙད་ལ་དགོངས་པ་སྟེ། གསེར་ལ་སོགས་པ་ལས་བྱས་པའི་པ་ཎའི་བྱེ་བྲག་གོ། །གཞན་དག་ན་རེ་ཟངས་མའི་པ་ཎའི་ཚད་ཀཱར་ཥཱ་ཡིན་ནོ་ཞེས་ཟེར་རོ། །དེ་དག་འབབ་པ་

ནི་ཆར་ཏེ་རྒྱུན་མི་ཆད་པར་འབབ་པའོ། །དེས་ཀྱང་སྲེད་པ་དང་ལྡན་པ་དག་འདོད་པས་ངོམས་པ་མེད་དོ། །ཇི་སྐད་དུ་བཤད་པ། གང་ལས་རྙེད་པ་དེ་ལ་ཆགས། །རྙེད་ལས་ཆགས་པ་སྐྱེ་བར་འགྱུར། །ཞེས་པ་དང་། སྲེད་པའི་དོང་འདི་གཏིང་མེད་དེ། །དགང་དཀའ་ཅི་ཡིས་ཁེངས་པར་འགྱུར། །གང་
ཞིག་ཆེན་པོ་བླུགས་གྱུར་ཀྱང་། །ཁེངས་མེད་གཏིང་དུ་རྒོ་བར་འགྱུར། །ཞེས་སོ། །གཞན་དག་ན་རེ་རིན་པོ་ཆེ་སྣ་བདུན་གྱི་ཆར་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་ཡང་རྒྱལ་པོ་ང་ལས་ནུའི་ཕོ་བྲང་གི་ནང་དུ་ཞག་བདུན་གྱི་བར་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར་བབ་སྟེ། རིན་པོ་ཆེ་མང་པོ་འདིར་ཐོབ་པར་གྱུར་པའི་
ཕྱིར་ཀཱར་ཥཱ་པ་ཎ་ནི་དེ་མཚོན་པར་བྱ་བའི་ཕྱིར་སྨྲས་པ་ཡིན་ནོ། །ངོམས་པ་ནི་ཤིན་ཏུ་སྐོམ་པ་དང་བྲལ་བའོ། །གང་གིས་མི་ངོམས་ཤེ་ན། སྨྲས་པ། འདོད་པ་རྣམས་ཀྱིས་ཏེ་གཟུགས་ལ་སོགས་པས་སོ། །ནོར་ཕུན་སུམ་ཚོགས་པ་ལས་ནི་འདོད་པའི་སྲེད་པ་འཕེལ་བར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །མི་
འགྱུར་ཞེས་བྱ་བ་ནི་མེད་པ་སྟེ། ཤེས་རབ་ཉིད་ཀྱིས་འདིར་ངོམས་ཀྱི། །འདོད་པའི་ཡོ་བྱད་ཡོངས་སུ་གཟུང་བས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཇི་ལྟར་ན་ཤེས་རབ་ཀྱིས་ངོམས་ཤེ་ན། དེ་བཞིན་ཉིད་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ལྟར་ངོམས་པར་མི་བྱེད་པའི་སྐྱོན་བསྟན་ནས་གཞན་བསྟན་པའི་ཕྱིར་སྨྲས་
པ། འདོད་པ་མནོག་ཆུང་ཞེས་བྱ་བ་སྨོས་ཏེ། དུག་དང་འདྲེས་པའི་ཁ་ཟས་ལྟ་བུར་བདེ་བ་ཆུང་བ་དང་། རྨི་ལམ་དང་འདྲ་བའི་ཕྱིར་རོ། །ཉེས་པ་མང་བ་ཞེས་བྱ་བ་ནི་སྡུག་བསྔལ་མང་པོ་གང་ལ་ཡོད་པ་དེ་ནི་ཉེས་པ་མང་བ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་ཏེ། གནོད་པ་མང་པོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་
བཤད་པ། གང་ཞིག་རི་རབ་ཡུངས་འབྲུའི་ཁྱད་པར་དང་། །རྒྱ་མཚོའི་ཆེ་དང་ཐིགས་པའི་ཁྱད་པར་དང་། །བློ་ངན་བཟང་པོ་གཉིས་ཀྱི་བྱེ་བྲག་ཀྱང་། །མཁས་པས་བདེ་དང་སྡུག་བསྔལ་དེ་ལྟར་འདོད། །ཅེས་སོ། །ཁོང་དུ་ཆུད་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ངེས་པར་བྱས་ཤིང་ཚུལ་ཤིན་ཏུ་རྟོགས་པའོ། །
མཁས་པ་ནི་བློ་རྣམ་པར་གསལ་བའི་ཕྱིར་མི་དགེ་བ་ལ་སོགས་པ་ལ་ཡང་དག་པར་ཡོངས་སུ་བརྟགས་པས་ལམ་གྱི་ཚོགས་ལ་འཇུག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གསུམ་གྱིས་འདོད་པ་ཡོངས་སུ་ཤེས་པར་བྱས་ནས་ཅི་ཞིག་ཅེ་ན། སྨྲས་པ། ལྷའི་འདོད་པ་རྣམས་ལས་སོ། །ཞེས་བྱ་བ་

སྨོས་ཏེ། ལྷ་ཉིད་ཡིན་པས་ལྷའོ། །དེའི་འདོད་པ་ནི་ལྷག་པར་ཡིད་དུ་འོང་བ་སྟེ། དེ་དག་ལ་མ་འོངས་པའི་ཉེས་དམིགས་མཐོང་བའི་ཕྱིར་མཁས་པས་དེ་ནམ་ཡང་མངོན་པར་མི་འཐོབ་ན། མིའི་འདོད་པ་རྣམས་ལ་ཡང་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་ཡང་གི་སྒྲའོ། །དེ་
དེ་ལྟར་འདོད་པ་རྣམས་ལ་ནི་མངོན་པར་དགའ་བ་མེད་ན། གང་ལ་མངོན་པར་དགའ་བར་འགྱུར་བ་ཡོད་ཅེ་ན། སྨྲས་པ། སྲེད་པ་ཟད་པས་དགྱེས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ་མྱ་ངན་ལས་འདས་པས་མངོན་པར་དགྱེས་པ་ཞེས་བྱ་བའི་དོན་ཏོ། །ཅི་ཐམས་ཅད་ཀྱང་ངེས་པར་འདོད་པ་དག་ལ་མི་དགའ་
ཞིང་སྲེད་པ་ཟད་པས་དགའ་བར་འགྱུར་རམ་ཞེ་ན། དེ་ནི་མ་ཡིན་ཏེ། སྨྲས་པ། རྫོགས་སངས་རྒྱས་དང་ཉན་ཐོས་རྣམས། །ཞེས་བྱ་བ་སྨོས་ཏེ། དེ་ཉིད་གཅིག་པུ་ཇི་ལྟར་དགྱེས་པར་འགྱུར་གྱི། གཞན་ནི་མ་ཡིན་ཏེ། འདི་ལྟར་ཕྱི་རོལ་གྱི་དངོས་པོ་དག་ལ་འདོད་ཆགས་དང་བྲལ་བར་གྱུར་ནས་
བསམ་གཏན་ལ་དགའ་བར་གྱུར་པའམ། ཡང་ན་གཟུགས་མེད་པ་ལ་དགའ་བའོ། །ཕྱིན་ཅི་མ་ལོག་པའི་ཚོགས་དེས་དེ་བཞིན་ཉིད་ཀྱི་དངོས་པོའི་དོན་མཐའ་དག་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་སངས་རྒྱས་སོ། །དེའི་ཉན་ཐོས་ནི། དེའི་བཀའི་རྗེས་སུ་འབྲང་བ་སྟེ། དེ་ཉིད་ལ་ཡང་དག་པར་
རྗེས་སུ་ཞུགས་པའི་ཕྱིར་རོ། །དེ་ལ་འདི་ནི་འདོད་པ་རྣམས་ཀྱི་རོ་མྱོང་བར་བྱེད་པའི་ཉེས་དམིགས་བསྟན་པས་དེ་ལས་བཟློག་པའི་ཕྱིར་འདི་གསུངས་སོ། །ཀཱར་ཥཱ་པ་ཎའི་ཆར་བབ་པ་ཉི་ཚེས་མ་ངོམས་པ་མ་ཡིན་ཏེ། གསེར་གྱི་རི་བོ་ཐོབ་པར་གྱུར་ཀྱང་འདོད་པ་དག་གིས་ངོམས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་
སྨྲས་པ། གངས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཤི་ལ་བ་ཏི་ཞེས་བྱ་བའི་ཤཱཀྱ་རྣམས་ཀྱི་གྲོང་རྡལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། རྒྱལ་སྲིད་ནི་ངེས་པར་གསད་པ་དང་གསོད་པར་བྱེད་དུ་འཇུག་པས་ཐོབ་པར་བྱ་བའོ་ཞེས་གསུངས་པ་དང་། ཇི་
ཙམ་ན་བདུད་འོངས་ཏེ་ཞུས་པ། བཙུན་པ་རྒྱལ་སྲིད་ནི་ཐོབ་པར་བྱ་བ་རྫུ་འཕྲུལ་གྱིས་ཏེ། དེ་ལྟར་འདོད་པའི་རྒྱལ་སྲིད་དོ། །སྡིག་ཅན་ཅིའི་ཕྱིར་དེ་སྐད་ཅེས་སྨྲ་ཞེས་བཀའ་སྩལ་པ་དང་། བཙུན་པ་བདག་གིས་ནི་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ཤིང་བཟུང་སྟེ་གང་ལ་ལ་ཞིག་གིས་རྫུ་འཕྲུལ་

གྱི་རྐང་པ་བཞི་ཀུན་དུ་བསྟེན་པ་དང་། བསྒོམས་པ་དང་། མང་དུ་བྱས་པ་དང་། འདོད་པར་བྱས་པ་དེས་ནི་རི་གངས་ཅན་དང་མཉམ་པའི་གསེར་གྱི་རི་བོ་ལས་ཀྱང་གྲོལ་ཏེ་དེ་ཡང་དེ་བཞིན་དུ་འགྱུར་གྱི་གཞན་དུ་མ་ཡིན་ནོ། །བཙུན་པ་བཅོམ་ལྡན་འདས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་ནོ་ཞེས་རྒྱ་ཆེར་
སྨྲས་ཏེ། དེ་བས་ན་བདག་དེ་ལྟར་སྨྲའོ་ཞེས་པ་དང་། ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །དེ་ལ་འདིར་དང་པོའི་ཚིགས་བཅད་ཀྱིས་ནི་ཡང་དག་པར་བསྟན་པ་དང་། ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་ཡིན་ཏེ། དེ་ལ་འདི་ཇི་ལྟར་ཡང་དག་པར་བསྟན་
པ་ཡིན་ཞེ་ན། འདོད་ཅིང་སྲེད་པའི་ཉེས་པ་སྟེ་མང་ཞིང་མཆོག་ཏུ་གྱུར་པ་ཐུན་མོང་མ་ཡིན་པའི་ནོར་རྙེད་པར་གྱུར་ཀྱང་ངོམས་པ་མེད་པའི་ཕྱིར་རོ། །གང་ལ་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ཞེ་ན། འདོད་ཅིང་སྲེད་པའི་གཞིས་ངན་པར་སྤྱོད་པ་ལས་བཟློག་པ་དང་། ལེགས་པར་སྤྱོད་པ་ལ་གཟུད་པ་ནི་བསྡུས་
པའི་དོན་ཏོ། །རི་བོ་ཡོད་གྱུར་ཀྱང་ཞེས་བྱ་བ་ནི་ཚོགས་ཡོད་པར་གྱུར་ཀྱང་ཡང་ངོ་། །གང་གི་ཞེ་ན། སྨྲས་པ། གསེར་གྱི་རི་ཞེས་བྱ་བ་སྨོས་ཏེ། འཛམ་བུ་ཆུ་བོའི་གསེར་གྱི་ཞེས་བྱ་བའི་དོན་ཏོ། །ཚད་ཇི་ལྟ་བུ་ཞེ་ན། སྨྲས་པ། མཉམ་པ་ནི་འདྲ་བའོ། །གང་དང་ཞེ་ན། གངས་ཅན་ཏེ་ལྷག་པར་ཁ་བ་མང་
པོ་གང་ལ་ཡོད་པ་དེ་ནི་ཁ་བ་ཅན་ཏེ། དེས་ན་རི་ཆེན་པོ་དེ་དང་ངོ་། །འདིས་ནི་ནོར་མང་པོ་རྙེད་པས་རྙེད་པ་བསྟན་ཏེ། གསེར་གྱི་ཞེས་བྱ་བ་ནི་ནོར་ཡོད་ཅིང་རྙེད་པར་གྱུར་པའོ། །དེ་ལྟ་མོད་ཀྱི་རི་གངས་ཅན་དང་མཉམ་པའི་གསེར་གྱི་ཕུང་པོ་ཡོད་པར་གྱུར་ཀྱང་ཚིམ་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཆོག་ཅིང་
ངོམས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སུ་ཞེ་ན། སྨྲས་པ། གཅིག་ཀྱང་ཞེས་བྱ་བ་སྨོས་ཏེ། གཅིག་ཀྱང་སྲེད་པ་ཟད་པར་མི་འགྱུར་ན་མང་པོ་ལྟ་ཅི་སྨོས། འདིས་ནི་ཐུན་མོང་མ་ཡིན་པའི་དུས་བསྟན་ཏོ། །ནོར་དེས་ཞེས་བྱ་བ་ནི་དེའི་ནོར་རོ། །ཡང་ན་འདིས་ཤེས་པ་ཡིན་པས་ནོར་དེ་བདེའོ་ཞེས་
རིག་ཅིང་ཐོབ་པ་དང་རྗེས་སུ་མྱོང་བ་ནི་ནོར་ཞེས་བྱ་བའི་དོན་ཏོ། །གྱིས་ལ་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་ངོམས་པར་མི་འགྱུར་བ་དེ་བས་ན་འདོད་པ་ཡོངས་སུ་སྤོངས་ལ་དགེ་བ་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །གང་ཡིན་ཞེ་ན། སྨྲས་པ། རྟོགས་པ་ཞེས་བྱ་བ་སྨོས་ཏེ།

ཡོན་ཏན་དང་སྐྱོན་བརྟག་པ་ལ་མཁས་པའོ། །དེ་ལྟར་རྟོགས་པར་བྱས་ནས་ཅི་ཞིག་བྱ་ཞེ་ན། སྨྲས་པ། ལེགས་པར་སྤྱོད་ཅེས་བྱ་བ་སྨོས་ཏེ། ལེགས་པར་སྤྱད་པ་ལ་འཇུག་པར་གྱིས་ཤིག་པ་སྟེ། ལེགས་པར་སྤྱད་པ་ལ་འཇུག་པས་ལེགས་པར་སྤྱོད་པ་ཉིད་སྤྱད་པར་བྱའི།
ནོར་ལ་ཆགས་པའི་ཕྱིར་སེམས་ཅན་ལ་མི་མཐུན་པར་སྤྱད་པར་ནི་མི་བྱའོ། །སེམས་ཅན་མཐའ་དག་གི་སྤྱོད་པ་ནི་ལེགས་པར་སྤྱོད་པ་ལ་རག་ལས་པའི་ཕྱིར་རོ། །ཉེ་དུ་མཛའ་བཤེས་རྩ་ལག་ནི། །སྡུག་བསྔལ་བྱུང་ནས་ལྡོག་པར་འགྱུར། །གང་གིས་ལྷན་ཅིག་འགྲོ་འགྱུར་བའི། །དགེ་བའི་ལས་ནི་བསྟེན་
པར་གྱིས། །ཞེས་སོ། །ནོར་རྙེད་པའི་ཆེད་དུ་ངན་པར་སྤྱད་པ་སྤྱོད་པ་དག་དེ་ལས་སྐྱོ་བ་བསྐྱེད་པའི་ཕྱིར་འདི་གསུངས་སོ། །གང་འདི་ལྟར་འདོད་པ་རྣམས་ཀྱིས་ཉེ་བར་གཙེས་པ་ཡིན་ནོ་ཞེས་རྟོགས་པ་དེ་ཉིད་ནི་དེ་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གང་དག་སྡུག་བསྔལ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཚིགས་སུ་བཅད་པ་ཕྱེད་དང་པོས་ནི་འདོད་པ་དག་ལས་མ་ཉམས་ན་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྐྱོན་བསྟན་ཏེ། གང་གི་ཕྱིར་འདོད་པ་དག་ཡོད་ན་ནི་ཕྱིར་རྒོལ་བ་རྣམས་དང་། མང་པོ་གསད་པ་དང་བཅིང་བ་དང་སྡུག་བསྔལ་རྣམ་པ་མང་པོ་འཐོབ་པར་འགྱུར་རོ། །ཚིགས་བཅད་
ཕྱེད་འོག་མས་ནི་འདོད་པ་ཉམས་པ་ལ་ལྷག་པར་ཆགས་པའི་སྐྱོན་བསྟན་ཏོ། །གང་གི་ཕྱིར་དེ་ཉམས་ན་ནི་ཟུག་རྔུས་ཟུག་པ་བཞིན་དུ་སྡུག་བསྔལ་བར་གནས་ཤིང་མྱ་ངན་དང་བཅས་པ་ནི་འདིའི་བསྡུས་པའི་དོན་ཏོ། །གང་དག་ཅེས་བྱ་བ་ནི་གང་ལ་ལའོ། །ཤེས་པ་ཞེས་བྱ་བ་ནི་རྟོགས་པ་སྟེ་དེ་ཁོ་ན་ཉིད་
མཐོང་བའོ། །ཅི་ཞིག་ཤེས་པ་ཡིན་ཞེ་ན། སྡུག་བསྔལ་ཞེས་བྱ་བ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། མདོར་བསྡུ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་གསུངས་པའི་ཕྱིར་རོ། །སྡུག་བསྔལ་གསུམ་དང་ལྡན་པ་ཡང་ཡིན་ཏེ། ཅི་རིགས་པར་ཐམས་ཅད་ཀྱི་སྡུག་བསྔལ་ལ་སྦྱར་ཏེ་ཇི་སྐད་དུ་
གསུངས་པ། སྡུག་བསྔལ་གསུམ་དང་ལྡན་པ་ནི་ཅི་རིགས་པར་ཐམས་ཅད་ལ་སྦྱར་རོ་ཞེས་གསུངས་པས་སོ། །དེའི་རྒྱུས་ཞེས་བྱ་བ་ནི་འདི་ལས་སྐྱེས་པ་སྟེ། རྒྱུ་མཚན་འདི་དང་འདོད་པའི་རྒྱུས། །ཞེས་བྱ་བའི་དོན་ཏེ། སྲེད་པ་ནི་ཀུན་འབྱུང་གི་བདེན་པ་ཡིན་ནོ་ཞེས་པས་སོ། །འདོད་པ་ལ་ཞེས་བྱ་བ་

ནི་ཡུལ་དུ་གྱུར་པ་ལ་སྟེ། ནམ་ཡང་དགའ་མི་འགྱུར་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་དག་ཅེས་བྱ་བ་ནི་ཤེས་པའོ། །ནམ་ཡང་དགའ་མི་འགྱུར་ཞེས་བྱ་བ་ལ། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་འདོད་པ་ཡིན་ནོ་ཞེས་མཁས་པས་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་འདོད་པ་མཉམ་པ་ལ་ཡང་སུ་ཞིག་
ཁྱད་པར་དུ་དགའ་བར་བྱེད་དེ། ཇི་ལྟར་འདོད་ཅིང་སྲེད་པ་སྐྱེད་པར་བྱེད་པའོ། །འདོད་པ་ཉམས་པ་ལ་ཡང་བདེ་བ་ཡོད་པར་འགྱུར་རམ་ཞེ་ན་དེ་ཡང་མེད་དེ། ཅིའི་ཕྱིར་ཞེ་ན། སྨྲས་པ། འཇིག་རྟེན་དག་ན་ཞེས་བྱ་བ་སྨོས་ཏེ། འདོད་པའི་འཇིག་རྟེན་ཉམས་པར་གྱུར་ཀྱང་མྱ་ངན་གྱི་ཟུག་རྔུ་སྐྱེད་པར་བྱེད་པ་དེས་མི་
འདོད་པ་ཉིད་ཀྱི་འདོད་པའོ། །ཟུག་རྔུར་འགྱུར་བའི་རྒྱུར་ཤེས་པར་བྱས་ནས་སོ། །འདོད་པའི་འདུ་ཤེས་ཀྱི་ཡུལ་གྱི་དངོས་པོའི་རྒྱུ་ནི་ཉེ་བར་ལོངས་སྤྱོད་པའི་ཕྱིར་སྦྱིན་པ་དང་ཡོངས་སུ་གཟུང་བ་བྱས་པ་ཡིན་ཏེ། འདི་ལྟ་སྟེ། ཕ་དང་། མ་དང་། བུ་སྨད་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་
ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། རྟ་དང་། གླང་པོ་དང་། བ་གླང་དང་། ར་ལུག་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། བང་མཛོད་དག་ཡོངས་སུ་བསྩགས་པ་ཡིན་ནོ། །དེ་ཉམས་པའི་དུས་ན་ཡང་ཤིན་ཏུ་མི་བཟད་
པའི་མྱ་ངན་གྱི་ཟུག་རྔུ་འབྱུང་བར་འགྱུར་ཏེ། དེས་ན་འདི་འདོད་ཆེན་ཅན་དག་ལ་ཟུག་རྔུར་གྱུར་པ་ཡིན་ནོ། །དེ་དག་ཅེས་བྱ་བ་ནི་ཟུག་རྔུར་གྱུར་པའི་རྒྱུའོ། །བརྟན་པ་ནི་མཁས་པའོ། །གདུལ་ཕྱིར་ཞེས་བྱ་བ་ནི་བྲལ་བ་དང་སྤང་བའི་ཕྱིར་རོ། །སློབ་པར་བྱེད་ཅེས་བྱ་བ་ནི་སྤོང་བར་བྱེད་པའི་ལམ་ལ་བརྟེན་པའོ། །
བསླབ་པ་གསུམ་ནི་གང་གི་ཕྱིར་ལམ་ཞེས་བརྗོད་དེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕུང་པོ་ནི་འཕགས་པའི་ལམ་དུ་གཟུད་པའི་ཕྱིར་རོ། །འདོད་པ་ལ་མངོན་པར་དགའ་བ་དང་། འདོད་པ་ལ་ལྷག་པར་ཞེན་པ་རྣམས་དེ་ལས་འདུན་པ་བཟློག་པའི་ཕྱིར་འདི་གསུངས་སོ། །ཡང་
གཅེར་བུ་པའི་ཕྱོགས་ལ་འདི་སྐད་སྨྲ་སྟེ། བདེ་བའི་ཡོ་བྱད་སྤང་བའི་ཤཱཀྱ་རྣམས་ལ་ནི་འདོད་ཆགས་དང་བྲལ་བ་ག་ལ་ཡོད་ཅེས་སྨྲ་བ་ལ་དེ་དག་འདོད་པའི་ཉེས་དམིགས་བསྟན་པས་འདོད་ཆགས་དང་བྲལ་བར་འགྱུར་གྱི། ཡུལ་གྱི་བསྔགས་པ་བརྗོད་པས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་

པའོ། །འདོད་པའི་ཚོམས་ཏེ་གཉིས་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།སྲེད་པ་ཉིད་དོན་དམ་པར་འདོད་པ་ཡིན་གྱི་ཡུལ་ནི་མ་ཡིན་ནོ་ཞེས་ངེས་པར་བསྒྲུབ་པའི་ཕྱིར། དེའི་འོག་ཏུ་སྲེད་པའི་ཚོམས་བཀོད་པ་ཡིན་ནོ། །གང་གི་ཕྱིར་ཇི་སྐད་དུ་གཟུགས་ལ་
སོགས་པ་ལ་འདོད་པའི་སྒྲོ་བཏགས་པ་ནི་བྲམ་ཟེའི་ཁྱེའུ་ལ་མེའི་སྒྲོ་བཏགས་པ་ལྟ་བུའོ། །འོ་ན། འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི། །ཞེས་བྱ་བ་གོང་དུ་བསྟན་ཟིན་ན། ཇི་ལྟར་དེའི་དོན་དུ་ཡང་འདིའི་དོན་ལ་འབད་པར་བྱ་ཞེ་ན། དེ་ནི་དེ་ལྟ་མོད་ཀྱི་སྐྱེས་བུའི་འདོད་པ་ནི་ཀུན་དུ་རྟོག་པའི་འདོད་ཆགས་
ཡིན་ནོ་ཞེས་བྱ་བ་ནི་འདིའི་བསྡུས་པའི་དོན་དུ་བཤད་ལ། ད་ནི་རྒྱ་ཆེར་དབྱེ་བ་བཤད་པ་ཡིན་ཏེ། ལུས་ཅན་རྣམ་པར་རྟོག་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་བྱུང་བའི་གླེང་གཞི་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གསུམ་པོ་འདི་དག་ནི་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོའི་སྡིག་
པ་མི་དགེ་བ་ལ་རྣམ་པར་རྟོག་པ་ཡིན་ཏེ། གསུམ་པོ་གང་ཞེ་ན། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སྟེ། གང་གི་ཕྱིར་བྱིས་པ་ནི་ངན་པར་བསམ་པ་སེམས་སོ་ཞེས་རྒྱ་ཆེར་བཤད་དོ། །འཕགས་པ་ལ་ནི་དགེ་བའི་རྣམ་
པར་རྟོག་པ་གསུམ་མངའ་སྟེ། ངེས་པར་འབྱུང་བའི་རྣམ་པར་རྟོག་པ་ལ་སོགས་པའོ་ཞེས་བསྟན་ནས་ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །དེ་ལ་རེ་ཞིག་དང་པོ་སྨྲས་པ། རྣམ་པར་རྟོག་པས་རབ་བཅོམ་པ། །ཞེས་བྱ་བ་ནི་འདིར་འདོད་པའི་སྲེད་པ་རྒྱུ་དང་བཅས་པ་འཕེལ་བར་བསྟན་
ཏོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་། བརྗེད་ངས་པ་དང་། ཕྱིན་ཅི་ལོག་གིས་དེ་འཕེལ་བར་འགྱུར་ཏེ། རྒྱུ་གསུམ་པོ་འདི་དག་འདིར་གོ་རིམས་བཞིན་དུ་སྟོན་པ་ཡིན་ནོ། །མི་འདྲ་བར་རྟོག་པས་རྣམ་པར་རྟོག་པ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་མཚུངས་པར་
ལྡན་པའི་ཀུན་དུ་རྟོག་པའོ། །དེས་བཅོམ་པ་ནི་རྟོག་པ་དང་དབང་པོ་བྱས་པ་སྟེ། ཇི་སྐད་དུ་གསུངས་པ། ཇི་ལྟར་རྣམ་པར་རྟོག་པས་རབ་ཏུ་བཅོམ་པར་འགྱུར་ཞེ་ན། སྔར་ཐོས་པ་དང་སྔར་སྤྱད་པའི་འདོད་པ་རྣམས་ལ་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་དེ། དགེ་བའི་རྣམ་པར་རྟོག་པས་རྣམ་

པར་རྟོག་པར་མི་བྱེད་དེ་སྡིག་པ་ལ་ཞེན་ཅིང་གནས་པའོ་ཞེས་སོ། །ལུས་ཅན་ཞེས་བྱ་བ་ནི་ལུས་དེ་གང་ལ་ཡོད་པ་སྟེ་སེམས་ཅན་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་གྱི་དངོས་པོ་རྩིག་པ་ལ་སོགས་པ་ལ་ནི་སྲེད་པ་མེད་པའི་ཕྱིར་རོ། །ཅི་འདི་ལ་ལོག་པའི་རྣམ་པར་རྟོག་པ་ཙམ་གྱིས་སྲེད་པ་འཕེལ་བར་འགྱུར་
རམ་ཞེ་ན། སྨྲས་པ། དེ་ནི་མ་ཡིན་ཏེ། འོན་ཀྱང་འདོད་ཆགས་མི་བཟད་ཅེས་བྱ་བ་སྨོས་ཏེ། འདོད་ཆགས་དྲག་པོ་གང་ལ་ཡོད་པ་དེ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདོད་པའི་འདོད་ཆགས་བག་ལ་ཉལ་གྱི་རྒྱུ་ཉེ་བར་བསགས་ཤིང་གཉེན་པོ་མ་བསྟེན་པས་སོ། །དེའི་གཉེན་པོ་ལུས་
ལ་སོགས་པའི་རྣམ་པ་དྲན་པའོ། །ཇི་ལྟར་འདོད་ཆགས་མི་བཟད་པས་འགྱུར་ཞེ་ན། སྔར་སྐྱེ་བ་གཞན་དག་ཏུ་འདོད་པའི་འདོད་ཆགས་ཀུན་དུ་བསྟེན་པ་དང་། བསྒོམས་པ་དང་མང་དུ་བྱས་པ་དེའི་རྒྱུས་འདི་ཡིན་ནོ། །དེ་ལྟ་མོད་ཀྱི་ཚུལ་བཞིན་དུ་ཡིད་ལ་བྱས་པས་སེམས་ཀྱི་འདོད་ཆགས་རྗེས་སུ་
སེལ་བར་བྱེད་དོ་ཞེས་བྱ་བའི་ཚིག་གིས་སོ། །གཙང་བར་རྗེས་སུ་ལྟ་བས་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་དང་རེག་པ་དང་ཉེ་བར་སྤྱོད་པ་ལ་སྡུག་པ་དང་གཙང་བ་སྟེ། དེ་ལྟར་རྗེས་སུ་ལྟ་ཞིང་དམིགས་པའི་ཚུལ་གང་ལ་ཡོད་པ་དེ་ནི་གཙང་བར་ལྟ་བ་སྟེ། དེའི་ཕྱིར་གསུངས་པ། ཇི་ལྟར་གཙང་བར་
རྗེས་སུ་ལྟ་བས་ཡིན་ཞེ་ན། དབང་པོ་སྡོམ་པས་ཉེ་བར་མི་གནས་པ་དེས་བུད་མེད་མཐོང་བར་གྱུར་ན་དྲན་པ་རྩེ་གཅིག་པས་ཆགས་པར་འགྱུར་ཏེ། ཚུལ་བཞིན་མ་ཡིན་པས་གཙང་བའི་མཚན་མར་ཉེ་བར་འཛིན་ཏེ། གཞི་དེས་ན་ལུས་མངོན་པར་གདུང་བ་དང་། སེམས་མངོན་པར་གདུང་བར་
བྱེད་པ་ཡིན་ནོ་ཞེས་སོ། །དེ་ལྟར་གྱུར་པའི་ལུས་ཅན་འདི་ལ་ནི་འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་བར་འགྱུར་ཏེ། འདོད་པའི་འདོད་ཆགས་ཤས་ཆེར་འཕེལ་བར་འགྱུར་རོ། །རྟགས་རྣམ་པ་ལྔས་སྲེད་པ་འཕེལ་བར་རིག་པར་བྱ་སྟེ། འདོད་ཆགས་ཀྱི་ཡུལ་ཆུང་བ་ལ་ཡང་འདོད་པའི་འདོད་
ཆགས་མི་བཟད་པས་ཀུན་ནས་དཀྲིས་ཤིང་ལྷག་པར་ཆགས་པར་འགྱུར་ན་གྱ་ནོམ་པ་ལ་ལྟ་སྨོས་ཀྱང་ཅི་དགོས། ཆོས་མ་ཡིན་པས་གང་ལོངས་སྤྱོད་མང་པོ་ཡང་དག་པར་ལེན་པ་ཡིན་ཏེ། ཆོས་ནི་མ་ཡིན་ནོ། །ལོངས་སྤྱོད་ཤིན་ཏུ་མང་པོ་ཀུན་དུ་འཛིན་པར་འགྱུར་ཏེ། དེ་མི་གཅེས་ཤིང་དགོས་

པ་མེད་པའི་དངོས་པོ་ཡང་འདོར་བར་མི་བྱེད་ན། གཅེས་པ་ལྟ་སྨོས་ཀྱང་ཅི་དགོས། དགོས་པ་ཆུང་ཞིང་ངན་ངོན་ཙམ་གྱི་དོན་དུ་ཡང་ངན་པར་སྤྱོད་པ་མང་པོ་སྤྱོད་ན། དགོས་པ་ཆེན་པོ་ལ་ལྟ་སྨོས་ཀྱང་ཅི་དགོས། ལེགས་པར་སྤྱོད་པ་ཆུང་ངུ་ཡང་དེའི་སེམས་བསྒྲུབ་ཅིང་
འཇུག་པར་མི་དགའ་ན། ཆེན་པོ་ལ་ལྟ་སྨོས་ཀྱང་ཅི་དགོས། མྱ་ངན་ལས་འདས་པ་ཐོས་པར་ཡང་མི་འདོད་ན། ཐོབ་པར་བྱ་བ་ལྟ་ཅི་སྨོས་པ་སྟེ། གང་དེ་ལྟ་བུས་ནི་སྲེད་པ་འཕེལ་བར་འགྱུར་རོ། །དེ་ཡིས་དམ་པོར་བྱེད་ཅེས་བྱ་བ་ནི་དེ་ཉིད་ཀྱིས་ལུས་ཅན་ལ་འཆིང་བ་དམ་པོར་བྱེད་དོ། །གང་གི་ཕྱིར་དམ་
པོར་བྱེད་པ་ནི་འབད་པས་ཀྱང་དགྲོལ་བར་དཀའ་བའི་ཕྱིར་རོ། །རྣམ་པ་གསུམ་གྱིས་ནི་འཆིང་བ་དམ་པོ་ཉིད་དུ་འགྱུར་ཏེ། ཤིན་ཏུ་སྲ་བ་དང་། རེག་ན་སྡུག་བསྔལ་བ་དང་། དུས་ཡུན་རིང་དུ་འབྲེལ་པའོ། །དེ་ལ་མཐོང་བའི་ཆོས་ལ་ངན་པར་སྤྱོད་པའི་རྩ་བ་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་གོ། །དེ་ནི་
ཤིན་ཏུ་སྲ་བའི་འཆིང་བར་རིག་པར་བྱའོ། །དམྱལ་བ་ལ་སོགས་པའི་ངན་སོང་དུ་སྐྱེ་བར་རིག་ན་སྡུག་བསྔལ་བ་ཉིད་དུ་རིག་པར་བྱའོ། །ཡུན་རིང་པོར་འཁོར་བ་ན་གནས་པ་ནི་དུས་ཡུན་རིང་པོ་དང་འབྲེལ་པར་བལྟའོ། །རང་གི་འཆིང་བ་ཞེས་བྱ་བ་ནི་རང་གི་རྒྱུད་ལ་གནས་པའི་སྲེད་པ་འཆིང་བའི་
གནས་སྐབས་སོ། །ཡང་ན་སྡུག་བསྔལ་གྱི་འཆིང་བ་ཡིན་ཏེ། གང་གི་ཕྱིར་སྲེད་པ་འཕེལ་བ་ལས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལན་དུ་མར་འབྱུང་བའི་ཕྱིར་རོ། །དེ་ལ་འདི་ནི་སྲེད་པའི་སྐྱོན་བསྟན་པས་དེ་ངེས་པར་སྤང་བའི་ཕྱིར་གསུངས་སོ། །སྲེད་པ་སྤོང་བའི་གཟུགས་ཉེ་བར་བླང་བ་ཉིད་དུ་
སྟོན་པའི་ཕྱིར་སྨྲས་པ། གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་དོན་ནི་ཚིགས་སུ་བཅད་པ་སྔ་མའི་གཉེན་པོ་ཉིད་དུ་ཤེས་པར་བྱའོ། །གང་གིས་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཉེ་བར་ཞི་བར་བྱས་པ་དེ་ནི་རྣམ་པར་རྟོག་པ་ཉེ་བར་ཞི་བ་སྟེ། ངེས་
པར་འབྱུང་བ་ལ་སོགས་པར་རྟོག་པའོ། །དེ་ལ་གང་དག་དགའ་བ་ནི་མགུ་བ་ཡང་དག་པར་སྐྱེས་པ་སྟེ། ཇི་སྐད་དུ་བཤད་པ། འདོད་པའི་རྣམ་པར་རྟོག་པ་སྐྱེས་པས་ཡོངས་སུ་མ་བསྒོམས་ཤིང་སྤངས་པ་དང་། བསལ་བ་དང་ངེས་པར་བྱས་པའོ་ཞེས་སོ། །མི་སྡུག་སྒོམ་པར་བྱེད་ཅེས་བྱ་བ་ནི་ལུས་ཀྱི་རྣམ་

པར་འགྱུར་བ་སྟེ་རྣམ་པར་བསྔོས་པ་དང་། རྣམ་པར་རུལ་པར་ནང་དུ་དམིགས་པ་གང་ཡིན་པའི་ཡིད་ལ་བྱེད་པ་དེ་ནི་སྡུག་པ་དང་དམིགས་པ་ཡིན་པའི་ཕྱིར་མི་སྡུག་པ་ཞེས་བརྗོད་དེ་ཕྱིན་ཅི་མ་ལོག་པར་དེ་བསྒོམ་ཞིང་ཡང་དང་ཡང་དུ་མངོན་དུ་བྱེད་པས་སོ། །རྟག་ཏུ་དྲན་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དྲན་པ་
ལ་གནས་པ་སྟེ། འདོད་ཆགས་ཀྱི་འཇིགས་པ་ནི་དུས་ཐམས་ཅད་དུ་དྲན་པ་ལ་ཉེ་བར་གནས་ཤིང་བསྒོམ་པར་བྱ་སྟེ་བར་ཆད་མེད་པར་བྱེད་པ་དང་། སྐྱོ་བ་མེད་པའི་བརྩོན་འགྲུས་ཀྱིས་དེ་ལྟར་འདི་ལ་འདོད་ཆགས་ཀྱིས་སྐབས་རྙེད་པར་མི་འགྱུར་རོ། །དེས་དེ་ལྟར་ལྡན་པར་བྱས་ནས་ནི་ཡུན་རིང་པོས་ངེས་
པར་སྲེད་པ་སྤོང་བར་འགྱུར་ཏེ། དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། དེ་ཡིས་སྲེད་པ་ཞེས་བྱ་བ་སྨོས་ཏེ། མཉམ་པར་མ་བཞག་པའི་ས་ལ་བྱེ་བྲག་མེད་པར་བསྟན་པའོ། །དེ་ཡིས་དེ་ལྟར་ཡང་དག་པར་ལྡན་པར་བྱས་པས་རྣལ་འབྱོར་སྤྱོད་པས་ཇི་སྲིད་དུ་མ་སྤངས་པ་དེ་སྲིད་དུ་དེ་དག་རུལ་པར་བྱེད་པ་ནི་དེ་ཉིད་
ཉམ་ཆུང་བར་བྱེད་པ་སྟེ་སྤོང་ཞིང་དགག་པར་ནུས་པའོ། །སྲེད་པ་སྤངས་པའི་ཐབས་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །སྲེད་པ་མ་སྤངས་པ་དག་ལ་ནི་རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདོད་པ་མུན་ནག་འདྲ་བས་གཡོགས། །ཞེས་
བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་བཟང་ལྡན་ལ་སོགས་པ་གདུལ་བའི་དུས་ལ་བབ་པར་མཁྱེན་པ་དང་། གཞན་ཡང་ཁྱད་པར་དུ་འཕགས་པ་དག་རབ་ཏུ་བྱུང་བར་བྱ་བའི་ཕྱིར་ཆུ་བོ་ནས་རྒྱུ་ཞིང་གཤེགས་པ་ལས་ཆུ་བོའི་འགྲམ་ཞིག་ན་སྐྱེ་བོའི་ཚོགས་ཆེན་པོ་དགའ་སྟོན་གྱི་
དུས་ཞིག་ལ་བབ་སྟེ། གར་དང་གླུ་ལ་སོགས་པ་ལེན་པ་དེ་དང་ཉེ་བ་ཞིག་ན་ཉ་མང་པོ་ཟིན་པ་དང་། བའི་ཚོགས་ཀྱི་རྗེས་སུ་འོ་མ་ལ་སྲེད་པའི་བེའུ་མང་པོ་དག་འབྲེང་བ་གཟིགས་ཏེ་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཇིག་རྟེན་ནི་འདོད་པས་ལྡོངས་པ་ཡིན་ཏེ། འདོད་པའི་དྲ་
བས་གཡོགས་པའོ་ཞེས་རྒྱ་ཆེར་བཀའ་སྩལ་ཏེ། ཚིགས་སུ་བཅད་པ་འདི་གཉིས་གསུངས་སོ། །འདིར་བསྡུས་པའི་དོན་ནི་ཀུན་འབྱུང་གི་བདེན་པ་རྣམ་པ་ལྔ་དང་། སྡུག་བསྔལ་གྱི་བདེན་པ་རྣམ་པ་གཉིས་བསྟན་པ་ཡིན་ཏེ། རྣམ་པ་ལྔ་གང་ཞེ་ན། ད་ལྟར་བྱུང་བའི་ཡུལ་ལ་ཆགས་པ་དང་། འདས་པའི་

ཡུལ་ལ་རྗེས་སུ་མྱོང་ནས་ཆགས་པའི་ཀུན་དུ་རྟོག་པ་དང་། མ་འོངས་པའི་ཡུལ་ལ་འདོད་པ་དང་། དེ་རྣམས་སྐྱེས་པ་ལ་ལྷག་པར་ཞེན་པ་དང་། དེ་ཡང་དགེ་བ་བྱེད་པ་ལ་རང་དབང་མེད་པར་བྱེད་པའོ། །རྣམ་པ་གཉིས་གང་ཞེ་ན། ད་ལྟར་བྱུང་བའི་གནས་པ་གཞན་དུ་གྱུར་པའི་རྒ་བ་
དང་། རིས་མཐུན་པའི་རྒྱུན་ཆད་པ་སྟེ་འཆི་བའོ། །འདོད་པ་མུན་གནག་དང་འདྲ་བས་གཡོགས་པ་ནི་ཟླས་དབྱེ་བའོ། །དེ་ལ་འདོད་པ་ནི་ཀུན་དུ་རྟོག་པའི་འདོད་ཆགས་ཏེ། སྐྱེས་བུའི་འདོད་པ་ནི་འདོད་པའི་འདོད་ཆགས་སོ་ཞེས་པའི་ཚིག་གིས་སོ། །མུན་པ་ནི་དེས་འདོད་པའི་སྐྱོན་མི་ཤེས་པ་དང་། ཆོས་དང་
ཆོས་མ་ཡིན་པ་མི་ཤེས་པའི་ཕྱིར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མུན་ནག་གིས་ལྡོངས་པར་འཇུག་པ་ཡིན་ཏེ། ལྡོངས་པས་འཇུག་པ་གང་ཡིན་པའི་སྐྱེས་བུ་ནི་འདོད་ཆགས་དང་ལྷན་ཅིག་པ་ཡིན་ནོ་ཞེས་གསུངས་སོ། །འདོད་པས་ཀྱང་དྲ་བས་ཉའི་ཚོགས་བཞིན་དུ་རྣམ་པར་རྟོག་པ་རྣམ་པ་མང་པོ་དང་ལྡན་
པས་ཀུན་ནས་གཡོགས་པ་དང་། ཡོངས་སུ་མཁྱུད་པར་བྱེད་པ་དེ་འདོད་ཆགས་ཅན་གྱི་རྒྱུད་ལའོ། །གང་དུ་རྗེས་སུ་མྱོང་བའི་ཡུལ་ལ་འདོད་ཆགས་ཤིང་དེ་ཉིད་ལ་རྣམ་པ་མང་པོའི་སྒོ་ནས་ཀྱང་འདོད་ཆགས་ཀྱིས་ཀུན་དུ་རྟོག་པས་སོ། །སྲེད་པའི་དགབ་པས་བཀབ་པ་དང་། །ཞེས་བྱ་བ་ནི་ད་ལྟར་བྱུང་བ་དང་
འདས་པའི་སྲེད་པ་བཤད་ནས། འདིས་ནི་མ་འོངས་པ་ལ་དམིགས་པའི་སྲེད་པ་བཤད་དེ། སྲེད་པ་ནི་སེམས་ཅན་གྱི་རྒྱུད་ལ་དགབ་པའམ་སྒྲིབ་པ་ལྟ་བུ་ཡིན་ཏེ། ཉི་མའི་འོད་ཟེར་སྤྲིན་ལ་སོགས་པས་བཀབ་པ་ལྟ་བུའོ། །དེས་བཀབ་པ་ནི་བསྒྲིབས་པ་སྟེ་འདོད་པ་ལ་སྲེད་པ་དེ་ཉིད་ཀྱིས་མ་འོངས་པའི་
དུས་ལས་བརྩམས་ནས་དེའི་སྐྱོན་བསྟན་པ་ཡིན་ཏེ། གང་གི་ཕྱིར་ཡིད་ལ་ཡང་ཐར་པ་འདོད་པར་མི་བྱེད་ན། དེ་ཐོབ་པའི་ཆེད་དུ་བརྩོན་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། བག་མེད་པ་ནི་བག་མེད་པའི་གནས་སོ། །དེའི་ཕྱིར་དེ་ལྟར་གྱུར་པའི་རྒྱུད་འདོད་པ་དག་ལས་ཀྱང་སེམས་བསྲུང་ལ་ངན་པར་སྤྱོད་
པ་དང་དེས་བསྒོམ་པ་ལས་སེམས་བསྲུང་བ་ཡིན་ནོ། །དེ་ཡང་དེ་ལྟ་བུར་གང་ཟག་ཉོན་མོངས་པས་རང་དབང་མེད་པར་བྱེད་པའི་ཕྱིར་བཅིངས་པར་གྱུར་པ་ཡིན་ཏེ། དེ་ཉིད་སྨྲས་པ། འཆིང་བས་བཅིངས་པ་དག་ཅེས་བྱ་བ་སྨོས་ཏེ། འདི་ལ་བཅིངས་པ་ཡིན་པས་འཆིང་བ་སྟེ། འཁོར་བའི་བཙོན་རར་

ཞེས་བྱ་བའི་དོན་ཏོ། །སྲེད་པའི་འཆིང་བ་དེས་འདོད་པ་ཅན་བཅིངས་པ་ཡིན་ནོ། །ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ཚེད་མར་ཆུད་པའི་ཉ་དང་འདྲ། །ཞེས་བྱ་བ་སྨོས་ཏེ། ཉ་ནི་ཆུའི་ནང་དུ་སྤྱོད་པའི་སྲོག་ཆགས་ཉ་ཉིད་དོ། །ཚེད་མ་ནི་རྒྱ་སྟེ་དྲ་བ་ཞེས་བྱ་བའི་དོན་ཏོ། །དེར་ཆུད་པ་ནི་དེའི་ཁ་དང་ནང་དུའོ། །
གཞན་དག་ནི་ཆུ་དེའི་ནང་ན་གནས་པའི་ཆུ་སྲིན་ཀུམ་བི་ར་ལ་སོགས་པའི་རིགས་དེ་དག་གི་ཁར་ཆུད་པའི་ཉ་ཇི་ལྟ་བ་བཞིན་ནོ་ཞེས་འཆད་དོ། །གཞན་དག་ནི་ལྕུག་མ་ལས་བྱས་པའི་ནང་ཡངས་ཤིང་སྤུན་ལ་སོགས་པས་བར་ཚག་དམ་པ་ཁ་ཡོད་པ་ཉའི་རིགས་འཛིན་པར་བྱེད་ཅིང་འཆིང་བ་ནི་ཚེད་མ་ཡིན་ནོ་
ཞེས་ཟེར་རོ། །ཇི་ལྟར་ཉ་དེར་འཛིན་པར་བྱེད་པ་དེ་བཞིན་དུ་ཉོན་མོངས་པའི་དབང་དུ་གྱུར་པ་ཡང་འཁོར་བའི་ནང་ནས་མི་འབྱུང་བའི་ཚུལ་གྱིས་སོ། །དེར་བཅིངས་པ་ལ་རེ་ཞིག་རྒྱུན་མི་འཆད་པར་བདེ་བ་ཁྱད་པར་ཅན་ཐོབ་པ་ཡིན་ནམ་ཞེ་ན། སྨྲས་པ། རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ། །ཞེས་བྱ་
བ་ཡིན་ཏེ། རྒ་བའི་སྡུག་བསྔལ་དང་འཆི་བའི་སྡུག་བསྔལ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒ་བ་དང་འཆི་བ་ནི་རྒ་ཤི་སྟེ། ཟླས་དབྱེ་བ་གཅིག་ཏུ་བྱས་པའོ། །རྗེས་སུ་འགྲོ་བ་ནི་འོང་བར་འགྱུར་བ་དང་ཐོབ་པར་འགྱུར་བ་དེ་གང་དུ་རྒ་བ་དང་འཆི་བ་ཡོད་པ་དེར་འགྲོ་བ་འདི་དག་འབྲང་བར་འགྱུར་རོ། །
ཇི་ལྟ་བུར་ཞེ་ན། སྨྲས་པ། མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ། །ཞེས་བྱ་བ་སྨོས་ཏེ། བའི་བེའུ་ནུ་ཞོ་འཐུང་བ་འོ་མ་ལ་སྲེད་པ་དེ་ནི་རྟག་ཏུ་མའི་རྗེས་སུ་འགྲོ་བ་ཡིན་ཏེ། འདིས་ནི་འདིའི་ཐར་པ་རིང་དུ་གནས་པ་སྟོན་པ་ཡིན་ནོ། །སྲེད་པ་དང་ལྡན་པ་འཁོར་བའི་བཙོན་རར་ཡོངས་སུ་འཁྱམ་པ་དང་སྡུག་
བསྔལ་ཉམས་སུ་མྱོང་བ་ཡིན་པས་དེ་སྤང་བའི་ཕྱིར་འདི་གསུངས་སོ། །འདིར་རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མྱོང་ནས་དེར་གནས་པ་ནི་ཡང་མྱོང་བར་བྱ་བ་མ་ཡིན་ཏེ། མཐོང་བ་ཉིད་དུ་དུག་གིས་གནོད་པ་བཞིན་ནོ་ཞེས་མི་བདེན་པར་སྨྲ་བ་ལ་དེ་དགག་པའི་ཕྱིར་སྨྲས་པ། སྐྱེས་བུ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་བྲམ་ཟེ་ཞིག་དགོན་པའི་གནས་ཞིག་ཏུ་ལོ་བཞི་བཅུར་ཚངས་པར་སྤྱོད་པ་བྱས་ནས་བུ་མེད་པས་ནི་གོང་མར་འགྲོ་བ་མེད་དོ་ཞེས་བསམས་ཏེ་ཆུང་མ་བླང་བའི་ཕྱིར་མཉན་ཡོད་དུ་འོངས་ཏེ། དེ་ལ་དགོས་པའི་ནོར་བསླངས་པ་ལས་རྒྱལ་པོ་གསལ་རྒྱལ་

གྱིས་ཁང་པ་བརྒྱ་བྱིན་པར་ཁས་བླངས་ཏེ། གཞན་དུ་མ་སློངས་ཤིག་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་དེ་ནི་སྩལ་ན་གཞན་ཡང་ཁང་པ་བརྒྱ་དང་སྟོང་དང་གྲོང་གི་ཕྱེད་ནོར་དང་བཅས་པ་སློང་ངོ་ཞེས་སྨྲས་ཏེ། ཡང་ཁས་བླངས་སོ། །རྒྱལ་པོ་ཆེན་པོ་འདི་ཡང་སྩལ་
ལགས་ན། གཞན་ཡང་བསླང་ངོ་ཞེས་སྨྲ་བ་དེ་དང་དེའི་ཚེ་རྒྱལ་བྱེད་ཀྱི་ཚལ་དང་ཉེ་བ་ན་ནགས་སྟུག་པོ་ན་སྤྲེའུ་ཤིང་ཐོག་འདོད་པ་ཤིང་ནས་ཤིང་དུ་རྒྱུ་བ་ལས་ལྟུང་སྟེ་ཤི་བར་གྱུར་པ་གཟིགས་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་ཚེ་གཙུག་ལག་ཁང་དུ་གཤེགས་ཏེ། ཇི་ཙམ་ན་དུས་དེའི་གདུལ་བྱ་དག་
གི་དབང་དུ་མཛད་ནས་འདི་གསུངས་སོ། །ཅི་རིགས་པར་སྲེད་པ་འཕེལ་བར་འགྱུར་བ་དེའི་སྐྱོན་གང་དེར་བསྟན་པ་ཡིན་ནོ། །སྐྱེས་བུ་ཞེས་བྱ་བ་ནི་མི་སྟེ་དེའི་ཚེ་ཉེ་བར་གནས་པའི་ཕྱིར་རོ། །ཡང་ན་སེམས་ཅན་ཏེ་དེའི་རྣམ་གྲངས་ཡིན་པའི་ཕྱིར་སེམས་ཅན་གྱི་རྒྱུ་ཉིད་ལ་འཇུག་གི། གཞན་ལ་ནི་མ་ཡིན་ནོ། །
ཇི་ལྟ་བུ་ཞེ་ན། སྨྲས་པ། བག་མེད་རབ་ཏུ་སྤྱོད་བྱེད་པ་ཞེས་བྱ་བ་སྨོས་ཏེ། བག་མེད་པར་གྱུར་ནས་རབ་ཏུ་སྤྱོད་པར་བྱེད་པ་སྟེ། དེའི་དབང་པོ་མ་བསྲུངས་པས་ཡུལ་དག་ལ་སྤྱོད་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །སྲེད་པ་འཕེལ་འགྱུར་ཞེས་བྱ་བ་ནི་འདོད་པའི་སྲེད་པ་དང་། ཡང་སྲིད་པའི་སྲེད་པ་ཡང་
འཕེལ་བར་འགྱུར་བ་སྟེ། ཡང་དང་ཡང་ཤས་ཆེར་སྤྱད་པའི་ཕྱིར་དང་། ངན་པར་སྤྱོད་པ་ལྷག་པར་སྤྱོད་པའི་ཕྱིར་རོ། །ཇི་ལྟ་བུར་འཕེལ་བར་འགྱུར་ཞེ་ན་སྨྲས་པ། འཁྲི་ཤིང་བཞིན་དུ་ཞེས་བྱ་བ་སྨོས་ཏེ། འཁྲི་ཤིང་རིགས་མ་ལུ་ཏ་ཞེས་བྱ་བ་ཡོད་དེ། དེ་ནི་ཤིང་ལ་བརྟེན་ནས་འཕེལ་བར་འགྱུར་གྱི།
མ་བརྟེན་པར་ནི་མ་ཡིན་ཏེ། ཤིང་དེ་ཉིད་ལ་ཡང་གནོད་པར་བྱེད་དོ། །དེ་བཞིན་དུ་སྲེད་པས་བག་མེད་པར་སྤྱོད་པ་ལ་བརྟེན་ནས་འཕེལ་བར་འགྱུར་ཏེ། དེ་ཉིད་ཀྱིས་གནོད་པར་ཡང་བྱེད་དོ། །ཡང་ཇི་ལྟར་ཡང་གནོད་པར་བྱེད་ཅེ་ན། སྨྲས་པ། དེ་ཡིས་འཁོར་བར་འཁྱམ་ཞེས་བྱ་བ་སྨོས་ཏེ།
སྲེད་པ་འཕེལ་བ་དེ་ཉིད་ཀྱིས་གང་གི་ཕྱིར་འཁོར་བར་འཁྱམ་པ་ཡིན་ཏེ། འཁོར་བར་འཁོར་བའི་ཕྱིར་ཤིན་ཏུ་གནོད་པ་ཡིན་ནོ། །ཡང་དང་ཡང་དུ་ཞེས་བྱ་བ་ནི་སོ་སོ་སོ་སོ་ཞེས་བྱ་བའི་དོན་ཏེ། དེ་དང་དེ་འགྲོ་བ་སྣ་ཚོགས་པ་དག་ཏུ་རྣམ་པ་སྣ་ཚོགས་ཀྱི་རིམ་པ་ལས་ཇི་ལྟ་བ་བཞིན་དུ་བསྒྲུབས་པ་

ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་ཡང་དང་ཡང་ཞེས་བྱ་བའི་དོན་ཏོ་ཞེས་ཀྱང་བརྗོད་དོ། །དེ་ལ་འདིས་ནི་འདིའི་འཁོར་བ་རིང་བ་ཉིད་དུ་སྟོན་ཏོ། །འབྲས་བུ་འདོད་པ་ཞེས་བྱ་བ་ནི་ཤིང་ཏོག་ཟ་བར་འདོད་པ་སྟེ། ཇི་ལྟར་སྤྲེའུ་ནགས་ན་ཞེས་བྱ་བ་ཤིང་སྟུག་པོའི་ནང་དུ་སྤྲེའུ་ལྟོགས་པ་འབྲས་བུ་
འདོད་པས་རྒྱུན་མི་འཆད་པར་ཡང་དང་ཡང་ཀུན་དུ་འཁྱམ་པ་དེ་བཞིན་དུ་བག་མེད་པ་རབ་ཏུ་སྤྱོད་པར་བྱེད་པ་ཡང་སྲེད་པ་འཕེལ་བས་འཁོར་བར་འཁྱམ་པར་འགྱུར་རོ། །ཐར་པ་འདོད་པས་བག་མེད་པ་རྣམས་བག་ཡོད་པ་ལ་གཟུད་པའི་ཕྱིར་འདི་གསུངས་སོ། །སྲེད་པར་བྱས་པ་ཉིད་ཀྱིས་ཕྱིར་ཞིང་ཡང་སྐྱེ་བའི་
ཀུན་ནས་ཉོན་མོངས་པ་བསྟན་པའི་ཕྱིར་སྨྲས་པ། མི་དག་དྲན་པར་བྱེད་ཅེས་བྱ་བ་ལ་སོགས་པའོ། །ཡུལ་ཀུན་དུ་ན་རྒྱལ་པོ་ཀོ་ར་བྱ་རི་དགས་བཤོར་བའི་ཚལ་ན་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གནས་ཏེ། རྒྱལ་པོ་དེ་ཡང་རེ་ཞིག་ཅིག་ན་བཙུན་མོའི་འཁོར་དང་བཅས་ཏེ་དེ་ལ་ཤིན་ཏུ་མཁས་པ་རྣམས་ཀྱིས་
ཡོངས་སུ་བརྟགས་ཤིང་སྐྱེད་མོས་ཚལ་དུ་སོང་སྟེ་རྗེས་སུ་རྒྱུ་བ་ལས་ཡུལ་འཁོར་སྐྱོང་མཐོང་སྟེ་མངོན་པར་དགའ་སྟེ། དེ་ཉིད་ཀྱི་མདུན་དུ་འདུག་ཅིང་གཏམ་རྣམ་པ་སྣ་ཚོགས་པ་བྱས་ནས་སྨྲས་པ། གྲོགས་པོ་བཞི་པོ་འདི་དག་གི་ཉེས་པས་གནོད་པར་གྱུར་ན་ནི་དགེ་སྦྱོང་དང་བྲམ་ཟེ་དག་ཁྱིམ་ནས་ཁྱིམ་
མེད་པར་རབ་ཏུ་བྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཉེ་དུའི་ལོངས་སྤྱོད་ཡོངས་སུ་ཉམས་པའོ། །ཡུལ་འཁོར་སྐྱོང་ཁྱོད་ནི་ད་རུང་འདི་དག་མ་ཉམས་པ་སྟེ། ལོ་ནི་ཉི་ཤུའམ་ཉི་ཤུ་ལས་ལྷག་པ་ཙམ་ལོན་ན་ཅིའི་ཕྱིར་རབ་ཏུ་འབྱུང་ཞེས་སྨྲས་པ་ལས། རྒྱལ་པོ་ཆེན་པོ་དང་
དེ་གཉིས་ལ་བཅོམ་ལྡན་འདས་ཀྱིས་ཁྱིམ་པའམ་རབ་ཏུ་བྱུང་བས་གནས་ལྔ་ལ་སོ་སོར་བརྟག་པར་བྱ་ཞེས་རྒྱ་ཆེར་ཚིགས་སུ་བཅད་པ་འདི་གསུངས་སོ། །དྲན་པར་བྱེད་པས་ན་དྲན་པ་སྟེ། དྲན་པ་དང་མཚུངས་པར་ལྡན་ཞིང་ལྷག་པར་གནས་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྔར་རྗེས་སུ་མྱོང་བའི་ཡུལ་
ལ་སྲེད་པར་བྱེད་པ་བསྟན་ཏོ། །དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །འདི་དང་འོག་ནས་བརྗོད་པ་མང་ངོ་། །ཆགས་བྱེད་དང་ཞེས་བྱ་བ་འདིས་ནི་ད་ལྟར་བྱུང་བའི་ཡུལ་ལ་ལྷག་པར་ཆགས་པའི་ཚུལ་གྱིས་སྲེད་པ་བསྟན་ཏོ། །ཉེ་བར་ལོངས་སྤྱོད་པ་ནི་ཆགས་པར་འགྱུར་བའོ། །ཡིད་བདེ་བ་དང་ཞེས་བྱ་བ་ནི་

ཤིན་ཏུ་བསྔགས་པའི་ཡིད་གང་ཡིན་པ་དེ་ནི་ཡིད་བདེ་བ་སྟེ། ཉོན་མོངས་པས་མི་དགའ་བ་མེད་པའོ། །ཉེ་བར་ལོངས་སྤྱོད་པ་ན་མངོན་དུ་ཕྱོགས་པ་དང་། འཐོབ་པ་ལ་མངོན་པར་ཕྱོགས་པའི་ཡུལ་ལ་ཡིད་བདེ་བར་འགྱུར་བ་སྟེ། འདིས་ནི་མ་འོངས་པའི་ཡུལ་ལ་དོན་དུ་
གཉེར་བའི་ཚུལ་གྱིས་སྲེད་པ་བསྟན་ཏོ། །དེའི་ཕྱིར་འདས་པའི་དུས་ལ་ནི་དྲན་པ་དང་ལྡན་པས་འཇུག་གོ། །ད་ལྟར་བྱུང་བའི་ཡུལ་ལ་ནི་ཆགས་པའི་ངོ་བོ་ཉིད་དོ། །མ་འོངས་པ་ལ་ནི་དགའ་བ་དང་ལྡན་པས་འཇུག་སྟེ། དགའ་བ་མངོན་དུ་འགྲོ་བའི་ཡིད་བདེ་བའོ་ཞེས་བརྗོད་དོ། །སྡུག་བསྔལ་དང་ཉེ་བར་
གནས་པའི་ཕྱིར་དེས་ན་དྲན་པར་བྱེད་ཅེས་བྱ་བ་ལ་སོགས་པ་བསྡུ་བར་བྱ་བ་ཡིན་ནོ། །གང་ལ་འདི་དག་འགྱུར་ཞེ་ན། སྨྲས་པ། མི་དག་ཅེས་བྱ་བ་སོ་སོའི་སྐྱེ་བོ་ལ་སྟེ། སྐྱེ་བ་ལ་དགའ་བ་ཡིན་པས་སྐྱེ་བོའོ། །གང་དག་འདི་དག་ཡོད་པ་དེའི་ཉེས་དམིགས་གང་ཡིན་ཞེ་ན། སྨྲས་པ། མི་གང་རྟག་ཏུ་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། གང་ཡང་འདས་པའི་བདེ་བ་དྲན་པ་དང་། ད་ལྟར་བྱུང་བ་ལ་ལྷག་པར་ཞེན་པས་ཆགས་པ་དང་། མ་འོངས་པའི་བདེ་བ་ལ་ཡང་རྒྱུན་མི་འཆད་པའི་མི་དེ་ཉིད་ནི་རྒྱུན་མི་འཆད་པར་སྐྱེ་བ་དང་འཆི་བ་ལ་སོགས་པ་མྱོང་བར་འགྱུར་རོ། །གཞན་དག་ན་རེ་གང་ལ་འདི་དག་ཉེ་བར་སྤྱོད་པ་
གང་ཡིན་ཞེ་ན། སྨྲས་པ། གང་དག་ས་ཏ་སི་ཏ་ཞེས་བྱ་བ་ལ། ས་ཏ་ནི་བདེ་བ་མྱོང་བའོ། །དེའམ་དེ་ལ་སི་ཏི་ནི་ཆགས་པ་ཡིན་པས་ས་ཏ་སི་ཏ་སྟེ་ཤིན་པན་ད་ན་ཞེས་སྐད་ཀྱི་བྱིངས་ལས་བསྟན་པའི་ཕྱིར་རོ། །བདེ་བ་གང་ལ་ཆགས་པ་ཡིན་ཞེ་ན། སྨྲས་པ། འདི་ལྟར་བདེ་བ་འདོད་བྱེད་པ། །ཞེས་བྱ་
བ་སྨོས་ཏེ། བདེ་བ་འདོད་པའི་ཚུལ་གང་དག་ལ་ཡོད་པ་དེ་ནི་བདེ་བ་འདོད་པར་བྱེད་པ་སྟེ། བདེ་བ་མྱོང་བར་འདོད་པའི་ཚུལ་གང་ལ་བདེ་བ་མྱོང་བའི་འདོད་ཆགས་ལ་ལྷག་པར་ཆགས་པ་དེ་ཉིད་ཡང་བདེ་བ་མྱོང་བར་དོན་དུ་གཉེར་བར་བྱེད་དེ། དེ་ཉིད་དྲན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་
གྱུར་པ་དེས་བྱས་པའི་སྐྱོན་ཐོབ་པར་བསྟན་པའི་ཕྱིར་སྨྲས་པ། དེ་ཉིད་ཅེས་བྱ་བ་ནི་དེ་ཉིད་ཀྱིས་སོ། །སྐྱེ་དང་རྒ་བར་ཉེ་བར་འགྲོ་འགྱུར་ཞིང་། །ཞེས་བྱ་བ་ནི་སྐྱེ་བ་དང་རྒ་བ་ཉིད་དུ་ཉེ་བར་འགྲོ་ཞིང་འཇུག་པ་སྟེ། སྐྱེ་བ་དང་རྒ་བར་ཉེ་བར་འགྲོ་བ་ནི་ཡུན་རིང་པོར་སྐྱེ་བ་དང་རྒ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །

འདིས་ནི་བདག་ཉིད་གྲུབ་པར་བྱས་པ་དང་། བདག་ཉིད་རྣམ་པར་འགྱུར་བར་བྱས་པའི་སྡུག་བསྔལ་ཉིད་བསྟན་ཏེ། དུས་གསུམ་ལ་དམིགས་པའི་ཉོན་མོངས་པའི་ཉེ་བར་སྤྱོད་པའི་དམིགས་པ་དང་། དེའི་འབྲས་བུ་རྒ་བ་དང་འཆི་བའི་སྡུག་བསྔལ་གྱིས་འཇིགས་པ་རྣམས་སྲེད་པའི་རྒྱུ་སྤང་བ་ལ་གཟུད་པའི་
ཕྱིར་འདི་གསུངས་སོ། །གཞན་དག་ནི་གླེང་གཞི་དང་ཚིག་མི་མཐུན་པར་འཆད་དོ། །རྒྱལ་པོའི་ཁབ་ན་ཕྱིས་ཁུང་གི་ཕག་ལས་བརྩམས་ནས་གསུངས་པ་ཡིན་ཏེ། སྐྱེ་བ་དང་ཆགས་པར་བྱེད་པ་དང་། ཡིད་བདེ་བ་ལ་རྟོག་པར་བྱེད་པ་སྟེ། དེ་ལ་སྐྱེ་བར་བྱེད་པ་ནི་འདོད་ཆགས་སྐྱེ་བ་དང་། རྟོག་པར་བྱེད་
པའི་ཡིད་དུ་འོང་བ་དང་། སེམས་འཕྲོག་པར་བྱེད་པ་དང་། འཇམ་ཞིང་འཇམ་པའི་ཚིག་ཟུར་གྱིས་སྨྲ་བ་ལ་སོགས་པའི་ངག་གི་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །ཡིད་བདེ་བ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ལུས་དང་ངག་གི་སྤྱོད་པ་རྗེས་སུ་དཔག་པ་དང་། ཡིད་ལ་འདོད་པ་དང་རིག་པའོ། །དང་གི་སྒྲ་
གསུམ་ནི་བསྡུས་པའི་དོན་ཏོ། །སྡིག་པ་ནི་མཐོང་བ་དང་དམིགས་པའོ། །གང་ཡིན་ཞེ་ན། སྨྲས་པ། མི་དག་ཅེས་བྱ་བ་སྨོས་ཏེ། སྐྱེས་པ་དང་བུད་མེད་དེ་གང་གི་ཕྱིར་དེ་གཉི་ག་གཅིག་ལ་གཅིག་མངོན་པར་དགའ་བའོ། །དེ་ལ་རྟོག་པར་བྱེད་པས་ཅི་ཞིག་ཏུ་འགྱུར་ཞེ་ན། སྨྲས་པ། རྟག་ཏུ་བདེ་བ་འདོད་
པར་བྱེད་ཅེས་བྱ་བ་སྟེ། གང་བུད་མེད་ཀྱིས་སྐྱེ་བོ་སྐྱེས་པ་ལ་ཆགས་པ་ནི་བུད་མེད་དེ་ཉིད་ཀྱི་མངོན་པར་འདོད་པས་ལྟ་བར་བྱེད་པ་ཡིན་ཏེ། དེ་ལ་ཆགས་པས་བདེ་བའི་ཁྱད་པར་འདོད་དེ། དེས་མ་འོངས་པའི་དོན་དུ་གཉེར་ཞིང་ཆགས་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་སྐྱེས་པ་བུད་མེད་ལ་ཞེས་བྱ་བ་ལ་
སོགས་པ་བརྗོད་པར་བྱའོ། །རྟག་པའི་དངོས་པོ་ཡིན་པས་རྟག་ཏུ་སྟེ། སྐྱེ་བ་དང་རྒ་བར་ཉེ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་ནི་འཁོར་བ་ན་ཡུན་རིང་དུ་གནས་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །ཚིག་གཉི་ག་ཡང་འགལ་བ་མེད་མོད་ཀྱི། ཕྲན་ཚེགས་ཀྱི་སྡེ་སྣོད་བརྗོད་པ་
ལས་ནི་སྔ་མ་བཞིན་ནོ། །དྲི་མ་དང་བཅས་པའི་སྡུག་བསྔལ་ལས་འདུན་པ་བཟློག་པའི་ཕྱིར་འདི་གསུངས་སོ། །མཁས་པས་ངེས་པར་བརྟགས་ན་ནི་སྲེད་པ་ཉིད་ཀྱིས་སྡུག་བསྔལ་སྐྱེད་པ་ཡིན་ནོ་ཞེས་རྣམ་པ་གཞན་གྱིས་བཤད་པ་བསྟན་པའི་ཕྱིར་སྨྲས་པ། སྐྱེ་དགུ་སྲེད་པ་རྣམས་ཀྱིས་མདུན་དུ་

བདར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་བཱ་རཱ་ཎ་སཱི་ན་དགེ་སློང་རབ་ཏུ་མང་པོ་དུར་ཁྲོད་དུ་རྒྱུ་བ་ན་དེའི་ཚེ་བྱི་བོ་བྱེད་པའི་སྐྱེ་བོ་མང་པོ་ཀ་ར་བཱི་རའི་ཕྲེང་བ་མགོ་ལ་བཏགས་ཏེ། གཤེད་མ་བས་ཅ་ཅོ་ཆེན་པོས་ཁྱེར་བཞིན་དུ་བསད་དོ། །དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་རི་བོང་
གི་རྒྱ་བརྐྱང་པ་གང་དུ་རི་བོང་མང་པོ་ཟིན་ཏེ་ཕན་ཚུན་མཆོང་བར་གྱུར་ཀྱང་མ་ཐར་བ་དག་མཐོང་སྟེ། ཡང་སྙིང་རྗེ་སྐྱེས་ནས་འདི་སྐད་དུ་གཏམ་དུ་བརྗོད་དེ། རེ་ཞིག་མི་འདི་དག་ནི་ངན་པར་སྤྱོད་པ་སྤྱད་པས་བསད་པ་ཡིན་ན། རི་དགས་འདི་དག་ནི་ཤིན་ཏུ་དཀའ་བ་སྤྱོད་དེ་རྩྭ་དང་ཆུ་ཉུང་ཟད་ཙམ་ལ་སྤྱོད་ཅིང་འཚོ་བས་
གནས་པར་བྱེད་པ་ཡིན་ན། དེ་ཇི་ལྟར་ཉེས་པ་མེད་པར་གསོད་པར་བྱེད་ཅེས་སོ། །གནས་སྐབས་འདི་ལྟ་བུ་དག་བཅོམ་ལྡན་འདས་ཀྱིས་གསན་ཏེ་འདི་གསུངས་སོ། །གཞན་དག་ནི་རྒྱལ་པོའི་ཁབ་ན་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་བཞུགས་ཏེ། ཕྱི་ས་ཁུང་ན་ཕག་ཅིག་
འགྲེ་ཞིང་ལྡོག་ལ་མངོན་པར་དགའ་བ་དེའི་དབང་དུ་མཛད་དེ་གསུངས་པས་དེས་ཀྱང་དེ་ཐོས་ཏེ་སེམས་མངོན་པར་དད་ནས། དེ་ནས་ཤི་འཕོས་ཏེ་གསེར་གྱི་སའི་རྒྱལ་པོའི་རིགས་སུ་སྐྱེས་ཏེ། བདེན་པ་མཐོང་བར་གྱུར་ཏོ་ཞེས་ཟེར་རོ། །དེ་ལ་འདིར་བསྡུས་པའི་དོན་ནི་འཁོར་བའི་རྒྱུ་དང་། འཁོར་བར་བྱེད་
པ་དང་སྡུག་བསྔལ་མང་པོ་ཉིད་དུ་བསྟན་པ་ཡིན་ཏེ། གང་ཀུན་འབྱུང་གི་བདེན་པ་ནི་སྲེད་པ་རྣམས་ཀྱིས་མདུན་དུ་བདར་ཞེས་བྱ་བ་འདིས་བསྟན་ཏོ། །ཀུན་སྦྱོར་རོ་ལ་དགའ་བ་ཞེས་བྱ་བས་ནི་འཁོར་བར་བྱེད་པ་བསྟན་ཏོ། །སྡུག་བསྔལ་གྱི་བདེན་པ་ཡང་དང་ཡང་སྡུག་བསྔལ་ཐོབ་པར་འགྱུར་ཞེས་བྱ་བ་ཡིན་
ནོ། །སྲེད་པ་རྣམས་ཀྱིས་མདུན་དུ་བདར་བ་ནི་མངོན་པར་བརྡས་པ་དང་ཟིལ་གྱིས་ནོན་པའོ། །དེ་ཡང་གང་ཡིན་ཞེ་ན། སྨྲས་པ། སྐྱེ་དགུ་ཞེས་བྱ་བ་སྨོས་ཏེ། སྲེད་པ་རྣམ་པ་སྣ་ཚོགས་དང་བཅས་པའི་སེམས་ཅན་གྱི་འཇིག་རྟེན་སྟོན་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ནི་གང་དང་གང་དུ་སྐྱེ་བ་དེ་དང་དེར་སྲེད་པ་
རྗེས་སུ་འབྲང་བ་ཡིན་ཏེ། དེས་བསྐུལ་ནས་སྡུག་བསྔལ་རྗེས་སུ་མྱོང་ངོ་། །ཡོངས་སུ་རྒྱུག་པ་ཞེས་བྱ་བ་ནི་ཀུན་ནས་ཡོངས་སུ་འཁོར་བ་ཡིན་ཏེ། འགྲོ་བ་ཐམས་ཅད་སྐྱེ་བ་ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་འདིར་དཔེ་བསྟན་པ། རི་བོང་བཞིན་ཞེས་བྱ་བ་སྨོས་ཏེ། འདི་གང་ལ་ཡོངས་སུ་རྒྱུག་པ་ཡིན་ཞེ་ན།

རྒྱ་གང་ཞེས་བྱ་བ་སྨོས་ཏེ། རི་དགས་རྣམས་ཡོངས་སུ་གཟུང་བའི་དྲ་བ་སྟེ་རྒྱའོ། །ཇི་ལྟར་རི་བོང་བདེ་བ་ལ་སྲེད་པས་འོང་བ་དང་འབྲོས་པར་བྱེད་ན་ཡང་རྒྱ་དེ་ཉིད་དུ་འཇུག་པར་བྱེད་པ་དེ་བཞིན་དུ་སྐྱེ་དགུ་བདེ་བ་ལ་སྲེད་པས་སྡུག་བསྔལ་ཉིད་ལ་ཡོངས་སུ་རྒྱུག་པ་ཡིན་ནོ། །དེ་ཉིད་དུ་ཡོངས་སུ་རྒྱུག་
པས་རྒྱུ་གང་གིས་ཅི་ཞིག་ཐོབ་པ་ཡིན་ཞེ་ན། སྨྲས་པ། ཀུན་སྦྱོར་ཞེས་བྱ་བ་སྨོས་ཏེ། སྲེད་པའི་ཀུན་དུ་སྦྱོར་བ་ལ་བརྟེན་པའི་རོ་ནི་ཀུན་སྦྱོར་རོའོ། །འདིར་རོ་ཡང་བདེ་བ་ཉིད་དུ་རིག་པར་བྱ་སྟེ། ཇི་སྐད་བཤད་པ་འདོད་པའི་རོ་ཡང་གང་ཞེ་ན། གང་འདོད་པའི་ཡོན་ཏན་ལ་བརྟེན་ནས་སྐྱེས་པའི་ཡིད་བདེ་བའི་
བདེ་བ་འབྱུང་བ་ཡིན་ནོ་ཞེས་བྱ་བ་སྟེ། ཉོན་མོངས་པའི་བདེ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་དགའ་ཞིང་ལྷག་པར་ཞེན་པ་ནི་སྲེད་པའི་ཀུན་དུ་སྦྱོར་བ་ལ་བརྟེན་ནས་བདེ་བ་མྱོང་ཞིང་རྗེས་སུ་འཁོར་བར་འགྱུར་རོ། །དེ་ཡང་གང་ཞེ་ན། སྨྲས་པ། བྱིས་པ་ཞེས་བྱ་བ་སྨོས་ཏེ།