Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 131
Văn bản gốc(Tây Tạng)
Trang 20 / 21 (50.000 ký tự/trang)
ེ། དེས་དེ་ལྟར་ཤེས་པས་རིམ་གྱིས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཟག་པ་རྣམ་པ་གསུམ་ ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །དེས་ཟད་པ་ཤེས་པ་ཐོབ་པས་ལུས་འདི་ཞིག་ནས་ཕྱི་མ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ཚོར་བ་རྣམས་མི་འབྱང་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེའི་ཚེ་ཟག་པ་ཟད་པ་དེ་ལ་དེའི་ཟད་པ་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་གནས་རྣམས་ ཀྱི་ནང་ན་མཆོག་ཡིན་ཏེ། སོ་སོའི་སྐྱེ་བོ་དང་སློབ་པ་རྣམས་ཀྱི་ནི་དྲི་མ་དང་བཅས་པ་ཡིན་ལ་དེའི་ནི་གཅིག་ཏུ་ངེས་པར་དྲི་མ་མེད་པའི་ཕྱིར་རོ། །དེའི་ཤེས་རབ་དེ་ཡང་ཉོན་མོངས་པ་ཐམས་ཅད་སྤོང་བའི་འགོག་པའི་བདེན་པ་ལ་ཞི་བའི་རྣམ་པར་དམིགས་པའི་སྒོ་ནས་བསྟན་པ་ཡིན་ཏེ། བརྗེད་ ངས་པ་ཙམ་གྱིས་ཀྱང་བསྐྱོད་པར་མི་ནུས་སོ། །དེའི་སེམས་དང་ཤེས་རབ་རྣམ་པར་གྲོལ་བ་དེ་ནི་འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང་སློབ་པ་རྣམས་ཀྱི་གནས་སྐབས་ལྟར་བརྗེད་ངས་པ་ཙམ་གྱིས་ཟད་པར་བྱེད་མི་ནུས་ཏེ། དེ་དག་ནི་བརྗེད་ངས་པའི་ཆོས་ཅན་ཡིན་པའི་ཕྱིར་དེ་ནི་ཡོངས་སུ་རྫོགས་ པའི་བདེན་པ་མ་ཡིན་ནོ། །མི་སློབ་པ་དེའི་ནི་རྟག་ཏུ་ཇི་ལྟ་བ་བཞིན་དུ་འདུག་པས་ན་ཡོངས་སུ་རྫོགས་པའི་བདེན་པ་ཡིན་ཏེ། དེ་བས་ན་དེ་ནི་བདེན་པའི་གནས་ཀྱི་མཆོག་དང་ལྡན་པ་དང་། ཕུང་པོའི་དངོས་པོ་ཐམས་ཅད་གཏོད་པའི་ཕྱིར་གཏོད་པའི་གནས་ཀྱི་མཆོག་དང་ཡང་ལྡན་ནོ། ། དེའི་ལམ་གྱི་འབྲས་བུ་མ་ལུས་པར་ཡང་དག་པར་གྲུབ་པས་ན། ལམ་ཤིན་ཏུ་བསྒོམས་པ་ཡིན་ཏེ། སོ་སོའི་སྐྱེ་བོ་དང་སློབ་པ་རྣམས་ཀྱི་ནི་དེ་ལྟ་མ་ཡིན་ནོ། །དེ་བས་ན་དེའི་དེ་ནི་ཉེ་བར་ཞི་བའི་གནས་ཀྱི་མཆོག་ཡིན་ནོ། །ཅིའི་ཕྱིར་མི་སློབ་པ་འབའ་ཞིག་གི་གནས་བཞི་ནི་མཆོག་ཡིན་ལ་ སོ་སོའི་སྐྱེ་བོ་དང་སློབ་པ་རྣམས་ཀྱི་ནི་དེ་ལྟ་མ་ཡིན་ཞེ་ན། དེ་ལ་གནས་པ་དེའི་ནི་ཉེས་འཇག་རྡུལ་ཙམ་ཡང་མེད་ལ་སོ་སོའི་སྐྱེ་བོའི་ས་ལ་གནས་པའི་ནི་མང་དུ་ཡོད་པ་དང་། སློབ་པའི་ནི་ཉུང་ངུ་ཡོད་པའི་ཕྱིར་རོ། །ཉེས་འཛག་རྣམས་གང་ཞེ་ན། སྔ་མ་བཞིན་དུ་གཡོ་བ་དང་རློམ་པ་ལ་སོགས་པ་ ཡིན་པར་རིག་པར་བྱའོ། །དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པའི་ཕྱིར་ཡོངས་སུ་རྫོགས་པའི་ཐུབ་པའི་རང་བཞིན་ཐོབ་པས་ན་ཐུབ་པ་ཞི་བ་ཞེས་བྱའོ། །ཕྱི་མའི་རྒྱུ་བསལ་བ་དང་། ཐོག་མ་དང་། བར་མ་དང་། ཐ་མ་རྣམས་སུ་སྐྱེ་བ་དང་། རྒ་བ་དང་། འཆི་བའི་སྡུག་ བསྔལ་ཉེ་བར་ཞི་བ་དང་། ཚེ་འདི་ལ་རྒྱུ་ཞིང་འགྲོ་བ་ན་འཇིག་རྟེན་གྱི་ཆོས་བཞི་ལ་རྗེས་སུ་ཆགས་པ་ཉེ་བར་ཞི་བ་དང་། བཞི་ལ་ནི་ཁོང་ཁྲོ་བ་ཉེ་བར་ཞི་བ་དང་། གནས་ཤིང་འདུག་པ་ན་ཡང་འདྲེ་བ་རྣམ་པར་ཞི་བའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམ་པ་ཡོངས་སུ་ རྫོགས་པའི་སྒོ་ནས་རྒྱུ་བདུན་གྱིས་དམ་པའི་ཆོས་བདུན་རྣམ་པར་གཞག་པར་རིག་པར་བྱ་སྟེ། བདུན་གང་ཞེ་ན། ཐོས་པ་ལས་བྱུང་བའི་ཡིད་ལ་བྱེད་པའི་དམིགས་པ་དང་། བསམས་པ་ལས་བྱུང་བའི་དམིགས་པ་དང་། བསྒོམས་པ་ལས་བྱུང་བའི་དམིགས་པ་དང་། ཡིད་ལ་བྱེད་པ་ གསུམ་པོ་དེ་དག་ཉིད་ཀྱི་སྦྱོར་བའི་ཚེ་ཡང་ཟང་ཟིང་གི་ལོངས་སྤྱོད་ཀྱི་ཟང་ཟིང་གི་ལོངས་ཡོངས་སུ་སྤྱོད་པ་ཁོང་དུ་ཆུད་པ་དང་ཟང་ཟིང་དང་ཆོས་ཀྱི་ལོངས་སྤྱོད་གཞན་ལས་དུས་དུས་སུ་འཐོབ་པ་དང་། མཐར་ཐུག་པའི་ཚེ་ཡང་བདག་ཉིད་མངོན་པའི་ང་རྒྱལ་མེད་པས་ཆུད་ཟ་བར་མི་འགྱུར་བ་དང་། གཞན་ ལ་མངོན་པའི་ང་རྒྱལ་མེད་པས་ཆུད་ཟ་བར་མི་འགྱུར་རོ། །དེ་ལ་ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་མཚན་མ་རྣམས་ལ་བསྒོམ་པའི་ཕྱིར་དུས་ཤེས་པ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་མཉམ་པར་གཞག་པའི་ས་ལས་འབྱུང་བ་བཞིན་ནོ། །ཟོས་པ་དང་འཐུངས་པ་ལ་ སོགས་པའི་དོན་ཀྱང་ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་ཟང་ཟིང་གི་ལོངས་སྤྱོད་ཀྱི་ཕྱིར་རྒྱལ་རིགས་དང་བྲམ་ཟེ་དང་ཁྱིམ་བདག་གི་འཁོར་རྣམས་དང་། ཆོས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་དགེ་སློང་གི་འཁོར་རྣམས་སུ་བདག་གིས་འདི་ལྟར་བགྲོད་པར་བྱ་སྟེ། ལུས་ཤིན་ཏུ་ བསྲུངས་པ་དང་། དབང་པོ་རྣམས་ཤིན་ཏུ་བསྡམས་པ་དང་། དྲན་པ་ལ་ཤིན་ཏུ་གནས་པས་སྒོ་དྲུང་དུ་འགྲེང་བར་བྱ་སྟེ། མ་གནང་གི་བར་དུ་ནང་དུ་འགྲོ་བར་མི་བྱའོ། །ནང་དུ་འོངས་ན་ཡང་མ་གནང་གི་བར་དུ་སྟན་གྱི་དྲུང་དུ་འགྲོ་བར་མི་བྱའོ། །འདུག་ན་ཡང་དྲག་ཏུ་ལྗིད་ཀྱིས་དབབ་པར་མི་ བྱའོ་སྙམ་པ་ནས་རྒྱས་པར་སྦྱར་རོ། །སྨྲ་བར་བྱ་བ་ཡང་ཚིག་རྣམ་པ་ལྔ་སྟེ། དུས་དང་། རིགས་པ་དང་། རན་པ་དང་། ཞི་བ་དང་། དྲང་པོར་སྨྲ་བའོ། །དུས་ལྔར་ནི་ཁ་རོག་པར་འདུག་པར་བྱ་སྟེ། ཡེངས་པ་དང་། འགོག་པ་དང་། ཐབ་མོ་སྙོགས་པ་ དང་། ཀླན་ཀ་ཚོལ་ཞིང་འདུག་པ་དང་། གཡར་འདྲེན་པ་དང་། སྨྲ་བའི་ཚེ་སྟེ། གཏམ་གྱི་མཇུག་རྫོགས་པ་བསྡད་པའི་ཕྱིར་རོ། །དེ་ལ་དུས་དུས་སུ་སྨྲ་བ་གང་ཞེ་ན། ཡེངས་པའམ། མི་བྲེལ་བའམ། ཉན་པར་མི་འདོད་པའམ། སྤྱོད་ལམ་འཚམ་པ་མ་ཡིན་པས་ གནས་པ་ལ་མི་སྨྲ་བ་དང་། སྔར་བྱ་བ་བསྟན་ཟིན་ནས་ཁྱད་པར་དང་ལྡན་པ་སྟོན་པ་དང་། གཏམ་གྱི་མཇུག་རྫོགས་པ་བསྡད་ནས་གཞན་དག་ལ་ཚིག་སྨྲ་བ་སྟེ། འདི་དང་དེ་དང་མཐུན་པ་རྣམས་ནི་དུས་དུས་སུ་སྨྲ་བ་ཡིན་པར་རིག་པར་བྱའོ། །རིགས་པ་རྣམ་པ་བཞི་ལ་བརྟེན་ནས་བདེན་ པའི་ཚིག་དང་དོན་དང་ལྡན་པ་གང་ཡིན་པ་དེ་ནི་རིགས་པ་ཞེས་བྱའོ། །ཚིག་དང་ཡི་གེ་རན་པ་དག་གིས་ཚིག་ཅི་ཙམ་མི་བརྗོད་དུ་མི་རུང་བ་དེ་ཙམ་ཞིག་སྨྲ་བར་བྱེད་དེ། མི་ཉུང་བ་མི་མང་བ་དང་། མ་འདྲེས་པ་དང་། དོན་མེད་པ་མ་ཡིན་པའི་ཚིག་འདི་ནི་རན་པར་སྨྲ་བ་ཞེས་བྱའོ། །རྒོད་པ་ མེད་པའི་ཚིག་སྨྲ་བ་དང་། ལབ་ལབ་པོ་མ་ཡིན་པ་དང་། ལུས་ཀྱི་ཉེས་རྩོམ་མེད་པ་དང་། ངག་གི་ཉེས་རྩོམ་མེད་པ་འདི་ནི་ཞི་བར་སྨྲ་བའོ། །ཚུལ་འཆོས་པ་མེད་པ་དང་། མ་བཅོས་པའི་ཚིག་དང་གཡོ་དང་བྲལ་བའི་ཕྱིར་ཐད་ཀར་སྨྲ་བ་འདི་ནི་དྲང་པོར་སྨྲ་བ་ཡིན་པར་རིག་པར་བྱའོ། །དད་པ་ ལ་སོགས་པ་དགེ་བའི་ཆོས་རྣམས་བདག་ལ་མེད་བཞིན་དུ་ཡོད་དོ་སྙམ་དུ་མངོན་པའི་ང་རྒྱལ་མི་བྱེད་ལ་ཆུང་ངུ་དག་ལ་ཡང་ལྷག་པར་སྒྲོ་འདོགས་པར་མི་བྱེད་དེ་ཅི་ཡོད་པ་དང་། ཅི་ཙམ་ཡོད་པ་དེ་ཉི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་བས་ན་བདག་ཤེས་པ་ཡིན་ནོ། །དེ་ལ་དད་པ་ སྔོན་དུ་འགྲོ་བའི་ཚུལ་ཁྲིམས་ཡང་དག་པར་བླང་བ་དང་། ཚུལ་ཁྲིམས་ཡང་དག་པར་བླང་བ་སྔོན་དུ་འགྲོ་བའི་ཐོས་པ་ཡོངས་སུ་ཚོལ་བ་དང་། དེ་སྔོན་དུ་འགྲོ་བའི་ཉེས་པ་གཏོང་བ་དང་། ཡོ་བྱད་ཐམས་ཅད་དང་ལུས་དང་སྲོག་ལ་ཡང་མི་ལྟ་བ་དང་། དེ་སྔོན་དུ་འགྲོ་བའི་སེམས་མཉམ་པར་གཞག་ ན་ཡང་དག་པར་ཤེས་པའོ། །ཆོས་ལྔ་པོ་དེ་དག་ཀྱང་རྒྱུ་བཞིས་རབ་ཏུ་ཕྱེ་བ་ཡིན་ཏེ། གཞན་གྱི་ལུང་སྟེ། ལུང་གི་དབང་དུ་བྱས་པ་དང་། རང་གི་རྟོགས་པ་དང་། རང་བཞིན་གྱིས་རྟོག་པའི་སྤོབས་པ་དང་། སྔོན་གོམས་པས་རང་བཞིན་གྱིས་ཡོན་ཏན་དེ་ལ་སྦྱོར་བའི་ཡ་རབས་ཀྱི་ཚུལ་ཡོད་ པའི་སྒོ་ནས་སོ། །གང་ཟག་ནི་འདི་གཉིས་ཡིན་ཏེ་ཞེས་བྱ་བ་ནི་གཉིས་གཉིས་སུ་བསྟན་པའོ། །འདི་གཉིས་ནི་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །འདི་གཉིས་ཀྱི་ནང་ན་འདི་ནི་ལེགས་པ་ཡིན་ནོ་ཞེས་བྱ་བ་ནི་ཐ་དད་པར་དབྱེ་བ་ཡིན་པར་རིག་པར་བྱའོ། །དམ་པའི་ཆོས་བདུན་བསྒོམས་པའི་ ཕན་ཡོན་ནི་གཉིས་ཏེ། ཚེ་འདི་ལ་ཤིན་ཏུ་སྦྱངས་པའི་བདེ་བ་དང་། ཤེས་བྱའི་དེ་ཁོ་ན་མངོན་པར་རྟོགས་པ་ལས་བྱུང་བའི་ཡིད་བདེ་བས་བདེ་བ་དང་། ཡིད་བདེ་བས་ཤས་ཆེར་གནས་པ་དང་། དེའི་གནས་པ་དེ་ཉིད་ནི་ཟག་པ་ཟད་པར་འགྱུར་བའི་ཚུལ་བཞིན་ནོ། །བྱང་ཆུབ་ཀྱི་ ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམ་པའི་ཕྱིར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ནི་མདོར་བསྡུ་ན། བསླབ་པ་རྣམས་དང་། བསླབས་པའི་འབྲས་བུས་ཆོས་ཐམས་ཅད་བསྡུས་ཏེ། བསླབ་པ་རྣམས་གང་ཞེ་ན། བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་བོ། བསླབས་པའི་འབྲས་བུ་གང་ཞེ་ན། ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །དེ་ལ་ཆོས་ཐམས་ཅད་ནི་འདི་རྣམས་ཡིན་ཏེ། རབ་ཏུ་འབྱུང་བར་བྱ་བ་དང་། མྱ་ངན་ལས་ འདས་པ་ཐོབ་པར་བྱ་བའི་ཕྱིར་ཆོས་ལ་འདུན་པ་དགེ་བ་སྟེ། ཐོག་མ་ཁོ་ནར་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །གང་གི་ཕྱིར་མཐར་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་ཕྱིར་དེ་དག་ནི་འདུན་པའི་རྩ་བ་ཅན་ཞེས་བྱའོ། །དེ་དག་ཀྱང་ཚུལ་ཁྲིམས་ལ་བརྟེན་ནས་དམ་ པའི་ཆོས་མཉན་པ་དང་ལྡན་པའི་ཐོས་པ་བཟུང་ནས། དམ་པའི་ཆོས་མཉན་པའི་དབང་གིས་འབྱུང་བའི་ཚིག་བླ་དགས་དང་། རིག་པའི་འདུས་ཏེ་རེག་པ་ལས་འགྲུབ་པར་འགྱུར་ཏེ། དེ་བས་ན་རེག་པའི་རྒྱུ་ཅན་ཞེས་བྱའོ། །དེ་དག་ཀྱང་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམས་ ལས་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་ཐུག་པའི་བར་དུ་ཡང་དག་པར་གཞོལ་བ་དང་། བདེ་བའི་དོན་དུ་ཡང་དག་པར་བརྩམས་པ་དང་། བདེ་བ་དེ་ཡང་གཅིག་ཏུ་ངེས་པར་ཁ་ན་མ་ཐོ་བ་མེད་པ་ཡིན་པས་ན་དེའི་ཕྱིར་ཚོར་བ་ལ་ཡང་ དག་པར་གཞོལ་བ་དེ་དག་ནི་བསླབ་པས་བསྡུས་པའི་ཆོས་རྣམས་ཞེས་བྱའོ། །དེ་དག་ཀྱང་རེག་པའི་འདུས་ཏེ་རེག་པ་དེ་དང་། རེག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེ་དག་གི་སྒོ་ནས་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཚུལ་བཞིན་ཡིད་ ལ་བྱེད་པ་ལས་འབྱུང་སྟེ། དེ་བས་ན་ཡིད་ལ་བྱེད་པ་ལས་བྱུང་བ་ཞེས་བྱའོ། །དེའི་ཚེ་ན་དྲན་པ་ཉེ་བར་གཞག་པ་བཞི་ལ་ལྷག་མཐོང་གི་ཕྱོགས་དང་མཐུན་པའི་དྲན་པས་ལྷག་མཐོང་ལ་བརྟེན་ནས། ནང་གི་སེམས་ཀྱི་ཞི་གནས་ཀྱི་དབང་དུ་འགྱུར་ཏེ། དེ་བས་ན་དྲན་པའི་དབང་གིས་ འབྱུང་བ་ཞེས་བྱའོ། །དྲན་པའི་དབང་གིས་བྱུང་བའི་ཞི་གནས་དེ་ཡང་ཕྱིས་བདེན་པ་མངོན་པར་རྟོགས་པ་ཤེས་བྱའི་གཙོ་བོར་འདུག་སྟེ། དེ་བས་ན་ཏིང་ངེ་འཛིན་གཙོ་བོ་ཞེས་བྱའོ། །བདེན་པ་མངོན་པར་རྟོགས་པའི་ཤེས་རབ་དེ་ཡང་འདི་ལྟ་སྟེ། ཟག་པ་ཡོངས་སུ་མ་ལུས་པར་ཟད་ པའི་ཕྱིར་བླ་མ་དང་གཙོ་བོ་ཡིན་ཏེ། དེ་བས་ན་ཤེས་རབ་བླ་མ་ཞེས་བྱའོ། །ཟག་པ་ཐམས་ཅད་ཟད་ནས་ཀྱང་མཐར་ཐུག་པའི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་ལྡན་པའི་རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི་བསླབ་པས་བསྡུས་པའི་ཆོས་དེ་དག་གིས་ཡང་དང་ཡང་དུ་ཐོབ་ པར་བྱ་བ་མ་ཡིན་ཏེ། དེ་ནི་ལན་ཅིག་ཁོ་ནས་ཐོབ་པ་ཡིན་ལ་རྣམ་པར་གྲོལ་བ་དེ་ཡང་བདེ་བ་ཐམས་ཅད་ཀྱི་མཆོག་ཁ་ན་མ་ཐོ་བ་མེད་པའི་སྙིང་པོ་ཡིན་ཏེ། དེ་བས་ན་རྣམ་པར་གྲོལ་བའི་སྙིང་པོ་ཞེས་བྱའོ། །དེ་ལྟར་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བ་དེ་དང་། བསླབ་པས་བསྡུས་པའི་ཆོས་དེ་དག་དང་། རྟེན་དུ་གྱུར་པའི་ཕུང་པོ་དང་བཅས་པར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རང་གི་ངང་གིས་གཏན་དུ་འགག་པར་འགྱུར་ཏེ། དེ་བས་ན་མྱ་ངན་ལས་འདས་པའི་མཐར་ཐུག་པ་ཞེས་བྱའོ། །དེ་ལ་ འདུན་པའི་དབང་དུ་བྱས་ནས་ཚུལ་ཁྲིམས་ཡང་དག་པར་ལེན་པ་གང་ཡིན་པ་འདི་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །རེག་པ་དང་། ཚོར་བ་དང་། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་རྟེན་གྱི་གཞིའི་ཚུལ་གྱིས་ཡིད་ལ་བྱེད་པ་དང་། དྲན་པ་དང་། ཏིང་ངེ་འཛིན་སྦྱོར་བ་དང་། བཅས་པ་ནི་ལྷག་པའི་སེམས་ཀྱི་བསླབ་པའོ། །ཤེས་རབ་བླ་མ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྟེ། བསླབ་པ་གསུམ་པོ་འདི་དག་ནི་གཞི་དང་བཅས་པར་རིག་པར་བྱའོ། །རྣམ་པར་གྲོལ་བའི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ནི་བསླབ་པའི་འབྲས་བུ་དང་པོའོ། ། མྱ་ངན་ལས་འདས་པའི་མཐར་ཐུག་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་བསླབ་པའི་འབྲས་བུ་གཉིས་པའོ། །བསླབས་པ་རྣམས་དང་བསླབས་པའི་འབྲས་བུ་དེ་རྣམས་བསྡུས་པ་ནི་ཆོས་ཐམས་ཅད་ཡིན་ནོ། །བསླབ་པ་འབྲས་བུ་དང་བཅས་པ་དེ་དག་ཡང་དག་པར་འགྲུབ་པའི་ ཚོགས་སུ་གྱུར་པ་ནི་ཉེས་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་འདུ་ཤེས་རྣམ་པ་དགུ་འདྲིས་པར་བྱ་བ་ཡིན་པར་རིག་པར་བྱ་སྟེ། རྣམ་པ་བརྒྱད་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ཡོངས་སུ་ཞེན་པ་དང་། ཡང་སྲིད་པར་སྐྱེ་བའི་འདུ་བྱེད་ལ་འཆུམས་པ་དང་། ལེ་ལོ་དང་། སྙོམ་ལས་དང་། འཇིག་ ཚོགས་ལ་ལྟ་བ་དང་། རོ་ལ་སྲེད་པ་དང་། འཇིག་རྟེན་སྣ་ཚོགས་ལ་འདུན་པའི་འདོད་ཆགས་ཀྱི་རྗེས་སུ་ཆགས་པ་དང་། བག་མེད་པ་ལ་གནས་པ་དང་། ཉེས་པར་སྤྱོད་པའི་སྦྱོར་བ་དང་། སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པའོ། །འདུ་ཤེས་འདྲིས་པར་བྱ་བ་རྣམ་པ་དགུ་གང་ཞེ་ན། འདི་ལྟར་རབ་ཏུ་འབྱུང་བའི་འདུ་ཤེས་འདྲིས་པར་བྱ་བ་དང་། འདུ་བྱེད་ཐམས་ཅད་ལ་ཉེས་དམིགས་ཀྱི་འདུ་ཤེས་འདྲིས་པར་བྱ་བ་དང་། མི་རྟག་པའི་འདུ་ཤེས་འདྲིས་པར་བྱ་བ་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་འདྲིས་པར་བྱ་བ་དང་། སྡུག་བསྔལ་བ་ལ་བདག་མེད་པའི་ འདུ་ཤེས་འདྲིས་པར་བྱ་བ་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་འདྲིས་པར་བྱ་བ་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་འདྲིས་པར་བྱ་བ་དང་། འཇིག་རྟེན་གྱི་མཐུན་པ་དང་། མི་མཐུན་པའི་འདུ་ཤེས་འདྲིས་པར་བྱ་བ་དང་། སྐྱེ་བ་དང་འཇིག་པ་དང་ཀུན་འབྱུང་ བ་དང་ནུབ་པ་དང་རོ་མྱང་བའི་ཉེས་དམིགས་དང་ངེས་པར་འབྱུང་བའི་འདུ་ཤེས་འདྲིས་པར་བྱ་བའོ། །དེ་ལ་ཆོས་མཐུན་པར་སྤྱོད་པས་བསྡུས་པའི་བདེ་འགྲོར་འགྲོ་བའི་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ནི་མཐུན་པ་ཞེས་བྱའོ། །ཆོས་མ་ཡིན་པ་མི་མཐུན་པའི་སྤྱོད་པས་ བསྡུས་པ་ངན་འགྲོར་འགྲོ་བ་མི་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ནི་མི་མཐུན་པ་ཞེས་བྱའོ། །འདི་ན་གནས་པ་སྐྱེས་ཤིང་བྱུང་བའི་ཕྱི་མའི་མཐའི་སྐྱེ་བའི་སྡུག་བསྔལ་ནི་སྐྱེ་བའོ། །སྔོན་གྱི་མཐའ་ལས་བྱུང་བས་ཚེ་འདི་ལ་འཆི་བའི་སྡུག་བསྔལ་ནི་འཇིག་པའོ། །ཀུན་འབྱུང་བ་ལ་སོགས་པ་ ལྷག་མ་རྣམས་ཀྱིས་རབ་ཏུ་དབྱེ་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན་ནི་དམ་པའི་ཆོས་མ་ཡིན་པ་ཐོས་པའི་དབང་གིས་བྱུང་བའི་ཚུལ་བཞིན་མ་ཡིན་པའི་འདུ་ཤེས་ལ་བརྟེན་ནས། མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྐྱེ་བར་འགྱུར་ཏེ། དེ་ལ་ བརྟེན་ནས་ཟག་པ་རྣམས་སྐྱེ་བར་འགྱུར་རོ། །ཕྱི་རོལ་པ་དེ་ནི་ཟག་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེ་དང་། དམ་པའི་ཆོས་མ་ཡིན་པ་ཐོས་པའི་དབང་གིས་བྱུང་བའི་ལོག་པའི་འདུ་ཤེས་ཀྱང་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་མི་ཤེས་སོ། །དེས་གནས་གསུམ་པོ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས་འདོད་པ་ཡོངས་སུ་ཚོལ་བར་བྱེད་དོ། །སྲིད་པ་ཡང་ཚོལ་བར་བྱེད་དོ། །ལོག་པའི་ཚངས་པར་སྤྱོད་པ་ཚོལ་བས་འཇིག་པ་ཡང་ཚོལ་བར་བྱེད་དོ། །དེས་ནི་འདོད་པ་རྣམས་ཀྱང་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །ཡང་སྲིད་པར་སྐྱེ་བའི་ལས་བྱས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །སྡུག་བསྔལ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །དེ་ལ་སྔ་མ་ལྔ་ནི་ཀུན་འབྱུང་བའི་བདེན་པའི་གནས་ཡིན་ནོ། །ཐ་མ་ནི་སྡུག་བསྔལ་གྱི་ བདེན་པའི་གནས་ཡིན་ཏེ། དེ་ལྟར་ན་ཕྱི་རོལ་པ་དེ་ནི་ཀུན་འབྱུང་བའི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །ཀུན་འབྱུང་བའི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པ་དེ་ཡང་མདོར་བསྡུ་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ རྣམ་པ་གཉིས་ཀྱི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་རྣམ་པ་བཞི་སྟེ། རང་བཞིན་དང་། རྒྱུ་དང་། འབྲས་བུ་དང་། རྒྱུ་དང་། འབྲས་བུའི་རབ་ཏུ་དབྱེ་བའོ། །དེ་ལ་རྣམ་པར་བྱང་བ་ནི་རྣམ་པ་གཉིས་ཏེ། ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། འགོག་པར་འགྱུར་བའི་ལམ་མོ། །དེ་ལྟར་འཕགས་པའི་བདེན་པ་བཞི་ལ་ཤེས་པ་མེད་པ་དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་མ་བསྒོམས་པའི་རྒྱུས་གཏན་དུ་མཐར་ཐུག་པའི་ཚངས་པར་སྤྱོད་པ་མ་ཡིན་ཏེ། དེས་ན་ངེས་པར་ འབྱེད་པ་མ་ཡིན་པ་ཞེས་བྱ་སྟེ། ཟག་པ་རྣམས་མ་ཟད་པའི་ཕྱིར་རོ། །དེ་ལས་བཟློག་པ་སྟེ། ཆོས་འདི་པའི་གཏན་དུ་མཐར་ཐུག་པའི་ཚངས་པར་སྤྱོད་པ་ནི་ངེས་པར་འབྱེད་པ་ཡིན་པར་རིག་པར་བྱ་སྟེ། ཟག་པ་རྣམས་ཟད་པའི་ཕྱིར་རོ། །གང་ཟག་རྣམ་པ་དྲུག་པོ་ཀུན་ནས་ ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཉིད་ཀྱི་སྒོ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེས་བུ་ཆེན་པོའི་དབང་པོའི་ཡེ་ཤེས་དང་། ཕྱི་མ་ལ་ཆོས་ཡང་དག་པར་སྐྱེ་བའི་ཡེ་ཤེས་འཇུག་གོ། །གང་ཟག་རྣམ་པ་དྲུག་པོ་རྣམས་གང་ཞེ་ན། འདི་ན་གང་ཟག་ཁ་ཅིག་གིས་སྔོན་གྱི་ཚེ་ རབས་གཞན་དག་ཏུ་ཆོས་འདུལ་བ་འདི་ལ་དད་པ་ཐོབ་པ་ནས། རྒྱས་པར་ལྟ་བ་དང་པོའི་བར་དུ་བྱས་ནས་དེ་ད་ལྟར་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་སྐྱེས་བུ་དམ་པ་མ་ཡིན་པ་བསྟེན་པ་ལ་བརྟེན་ནས། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ པའི་སྒོ་ནས་ཚེ་འདི་ལ་ཐོག་མ་ཁོ་ནར་ལྟ་བ་དང་། སྲེད་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་བསྐྱེད་དོ། །དེ་དེའི་ཚེ་སྔོན་གྱི་དགེ་བའི་ཆོས་དེ་དག་དང་ཡང་ལྡན་ལ། ཚེ་འདིའི་མི་དགེ་བ་དེ་དག་དང་ཡང་ལྡན་ཏེ། དེ་དེའི་འོག་ཏུ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སྐྱེས་བུ་ དམ་པ་བསྟེན་པ་ལ་བརྟེན་ནས། ཚུལ་བཞིན་ཡིད་ལ་བྱེད་པའི་བར་དག་གི་སྒོ་ནས། སྔོན་གྱི་རྒྱུ་དེ་ཁོ་ནས་ཉེས་པར་བཤད་པའི་ཆོས་འདུལ་བ་དེ་ལས་ཕྱིར་ལྡོག་སྟེ། ཉེས་པར་བཤད་པ་ཡིན་ནོ་སྙམ་པའི་འདུ་ཤེས་ཀྱིས་མི་དགེ་བའི་ཆོས་དེ་དག་དང་དུ་མི་ལེན་ཅིང་སེལ་བར་བྱེད་དོ། །དེ་ཡང་ཕྱི་མ་ ལ་འདིར་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་བ་འདི་ནི་གང་ཟག་དང་པོའོ། །གཞན་ཡང་གང་ཟག་ཁ་ཅིག་ནི་སྔོན་ཚེ་རབས་གཞན་དག་ཏུ་ཆོས་འདུལ་བ་གཉི་ག་ལ་སྤྱད་པར་འགྱུར་ཏེ། དེ་དེའི་རྒྱུས་ཚེ་འདི་ལ་དགེ་བའི་ཆོས་རྣམས་དང་ཡང་ལྡན་ལ་མི་དགེ་བའི་ཆོས་རྣམས་ དང་ཡང་ལྡན་ཏེ། དེ་དེ་ལྟར་ཡང་ཐོག་མ་ཁོ་ནར་སྔ་མ་བཞིན་དུ་ལེགས་པར་གསུངས་པ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་བར་དུ་འཐོབ་སྟེ། ཚེ་འདི་ལ་དེའི་མི་དགེ་བ་དེ་དག་གསར་དུ་མ་སྐྱེས་པས་ནུབ་པར་འགྱུར་ལ་དགེ་བ་རྣམས་གསར་དུ་སྐྱེས་པས་འབྱུང་བར་འགྱུར་ཏེ། དེའི་སྔོན་གྱི་མི་ དགེ་བའི་རྩ་བ་བག་ལ་ཉལ་གྱི་ཚུལ་གྱིས་གནས་པས་ཆད་པར་མ་གྱུར་པ་གང་ཡིན་པ་དེ་ཡང་དེ་ལྟར་བག་ཡོད་པར་གནས་པས་ཐམས་ཅད་ཀྱི་ཐམས་ཅད་དུ་ཆད་པར་འགྱུར་ཏེ། དེ་ལྟར་ན་འདི་ཡང་ཕྱི་མ་ལ་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་ཏེ། འདི་ནི་གང་ཟག་གཉིས་པའོ། །གཞན་ ཡང་ཁ་ཅིག་ནི་སྔོན་ཚེ་རབས་གཞན་དག་ཏུ་གཅིག་ཏུ་ངེས་པར་ཕྱི་རོལ་སྤྱོད་པར་འགྱུར་ཏེ། དེ་ནི་ད་ལྟར་ཡང་དེའི་རྒྱུས་རབ་ཏུ་འབྱུང་བ་ལ་གོམས་པ་དང་། ལོག་པར་ལྟ་བ་ལ་གོམས་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རྐྱེན་ཚོགས་པ་དང་ཕྲད་ནས་རབ་ཏུ་བྱུང་ངོ་། །དེ་ལྟར་རབ་ ཏུ་བྱུང་ནས་ཀྱང་ལོག་པར་ལྟ་བ་ཁོ་ནར་འགྱུར་ཏེ། རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པས་གནས་སོ། །དེའི་མཚམས་མེད་པའི་ལས་ཀྱང་བྱེད་ལ་དགེ་བའི་རྩ་བ་རྣམས་ཀྱང་གཅོད་པར་བྱེད་དོ། །མི་དགེ་བའི་ཆོས་རྣམས་སུ་གཅིག་ཏུ་ངེས་པར་ཡང་འགྱུར་རོ། །ངན་སོང་དུ་འགྲོ་བར་ངེས་པར་ ཡང་འགྱུར་ཏེ། འདི་ནི་གང་ཟག་གསུམ་པའོ། །གང་ཟག་གསུམ་པོ་དེ་རྣམས་ཀྱི་ནང་ན་དང་པོ་ནི་སྔོན་འདིའི་རྒྱུ་ལ་སྤྱོད་པར་འགྱུར་ལ་ཚེ་འདི་ལ་ནི་སྔར་བག་མེད་པར་གྱུར་པ་ལས་ཕྱིས་བག་ཡོད་པར་རིག་པར་བྱའོ། །གང་ཟག་གཉིས་པ་ནི་སྔོན་འདི་དང་ཕྱི་རོལ་གཉིས་ཀའི་རྒྱུ་ལ་སྤྱོད་པར་གྱུར་ ལ། ཚེ་འདི་ལ་ནི་གཅིག་ཏུ་ངེས་པར་བག་ཡོད་པར་རིག་པར་བྱའོ། །གསུམ་པ་ནི་སྔོན་ཡང་གཅིག་ཏུ་ངེས་པར་ཕྱི་རོལ་སྤྱོད་པར་གྱུར་ལ། ཚེ་འདི་ལ་ཡང་གཅིག་ཏུ་ངེས་པར་བག་མེད་པར་རིག་པར་བྱའོ། །གང་ཟག་གསུམ་པོ་དེ་དག་གི་ཟླ་ཡང་གང་ཟག་གཞན་གསུམ་ཡོད་དེ། དེ་ལས་ བཟློག་པ་ཡིན་པར་རིག་པར་བྱའོ། །དེ་ལ་དང་པོ་ནི་སྔོན་ཕྱི་རོལ་སྤྱོད་པར་གྱུར་ལ་ཚེ་འདི་ལ་ནི་སྔར་བག་ཡོད་པར་གྱུར་ནས། ཕྱིས་བག་མེད་པར་གྱུར་པར་རིག་པར་བྱའོ། །གཉིས་པ་ནི་སྔོན་འདི་དང་ཕྱི་རོལ་གཉིས་ཀའི་རྒྱུ་སྤྱོད་པར་གྱུར་ལ། ཚེ་འདི་ལ་ནི་གཅིག་ཏུ་ངེས་པར་བག་མེད་ པར་རིག་པར་བྱའོ། །གསུམ་པ་ནི་སྔོན་གཅིག་ཏུ་ངེས་པར་ཕྱི་རོལ་གྱི་རྒྱུ་སྤྱོད་པར་གྱུར་ལ་ཚེ་འདི་ལ་ནི་གཅིག་ཏུ་ངེས་པར་བག་ཡོད་པར་རིག་པར་བྱའོ། །དེ་ལ་སྔོན་གྱི་དགེ་བ་དང་། མི་དགེ་བའི་རྒྱུ་གང་ཡིན་པ་དེ་ནི་ས་བོན་ལྟ་བུའོ། །དེ་ལ་སྔོན་གྱི་དགེ་བའི་ས་བོན་གྱི་ནི་ཆོས་འདུལ་ བ་འདི་ད་ལྟར་གྱི་ཞིང་གཤིན་པ་ལྟ་བུའོ། །མི་དགེ་བའི་ས་བོན་གྱི་ནི་ཞིང་ངན་པ་ལྟ་བུའོ། །དེ་ལས་བཟློག་པ་སྟེ། སྔོན་གྱི་མི་དགེ་བའི་ས་བོན་གྱི་ནི་ད་ལྟར་གྱི་ཉེས་པར་བཤད་པའི་ཆོས་འདུལ་བ་ཞིང་གཤིན་པ་ལྟ་བུ་ཡིན་ལ། དགེ་བའི་ས་བོན་གྱི་ནི་ཞིང་ངན་པ་ལྟ་བུ་ཡིན་ནོ། །འདིར་ དགེ་བའི་ཆོས་སྐྱེ་བ་ནི་སྔོན་གྱི་རྒྱུའི་དབང་གིས་བྱུང་བ་ཡིན་ཏེ། མ་རིག་པའི་མུན་པ་ལྟ་བུའི་མི་དགེ་བའི་ཆོས་ཀྱི་གཉེན་པོའི་ཚུལ་གྱིས་སྣང་བ་ལྟ་བུའོ། །མི་དགེ་བའི་ཆོས་དེ་དག་ནི་སྣང་བ་ལྟ་བུའི་དགེ་བའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་སྔོན་གྱི་མི་དགེ་ བའི་ཆོས་དེ་དག་ནི་ལུས་དང་། སེམས་ཡོངས་སུ་གདུང་བའི་དོན་གྱིས་མདག་མེ་ལྟ་བུའོ། །ཉེས་པར་བཤད་པའི་ཆོས་འདུལ་བ་ནི་ད་ལྟར་གྱི་འདམ་བུ་སྐམ་པོའི་ཁྱིམ་ལྟ་བུའོ། །སྔོན་གྱི་དགེ་བའི་ཆོས་རྣམས་ནི་ཉོན་མོངས་པ་སྲེག་པའི་སྒོ་ནས་མདག་མེ་ལྟ་བུའོ། །ཉེས་པར་བཤད་པའི་ཆོས་ འདུལ་བ་ནི་དེ་རྣམས་ཀྱི་རྡོའི་ས་གཞི་དང་། རོ་སྐམ་ལྟ་བུའོ། །སྔོན་གྱི་མི་དགེ་བ་སྤངས་པས་སོལ་བ་ལྟ་བུར་གྱུར་པའི་ནི་ཆོས་འདུལ་བ་འདི་རྡོའི་ས་གཞི་དང་། རོ་སྐམ་ལྟ་བུའོ། །དེ་ལ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་བླ་ན་ མེད་པས། སྔོན་གྱི་དགེ་བ་དང་མི་དགེ་བའི་རྒྱུ་ལས་ཡང་དག་པར་གྲུབ་པས་དབང་པོ་དེ་ཡང་ཅི་རིགས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ལ། ཚེ་འདི་ལ་རྣམ་པར་དག་པ་དང་། ཀུན་ནས་ཉོན་མོངས་པའི་སྒོ་ནས་གནས་པ་དེ་དག་གི་ཕྱི་མ་ལ་རྣམ་པར་བྱང་བ་དང་། ཀུན་ནས་ཉོན་ མོངས་པའི་ཆོས་ཡང་དག་པར་སྐྱེ་བ་གང་ཡིན་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དེ་བས་ན་ངོ་མཚར་རྨད་དུ་བྱུང་བ་དང་ལྡན་པ་ཞེས་བྱའོ། །ངན་འགྲོར་འགྲོ་བ་དང་། བདེ་འགྲོར་འགྲོ་བའི་ལམ་ལས་ཡང་དག་པར་འདས་པ་ལ་ནི་ རྣམ་གྲངས་ལྔ་ཡོད་པར་རིག་པར་བྱ་སྟེ། རྣམ་གྲངས་གང་དག་གིས་རང་གིས་ཡང་དག་པར་འདས་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། གཞན་དག་གི་ཡང་དག་པར་འདས་པ་ཡང་རབ་ཏུ་ཤེས་པ་སྟེ། འདི་ལྟ་སྟེ། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ ཐོས་རྣམས་སོ། །དེ་ལ་ངན་འགྲོར་འགྲོ་བའི་ལམ་གང་ཞེ་ན། འདི་ལས་ཕྱི་རོལ་པ་རྣམས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བ་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་དམིགས་པ་དང་བཅས་ཤིང་རྟེན་དང་བཅས་པ་གང་ཡིན་པ་དེ་དག་ལ་བརྟེན་ནས་སྡིག་པ་འདོད་པ་དང་། རྣམ་པར་ འཚེ་བ་དང་། སྲོག་གཅོད་པ་ལ་སོགས་པའི་སྡིག་པ་མི་དགེ་བའི་ཆོས་རྣམས་རྣམ་པ་དུ་མ་ནས། མདོ་ལས་ཇི་སྐད་བྱུང་བ་བཞིན་དུ། ཆོས་མ་ཡིན་པ་སྤྱོད་པ་དང་། མི་མཐུན་པ་སྤྱོད་པ་ཡན་ཆད་ཀྱི་བར་གྱི་ངན་སོང་དུ་འགྲོ་བར་བྱེད་པ་དང་། སེམས་ཅན་དམྱལ་བར་འགྲོ་བར་བྱེད་པ་དང་། ངན་འགྲོར་འགྲོ་བར་བྱེད་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལ་བརྟེན་ནས་དེ་དག་ངན་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེའི་རྒྱུ་ལས་བྱུང་བའི་མི་སྡུག་པའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་འདི་ནི་ངན་འགྲོར་འགྲོ་བའི་ལམ་མོ། །དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི་ དམིགས་པ་གང་ལས་ལྟ་བར་གྱུར་པ་དེ་དག་སྐྱེ་བར་འགྱུར་བ་དང་། རང་གི་གནས་ལ་མངོན་པར་ཞེན་པ་གང་ཡིན་པ་དང་། ངན་སོང་དུ་འགྲོ་བར་བྱེད་པའི་གནས་སྡིག་པ་འདོད་པ་ལ་སོགས་པ་ཆོས་མ་ཡིན་པ་དང་། མི་མཐུན་པར་སྤྱོད་པ་ཡན་ཆད་གང་ལ་གནས་ན་མི་སྡུག་པ་དང་། ངན་ སོང་གི་རྣམ་པར་སྨིན་པ་དེ་དག་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ལ་འདི་ནི་བདག་གི་ཡང་མ་ཡིན་ནོ། །འདི་ནི་བདག་ཀྱང་མ་ཡིན་ཏེ། འདི་ནི་བདག་གི་བདག་ཀྱང་མ་ཡིན་ནོ་ཞེས། དེ་ལྟར་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་བས་བདེན་པ་ མངོན་པར་རྟོགས་པའི་མོད་ལ་ལྟ་བར་གྱུར་པའི་བག་ལ་ཉལ་དེ་དག་གི་རྩ་བ་ཡང་ཡང་དག་པར་བཅོམ་ཞིང་སྤོང་བར་འགྱུར་ལ་དེ་དག་ཀྱང་གཏན་དུ་ཉིང་མཚམས་སྦྱོར་བར་མི་འགྱུར་ཏེ། དེ་ལྟར་ན་འཕགས་པ་ཉན་ཐོས་དེ་ནི་ལྟ་བར་གྱུར་པའི་རྩ་བ་ལས་བྱུང་བ་ངན་སོང་དུ་འགྲོ་བར་འགྱུར་ བའི་གནས་དེ་དག་གིས་བར་དུ་གཅོད་པར་འགྱུར་བ་དང་། ངན་སོང་དུ་འགྲོ་བར་འགྱུར་བའི་རྒྱུ་མ་ཡིན་ཏེ། འདི་ནི་དེའི་ངན་འགྲོར་འགྲོ་བའི་ལམ་བསལ་བར་བྱ་བའི་རྣམ་གྲངས་དང་པོ་ཡིན་ནོ། །དེས་ན་བདག་ཉིད་ཤེས་པར་འགྱུར་ཏེ། འདི་ལྟར་བདག་ཅག་ལ་སོགས་པ་འཕགས་ པ་ཉན་ཐོས་རྣམས་ལས་གཞན་སོ་སོའི་སྐྱེ་བོ་འདི་དག་འཇིག་རྟེན་པའི་ལམ་གྱིས་མི་དགེ་བ་ངན་སོང་དུ་འགྲོ་བའི་གནས་ལ་ཡང་དག་པར་འདས་ནས་ཚེ་འདི་ལ་བདེ་བར་གནས་པ་བཞི་ཐོབ་སྟེ། འདས་ནས་ཀྱང་གཟུགས་དང་གཟུགས་མེད་པ་རྣམས་ཀྱི་ཞི་བ་དང་། རྣམ་པར་གྲོལ་བ་ཐོབ་མོད་ ཀྱི། དེ་དག་ནི་གཏན་དུ་ངན་འགྲོ་བསལ་བ་དང་ལྡན་པ་མ་ཡིན་ཏེ། དེ་བས་ན་གཞན་དེ་དག་ནི་འདོད་པ་དང་། གཟུགས་ཀྱི་འདོད་ཆགས་དང་བྲལ་དུ་ཟིན་ཀྱང་། རེ་ཞིག་བདེ་བར་གནས་པས་ཁྱད་པར་དུ་འཕགས་པར་ཟད་དེ། ཕྱི་མ་ལ་སྲོག་གཅོད་པར་འགྱུར་ལ། བདག་ཅག་ནི་ སྲོག་གཅོད་པར་མི་འགྱུར་བ་ནས་དེ་དག་གི་ཆོས་མ་ཡིན་པ་སྤྱོད་པ་དང་། མི་མཐུན་པའི་བར་དུ་སྤྱོད་པར་འགྱུར་ལ། བདག་ཅག་ནི་དེ་ལྟར་མི་འགྱུར་རོ་སྙམ་པ་འདི་ནི་འཕགས་པའི་ཆོས་འདུལ་བ་ལས་འདི་ལྟ་སྟེ། ངན་འགྲོར་འགྲོ་བའི་ལམ་བསལ་བའི་རྣམ་གྲངས་སོ། །སངས་རྒྱས་རྣམས་ དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་ཀྱང་རྣམ་གྲངས་དེས་ན་བསལ་བ་དེ་དེ་ལྟར་ཡང་དག་པར་མཁྱེན་ཏོ། །འཕགས་པ་ཉན་ཐོས་དེའི་ནི་བདེ་འགྲོར་འགྲོ་བའི་ལམ་ལས་ཡང་དག་པར་འདའ་བར་བྱ་བ་ལུས་ཏེ། འཕགས་པ་ཉན་ཐོས་དེ་ནི་དེ་ཙམ་གྱིས་ཆོག་པར་མི་འཛིན་པར་གོང་དུ་ཟག་ པ་ཟད་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་ཅིང་ཆེད་དུ་གཏད་ནས་སེམས་སྐྱེད་པར་བྱེད་དེ། འཇིག་རྟེན་པའི་ལམ་དེ་ལ་འདི་ནི་གཏན་དུ་སྡུག་བསྔལ་ལས་ངེས་པར་འབྱུང་བ་མ་ཡིན་ནོ་སྙམ་དུ་དེ་ཉིད་ཉེས་དམིགས་སུ་མཐོང་བ་འདི་ནི་བདེ་འགྲོར་འགྲོ་བའི་ལམ་ལས་ཡང་དག་པར་འདའ་བར་བྱ་བའི་ ཕྱིར་སེམས་བསྐྱེད་པའི་རྣམ་གྲངས་དང་པོའོ། །དེས་སེམས་ཆེད་དུ་གཏད་ནས་བདེ་འགྲོའི་སྲིད་པའི་རོ་མྱང་བ་དེ་དག་ཐམས་ཅད་ལ་དེ་ཉིད་ཉེས་དམིགས་སུ་མཐོང་ནས། མུ་སྟེགས་ཡང་བ་ལས་ཇི་ལྟ་བ་བཞིན་དུ་སེམས་བཟློག་ནས། ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་ འདའ་བར་བྱ་བ་འབའ་ཞིག་གི་ཕྱིར་ཡང་དག་པར་བརྩོན་ཞིང་ཇི་ལྟར་ཐོབ་པའི་མྱ་ངན་ལས་འདའ་བར་འགྱུར་བའི་ལམ་དེ་འབའ་ཞིག་ལ་ཡང་དག་པར་འཇུག་པ་དེ་ནི་དེའི་ཡང་དག་པར་འདའ་བའི་རྣམ་གྲངས་སོ། །བསྒོམ་པའི་ལམ་དེས་དེ་མཐར་གྱིས་སྐྱོ་བར་འགྱུར་བས་ན་སྲིད་པའི་རྩེ་མོ་མན་ ཆད་དུ་སྙོམས་པར་འཇུག་གོ། །དེ་གལ་ཏེ་བཏང་སྙོམས་ཀྱི་མཆོག་དེ་རོ་མྱོང་བར་བྱེད་ན་ནི་བག་མེད་པའི་རྒྱུས་དེ་ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ཏེ། ཕྱིར་མི་འོང་བར་འགྱུར་བ་འདི་ནི་དེའི་ཕྱི་མ་ལ་གོང་དུ་འགྲོ་བའི་རྣམ་གྲངས་ཡིན་ནོ། །གལ་ཏེ་དེ་ལ་ཡང་དེ་ཉིད་ཉེས་དམིགས་ ཡིན་པར་ཡང་དག་པར་མཐོང་ནས་བཏང་སྙོམས་དེ་རོ་མྱོང་བར་མི་བྱེད་ན་ནི་དེ་ཚེ་འདི་ལ་ཀུན་ཤེས་པའི་ཕུང་པོའི་ལྷག་མ་དང་བཅས་པ་ལ་བརྟེན་ནས། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ནི། དེའི་མྱ་ངན་ལས་འདའ་བའི་རྣམ་གྲངས་ཡིན་ཏེ། རྣམ་གྲངས་དེས་ནི་རང་གི་ཡོངས་སུ་མྱ་ངན་ ལས་འདས་པ་བདེ་འགྲོར་འགྲོ་བའི་ལམ་ལས་ཡང་དག་པར་འདས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ལ་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་གཞན་རྣམས་ཀྱིས་ཀྱང་དེའི་ཡང་དག་པ་མཁྱེན་ཏོ། །དེ་ལ་གསལ་བའི་རྣམ་གྲངས་སྔ་མ་ཤོས་ཀྱིས་ནི་ངན་འགྲོར་ འགྲོ་བའི་ལམ་ལས་ཡང་དག་པར་འདའ་བར་རིག་པར་བྱའོ། །ཕྱི་མ་སེམས་བསྐྱེད་པ་དང་། ཡང་དག་པར་འདའ་བ་དང་། གོང་དུ་འགྲོ་བ་དང་། མྱ་ངན་ལས་འདས་པའི་རྣམ་གྲངས་བཞིས་ནི་བདེ་འགྲོར་འགྲོ་བའི་ལམ་ལས་ཡང་དག་པར་འདའ་བར་རིག་པར་བྱའོ།། །། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་ཉི་ཤུ་པ། འདི་གཉིས་ནི་འཕགས་པ་ཉན་ཐོས་བཞི་མཐོང་བ་འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བའི་ཀུན་ནས་ཉོན་མོངས་པ་ཡིན་ཏེ། འདོད་པའི་ཀུན་ནས་ཉོན་མོངས་པ་དང་། ཡང་སྲིད་པར་སྐྱེ་བའི་ཀུན་ནས་ཉོན་ མོངས་པ་སྟེ། དེ་དག་གཉིས་ལས་འཕགས་པ་ཉན་ཐོས་ཀྱིས་སེམས་ཡོངས་སུ་དག་པར་བྱའོ། །དེ་ལ་འཕགས་པ་ཉན་ཐོས་ནི་འདོད་པའི་ཀུན་ནས་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་བརྩོན་པ་ན་མཐར་གྱིས་མི་གཡོ་བར་འགྲོ་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་འགྲོ་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་འགྲོ་བའི་ལམ་གསུམ་ལ་བརྟེན་ནས་མི་གཡོ་བ་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་སྟེ། དེ་ནི་སྤོང་བའི་གཉེན་པོ་དང་། ཐག་བསྲིང་བའི་གཉེན་པོའི་སྒོ་ནས་འདོད་པའི་ཀུན་ ནས་ཉོན་མོངས་པ་ལས་ཡང་དག་པར་འདའ་བར་འགྱུར་རོ། །ཡང་སྲིད་པར་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྤོང་བའི་ཕྱིར་བརྩོན་པར་བྱེད་པ་ན་ནི་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བར་གྱུར་ལ། གཟུགས་རྣམས་ལས་འདོད་ཆགས་དང་མ་བྲལ་ཏེ། བདག་མ་གྱུར་ཅིག་བདག་ གིར་ཡང་མ་གྱུར་ཅིག །བདག་ནི་མི་འགྱུར་རོ། །བདག་གིས་མི་འགྱུར་རོ་སྙམ་སྟེ། ཅི་ཡོད་པ་དང་། ཅི་འབྱུང་བ་དེ་ཡང་སྤོང་བར་བྱའོ་སྙམ་ནས། ཕྱིར་ཡང་སྲིད་པར་སྐྱེ་བའི་གཉེན་པོའི་ལམ་བསྒོམས་པས་གཟུགས་ཀྱི་འདོད་ཆགས་དང་བྲལ་བར་བྱས་ནས། འདུ་ཤེས་མེད་འདུ་ ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་སྙོམས་པར་འཇུག་སྟེ། དེ་གལ་ཏེ་ཚེ་འདི་ལ་བཏང་སྙོམས་དེའི་རོ་མྱོང་བར་བྱེད་ན་ནི་ཚེ་འདི་ལ་ཡང་སྲིད་པར་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་ཡོངས་སུ་གྲོལ་བར་མི་འགྱུར་རོ། །གལ་ ཏེ་རོ་མྱོང་བར་མི་བྱེད་ན་ནི་དེ་ཚེ་འདི་ལ་ཡང་སྲིད་པར་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འགྱུར་ལ་ཡོངས་སུ་གྲོལ་བར་ཡང་འགྱུར་རོ། །དེ་ལ་འདོད་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོའི་སྒོ་ནས་ལམ་སྒོམ་པར་བྱེད་ ཅིང་མཐར་གྱིས་སྲིད་པའི་རྩེ་མོའི་བར་དུ་སྙོམས་པར་འཇུག་པ་གང་ཡིན་པ་དང་། ཡང་སྲིད་པར་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གཉེན་པོའི་སྒོ་ནས་ལམ་སྒོམ་པར་བྱེད་ཅིང་མཐར་གྱིས་དེ་ལྟར་སྲིད་པའི་རྩེ་མོའི་བར་དུ་སྙོམས་པར་འཇུག་པ་གང་ཡིན་པ་འདི་ནི་ཐུན་མོང་བའི་རྣམ་པར་གྲོལ་བ་སྟེ། དེ་ལ་འཕགས་པ་རྣམས་དང་འཕགས་པ་མ་ཡིན་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་གོ་སྐབས་ཡོད་པ་དེའི་ཕྱིར། དེ་ལ་འཕགས་པའི་རྣམ་པར་གྲོལ་བ་ཞེས་མི་བྱའོ། །སྲིད་པའི་རྩེ་མོ་མན་ཆད་ཀྱི་འཇིག་ཚོགས་ཐམས་ཅད་ནི་སྡུག་བསྔལ་བའོ་སྙམ་དུ་རིག་ནས་སྲིད་པའི་རྩེ་མོ་ལས་ འདས་ཏེ། ཚེ་འདི་ལ་ཉོན་མོངས་པ་ཐམས་ཅད་སྤོང་བ་གང་ཡིན་པ་འདི་ནི་འཕགས་པ་རྣམས་འབའ་ཞིག་གི་རྣམ་པར་གྲོལ་བ་ཡིན་ཏེ། དེ་བས་ན་འཕགས་པའི་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན་གནས་ལྔར་འགྱུར་ཏེ། མི་གཡོ་བར་འགྲོ་བའི་ལམ་ དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་འགྲོ་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་འགྲོ་བ་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བ་དང་། འཕགས་པའི་རྣམ་པར་གྲོལ་བའོ། །གསུམ་པོ་འདི་དག་ནི་འདོད་པ་རྣམས་ཀྱི་ཉེས་དམིགས་ཡིན་ཏེ། འདོད་པ་རྣམས་ནི་བདེ་བ་ མྱོང་བར་འགྱུར་བའི་ཡུལ་རྣམས་ལ་བརྣབ་སེམས་སྐྱེ་བའི་རྒྱུ་དང་། སྡུག་བསྔལ་ཚོར་བའི་གནས་རྣམས་ལ་གནོད་སེམས་སྐྱེ་བའི་རྒྱུ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཚོར་བའི་གནས་རྣམས་ལ་མ་རིག་པའི་ཉེས་རྩོམ་སྐྱེ་བའི་རྒྱུའོ། །འདོད་པ་དེ་དག་ཀྱང་གནས་ གསུམ་གྱི་སྒོ་ནས་ཉེས་དམིགས་སུ་བལྟ་བར་བྱ་སྟེ། རང་བཞིན་དང་། དམིགས་པ་དང་། གྲོགས་སོ། །དེ་ལ་རང་བཞིན་ནི་ཀུན་དུ་རྟོག་པའི་འདོད་ཆགས་སོ། །དམིགས་པ་ནི་ནང་དང་ཕྱི་རོལ་གྱི་ཡུལ་གཟུགས་ཅན་རྣམ་པ་ལྔའོ། །གྲོགས་ནི་ཚུལ་བཞིན་པ་ཡིན་པ་ཡིད་ལ་བྱེད་པ་དང་ མཚུངས་པར་ལྡན་པའི་ཕྱིན་ཅི་ལོག་གི་འདུ་ཤེས་སོ། །གོང་མའི་འདོད་ཆགས་དང་བྲལ་བའི་སྦྱོར་བ་ལས་བྱུང་བའི་སེམས་ནི་ཆེན་པོར་གྱུར་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ས་གོང་མ་ནི་ཆེས་ཆེ་བ་དང་། ཆེས་གཙོ་བོར་གྱུར་པ་ཡིན་ཏེ། དེ་བས་ན་དེར་འགྲོ་བའི་སེམས་གང་ཡིན་པ་དེ་ནི་ཆེན་ པོར་གྱུར་པ་ཞེས་བྱའོ། །འཇིག་རྟེན་འོག་མ་གང་ལས་འདོད་ཆགས་དང་བྲལ་བར་འགྱུར་བ་དེའི་མི་རྟག་པ་ལ་སོགས་པའི་རྣམ་པས་སུན་འབྱིན་པར་བྱེད་པ་ནི་ཟིལ་གྱིས་གནོན་པ་ཡིན་པར་རིག་པར་བྱའོ། །འཐོབ་པར་བྱ་བའི་ས་གོང་མ་ལ་རེ་ཞིག་པའི་ཚུལ་གྱིས་ཞི་བར་འདུ་ཤེས་པའི་སྒོ་ནས་ ནི་ཡིད་ཀྱི་གནས་སུ་རིག་པར་བྱའོ། །བདག་གིས་གནས་དེ་ཡང་དག་པར་བསྒྲུབས་ནས་གནས་པ་འཐོབ་པར་ནུས་སོ་སྙམ་དུ་ཡིད་ཆེས་པ་སྐྱེས་ནས་སྦྱོར་བའི་ལམ་ལ་དད་པ་སྒོམ་པ་གང་ཡིན་པ་དེ་ནི་སྐྱེ་མཆེད་ལ་སེམས་ཡང་དག་པར་དད་པ་ཞེས་བྱའོ། །དེ་དད་པ་དེའི་སྒོ་ནས་བརྩོན་འགྲུས་ དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་བསྒོམས་པས་བསམ་གཏན་དང་པོ་ནས་བཟུང་སྟེ། མཐར་གྱིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་མི་གཡོ་བའི་བར་དུ་སྙོམས་པར་འཇུག་གོ། །བདག་ནི་སྙོམས་པར་ཞུགས་སོ་སྙམ་དུ་ཤེས་རབ་ཀྱིས་མོས་སོ། །དེའི་རྣམ་པར་ཤེས་ པ་དེ་མི་གཡོ་བའི་སྐྱེ་མཆེད་དུ་སྐྱེ་བར་འགྱུར་ཏེ། གལ་ཏེ་ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རམ། གོང་དུ་འགྲོ་བར་མི་འགྱུར་ན་ནི་དེ་ལྟར་ན་དེ་ཕྱི་མ་ལ་མི་གཡོ་བར་ཉེ་བར་འགྲོ་བར་འགྱུར་རོ། །ས་འདི་རྣམས་ལས་རྒྱུ་གསུམ་གྱིས་མི་གཡོ་བར་རྣམ་པར་གཞག་པར་རིག་ པར་བྱའོ། །ཕྱི་རོལ་གྱི་འདོད་པའི་གཡེང་བ་ན་གཡོ་བར་སྤངས་པའི་ཕྱིར་ནི་བསམ་གཏན་དང་པོ་མི་གཡོ་བའོ། །རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་། གཟུགས་ན་སྤྱོད་པའི་གཡོ་བ་ཐམས་ཅད་སྤངས་པའི་ཕྱིར་ནི་བསམ་གཏན་བཞི་པ་མི་གཡོ་བའོ། །གཟུགས་དང་ཐོགས་ པ་དང་། སྣ་ཚོགས་ཀྱི་འདུ་ཤེས་ཀྱི་གཡོ་བ་སྤངས་པའི་ཕྱིར་ནི་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་མི་གཡོ་བའོ། །བསམ་གཏན་གཉིས་པ་དང་གསུམ་པ་རྣམས་ལ་ནི་གོང་ནས་གོང་དུ་གཡོ་བ་སྤངས་པའི་ཕྱིར་མི་གཡོ་བར་རིག་པར་བྱའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཕྱི་རོལ་དུ་བལྟས་པའི་དམིགས་པའི་གཡོ་བ་ཙམ་ལས་དབེན་པའི་ཕྱིར་མི་གཡོ་བར་རིག་པར་བྱ་སྟེ། མདོར་བསྡུ་ན་ཅུང་ཟད་ལ་དམིགས་པའི་ཏིང་ངེ་འཛིན་མི་གཡོ་བའི་ཕྱིར་ན་མི་གཡོ་བ་ཞེས་བྱའོ། །དེ་ཡང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་མཐར་ ཐུག་པས་ན་དེའི་ཕྱིར་དེ་མན་ཆད་མི་གཡོ་བར་རྣམ་པར་གཞག་པར་རིག་པར་བྱའོ། །ཅུང་ཟད་ལ་དམིགས་པའི་སྙོམས་པར་འཇུག་པ་དེ་དག་ཐམས་ཅད་ཀྱང་གོང་ན་ཡོད་པའི་འདུ་ཤེས་ཀྱི་སྙོམས་པར་འཇུག་པ་ཡིན་ནོ། །དེ་ཡན་ཆད་ནི་ཅི་ཡང་མེད་པ་ལ་དམིགས་པའི་སྙོམས་པར་འཇུག་པ་ ཡིན་ཏེ། གོང་ན་མེད་པའི་འདུ་ཤེས་ཀྱི་སྙོམས་པར་འཇུག་པ་ཡིན་པར་རིག་པར་བྱའོ། །དེ་ཡན་ཆད་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཡིན་ཏེ། དེ་བས་ན་སྒོ་གསུམ་ལས་ལམ་གསུམ་དུ་བསྟན་ཏོ། །གང་གི་ཕྱིར་འཕགས་ པ་ཉན་ཐོས་ཀྱི་སྒོ་གསུམ་ནས་འདོད་པ་རྣམས་སུན་འབྱིན་པར་བྱེད་དེ་སུན་ཕྱུང་ནས་ཀྱང་མཐར་གྱིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་བར་དུ་སྙོམས་པར་འཇུག་པ་དེའི་ཕྱིར་ཡང་མི་གཡོ་བའི་སྐྱེ་མཆེད་དུ་འགྲོ་བའི་ལམ་གསུམ་རྣམ་པར་གཞག་གོ། །གཟུགས་ཀྱི་འདུ་ཤེས་དང་མི་གཡོ་ བའི་འདུ་ཤེས་ནི་ས་འོག་མ་ཐམས་ཅད་ལ་སུན་ཕྱུང་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་སྟེ། འདི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དུ་འགྲོ་བའི་ལམ་དང་པོའོ། །ཟག་པ་མེད་པའི་ལམ་བསྒོམ་པའི་མཐའ་ནི་སྐྱེ་མཆེད་དེ་ལ་ཐུག་གོ། །ཟག་པ་མེད་པའི་ལམ་དེ་ལ་ཡང་འདུ་ ཤེས་ཀྱི་སྙོམས་པར་འཇུག་པ་བཞིན་དུ་གོང་ན་ཡོད་པ་དང་། གོང་ན་མེད་པ་ཡོད་དོ། །དེ་ལ་གོང་ན་ཡོད་པ་ནི་མི་རྟག་པའི་རྣམ་པ་དང་ལྡན་པའོ། །གོང་ན་མེད་པ་ནི་བདག་མེད་པའི་རྣམ་པ་དང་ལྡན་པའོ། །དེ་ལ་གོང་ན་ཡོད་པའི་རྣམ་པས་ནི་ས་འོག་མ་སུན་ཕྱུང་ནས་དེའི་སྐྱེ་མཆེད་ལ་ སྙོམས་པར་འཇུག་གོ། །གོང་ན་མེད་པའི་རྣམ་པས་ནི་འོག་མ་དང་། གོང་མ་དང་། དེ་ཉིད་དང་། ཆོས་ཐམས་ཅད་ལ་བདག་མེད་པར་ཡིད་ལ་བྱེད་པས་ཟག་པ་མེད་པའི་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་སྟེ། གོང་ན་མེད་པའི་རྣམ་པ་དེ་ནི་ལམ་གཉིས་པ་ཡིན་པར་རིག་པར་ བྱའོ། །ལམ་གཉིས་པ་དེ་ཡང་རྣམ་པ་གཉིས་སུ་དབྱེ་བས་རྣམ་པ་གཉིས་སུ་རྣམ་པར་གཞག་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། བརྟེན་པ་དང་། རྟེན་གྱི་ཤེས་བྱའི་བྱེ་བྲག་གོ། །དེ་ལ་བརྟེན་པའི་བདག་མེད་པའི་ཤེས་པ་ནི་སེམས་ཅན་གྱི་ཁམས་གང་ཡང་རུང་བ་དང་། བདག་ གང་ཡིན་པ་འདི་ལ་བདག་གི་ཡུལ་ག་གེ་མོ་དང་། སེམས་ཅན་ཆེ་གེ་མོ་དང་། ཕའམ། མའམ། གྲོགས་སམ། རྗེ་བོ་ལ་སོགས་པ་ཅུང་ཟད་ཀྱང་མེད་པའོ། །ཇི་ལྟར་བདག་གི་ག་གེ་མོ་དང་། ཆེ་གེ་མོ་དང་། ཅུང་ཟད་ཀྱང་མེད་པ་དེ་བཞིན་དུ་བདག་ཀྱང་དེ་རྣམས་ཀྱི་ག་གེ་མོ་དང་། ཆེ་གེ་ མོ་དང་། ཅུང་ཟད་ཀྱང་མ་ཡིན་པའོ། །རྟེན་གྱི་བདག་མེད་པའི་ཤེས་པ་ནི་རྟག་པ་དང་། བདག་དང་བདག་གིས་འཇིག་རྟེན་སྟོང་སྟེ། འདི་ལ་རྟག་པའམ་བདག་གམ་བདག་གི་ཅི་ཡང་མེད་དེ། ཆོས་ཙམ་དུ་ཟད་དོ། །དེ་ལྟར་འཇིག་རྟེན་སྟོང་པ་ཡིན་ན། འདི་ལ་གང་ན་སུ་ཞིག་ཅི་ ཞིག་ག་ལ་ཡོད་དེ། དེ་བས་ན་ཤེས་པ་སྔ་མ་ནི་བརྟེན་པ་ཡིན་ལ་ཕྱི་མ་ནི་རྟེན་དུ་གྱུར་པར་བལྟ་བར་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ནི་ཟག་པ་མེད་པའི་ལམ་མེད་དེ། དེ་བས་ན་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་སུན་ཕྱུང་ནས་དེའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ སྟེ། དེ་ལ་ནི་ལམ་དེ་གཅིག་པུ་ཡིན་ནོ། །དེ་ལ་བདག་མ་གྱུར་ཅིག་ཅེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །བདག་གིར་ཡང་མ་གྱུར་ཅིག་ཅེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཡིན་ཏེ། དེ་ལྟ་བུའི་རྣམ་པར་འདུན་པ་བསྐྱེད་ནས་བརྩོན་པར་བྱེད་དོ། ། ཡང་དག་པར་བརྩོན་ན་སྔ་ཕྱིར་ཁྱད་པར་ཤེས་ནས་ངེས་པར་འཐོབ་པར་འགྱུར་ཏེ་བདག་མི་འགྱུར་རོ། །བདག་གིར་མི་འགྱུར་རོ་སྙམ་མོ། །དེ་བས་ན་ད་ལྟར་གྱི་ཚེ་འདི་ལ་གསར་དུ་ལས་བྱས་ཤིང་བསགས་པ་ཅི་ཡོད་པ་དང་། ལས་རྙིང་ཅི་བྱུང་བ་དེ་དག་ཐམས་ཅད་ཀྱི་རྣམ་པར་སྨིན་པ་མི་ འདོད་དེ། མི་ལྟ་བའི་ཕྱིར་ཐམས་ཅད་སྤོང་བའོ། །སྡོམ་ནི། རྣམ་པར་གཞག་དང་མཐར་ཐུག་དང་། །མ་འདྲེས་པ་དང་ཚུལ་བཞིན་དང་། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་། །བསྒོམ་དང་དུས་དང་བར་དུ་གཅོད། །རང་བཞིན་བསྟན་དང་སྤོང་བའི་ཕྱིར། །རྩོམ་དང་སྒོམ་པ་ཐ་ མ་ཡིན། །དེ་ལ་རྣམ་པར་གཞག་པ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས། ལམ་གྱི་ཡན་ལག་ལ་ཐུག་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་གྱི་མདོ་དང་རྒྱས་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །ཤེས་བྱའི་ གཞི་ཐམས་ཅད་ནི་དྲན་པ་ཉེ་བར་གཞག་པ་བཞི་མཐར་ཐུག་པར་རིག་པར་བྱའོ། །ཤེས་བྱའི་གཞིའི་མཐར་ཐུག་པས་ནི་ཤེས་བྱའི་གཞི་མཐར་ཐུག་པར་རིག་པར་བྱའོ། །འདུན་པ་དང་བརྩོན་འགྲུས་ལ་སོགས་པ་བསྒོམ་པ་ལ་སྦྱོར་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་འགྲུབ་པར་བྱ་བའི་ ཕྱིར་ཡིན་པར་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་མ་གཏོགས་པར་དེ་དང་མི་འདྲ་བའི་ལམ་མམ། དམིགས་པ་གང་ལ་བརྟེན་ན་ཟག་པ་ཟད་པར་འགྱུར་ཞིང་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བའི་ལམ་དང་། དམིགས་པ་གཞན་མེད་པའི་ཕྱིར་རྣམ་ པར་དག་པའི་ལམ་འདི་ཟླ་མེད་པ་ཡིན་པས་ན། ལམ་འདི་ནི་བགྲོད་པ་གཅིག་པ་ཞེས་བྱའོ། །བགྲོད་པ་གཅིག་པའི་ལམ་དེས་ཀྱང་རྒྱུ་གཉིས་ཀྱིས་སེམས་ཅན་རྣམས་རྣམ་པར་དག་པར་བྱེད་དེ། སོ་སོར་བརྟགས་པའི་སྟོབས་དང་། བསྒོམས་པའི་སྟོབས་ཀྱིས་སོ། །མྱ་ངན་ཞེས་ བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་མི་བདེ་བའོ། །དྲོད་མི་ཐུབ་ཅེས་བྱ་བ་ནི་རྒོད་པར་གཏོགས་པ་སྟེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་ཡིད་མི་བདེ་བའོ། །མྱ་ངན་གྱི་གནས་ནི་འཇིག་རྟེན་གྱི་ཆོས་བཞིའོ། །དྲོད་མི་ཐུབ་པའི་གནས་ནི་གཞན་བཞི་པོ་ཉིད་དོ། །དེ་ལ་དྲན་པ་ཉེ་ བར་གཞག་པ་བཞི་ལ་བརྩོན་པ་ནི་སོ་སོར་བརྟགས་པའི་སྟོབས་ལ་བརྟེན་པས་མྱ་ངན་དང་དྲོད་མི་ཐུབ་པ་ལས་ཡང་དག་པར་འདའ་བར་འགྱུར་རོ། །འཇིག་རྟེན་པའི་བསྒོམས་པའི་སྟོབས་ཀྱིས་འདོད་པའི་འདོད་ཆགས་དང་བྲལ་བ་ཐོབ་པས་ནི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སྤོང་བར་འགྱུར་ རོ། །འཇིག་རྟེན་ལས་འདས་པའི་བསྒོམས་པའི་སྟོབས་ཀྱིས་འཇིག་ཚོགས་ཐམས་ཅད་ལས་ཡང་དག་པར་འདས་པས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ལམ་གྱི་འབྲས་བུ་རིག་པ་དང་ཆོས་རྟོགས་པར་འགྱུར་རོ། །དེ་ཡང་སེམས་ཅན་རྣམས་ཀྱི་སོ་སོར་རྟོགས་པའི་སྟོབས་ དང་། བསྒོམས་པའི་སྟོབས་ཀྱིས་རྣམ་པ་ཐམས་ཅད་རྣམ་པར་དག་པར་རིག་པར་བྱའོ། །ལུས་ལ་སོགས་པ་དམིགས་པ་བཞི་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ན་ནི་དྲན་པ་ཉེ་བར་གཞག་པ་བཞི་ཉམས་སུ་ལེན་པར་མི་འགྱུར་རོ། །དེ་རྣམས་ཉམས་སུ་མི་ལེན་ན་ཚུལ་བཞིན་ཡིད་ལ་ བྱེད་པ་འཕགས་པའི་རིགས་པའི་རྗེས་ལ་འབྱུང་བའི་ཡང་དག་པའི་ལྟ་བ་ལ་སོགས་པའི་འཕགས་པའི་ལམ་སྐྱེ་བ་ཡང་ཉམས་སུ་མི་ལེན་ན། དེ་ཉམས་སུ་མ་བླངས་པས་འཕགས་པའི་ལམ་ཡང་ཉམས་སུ་མ་བླངས་པ་ཡིན་ནོ། །དེ་ཉམས་སུ་མ་བླངས་པས་དེའི་འབྲས་བུ་མྱ་ངན་ལས་འདས་ པའི་བདུད་རྩི་ཡང་ཉམས་སུ་མ་བླངས་པ་ཡིན་ནོ། །རྣལ་འབྱོར་པ་ནི་ལུས་ལ་སོགས་པ་རྒྱུ་ལ་བརྟེན་ཏེ་བྱུང་བར་རིག་ནས་དུས་གསུམ་གྱི་ལུས་ལ་སོགས་པའི་ཆོས་རྣམས་ལ་མི་རྟག་པར་རྗེས་སུ་མཐོང་བས་གནས་ཏེ། མི་རྟག་པར་རྗེས་སུ་མཐོང་བས་གནས་ན། ཡང་ན་སྲིད་པར་སྐྱེ་ བ་ལ་ཡང་སྲིད་པར་སྐྱེ་བའི་སྲིད་པས་རྟེན་ཅིང་མི་གནས་ལ་ཚེ་འདི་ལ་ཡང་ཕྱི་ནང་གི་འདུ་བྱེད་ཐམས་ཅད་ལ་བདག་གམ་བདག་གིར་ཅུང་ཟད་ཀྱང་མི་འཛིན་ཏོ། །དེ་ལ་མ་འོངས་པ་རྣམས་ལ་ནི་ཀུན་འབྱུང་བའི་ཆོས་ཅན་དུ་རྗེས་སུ་མཐོང་བར་རིག་པར་བྱའོ། །འདས་པ་རྣམས་ལ་ནི་འཇིག་པའི་ ཆོས་ཅན་དུ་རྗེས་སུ་མཐོང་ངོ་། །ད་ལྟར་བྱུང་བ་རྣམས་ལ་ནི་བྱུང་བ་དང་དེའི་འོག་ཏུ་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་ཀུན་འབྱུང་བ་དང་འཇིག་པའི་ཆོས་ཅན་དུ་མཐོང་བས་གནས་ཏེ། དེ་ཐོག་མ་ཁོ་ནར་ལུས་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ཡང་དག་པར་རྗེས་སུ་ མཐོང་བས་མི་རྟག་པ་ཉིད་ལ་འཇུག་གོ། །མི་རྟག་པ་ཉིད་ལ་ཞུགས་ནས་སྲེད་པ་དང་ལྟ་བའི་ཀུན་ནས་ཉོན་མོངས་པ་ལས་སེམས་རྣམ་པར་སྦྱངས་ཏེ། དེ་ཤས་ཆེར་གནས་པ་འདི་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་ལ་བརྟེན་ནས་ཟག་པ་ཟད་པ་ཐོབ་པར་འགྱུར་ རོ། །ཆོས་རྣམས་ནི་མདོར་བསྡུ་ན་དགེ་བ་དང་། མི་དགེ་བ་རྣམས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པ་རྣམས་སོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པ་གང་ཡིན་པ་དེ་དག་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་འབྱུང་ངོ་། །རྣམ་ པར་བྱང་བའི་ཕྱོགས་དང་མཐུན་པ་རྣམས་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་འབྱུང་སྟེ། དེ་དག་གཅིག་ཏུ་བསྡུས་པ་ལ་ནི་ཡིད་ལ་བྱེད་པ་ལས་འབྱུང་བ་ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་བསྒོམ་པའི་མདོ་དང་རྒྱས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱིས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། ། དྲན་པ་ཉེ་བར་གཞག་པ་བསྒོམ་པའི་དང་པོ་ནི་ད་ལྟར་བཅོམ་ལྡན་འདས་བྱུང་ནས་བསྟན་ཅིང་དེའི་ཉན་ཐོས་རྣམས་ཀྱང་སྒོམ་པར་བྱེད་པ་འདི་ཁོ་ན་མ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་འདས་པའི་དུས་ན་ཡང་ཐོག་མ་མེད་པའི་དུས་ནས་བྱུང་ལ་མ་འོངས་པའི་དུས་ན་ཡང་མཐར་ཐུག་པ་མེད་ པར་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཚད་མེད་པ་རྣམས་སྐྱེ་བའི་གནས་ཡིན་པའི་ཕྱིར་དགེ་བའི་ཚོགས་ཞེས་བྱའོ། །སྒྲིབ་པ་ ལྔ་ནི་དགེ་བའི་ཚོགས་དེའི་བར་ཆད་བྱེད་པས་ན་མི་དགེ་བའི་ཚོགས་ཞེས་བྱའོ། །ལུས་ལ་སོགས་པའི་ཆོས་བཞི་པོ་རྣམས་ཀྱི་བྱེ་བྲག་གིས་མཐའ་ཡས་པ་དང་། ཡུལ་དེ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོགས་པ་མེད་པས་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ ནི་ཚད་མེད་པའོ། །དེ་ཡང་ཚིག་དང་དོན་རྣམ་པ་གཉིས་ཀྱིས་རབ་ཏུ་ཕྱེའོ། །དེ་ལ་དོན་གྱི་བྱེ་བྲག་ནི་དོན་དེ་ཉིད་ཡང་དག་པར་བསྟན་པར་བྱ་བ་ལ་ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པའོ། །ཚིག་དང་ཡི་གེ་དེ་ཡང་ཟློས་པ་མེད་པའི་ཕྱིར་གོང་ནས་གོང་དུ་སྤོབས་པ་ཚད་མེད་དེ། དེ་བས་ན་ དེ་བཞིན་གཤེགས་པའི་ཆོས་བསྟན་པ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཡིན་ཏེ། དོན་གཅིག་ལ་ཡང་ཚིག་དང་ཡི་གེ་ཟློས་པ་མེད་པ་ཚད་མེད་པ་དག་གིས་ཡང་དག་པར་བསྟན་པའི་ཕྱིར་རོ། །བསྟན་པའི་བརྡའི་དོན་རྟོགས་པའི་ཤེས་པས་ན་རྟོགས་པ་དང་ལྡན་པ་ཡིན་ ནོ། །རང་བཞིན་དང་ཐོས་པ་དང་བསམ་པའི་ཤེས་རབ་ཀྱི་སྒོ་ནས་ནི་བློ་དང་ལྡན་པའོ། །མཉམ་པར་གཞག་པའི་ཕྱིར་ན་དྲན་པ་དང་ལྡན་པའོ། །བདེན་པ་ཁོང་དུ་ཆུད་པས་ན་ཤེས་རབ་དང་ལྡན་པ་སྟེ། དང་པོས་ནི་བསྟན་ཏོ། །གསུམ་གྱིས་ནི་བཤད་པ་ཡིན་པར་རིག་པར་བྱའོ། །གང་གི་ ཕྱིར་དགེ་སློང་སྔོན་ཐོས་པ་དང་བསམས་པ་ལས་བྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པས་ལུས་ལ་སོགས་པ་ལ་ལུས་ལ་སོགས་པ་ཙམ་དུ་ལྟ་བ་དྲན་པ་ཉེ་བར་གཞག་སྟེ། ཆོས་རྣམས་ཐམས་ཅད་བདག་མེད་པར་ཤེས་ནས་ཐོས་པ་དང་བསམས་པ་ཙམ་གྱིས་ཀྱང་ཆོག་པར་མི་འཛིན་ཏེ། སེམས་ མཉམ་པར་གཞག་པ་ནི་རྣམ་པར་གྲོལ་བར་འགྱུར་རོ་སྙམ་ནས་ཏིང་ངེ་འཛིན་དུ་བྱ་བའི་ཕྱིར་རབ་ཏུ་དབེན་པར་གནས་ཤིང་ལུས་ལ་སོགས་པ་ཙམ་དུ་དམིགས་པ་ཁོ་ནས་དེ་སེམས་གནས་པ་རྣམ་པ་དགུས་ནང་རྣམ་པར་ཞི་བ་འབའ་ཞིག་ཏུ་འགྱུར་རོ། །དེའི་དྲན་པ་ཉེ་བར་གཞག་པ་བཞི་ནི་རྒྱུ་ གཉིས་ཀྱིས་བརྩམས་པ་དང་། རབ་ཏུ་བརྩམས་པར་འགྱུར་ཏེ། ཚུལ་བཞིན་ཡིད་ལ་བྱེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། ཏིང་ངེ་འཛིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་དེ། དེའི་འོག་ཏུ་ཤེས་རབ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་མཐར་ཐུག་པར་ འགྱུར་རོ། །གང་གི་ཕྱིར་དགེ་སློང་ནི་གཉེན་པོ་རྣམ་པ་གསུམ་ལ་ཇི་ལྟར་འདོད་པ་བཞིན་ཐོབ་པ་དང་། ཚེགས་མེད་པར་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། མི་རྟག་པའི་འདུ་ཤེས་དང་། བྱམས་པ་དང་། མཚན་མ་མེད་པའོ། །དེ་ཡང་གཉེན་པོ་རྣམ་ པ་གསུམ་པོ་དེས་ཅི་རིགས་པར་སྔ་མ་བཞིན་དུ་ཡིད་དུ་འོང་བ་ལ་སོགས་པའི་ལུས་ལ་སོགས་པ་ལ་མི་མཐུན་པའི་འདུ་ཤེས་དང་། མི་མཐུན་པ་མེད་པའི་འདུ་ཤེས་དང་། དེ་གཉིས་ཀ་ངེས་པར་སྤངས་ནས། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་གྱི་གནས་ཏེ། དེས་ནི་དྲན་ པ་ཉེ་བར་གཞག་པ་བསྒོམས་པར་རིག་པར་བྱའོ། །སྡོམ་ནི། རྩ་བ་ལ་སོགས་རོ་མྱང་བ། །སྔ་མ་ཕྱི་མའི་ཁྱད་པར་དང་། །མཚན་མར་འཛིན་དང་ཀུན་ནས་དཀྲིས། །འབྲས་བུ་ཡང་ནི་ཐ་མ་ཡིན། །རྩ་བ་གསུམ་པོ་འདི་དག་ནི་དྲན་པ་ཉེ་བར་གཞག་པ་དགེ་བའི་ཚོགས་ཀྱི་བགེགས་ཀྱི་ གནས་ཡིན་པའི་ཕྱིར་མི་དགེ་བའི་ཚོགས་སུ་གྱུར་པ་ཡིན་པར་རིག་པར་བྱའོ། །གསུམ་གང་ཞེ་ན། ཕྱི་མ་ལ་ངན་སོང་གི་སྡུག་བསྔལ་ལ་གནས་པར་འགྱུར་བའི་ཕྱིར་ཉེས་པར་སྤྱོད་པའི་རྩ་བ་དང་། ཚེ་འདི་ལ་སྡུག་བསྔལ་ལ་གནས་པའི་ཕྱིར་རྟོག་པའི་རྩ་བ་དང་། རྩ་བའི་རྩ་བ་སྟེ། ཉེས་ པར་སྤྱོད་པའི་རྩ་བ་དེ་དང་། རྟོག་པའི་རྩ་བ་དེའི་རྩ་བ་གང་ཡིན་པ་དེ་ནི་རྩ་བའི་རྩ་བ་ཞེས་བྱའོ། །དེ་ལ་ཆགས་པ་ལ་སོགས་པ་མི་དགེ་བའི་རྩ་བ་གསུམ་པོ་རྣམས་ནི་ལུས་ལ་སོགས་པའི་ཉེས་པར་སྤྱོད་པའི་རྩ་བའོ། །འདོད་པ་ལ་སོགས་པའི་འདུ་ཤེས་གསུམ་ནི་འདོད་པ་ལ་སོགས་ པའི་རྟོག་པའི་རྩ་བའོ། །འདོད་པ་ལ་སོགས་པའི་ཁམས་གསུམ་ནི་ཆགས་པ་ལ་སོགས་པ་རྩ་བ་གསུམ་དང་། འདོད་པའི་འདུ་ཤེས་ལ་སོགས་པའི་རྩ་བ་གསུམ་གྱི་རྩ་བ་ཡིན་པར་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་བརྩོན་པའི་དགེ་སློང་ནི་འཇིག་རྟེན་པའི་ལམ་གྱིས་ འདོད་པ་རྣམས་ལས་དབེན་པ་ཞེས་བྱ་བ་ནས་རྒྱས་པར་སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པའི་བར་དུ་བསྒྲུབས་ཏེ་གནས་སོ། །དེས་དེའི་རོ་མྱོང་བར་བྱེད་ཅིང་། དེ་ཙམ་གྱིས་ཆོག་པར་འཛིན་ཏེ། མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་གོང་དུ་རྩོལ་བར་ཡང་མི་བྱེད་ པ་དེ་ནི་འཕགས་པའི་ཆོས་འདུལ་བ་ལ་སྐྱེས་བུ་ཆེན་པོ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་སྐྱེས་བུ་ཆེན་པོ་ཡིན་པར་རིག་པར་བྱའོ། །འདི་ལ་དགེ་སློང་ལུས་ལ་སོགས་པ་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ གནས་པ་ནི་ནང་དུ་སེམས་གནས་པ་རྣམ་པ་དགུས་སེམས་རྣམ་པར་སྡུད་པར་བྱེད་མོད་ཀྱི། དེའི་སེམས་དེ་ཡང་ཞི་གནས་ཀྱི་མི་མཐུན་པའི་ཕྱོགས་ལུས་དང་སེམས་ཀྱི་རྨུགས་པ་དང་ཞུམ་པ་ལས་རྣམ་པར་གྲོལ་བ་མ་ཡིན་ནོ། །རྣམ་པར་གྲོལ་བར་མ་གྱུར་པའི་ཕྱིར་དེ་ལྟར་མངོན་པར་བསྡུས་ པའི་སེམས་ལ། ལུས་ཀྱི་རྨུགས་པ་དང་སེམས་ཀྱི་ཞུམ་པ་ཡང་སྐྱེ་བར་འགྱུར་རོ། །གལ་ཏེ་དྲན་པ་ཉེ་བར་གཞག་པ་རྣམས་ལ་སེམས་ཤིན་ཏུ་བརྟན་པར་གནས་པས་ཉེ་བའི་ཉོན་མོངས་པ་སྐྱས་པར་རིག་ནས། ནང་དུ་མངོན་པར་བསྡུས་པ་དེ་ལས་སེམས་དེ་བཏང་སྟེ། ཕྱི་རོལ་གྱི་དགའ་ བར་འགྱུར་བའི་སྡུག་པའི་མཚན་མ་དེ་བཞིན་གཤེགས་པ་ལ་སོགས་པའི་ཡོན་ཏན་གྱི་རྣམ་པའི་དམིགས་པ་ལ་སེམས་གཏོད་པར་བྱེད་དེ། དེ་དམིགས་པ་དེས་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་བ་ནས། རྒྱས་པར་རབ་ཏུ་འཛིན་པའི་སྒོ་ནས་དེ་ལ་དམིགས་པའི་སེམས་མཉམ་པར་འཇོག་ལ་ཉེ་ བའི་ཉོན་མོངས་པ་ཞི་གནས་ཀྱི་མི་མཐུན་པའི་ཕྱོགས་དེ་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །དེ་ནས་ཉེ་བའི་ཉོན་མོངས་པ་དེ་ལས་སེམས་རྣམ་པར་གྲོལ་བར་རིག་ནས། གང་གི་དོན་དུ་ཕྱི་རོལ་དུ་ཆེད་དུ་གཏད་པའི་དོན་དེ་ཐོབ་པས་ན། ཕྱིར་ཡང་སྔ་མ་བཞིན་དུ་མངོན་པར་སྡུད་པར་བྱེད་དེ། ཕྱིས་ཉེ་བའི་ཉོན་མོངས་པ་དེས་ཉེ་བར་ཉོན་མོངས་པར་མི་འགྱུར་རོ། །དེས་མངོན་པར་བསྡུས་ནས། ཕྱི་རོལ་དུ་ཆེད་དུ་མ་གཏད་པར་ཡང་བདག་ནི་རྣམ་པར་གྲོལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། ཕྱི་རོལ་དུ་དམིགས་པ་རྣམ་པ་ལ་ཡོངས་སུ་རྟོག་པ། འབད་པ་དང་བཅས་ པ། མངོན་པར་འདུ་བྱེད་པ་དང་བཅས་པའི་སྡུག་བསྔལ་འབྱུང་བ་དེ་དག་ལས་དབེན་པ་དང་། བཏང་སྙོམས་དང་། བདེ་བར་གནས་པ་དང་། ཞི་གནས་ཡོངས་སུ་འགྲུབ་པར་འགྱུར་ཏེ། དེ་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལས་སེམས་ཤིན་ཏུ་བརྟན་པར་གནས་པ་དེས་ནི་སྔ་མ་ལས་ཕྱི་མ་ ཁྱད་པར་དུ་གྱུར་པར་ཤེས་ཏེ་གང་ཟག་དེ་ནི་སྔར་ལྷག་མཐོང་སྤྱད་ནས་ལྷག་མཐོང་ལ་བརྟེན་ཏེ། ཞི་གནས་ལ་སྦྱོར་བར་བྱེད་པ་ཡིན་པར་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་ལ་བརྩོན་པའི་དགེ་སློང་ལྷག་མཐོང་ལ་བརྟེན་ནས་ཞི་གནས་ལ་སྦྱོར་བར་འདོད་པས་ནི། ནང་གི་ཞི་གནས་ལ་རང་གི་ སེམས་གཏད་པ་ལས་མཚན་མ་འདི་ལྟར་གཟུང་བར་བྱ་སྟེ། བདག་གིས་ཅི་ཞིག་ཡིད་ལ་བྱས་ཤིང་། བདག་གིས་ཇི་ལྟར་ཡིད་ལ་བྱས་ན་སེམས་ཞི་གནས་ལ་གཏད་པ་ན། ཞི་གནས་ཀྱི་ཕྱོགས་ཀྱི་ལུས་དང་སེམས་ཀྱི་རྨུགས་པ་དང་ཞུམ་པས་ཉེ་བར་ཉོན་མོངས་པར་འགྱུར་ལ། ཅི་ཞིག་ ཇི་ལྟར་ཡིད་ལ་བྱས་ན་ནི་ཉེ་བར་ཉོན་མོངས་པར་མི་འགྱུར་སྙམ་དུ་མཚན་མ་གཟུང་བར་བྱའོ། །གལ་ཏེ་དགེ་སློང་དེས་དེ་ལྟར་རང་གི་སེམས་ལ་མཚན་མ་མ་བཟུང་ན་ནི་ཀུན་ནས་ཉོན་མོངས་པ་དེས་སེམས་དེ་ཉེ་བར་ཉོན་མོངས་པར་འགྱུར་བར་རིག་ནས། ཕྱི་རོལ་གྱི་དགའ་བར་བྱེད་པའི་དམིགས་པ་ ལས་མཚན་མར་འཛིན་པར་བྱེད་དོ། །དེའི་རྒྱུས་རེ་ཞིག་དེས་ཉེ་བའི་ཉོན་མོངས་འབྱུང་ཞིང་མངོན་སུམ་དུ་གྱུར་པ་དེ་སྤོང་མོད་ཀྱི། འོན་ཀྱང་གང་གི་ཚེ་ཡང་སྔ་མ་བཞིན་དུ་མངོན་པར་བསྡུས་པ་ན་དེ་དེ་བཞིན་དུ་ཡང་ཉེ་བའི་ཉོན་མོངས་པ་དེ་ཉིད་ཀྱིས་ཉེ་བའི་ཉོན་མོངས་པར་འགྱུར་ཞིང་མཉམ་པར་གཞོག་ པར་མི་འགྱུར་ཏེ། འདི་ལྟར་སྔར་རང་གིས་སེམས་ལ་མཚན་མ་མ་བཟུང་བའི་ཕྱིར་དང་། བག་ལ་ཉལ་མ་བཏོན་པའི་ཕྱིར་རོ། །དེ་རྒྱུ་དེ་དང་ཉེ་བའི་ཉོན་མོངས་པ་དེས་ཕྱིར་ཞིང་བཅོམ་པར་འགྱུར་ཏེ། བྲོད་པའི་དོན་མ་ཐོབ་བོ་སྙམ་ནས་ཡིད་མི་བདེ་བས་ཕོངས་པར་ཡང་འགྱུར་ལ། ཤིན་ཏུ་ ཡུན་རིང་པོར་ཡང་ནང་གི་སེམས་ཀྱི་ཞི་གནས་དེ་ཐོབ་པར་མི་འགྱུར་རོ། །ཞི་གནས་ལ་བརྟེན་པས་སྔར་ལྷག་མཐོང་ཡོངས་སུ་དག་པའི་དབང་གིས་བྱུང་བའི་དྲན་པ་དང་ཤེས་བཞིན་མཆོག་ཀྱང་ཐོབ་པར་མི་ནུས་ཏེ། ནང་གི་སེམས་ཀྱི་ཞི་གནས་མ་ཐོབ་པས་ནི་ལྷག་པའི་སེམས་ལས་བྱུང་བ་ཚེ་འདི་ ལ་བདེ་བར་གནས་པ་བཞི་ཐོབ་པར་མི་འགྱུར་རོ། །དྲན་པ་དང་ཤེས་བཞིན་མཆོག་མ་ཐོབ་པས་ནི། སྔོན་ཐོབ་མ་མྱོང་བའི་གྲུབ་པ་དང་བདེ་བ་བླ་ན་མེད་པ་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །དེ་ལས་བཟློག་པ་ཐམས་ཅད་ནི་དཀར་པོའི་ཕྱོགས་ ཀྱིས་སྔོན་མ་ཐོབ་པའི་གྲུབ་པ་དང་བདེ་བ་བླ་ན་མེད་པ་མྱ་ངན་ལས་འདས་པའི་བར་དུ་ཐོབ་པར་འགྱུར་བར་རིག་པར་བྱའོ། །དེ་ལ་གཡོས་མཁན་ལྟ་བུའི་རྣལ་འབྱོར་སྤྱོད་པའོ། །ཇོ་བོ་ཇི་ལྟ་བུ་ནི་ཞི་གནས་ལ་གཏད་པའི་སེམས་སོ། །ཚོད་མ་ལྟ་བུ་ནི་མཚན་མར་འཛིན་པའོ། །ཟས་ དང་གོས་རྒྱ་ཆེན་པོ་ལྟ་བུ་ནི་ནང་གི་སེམས་ཀྱི་ཞི་གནས་ལ་སོགས་པ་ཡིན་པར་རིག་པར་བྱའོ། །ནག་པོའི་ཕྱོགས་ལས་ནི་བྱིས་པ་ཡིན་པར་རིག་པར་བྱའོ། །དཀར་པོའི་ཕྱོགས་ལས་ནི་མཁས་པ་ཡིན་པར་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་བརྩོན་པའི་དགེ་ སློང་སོ་སོའི་སྐྱེ་བོ་ནི་ཆགས་པར་འགྱུར་བའི་ཡུལ་རྒྱ་ཆེན་པོ་མངོན་སུམ་དུ་གྱུར་པ་འམ་ཡང་ན་གཅིག་པུས་གནང་བ་ཐོབ་པས་ན་བརྗེད་ངས་པས་ཚུལ་བཞིན་མ་ཡིན་པའི་འདུ་ཤེས་ལ་བརྟེན་ནས་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དྲག་པོ་སྐྱེད་པར་བྱེད་དོ། །དེ་ཀུན་ནས་དཀྲིས་པ་དེ་ལ་ངོ་ ཚ་བས་གནས་ཏེ། བདག་ཉིད་སྐོབས་སུ་ཆུད་པ་བཞིན་དུ་སེམས་པས་འབྲལ་བར་བྱ་བའི་ཕྱིར་དྲག་ཏུ་འབད་པར་བྱེད་དོ། །དེ་ལྟར་བྱས་ནས་ཀྱང་ཀུན་ནས་དཀྲིས་པ་དེ་ལས་གྲོལ་བར་འགྱུར་རོ། །གྲོལ་ནས་ཀྱང་དེ་ཡིད་བདེ་བར་འགྱུར་ཏེ། དེའི་འོག་ཏུ་ཡང་སྐྱོ་བ་དྲག་པོར་འགྱུར་ རོ། །སྐྱོ་བ་ཐོབ་ནས་ཀྱང་དེའི་འོག་ཏུ་མི་རྟག་པའི་འདུ་ཤེས་ཀྱི་གཤོལ་ཆེན་པོ་ལྟ་བུས་རྨོས་ཤིང་འདུ་བྱེད་ཀྱིས་རྣམ་པ་ཐམས་ཅད་ཁག་མ་ལྟ་བུར་བརློག་པ་ན། བདེན་པའི་ཚུལ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་ནས་མྱ་ངན་ལས་འདས་པ་ལ་བསམ་པ་གཞག་སྟེ། སློབ་པ་ ཡང་སྤྱོད་པའི་ཡིད་ལ་བྱེད་པས་ཡུལ་རྒྱ་ཆེན་པོ་དེ་སྡུག་པར་ཡིད་ལ་བྱེད་དེ། འདོད་ཆགས་ཀྱི་བག་ལ་ཉལ་དེ་མ་སྤངས་པས་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དེ་གློ་བུར་དུ་སྐྱེས་ནས་མངོན་སུམ་དུ་འགྱུར་རོ། །དེ་དེ་ལ་ཉེས་དམིགས་སུ་ལྟ་བས་ཀུན་ནས་དཀྲིས་པ་དེ་བག་ལ་ཉལ་དང་ བཅས་པར་སྤང་བར་བྱ་བའི་ཕྱིར་མཚན་མ་མེད་པ་ལ་སྙོམས་པར་འཇུག་སྟེ། དེ་ལྟར་ན་དེ་ལྷག་མ་སྤོང་བ་ཡིན་ནོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ་སྤངས་པ་ཡང་ཁོང་དུ་ཆུད་ནས་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཡང་ཉམས་སུ་མྱོང་ལ། བདག་ཉིད་ནི་ཡེ་ཤེས་ཀྱི་སྟོབས་ཆེན་པོའི་ སྟོབས་དང་ལྡན་ལ་བདུད་ཀྱི་ཕྱོགས་ནི་སྟོབས་ཆུང་བར་ཡང་དག་པར་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་དེ་ནི་མཆོག་ཏུ་ཁྱད་པར་དུ་འཕགས་པའི་མཐའི་འབྲས་བུར་འགྲུབ་པ་ཡིན་པས་ན་འབྲས་བུ་ཆེ་བར་རིག་པར་བྱའོ། །མཆོག་ཏུ་བདེ་བ་ཁྱད་པར་དུ་འཕགས་པའི་ཕན་ ཡོན་འགྲུབ་པར་འགྱུར་བས་ན་ཕན་ཡོན་ཆེན་པོ་ཡིན་པར་རིག་པར་བྱའོ། །སྡོམ་ནི། སློབ་དཔོན་གངས་རི་འཛུད་པ་དང་། །བརྟུན་དང་གནས་དང་རྣམ་པར་དག །རིམ་པ་ཚུལ་ཁྲིམས་ཕུན་སུམ་ཚོགས། །གྲ་མ་ལྡན་པ་ཐ་མ་ཡིན། །ཕྱི་རོལ་གྱི་མུ་སྟེགས་ཅན་ནི་རང་གི་སློབ་མ་རྣམས་ ཀྱི་ནང་དུ་སློབ་དཔོན་དུ་རྣམ་པར་འཇོག་སྟེ། རྙེད་པ་འདོད་ཅིང་བཀུར་སྟི་འདོད་ནས། རིགས་ཀྱི་བུ་བདག་ལ་ཕན་པར་འདོད་པ་ཞིག་དེར་རྐྱེན་དང་ཕྲད་ནས་རབ་ཏུ་བྱུང་བ་ལ་འདི་སྐད་དུ་ཁྱོད་ཚུར་ངའི་ཡོ་བྱད་ཐམས་ཅད་ལ་ཐུན་མོང་དུ་ལོངས་སྤྱོད་ཅིང་འདུག་ལ། ཁྱོད་ཀྱིས་ངའི་བསྔགས་ པ་ཡང་གཞན་དག་ལ་བརྗོད་ཅིག །སྐྱོན་ཡང་འདི་ལྟ་སྟེ། བཅབ་པའི་ཕྱིར་སྲུངས་ཤིག །ངས་ཀྱང་ཁྱོད་ལ་དེ་བཞིན་དུ་བྱའོ། །བདག་ཅག་གཉིས་གཅིག་གིས་གཅིག་བསྲུངས་ན། རྒྱལ་པོ་རྣམས་དང་ཞང་བློན་རྣམས་ནས་དེད་དཔོན་རྣམས་ཀྱི་བར་དག་ལས་རྙེད་པ་ཐོབ་པར་ འགྱུར་ལ་བཀུར་བར་ཡང་འགྱུར་རོ་ཞེས་ཟེར་ལ་དེ་སྐད་ཟེར་བའི་སློབ་དཔོན་དེ་ལ་བདག་ལ་ཕན་པར་འདོད་པའི་སློབ་མས་འདི་སྐད་དུ་དེ་ལྟར་ནི་ལྟ་བར་མི་བྱ་སྟེ། གྲོགས་པོས་བསྲུངས་པས་ནི་ངན་འགྲོར་འགྲོ་བའི་ཉེས་པ་དེ་དག་ལས་བདག་ཉིད་བསྲུང་བར་མི་འགྱུར་ཏེ། དེ་བས་ན་ཁྱོད་དང་ བདག་གིས་ཀྱང་བདག་ཉིད་དེ་མ་ཡིན་པ་ཞིག་གིས་བསྲུང་དགོས་སོ། །དེ་མ་ཡིན་པ་བདག་གིས་ཁྱོད་བསྲུངས་སམ་ཁྱོད་ཀྱིས་བདག་བསྲུངས་ན་ནི་བསྲུང་བར་མི་འགྱུར་རོ་ཞེས་སྨྲས་ན། དོན་དེ་ལ་ནི་སློབ་མ་དེ་ཉིད་རིགས་པར་སྨྲ་བ་དང་། མཁས་པ་ཡིན་པར་རིག་པར་བྱ་སྟེ། ཚེ་ཕྱི་མ་ ཆེད་ཆེར་འཛིན་པའི་ཕྱིར་རོ། །སློབ་དཔོན་གྱིས་བྱིས་པ་ཡིན་ཏེ། ཚེ་འདི་ལ་ཆེད་ཆེར་འཛིན་པའི་ཕྱིར་རོ། །ཉོན་མོངས་པ་དང་ཡང་བཅས་པས་ན། གཞན་ལ་ཐོ་འཚམས་པར་བྱེད་དོ། །དེས་ན་ཉོན་མོངས་པ་དང་བཅས་པའི་ཕྱིར་བདག་ཉིད་ཀྱང་བསྲུང་བ་མ་ཡིན་ ལ། དེའི་རྒྱུས་གཞན་ལ་རྣམ་པར་མཐོ་བཙམས་པས་གཞན་དག་ཀྱང་བསྲུང་བ་མ་ཡིན་ནོ། །དེ་ལ་སྔ་མ་བཞིན་དུ་ཀུན་དུ་བརྟེན་པ་ལ་སོགས་པས་ནི་འདི་ལྟ་སྟེ། བདག་བསྲུང་བའི་ཕྱིར་ཉོན་མོངས་པ་སྤང་བར་བྱའོ། །དེའི་འོག་ཏུ་དེ་སྤང་བའི་རྒྱུ་ལས་བྱུང་བ་གཞན་ལ་རྣམ་པར་ཐོ་མི་འཚམས་ པ་ལ་སོགས་པས་ནི་གཞན་ཡང་བསྲུང་བར་བྱའོ། །དེ་ལ་ཁྲོ་བ་མི་སྐྱེད་པ་དང་། རྣམ་པར་མི་འཚེ་བ་གཉིས་ནི་རྣམ་པར་ཐོ་མི་འཚམས་པའི་དོན་དུ་རིག་པར་བྱའོ། །རྗེས་སུ་སྙིང་བརྩེ་བ་ནི་ཕན་པའི་སེམས་སོ། །བྱམས་པའི་སེམས་ནི་བདེ་བའི་སེམས་སོ། །རྗེས་སུ་སྙིང་བརྩེ་བ་ དང་བྱམས་པའི་སེམས་གཉིས་ནི་སྙིང་བརྩེ་བའི་དོན་དུ་རིག་པར་བྱ་སྟེ། སྙིང་བརྩེ་ན་གཞན་ལ་རྣམ་པར་ཐོ་འཚམས་པར་མི་འགྱུར་ཏེ། དེ་བས་ན་འདི་དག་ཐམས་ཅད་ནི་སྙིང་བརྩེ་བའི་རྣམ་གྲངས་སུ་རིག་པར་བྱའོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་གངས་ཀྱི་རི་ལྟ་བུ་ཡིན་ པར་རིག་པར་བྱའོ། །དེ་ལ་ཡང་ཆ་གསུམ་ཡོད་དོ། །མི་སློབ་པའི་ས་དང་། སློབ་པའི་ས་དང་། སོ་སོའི་སྐྱེ་བོའི་སའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་ལྡན་པའི་སེམས་ནི་སྤྲེའུ་ལྟ་བུའོ། །བདུད་ནི་རྔོན་པ་ལྟ་བུའོ། །དེ་ལ་མི་སློབ་པའི་ས་ལ་ནི་གཉིས་ཀའི་གནས་མེད་ དོ། །སློབ་པའི་སའི་ཕྱིར་མི་འོང་བ་རྣམས་ལ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པའི་སེམས་སྤྲེའུ་ལྟ་བུ་གཅིག་གི་གནས་ནི་ཡོད་ལ། བདུད་རྔོན་པ་ལྟ་བུའི་ནི་མེད་དོ། །སོ་སོའི་སྐྱེ་བོའི་ས་ལ་ནི་གཉིས་ཀའི་གནས་ཡོད་པར་རིག་པར་བྱའོ། །དེ་ལ་བྱིས་པ་ནི་ཡུལ་གཞན་གྱིས་ ཡུལ་གཞན་ལས་ངེས་པར་འབྱུང་བར་བལྟ་སྟེ། ཡུལ་གཞན་ཡོངས་སུ་ཚོལ་བ་ན་ཡང་ཡུལ་གཞན་གྱིས་བཅིང་བར་འགྱུར་ཏེ། དེ་བས་ན་ཡུལ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར་རོ། །དམ་པའི་ཆོས་ཉན་པ་དང་། འཆད་པ་དང་། དོན་རྟོག་པ་དང་། ཆོས་ཀྱི་རྗེས་སུ་མཐུན་ པའི་ཆོས་ལ་ནན་ཏན་དུ་སྒྲུབ་པ་རྣམས་ཀྱིས་ནི་འཛུད་པ་དང་། འདུལ་བ་དང་། གཞག་པ་དང་། དགོད་པའི་དོན་དུ་གོ་རིམས་བཞིན་དུ་རིག་པར་བྱའོ། །ཆོས་གསུམ་གྱིས་ནི་འཁྲིག་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་རྒྱ་ཆེན་པོ་ཡང་སྤོང་བར་འགྱུར་ན། འདོད་པའི་འདོད་ཆགས་ ཀྱིས་ཀུན་ནས་དཀྲིས་པ་ལྟ་ཅི་སྨོས་ཏེ། གསུམ་གང་ཞེ་ན། བརྩོན་འགྲུས་ཀྱི་སྟོབས་དང་། བག་ཡོད་པའི་སྟོབས་དང་། གཉེན་པོའི་སྟོབས་སོ། །དེ་ལ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་སྐྱེས་པ་རྣམས་དང་དུ་མི་ལེན་ཏོ། །གཉིས་ཀྱིས་ནི་མ་སྐྱེས་པ་མི་སྐྱེ་བར་བྱེད་དོ། །དེ་ལྟར་ན་ རྣལ་འབྱོར་པ་དེ་ནི་སྐྱེས་པ་རྣམས་སྤང་བ་དང་། མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་ཞུགས་པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་གུས་པར་བསྒོམ་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །བདུད་ཀྱི་གནས་ཞེས་བྱ་བ་ནི་འདོད་པའི་ཁམས་ཏེ། གང་ལས་ཕྱིར་མི་འོང་བ་འདས་པར་འགྱུར་བ་ཡིན་ནོ། །འཆི་བདག་གི་གནས་ཞེས་བྱ་བ་ནི་སྲིད་པའི་རྩེ་མོ་མན་ཆད་དེ་གང་ལས་དགྲ་བཅོམ་པ་འདས་པར་འགྱུར་བ་ཡིན་ནོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་ཉི་ཤུ་གཅིག་པ། རྣམ་པར་མ་དག་པའི་སེམས་ཅན་ ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་སོ། །རྣམ་པར་དག་པ་ནི་སློབ་པ་རྣམས་སོ། །ཡོངས་སུ་བྱང་བ་ནི་མི་སློབ་པ་རྣམས་སོ། །གང་ལས་ཤེས་ནས་དད་པ་ཞེས་འབྱུང་བ་ནི་སེམས་ཅན་རྣམ་པར་མ་དག་པ་རྣམས་རྣམ་པར་དག་པར་བྱ་བ་དང་། རྣམ་པར་དག་པ་རྣམས་ཡོངས་སུ་བྱང་བར་བྱ་བའི་ ཕྱིར་ཏེ། དེ་ལས་སློབ་པ་གོང་མ་ནི་རྣམ་པར་དག་པ་སྟེ། བསྒོམ་པའི་ལམ་གྱིས་རྣམ་པར་དག་པའི་སློབ་པ་དེ་རྣམས་ཀྱི་ཡིན་པར་རིག་པར་བྱ་བའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ལ་ནི་རིམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། དད་པའི་སྒོ་ནས་ངེས་པར་ འབྱུང་བ་དང་། ཚུལ་ཁྲིམས་བསྡམས་པ་དང་། དབང་པོ་བསྡམས་པ་དང་། རབ་ཏུ་དབེན་པར་གནས་པ་དང་། སྒྲིབ་པ་རྣམ་པར་དག་པའོ། །ཁྱིམ་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་དད་པ་ཡང་ཡོད་སྒྲིབ་པ་ཡང་རྣམ་པར་དག་མོད་ཀྱི་བསླབ་པའི་གཞི་རྣམས་མ་ཚང་ཞིང་ ཡོངས་སུ་མ་རྫོགས་པར་རིག་པར་བྱའོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ནི་རྒྱུ་གསུམ་གྱིས་ཚུལ་བཞིན་དུ་འཚོ་བ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱ་སྟེ། གསུམ་གང་ཞེ་ན། སྤྱོད་པ་ཕུན་སུམ་ཚོགས་པ་དང་། ལེན་པ་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །དེ་ལ་སྤྱོད་པ་ཕུན་སུམ་ཚོགས་པ་ནི་ཉོ་ཚོང་ནས་བཟུང་སྟེ། གསོད་པ་དང་། འཆི་བ་དང་། གཅོད་པ་དང་། རྡེག་པ་ལྷུར་ལེན་པའི་བར་དུ་སྤོང་བའོ། །ལེན་པ་ཕུན་སུམ་ཚོགས་པ་ནི་གླང་པོ་ཆེ་དང་། རྟ་ལ་སོགས་པ་ལེན་པ་ནས་འབྲས་ རྗེན་པ་ལེན་པའི་བར་དུ་སྤོང་བའོ། །ལོངས་སྤྱོད་པ་ཕུན་སུམ་ཚོགས་པ་ནི་ལུས་གང་གི་གོས་ཙམ་དང་། ལྟོ་གང་གི་ཟས་ཙམ་གྱིས་ཆོག་པར་འཛིན་པ་དང་། དུས་མ་ཡིན་པའི་ཟས་སྤོང་བའོ། །ལུས་ལ་སོགས་པའི་ཆོས་བཞི་ནི་ལམ་གྱི་བཞི་མདོ་ལྟ་བུའོ། །དེ་དག་ལ་ཚུལ་བཞིན་མ་ ཡིན་པ་ཡིད་ལ་བྱེད་པ་ནི་འབྲས་དང་། ནས་ཀྱི་གྲ་མ་བསྙལ་ཏེ་བཞག་པ་ལྟ་བུའོ། །དེ་དག་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་འབྲས་དང་ནས་ཀྱི་གྲ་མ་ལེགས་པར་བཞག་པ་ལྟ་བུ་ཡིན་པར་རིག་པར་བྱའོ། །འདོད་པའི་ཁམས་མཉམ་པར་མ་བཞག་པའི་ས་ནི་པགས་པ་ལྟ་བུའོ། །གཟུགས་དང་ གཟུགས་མེད་པའི་ཁམས་མཉམ་པར་བཞག་པའི་ས་ནི་ཤ་ལྟ་བུའོ། །མ་རིག་པའི་ཁམས་གསུམ་དུ་ཟག་པ་གསུམ་གྱི་ཟད་པར་འགྱུར་བའི་དོན་གྱི་ཁྲག་ལྟ་བུའོ། །རྣམ་པ་གཉིས་ཀྱིས་སྔར་བསྟན་པའི་ཆགས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་དང་ལྡན་པ་ནི་དྲན་པ་ཉེ་ བར་གཞག་པ་བཞི་བསྒོམ་པའི་སྐལ་བ་མེད་དེ། ལྡན་པ་གང་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་སྐལ་བ་མེད་པ་ནི་མ་ཡིན་ནོ། །གཉིས་གང་ཞེ་ན། ཆགས་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་ཡང་ཡོད་པ་དང་། ཀུན་ནས་དཀྲིས་པ་དེ་ལ་ཡང་ཉེས་དམིགས་སུ་མི་ལྟ་བ་སྟེ། མངོན་སུམ་དུ་ གྱུར་པ་ན་ནི་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པས་བསྒོམ་པའི་སྐལ་བ་མེད་ལ་བྲལ་བར་གྱུར་པ་ན་ཡང་དང་དུ་ལེན་པའི་ཚུལ་ཅན་ཡིན་པ་དང་། མི་ལྟ་བར་མི་བྱེད་པའི་ཕྱིར་ཆགས་པ་ལ་སོགས་པའི་གནས་ཀྱི་ཆོས་རྣམས་ལ་སེམས་རྣམ་པར་གཡེང་པར་འགྱུར་ཞིང་འཕྲོག་པར་འགྱུར་ལ་རྟོག་ པས་རྣམ་པར་དཀྲུགས་པར་འགྱུར་ཏེ། དེའི་ཕྱིར་ཡང་བསྒོམ་པའི་སྐལ་བ་མེད་དོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་གང་ལ་ལ་དང་དུ་མི་ལེན་པའི་ཚུལ་ཅན་ཡིན་དུ་ཟིན་ཀྱང་སྐལ་བ་མེད་ན་ནི་དེ་ལྟ་ན་སུ་ལ་ཡང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའི་སྐབས་མེད་པར་འགྱུར་རོ། །སྡོམ་ནི། སྤྲོ་དང་ སྟོབས་བསྒོམ་ཏིང་འཛིན་དང་། །རྣམ་གྲངས་རྫུ་འཕྲུལ་ཐ་མ་ཡིན། །ཡང་དག་པའི་སྤོང་བ་བཞི་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །སྤྲོ་བ་ནི་ཚིག་ལྔ་པའོ་ཞེས་བྱ་བ་གང་ཡིན་པ་དེ་ལ་སྤྲོ་བ་གང་ཞེ་ན། སྔ་མ་བཞིན་དུ་བརྩོན་འགྲུས་བརྩམས་པ་ ལས་བྱུང་བ་དང་། འཛག་སྣོད་བྱེད་དང་། ཁམས་མ་སྙོམས་པ་དང་། གཞན་གྱི་ཚིག་རྩུབ་པོ་དང་། གནོད་པ་ལས་བྱུང་བའི་སྡུག་བསྔལ་དང་དུ་ལེན་པར་བྱེད་ཀྱི། དེའི་རྒྱུས་ཡང་དག་པའི་སྤོང་བ་ལ་སྦྱོར་བ་ལས་ཕྱིར་མི་ལྡོག་པ་ནི་སྤྲོ་བ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་ གཞག་པ་ནི་རྒྱས་པར་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །མདོར་བསྡུ་ན་ནི་སེམས་མཉམ་པར་གཞག་པའི་ཕྱིར་སྟོབས་བཞིས་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་གཞག་གོ། །བཞི་གང་ཞེ་ན། བསམ་པ་དག་པའི་སྟོབས་དང་འབད་པའི་སྟོབས་དང་། སེམས་མངོན་པར་དགའ་བའི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །དེ་ལ་སྟོབས་དང་པོས་ནི་ཏིང་ངེ་འཛིན་ལ་འདུན་པ་སྐྱེས་ནས་དེ་ཐོབ་པར་བྱ་བའི་ཕྱིར་བརྩོན་ཞིང་འབད་པར་བྱེད་དོ། །སྟོབས་གཉིས་པས་ནི་སེམས་དེ་ཐོག་མ་ཁོ་ནར་གནས་པར་བྱེད་ཅིང་མཉམ་པར་གཞོག་པར་ བྱེད་དོ། །སྟོབས་གསུམ་པས་ནི་གནས་ཤིང་མཉམ་པར་གཞག་པ་ལས་ཕྱི་རོལ་དུ་འཕྲོ་བའི་ཚུལ་གྱིས་གཡེང་བར་མི་བྱེད་དོ། །སྟོབས་བཞི་པས་ནི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པ་རྣམས་སྤངས་པ་དང་མ་སྤངས་པར་སྤྱོད་ཅིང་རབ་ཏུ་ཤེས་ལ་ཏིང་ངེ་འཛིན་ལ་གནས་ པ་དང་ལྡན་པའི་མཚན་མ་རྣམས་རབ་ཏུ་ཤེས་ཤིང་རྟོགས་སོ། །དེ་བཞིན་དུ་ཞི་གནས་ལ་སོགས་པའི་མཚན་མ་རྣམས་དང་། ཞི་གནས་དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་གཉེན་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། ཏིང་ངེ་འཛིན་འདོད་ པས་ཏིང་ངེ་འཛིན་ལ་ཏིང་ངེ་འཛིན་དུ་བྱ་བ་ནི་དེ་ཁོ་ནར་ཟད་དེ་འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མདོར་བསྡུ་ན་རྒྱུ་ལྔས་བསྒོམ་པར་རིག་པར་བྱ་སྟེ། ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་ རྣམ་པར་སྤང་བ་དང་། ལྷག་མཐོང་གི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་རྣམ་པར་སྤོང་བ་དང་། ལྷག་མཐོང་གི་ཕྱོགས་དང་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་འདོགས་པ་དང་། ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་འདོགས་པ་དང་། དེ་ གཉིས་ཀའི་ཕྱོགས་དང་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་འདོགས་པའོ། །དེ་ལ་ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་ནི་ལེ་ལོ་དང་ལྡན་པ་དང་། རྨུགས་པ་དང་གཉིད་དང་ལྡན་པའི་འདུན་པ་ལ་སོགས་པ་སྟེ། ལེ་ལོ་དང་ལྡན་པའི་འདུན་པ་ལ་སོགས་པ་ནི་ རྨུགས་པ་དང་གཉིད་དང་ལྡན་པ་རྣམས་ཀྱི་རྟེན་གྱི་ཚུལ་གྱིས་རིག་པར་བྱའོ། །དེ་ལ་རྒོད་པ་དང་ལྡན་པའི་འདུན་པ་ལ་སོགས་པ་དང་། འདོད་པའི་ཡོན་ཏན་གྱིས་གཡེངས་པ་དང་ལྡན་པ་རྣམས་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་ཡིན་པར་རིག་པར་བྱའོ། །རྒོད་ པ་དང་ལྡན་པ་རྣམས་ནི་གཡེངས་པ་དང་ལྡན་པ་རྣམས་ཀྱི་རྟེན་གྱི་ཚུལ་གྱིས་རིག་པར་བྱའོ། །དེ་ལ་ལེ་ལོ་དང་ལྡན་པའི་འདུན་པ་ལ་སོགས་པས་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ལ་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པར་འགྱུར་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞི་གནས་ལས་ཉམས་ པར་ནི་མི་འགྱུར་རོ། །རྨུགས་པ་དང་གཉིད་དང་ལྡན་པ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པར་གནས་པར་ཡང་འགྱུར་ལ་ཞི་གནས་ལས་ཀྱང་ཉམས་པར་འགྱུར་རོ། །རྒོད་པ་དང་ལྡན་པའི་འདུན་པ་ལ་སོགས་པས་ནི་ལྷག་མཐོང་ལ་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པར་འགྱུར་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་ལྷག་མཐོང་ལས་ཉམས་པར་ནི་མི་འགྱུར་རོ། །གཡེངས་པ་དང་ལྡན་པ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པར་གནས་པར་ཡང་འགྱུར་ལ། ལྷག་མཐོང་ལས་ཀྱང་ཉམས་པར་འགྱུར་རོ། །དེ་ལ་ལྷག་མཐོང་གི་ཕྱོགས་དང་མཐུན་པ་ལ་དམིགས་པ་ནི་ཕྱི་མ་དང་སྔ་མར་ འདུ་ཤེས་ཏེ། དེ་ཡང་སྔ་མ་བཞིན་དུ་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ནི་སྟེང་དང་འོག་ཏུ་འདུ་ཤེས་ཏེ་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་གཉིས་ཀའི་ཕྱོགས་དང་མཐུན་པ་ལ་དམིགས་པ་ནི་སྣང་བར་འདུ་ཤེས་པ་སྟེ། དེ་གཉིས་ ཀའི་ཕྱོགས་ལ་སྤྱོད་པའི་སྣང་བ་དང་ལྡན་པའི་སེམས་བསྒོམ་པའོ། །དེ་མ་ཡིན་པ་འདི་ལྟ་སྟེ། འདུན་པ་ལ་སོགས་པ་ལེ་ལོ་དང་ལྡན་པ་རྣམས་ལེ་ལོ་དང་ལྡན་པ་ཞེས་བྱ་བ་དེ་ལྟར་བརྩོན་འགྲུས་ལེ་ལོ་དང་མཚུངས་པར་ལྡན་པ་དེ་ནི་མེད་དེ། འོན་ཀྱང་རྒྱུད་ལ་ཡོད་པའི་ལེགས་པར་མ་ བརྩམས་པའི་བརྩོན་འགྲུས་ལྷོད་པ་གང་ཡིན་པ་དེ་ནི་ལེ་ལོ་དང་ལྡན་པ་ཞེས་བྱ་སྟེ། དེ་ནི་ཏིང་ངེ་འཛིན་འདོད་པའི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པའི་ཕྱིར་རྣམ་པ་ལྔས་རྣམ་པ་ཐམས་ཅད་དུ་བསྒོམ་པར་རིག་པར་བྱའོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་ལ་ནི་ཅི་རིགས་པར་འདུན་པ་ལ་སོགས་ པའི་དབང་གིས་བྱུང་བའི་ཏིང་ངེ་འཛིན་