Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 131
Văn bản gốc(Tây Tạng)
Trang 2 / 21 (50.000 ký tự/trang)
་ཏོ་ཞེས་གསུངས་ཤེ་ན། སྨྲས་པ། ངོ་བོ་ཉིད་མེད་པ་ཉིད་ཐམས་ཅད་ལས་དགོངས་ཏེ་གསུངས་པ་དང་། ངོ་བོ་ཉིད་མེད་པ་ཉིད་གང་ལས་ཀྱང་མ་དགོངས་པར་གསུངས་ སོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང་། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་ཤེ་ན། སྨྲས་པ། ངོ་བོ་ཉིད་མེད་པ་ཉིད་ཐམས་ཅད་ལས་དགོངས་ཏེ་གསུངས་པའམ། ཡང་ན་ ངོ་བོ་ཉིད་མེད་པ་ཉིད་གང་ལས་ཀྱང་མ་དགོངས་པར་གསུངས་སོ། །དངོས་པོ་ལྔ་པོ་དེ་དག་ལས་ཅིའི་ཕྱིར་དང་པོ་ཁོ་ནར་རྒྱུ་མཚན་གདགས་པ་ལ་སོགས་པ་གོ་རིམས་དེ་ལྟར་གདགས་པ་མཛད་ཅེ་ན། སྨྲས་པ། གཞི་མེད་པ་ལ་མིང་གདགས་སུ་མི་རུང་བས་དེའི་ཕྱིར་དང་པོར་རྒྱུ་མཚན་གདགས་པ་ མཛད་དོ། །དེའི་འོག་ཏུ་གང་གིས་ངོ་བོ་ཉིད་དུ་འདོགས་པའམ། བྱེ་བྲག་ཏུ་འདོགས་པར་ལས་དེ་འདོགས་པ་བྱེད་པས། དེའི་ཕྱིར་མིང་གདགས་པ་མཛད་དོ། །དེའི་འོག་ཏུ་གང་གིས་རྒྱུ་མཚན་ནམ། མིང་ངམ། དེ་གཉི་ག་ལ་རྣམ་པར་རྟོག་པར་བྱེད་པའི་རྣམ་པར་རྟོག་པ་འབྱུང་བས། དེའི་ ཕྱིར་རྣམ་པར་རྟོག་པ་གདགས་པ་མཛད་དོ། །དེ་ལྟར་ཆོས་གསུམ་པོ་དེ་དག་གིས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡོངས་སུ་རྫོགས་པའི་གོ་རིམས་ཡོངས་སུ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་བྱང་བའི་ཕྱོགས་ཀྱི་སྐབས་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་གིས་དེ་བཞིན་ཉིད་ མཐོང་བ་དང་། ཡང་དག་པའི་ཤེས་པ་མཐོང་ན་རྣམ་པར་དག་པར་འགྱུར་བས། དེའི་ཕྱིར་དེ་གཉིས་ཀྱིས་ནི་རྣམ་པར་བྱང་བའི་ཕྱོགས་ཡོངས་སུ་རྫོགས་པའི་གོ་རིམས་ཡོངས་སུ་བསྟན་པ་ཡིན་ཏེ། དེ་ལྟར་ན་དེ་ནི་དེ་དག་གི་གོ་རིམས་ཡིན་ནོ། །དེ་ཁོ་ནའི་དོན་གྱི་ལེའུའི་དངོས་པོའི་རྣམ་པར་གཏན་ ལ་དབབ་པ་རྫོགས་སོ།། །།དེ་ཁོ་ནའི་དོན་རྣམ་པར་ཤེས་པར་འདོད་པས། ངོ་བོ་ཉིད་གསུམ་ལ་བརྩོན་པར་བྱ་བའི་སྡོམ་ནི། རྟེན་དང་རྣམ་པར་དབྱེ་བ་དང་། །རྟེན་དང་རབ་དབྱེ་བརྟེན་པ་དང་། །ཕྲ་ལ་མངོན་པར་ཞེན་པ་དང་། །མིང་བརྗོད་ཇི་བཞིན་མངོན་པར་ཞེན། །ངོ་བོ་ཉིད་ གསུམ་གང་ཞེ་ན། ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཀུན་བརྟགས་པའི་ངོ་བོ་ཉིད་གང་ཞེ་ན། ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་མིང་དང་བརྡ་ལས་བྱུང་བའི་ངོ་བོ་ཉིད་གང་ཡིན་པའོ། །གཞན་གྱི་དབང་གིས་ ངོ་བོ་ཉིད་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་གང་ཡིན་པའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་དག་པར་བྱ་བའི་ཕྱིར་དང་། མཚན་མ་དང་། གནས་ངན་ལེན་གྱི་འཆིང་བ་ཐམས་ཅད་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་དང་། ཡོན་ཏན་ ཐམས་ཅད་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར་ཆོས་རྣམས་ཀྱི་དེ་བཞིན་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། འཕགས་པའི་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་པའོ། །ཀུན་བརྟགས་པའི་ངོ་བོ་ཉིད་གང་ལ་བརྟེན་ནས་རབ་ཏུ་ཤེས་ཤེ་ན། སྨྲས་པ། རྒྱུ་མཚན་དང་མིང་འབྲེལ་པ་ལ་ བརྟེན་ནས་རབ་ཏུ་ཤེས་སོ། །གཞན་གྱི་དབང་གི་ངོ་བོ་ཉིད་གང་ལ་བརྟེན་ནས་རབ་ཏུ་ཤེས་ཤེ་ན། སྨྲས་པ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ལ་བརྟེན་ནས་རབ་ཏུ་ཤེས་སོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ལ་བརྟེན་ནས་རབ་ཏུ་ཤེས་ཤེ་ན། སྨྲས་པ། གཞན་གྱི་ དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དེ་གཏན་ཡོངས་སུ་མ་གྲུབ་པ་ལ་བརྟེན་ནས་རབ་ཏུ་ཤེས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ལ་བརྟེན་ནས་ཤེས་པར་འགྱུར་རོ་ཞེས་གང་གསུངས་པ་དེར་ནི་དེའི་རྣམ་པར་དག་པ་འཐོབ་ པ་ལས་དགོངས་ཏེ་གསུངས་པ་ཡིན་གྱི། དེའི་མཚན་ཉིད་ལས་ནི་མ་ཡིན་ནོ། །དོན་འདིར་ནི་དེའི་མཚན་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། མདོར་བསྡུ་ན་རྣམ་པ་ལྔ་སྟེ། དོན་གྱི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་དང་། མིང་གི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་དང་། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་དང་། རྣམ་པར་བྱང་བའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་དང་། ཀུན་ནས་ཉོན་མོངས་པ་ཡང་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པའོ། །དེ་ལ་ དོན་གྱི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི་རྣམ་པ་བཞི་སྟེ། ངོ་བོ་ཉིད་ཀྱི་མཚན་ཉིད་དུ་ཡོངས་སུ་རྟོག་པ་དང་། བྱེ་བྲག་གི་མཚན་ཉིད་དུ་ཡོངས་སུ་རྟོག་པ་དང་། གཟུང་བའི་མཚན་ཉིད་དུ་ཡོངས་སུ་རྟོག་པ་དང་། འཛིན་པའི་མཚན་ཉིད་དུ་ཡོངས་སུ་རྟོག་པའོ། །དེ་ལ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་ ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། དངོས་པོ་འདི་ནི་གཟུགས་ཀྱི་ངོ་བོ་ཉིད་དོ། །དངོས་པོ་འདི་ནི་རྣམ་པར་ཤེས་པའི་བར་གྱི་ངོ་བོ་ཉིད་དོ། །དངོས་པོ་འདི་ནི་མིག་གི་ངོ་བོ་ཉིད་དོ། །དངོས་པོ་འདི་ནི་ཆོས་ཀྱི་བར་གྱི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ་སོགས་པར་ཡོངས་སུ་རྟོག་པའོ། །དེ་ལ་བྱེ་བྲག་གི་མཚན་ ཉིད་དུ་ཡོངས་སུ་རྟོག་པ་ནི། འདི་ལྟ་སྟེ། གཟུགས་འདི་ནི་ཡིད་དུ་འོང་བའོ། །འདི་ནི་ཡིད་དུ་མི་འོང་བའོ། །འདི་ནི་ཡིད་དུ་འོང་བ་ཡང་མ་ཡིན་ཡིད་དུ་མི་འོང་བ་ཡང་མ་ཡིན་པའོ། །འདི་ནི་བསྟན་དུ་ཡོད་པའོ། །འདི་ནི་བསྟན་དུ་མེད་པའོ། །འདི་ནི་ཐོགས་པ་དང་བཅས་པའོ། །འདི་ནི་ ཐོགས་པ་མེད་པའོ། །འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །འདི་ནི་འདུས་བྱས་སོ། །འདི་ནི་འདུས་མ་བྱས་སོ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་དབྱེ་བའི་ཚུལ་གྱིས་གཟུགས་དེ་གཅིག་པུའི་བྱེ་བྲག་ལ་ཡོངས་སུ་རྟོག་པ་གང་ཡིན་པ་སྟེ། གཟུགས་ལ་ཇི་ལྟ་བ་བཞིན་དུ། ཕུང་པོ་ལྷག་མ་རྣམས་དང་སྐྱེ་མཆེད་ཐམས་ཅད་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ལ་གཟུང་བའི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་འདི་ནི་མིག་གི་གཟུང་བའོ། །འདི་ནི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་གཟུང་བའོ་ཞེས་བྱ་བར་ཡོངས་སུ་རྟོག་ པ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་འདི་དག་དང་། རྣམ་པར་ཤེས་པ་འདི་ནི་འདོད་པ་ན་སྤྱོད་པའི་ཡིད་ཀྱི་གཟུང་བའོ། །འདི་ནི་གཟུགས་ན་སྤྱོད་པའི་ཡིད་ཀྱི་གཟུང་བའོ། །འདི་ནི་གཟུགས་མེད་པ་ན་སྤྱོད་པའི་ཡིད་ཀྱི་གཟུང་བའོ། །འདི་ནི་ལྡན་པ་མ་ཡིན་པའི་ཡིད་ ཀྱི་གཟུང་བའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ། །དེ་ལ་འཛིན་པའི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་འདི་ནི་གཟུགས་འཛིན་པའོ། །གཟུགས་འདི་ནི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་འཛིན་པའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་འདི་དག་དང་། རྣམ་པར་ཤེས་པ་འདི་ནི་གཟུགས་འཛིན་པའོ། །འདི་ནི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་འཛིན་པའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ། །དེ་ལ་མིང་གི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི་རྣམ་པ་གཉིས་ཏེ། བྱེ་བྲག་མེད་པ་དང་། བྱེ་བྲག་ཅན་ནོ། །དེ་ལ་བྱེ་བྲག་མེད་པ་ནི་ཆོས་ཐམས་ཅད་ཅེས་བྱ་བའི་མིང་གང་ཡིན་པའོ། །དེ་ལ་བྱེ་བྲག་ཅན་ནི་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཞེས་བྱ་བ་དང་། འདུ་བྱེད་རྣམས་ཞེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ དང་། དེ་ལྟ་བུ་དང་མཐུན་པའི་མིང་རབ་ཏུ་དབྱེ་བའི་ཆོས་སོ་སོ་བ་དེ་དག་ལ་མིང་ཚད་མེད་གྲངས་མེད་པར་ཡོངས་སུ་རྟོག་པ་གང་ཡིན་པའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་འདི་ནི་འདོད་ཆགས་དང་བཅས་པ་དང་། ཞེ་སྡང་དང་བཅས་ པ་དང་། གཏི་མུག་དང་བཅས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་མ་བྲལ་བ་དང་། དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་དང་བྲལ་བའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་འདི་དག་དང་། རྣམ་པར་ ཤེས་པ་འདི་དག་ནི་འདོད་ཆགས་དང་བཅས་པ་དང་། ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་དང་མ་བྲལ་བ་དང་། དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་དང་བྲལ་བའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་ པའོ། །དེ་ལ་རྣམ་པར་བྱང་བའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་ཡང་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་འདི་ནི་གཟུང་བའོ། །འདི་ནི་འཛིན་པའོ། ། ཆོར་བ་དང་། འདུ་ཤེས་དང་། འདུ་བྱེད་འདི་དག་དང་། རྣམ་པར་ཤེས་པ་འདི་ནི་གཟུང་བའོ། །འདི་ནི་འཛིན་པའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པ་དང་། གཞན་ཡང་ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་ལུང་དུ་མ་བསྟན་པའི་ཆོས་རྣམས་སོ་ཞེས་བྱ་བར་ ཡོངས་སུ་རྟོག་པ་གང་ཡིན་པའོ། །ཡང་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། མིང་ལ་བརྟེན་པའི་དོན་གྱི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་དང་། དོན་ལ་བརྟེན་པའི་མིང་གི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་དང་། མིང་ལ་བརྟེན་པའི་མིང་གི་ངོ་བོ་ཉིད་ལ་ཡོངས་སུ་ རྟོག་པ་དང་། དོན་ལ་བརྟེན་པའི་དོན་གྱི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་དང་། དེ་གཉི་ག་ལ་བརྟེན་པའི་དེ་གཉི་གའི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པའོ། །དེ་ལ་མིང་ལ་བརྟེན་པའི་དོན་གྱི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་ཀྱི་དངོས་པོ་འདི་ནི་གཟུགས་ཀྱི་བདག་ཉིད་ ཀྱིས་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཀྱི་དངོས་པོ་འདི་དང་། རྣམ་པར་ཤེས་པའི་དངོས་པོ་འདི་ནི་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ། ། དེ་ལ་དོན་ལ་བརྟེན་པའི་མིང་གི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། དངོས་པོ་འདིའི་མིང་ནི་གཟུགས་ཞེས་བྱའི། དངོས་པོ་འདི་ནི་གཟུགས་མ་ཡིན་ནོ་ཞེས་ཡོངས་སུ་རྟོག་པ་གང་ཡིན་པ་དང་། དངོས་པོ་འདིའི་མིང་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་ པར་ཤེས་པ་ཞེས་བྱའི། དངོས་པོ་འདི་ནི་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ། །དེ་ལ་མིང་ལ་བརྟེན་པའི་མིང་གི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་ནི། འདི་ལྟ་སྟེ། དངོས་པོ་མ་རྟོགས་པའི་མིང་གཟུགས་ཞེས་རྣམ་པར་རྟོག་པར་བྱེད་པའི་ཡོངས་སུ་རྟོག་པ་ གང་ཡིན་པ་དང་། དངོས་པོ་མ་རྟོགས་པའི་མིང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་རྣམ་པར་རྟོག་པར་བྱེད་པའི་ཡོངས་སུ་རྟོག་པ་གང་ཡིན་པའོ། །དེ་ལ་དོན་ལ་བརྟེན་པའི་དོན་གྱི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། མིང་ལས་མ་གཏོགས་ པའི་གཟུགས་ཀྱི་དངོས་པོ་ལ་མིང་དམིགས་ཀྱིས་མ་བསལ་བར་རྣམ་པར་རྟོག་པར་བྱེད་པའི་ཡོངས་སུ་རྟོག་པ་གང་ཡིན་པ་དང་། མིང་མ་གཏོགས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཀྱི་དངོས་པོ་དང་། མིང་མ་གཏོགས་པའི་རྣམ་པར་ཤེས་པའི་དངོས་པོ་ལ་མིང་དམིགས་ ཀྱིས་མ་བསལ་བར་རྣམ་པར་རྟོག་པར་བྱེད་པའི་ཡོངས་སུ་རྟོག་པ་གང་ཡིན་པའོ། །དེ་ལ་དེ་གཉི་ག་ལ་བརྟེན་པའི་དེ་གཉི་གའི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་ཀྱི་བདག་ཉིད་ཀྱི་དངོས་པོ་འདིའི་མིང་ནི་གཟུགས་ཞེས་བྱའོ་ཞེས་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་བདག་ཉིད་ཀྱི་དངོས་པོ་འདིའི་མིང་ནི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་ཡོངས་སུ་རྟོག་པ་གང་ཡིན་པའོ། །ཀུན་བརྟགས་པའི་ངོ་བོ་ཉིད་དུ་འཛིན་པ་ནི་མདོར་བསྡུ་ན། རྣམ་པ་གཉིས་སུ་རིག་པར་བྱ་སྟེ། མངོན་པར་ འདུ་བྱེད་པས་འཛིན་པ་དང་། མིང་གི་བརྡས་འཛིན་པའོ། །དེ་ལ་མངོན་པར་འདུ་བྱེད་པས་འཛིན་པ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། རྗེས་སུ་ཆགས་པའི་མངོན་པར་འདུ་བྱེད་པ་དང་། ཁོང་ཁྲོ་བའི་མངོན་པར་འདུ་བྱེད་པ་དང་། ཕྲད་པའི་མངོན་པར་འདུ་བྱེད་པ་དང་། འབྲལ་བའི་ མངོན་པར་འདུ་བྱེད་པ་དང་། བཏང་སྙོམས་སུ་འཇོག་པའི་མངོན་པར་འདུ་བྱེད་པའོ། །དེ་ལ་མིང་གི་བརྡས་འཛིན་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཡི་གེ་མེད་པ་ལས་གྱུར་པ་དང་། ཡི་གེ་ལས་གྱུར་པའོ། །དེ་ལ་ཡི་གེ་མེད་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འདི་ཅི་ཡིན། འདི་ཅི་ལྟ་བུ་ཡིན་ཞེས་བྱ་བར་འཛིན་པ་གང་ཡིན་པའོ། །དེ་ལ་ཡི་གེ་ལས་གྱུར་པ་ནི་འདི་ལྟ་སྟེ། འདི་ནི་འདི་དང་འདི་ལྟ་བུ་ཡིན་ཏེ། གཟུགས་ཞེས་བྱ་བའམ། རྣམ་པར་ཤེས་པའི་བར་ཞེས་བྱ་བའམ། འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བའམ། རྟག་ཅེས་བྱ་ བའམ། མི་རྟག་ཅེས་བྱ་བའམ། དགེ་ཞེས་བྱ་བའམ། མི་དགེ་ཞེས་བྱ་བའམ། ལུང་དུ་མ་བསྟན་པ་ཞེས་བྱ་བའམ། དེ་ལྟ་དེ་ལྟ་བུ་ལ་སོགས་པར་འཛིན་པ་གང་ཡིན་པའོ། །ཕྲ་བ་ལ་མངོན་པར་ཞེན་པ་ཕྲ་བ་ནི་ལྔ་པོ་འདི་དག་ཡིན་པར་རིག་པར་བྱ་སྟེ། མི་རྟག་པ་ལ་རྟག་པར་ མངོན་པར་ཞེན་པ་དང་། སྡུག་བསྔལ་བ་ལ་བདེ་བར་མངོན་པར་ཞེན་པ་དང་། མི་གཙང་བ་ལ་གཙང་བར་མངོན་པར་ཞེན་པ་དང་། བདག་མེད་པ་ལ་བདག་ཏུ་མངོན་པར་ཞེན་པ་དང་། མཚན་མ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པའོ།། །། བམ་པོ་སུམ་ཅུ་ལྔ་པ། དེ་ལ་བྱིས་པ་རྣམས་ནི་བརྗོད་པར་བྱ་བའི་དངོས་པོ་ལ་རྒྱུ་ལྔས་མིང་ཇི་ལྟ་བ་དང་བརྗོད་པ་ཇི་ལྟ་བ་བཞིན་དུ་ངོ་བོ་ཉིད་དུ་མངོན་པར་ཞེན་པར་རིག་པར་བྱ་སྟེ། འདི་ལྟར་འདིའི་དངོས་པོ་དེའི་ངོ་བོ་ཉིད་གང་ཡིན་ཞེས་དྲིས་ན། ངོ་བོ་ཉིད་གཟུགས་ཡིན་ནོ་ཞེས་ལན་འདེབས་ པར་བྱེད་ཀྱི། མིང་གཟུགས་ཡིན་ནོ་ཞེས་ལན་འདེབས་པར་མི་བྱེད་པ་དང་། ངོ་བོ་ཉིད་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་ཀྱི། མིང་རྣམ་པར་ཤེས་པ་ཡིན་ནོ་ཞེས་ལན་འདེབས་པར་མི་བྱེད་པ་དང་། གཞན་ ཡང་གཅིག་པུ་དབེན་པར་སོང་སྟེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཡོངས་སུ་བརྟགས་པ་ལ་ཞུགས་པ་ན། དངོས་པོ་འདིའི་མཚན་ཉིད་ནི་གཟུགས་ཡིན་གྱི། མིང་ནི་གཟུགས་མ་ཡིན་ནོ་ཞེས་ཡོངས་སུ་ཚོལ་བར་བྱེད་པ་དང་། དངོས་པོ་འདིའི་ མཚན་ཉིད་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡིན་གྱི། མིང་ནི་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་ཡོངས་སུ་ཚོལ་བར་བྱེད་པ་དང་། གཞན་ཡང་གཟུགས་ཀྱི་དངོས་པོ་དེའི་མཚན་ཉིད་གཟུགས་ཡིན་པར་ཡོངས་སུ་ཚོལ་བར་བྱེད་པའི་ཚེ། མ་ རྙེད་པ་ན་མི་དགའ་ལ། མིང་གཟུགས་ཡིན་པར་ཡོངས་སུ་ཚོལ་བར་བྱེད་པའི་ཚེ། མ་རྙེད་པ་ནི་མི་དགའ་བ་མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དངོས་པོ་དེའི་མཚན་ཉིད་རྣམ་པར་ཤེས་པ་ཡིན་པར་ཡོངས་སུ་ཚོལ་བར་བྱེད་པའི་ ཚེ། མ་རྙེད་པ་ལ་མི་དགའ་ལ། རྣམ་པར་ཤེས་པ་ཡིན་པར་ཡོངས་སུ་ཚོལ་བར་བྱེད་པའི་ཚེ། མ་རྙེད་ན་ནི་མི་དགའ་བ་མེད་པ་དང་། གཞན་ཡང་ཚིག་ནི་མིང་ལ་འཇུག་ལ་མིང་ནི་དོན་ལ་འཇུག་སྟེ། དེ་ལ་མིང་གང་རང་གི་མཚན་ཉིད་ཀྱི་དོན་གསལ་བར་བྱེད་པ་དེ་ནི་བྱེ་བྲག་གི་མཚན་ཉིད་ ཀྱི་དོན་གསལ་བར་བྱེད་པ་ཡང་མ་ཡིན། གཟུང་བའི་མཚན་ཉིད་ཀྱི་དོན་གསལ་བར་བྱེད་པ་ཡང་མ་ཡིན། འཛིན་པའི་མཚན་ཉིད་ཀྱི་དོན་གསལ་བར་བྱེད་པ་ཡང་མ་ཡིན་ལ། མིང་གང་འཛིན་པའི་མཚན་ཉིད་ཀྱི་བར་གྱི་དོན་གསལ་བར་བྱེད་པ་དེ་ནི་རང་གི་མཚན་ཉིད་ཀྱི་དོན་གྱི་བར་གསལ་ བར་བྱེད་པ་ཡང་མ་ཡིན་ནོ། །གལ་ཏེ་མིང་གང་རང་གི་མཚན་ཉིད་ཀྱི་དོན་ལ་འཇུག་པར་འགྱུར་བ་དེ་འཛིན་པའི་མཚན་ཉིད་ཀྱི་བར་གྱི་དོན་ལ་ཡང་འཇུག་པར་འགྱུར་ན་ནི་དེས་ན་དེ་ལས་གཞན་པའི་མིང་རྣམས་ཀྱི་དོན་སོ་སོ་ཐ་དད་པའི་རྗེས་སུ་འཇུག་པར་འགྱུར་བ་མི་དམིགས་པར་མི་རུང་ངོ་། ། དེ་ལྟར་སོ་སོའི་དོན་ཐ་དད་པ་ལ་འཇུག་པའི་མིང་དེ་དག་ལས་མིང་གང་རང་གི་མཚན་ཉིད་ཀྱི་དོན་ལ་འཇུག་པ་དང་། མིང་གང་འཛིན་པའི་མཚན་ཉིད་ཀྱི་བར་གྱི་དོན་ལ་ཡང་འཇུག་པར་འགྱུར་བ་དེ། དེ་ལྟར་ཡོད་པའི་དོན་ལ་འཇུག་པར་འགྱུར་རམ། འོན་ཏེ་མེད་པའི་དོན་ལ་འཇུག་པར་འགྱུར། རེ་ཞིག་ཡོད་པའི་དོན་ལ་འཇུག་པར་ནི་མི་རུང་སྟེ། ཇི་ལྟར་མི་རུང་བ་དེ་ལྟར་ནི་སྔར་དངོས་པོ་བརྟགས་པའི་སྐབས་སུ་བསྟན་ཟིན་ཏོ། །གལ་ཏེ་དེ་ལྟར་ཡོད་པ་མ་ཡིན་པའི་དོན་ལ་འཇུག་པར་འགྱུར་ན་ནི་དེས་ན་མཚན་ཉིད་མེད་པའི་དོན་ལ་འཇུག་པར་འགྱུར་བ་དེ་ལྟ་བུར་འགྱུར་ཏེ། གང་མཚན་ ཉིད་མེད་པའི་དོན་ལ་འཇུག་པར་འགྱུར་བ་དེའི་དོན་ནི་དེ་ལྟར་ཡོད་པ་མ་ཡིན་ལ། དེ་ལྟར་གསལ་བར་བྱེད་པ་དེ་ཡང་སྒྲོ་འདོགས་པར་བྱེད་པ་ཡིན་ནོ། །གང་སྒྲོ་འདོགས་ཤིང་འཛིན་པར་བྱེད་པ་དེ་ནི་མངོན་པར་ཞེན་པ་ཡིན་པས་དེའི་ཕྱིར་མིང་ཇི་ལྟ་བ་དང་། བརྗོད་པ་ཇི་ལྟ་བ་བཞིན་དུ་དངོས་པོ་ ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པར་རབ་ཏུ་གྲུབ་པ་ཡིན་པ་དང་། གཞན་ཡང་བྱིས་པ་ཐམས་ཅད་ནི་མཚན་མ་ལ་བརྗོད་པས་བཅིངས་པ་ཡིན་པའི་ཕྱིར་མིང་ཇི་ལྟ་བ་དང་། བརྗོད་པ་ཇི་ལྟ་བ་བཞིན་དུ། དངོས་པོ་ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པ་ཡིན་པར་བལྟ་བར་བྱ་སྟེ། ཅིའི་ཕྱིར་མཚན་ མ་ལ་བརྗོད་པས་བཅིངས་པ་ཉིད་དུ་རིག་པར་བྱ་ཞེ་ན། སྨྲས་པ། རིགས་པ་དང་ལུང་གིས་རིག་པར་བྱ་སྟེ། རིགས་པ་གང་ཞེ་ན། སྨྲས་པ། བརྗོད་པ་མེད་པ་ན་དངོས་པོ་ལ་མངོན་པར་དགའ་བ་མི་དམིགས་པ་དང་། བརྗོད་པ་དང་བཅས་པ་ན་དེ་ལ་མངོན་པར་དགའ་བ་མི་དམིགས་ པའི་ཕྱིར་ཏེ། དེ་ནི་རྒྱུ་ཅིག་ཡིན་ནོ། །གཞན་ཡང་གཅིག་གི་སྐྱེ་བའི་གནས་གཅིག་ཡིན་པའི་ཕྱིར་ཏེ། འདི་ལྟར་དངོས་པོ་ལ་བརྟེན་ནས་བརྗོད་པ་སྐྱེ་བ་ཡང་དམིགས་ལ། བརྗོད་པ་ལ་བརྟེན་ནས་ཀྱང་དངོས་པོ་སྐྱེ་བ་དམིགས་པའི་ཕྱིར་ཏེ་འདི་ལྟ་སྟེ། དཔེར་ན་འཇིག་རྟེན་པ་ དག་དངོས་པོ་ཡོད་ན། མིང་དུ་ཡང་བརྗོད་པས་རབ་ཏུ་རྟོག་པར་བྱེད་ཀྱི། དངོས་པོ་མེད་པ་ལ་ནི་ཡོངས་སུ་རྟོག་པར་མི་ནུས་པས། དེ་ལྟར་ན་དངོས་པོ་ལ་བརྟེན་ནས་མིང་དང་བརྗོད་པ་སྐྱེ་བར་དམིགས་པ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་བསམ་གཏན་པ་སོ་སོའི་བདག་ཉིད་ལ་བསམ་ གཏན་བྱེད་པ་ན། ཇི་ལྟ་ཇི་ལྟར་ཡིད་ལ་བརྗོད་པའི་ཡིད་ལ་བྱེད་པ་དེ་ལྟ་དེ་ལྟར་སེམས་ཀྱི་རྒྱུད་དུ་གཏོགས་པའི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་དག་སྣང་བར་འགྱུར་བའི་ཚུལ་གྱིས་འབྱུང་བར་འགྱུར་བས། དེ་ལྟར་ན་བརྗོད་པ་ལ་བརྟེན་ནས་དངོས་པོ་སྐྱེ་བ་ཡང་ དམིགས་པ་ཡིན་ནོ། །གཞན་ཡང་བརྗོད་པའི་གཉེན་པོ་མཚན་མ་མེད་པའི་དབྱིངས་ལ་སེམས་ཉེ་བར་གཏོད་པའི་མཚན་མ་ཐམས་ཅད་ནི་མི་སྣང་བར་འགྱུར་ལ། ཉེ་བར་མི་གཏོད་པའི་སེམས་ནི་མི་འདོད་པ་བཞིན་དུ་མཚན་མ་རྣམས་ཀྱིས་ཁྲིད་པར་འགྱུར་བས། རྣམ་གྲངས་དེས་ ཀྱང་མཚན་མ་ལ་བརྗོད་པས་བཅིངས་པ་ཉིད་ཡིན་པར་རིག་པར་བྱའོ། །ལུང་གང་ཞེ་ན། བཅོམ་ལྡན་འདས་ཀྱིས། བྱིས་པ་རྨོངས་པའི་སེམས་ལྡན་པ། །མཚན་མ་དག་ལ་བརྗོད་པས་བཅིངས། །བརྗོད་པའི་འཆིང་ལས་རྣམ་གྲོལ་བ། །མཚན་མའི་དབང་ལྡན་ཐུབ་པ་ཡིན། ། ཡང་དག་མཐོང་བའི་རྣལ་འབྱོར་པ། །ཡང་དག་ཤེས་ལ་རབ་ཏུ་གནས། །ངོ་བོ་ཉིད་ཀྱང་མི་དམིགས་ཤིང་། །དེ་ཡི་གནས་ཀྱང་མཐོང་མི་འགྱུར། །ཡང་དག་ཤེས་པ་རྣམ་དག་དེ། །དེས་ན་ཡང་དག་རིག་ཅེས་བྱ། །འཛིན་པ་གཉིས་དང་རྣམ་བྲལ་བ། །དེས་ན་གཉིས་སུ་མེད་ ཅེས་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་སོ་སོའི་སྐྱེ་བོ་ཕུང་པོ་རྣམས་ལ་བདག་མེད་པ་ལ་མཁས་པ་ནི་ཕུང་པོ་ཙམ་ལ་བདག་ཏུ་ཉེ་བར་འདོགས་པ་ཙམ་ཉིད་དུ་ལྟ་ཡང་། དེའི་བག་ལ་ཉལ་མ་སྤངས་པའི་ཕྱིར། དེ་ལ་བདག་ཏུ་མངོན་པར་ཞེན་པ་མི་འབྱུང་ བ་ཡང་མ་ཡིན་པ་བཞིན་དུ་འདིར་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །སྡོམ་ནི། བསྡུ་དང་ངོ་བོ་ཉིད་དང་ནི། །ཡོངས་སུ་ཤེས་དང་དགོངས་པ་དང་། །སྤྱོད་ཡུལ་རྟོག་དང་རྗེས་འཇུག་དང་། །རྣམ་པར་རྟེན་ནི་ཐ་མ་ཡིན། །ངོ་བོ་ཉིད་གསུམ་དང་རྒྱུ་མཚན་དང་། མིང་དང་ རྣམ་པར་རྟོག་པ་ལ་སོགས་པ་ཆོས་ལྔ་པོ་དག་ལས་ངོ་བོ་ཉིད་དང་པོ་ཆོས་ལྔ་པོ་དེ་དག་ལས་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། གང་གིས་ཀྱང་མ་བསྡུས་སོ། །ངོ་བོ་ཉིད་གཉིས་པ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། བཞིས་སོ། །ངོ་བོ་ཉིད་གསུམ་པ་དུ་དག་གིས་ བསྡུས་ཤེ་ན། སྨྲས་པ། གཅིག་གིས་སོ། །གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་ཡང་དག་པའི་ཤེས་པས་བསྡུས་པ་ཡང་ཡིན་ན། དེས་ན་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ལ་བརྟེན་ནས་ཤེས་པར་འགྱུར་རོ་ཞེས་གང་སྨྲས་པ་ དེ་ཇི་ལྟ་བུ་ཞེ་ན། སྨྲས་པ། དེར་ནི་ཀུན་ནས་ཉོན་མོངས་པར་འགྱུར་བའི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བསམས་པ་ཡིན་གྱི། རྣམ་པར་བྱང་བར་འགྱུར་བ་ལས་ནི་མ་ཡིན་ཏེ། རྣམ་པར་བྱང་བར་འགྱུར་བ་ནི། དེ་ལ་མངོན་པར་མ་ཞེན་པ་ལ་བརྟེན་ནས་ཤེས་པར་འགྱུར་བ་ ཡིན་པར་རིག་པར་བྱའོ། །ངོ་བོ་ཉིད་གསུམ་དང་། ངོ་བོ་ཉིད་མེད་པ་ཉིད་གསུམ་པོ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དེ་ལ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ནི་ཀུན་བརྟགས་པའི་ངོ་བོ་ ཉིད་ངོ་བོ་ཉིད་མེད་པ་ཡིན་ནོ། །དེ་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ནི། གཞན་གྱི་དབང་གི་ངོ་བོ་ཉིད་ངོ་བོ་ཉིད་མེད་པ་ཡིན་ཏེ། རང་མི་སྐྱེ་བ་ཉིད་ཀྱི་ཕྱིར་དང་། རྣམ་པར་དག་པའི་དམིགས་པ་ཉིད་མ་ཡིན་པའི་ཕྱིར་རོ། ། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཁོ་ནས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ངོ་བོ་ཉིད་མེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་དོན་དམ་པ་ཡིན་པ་དང་། ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ངོ་བོ་ཉིད་གསུམ་པོ་དེ་དག་ལས་དུ་ཞིག་ཡོངས་སུ་ ཤེས་པར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། ཐམས་ཅད་དོ། །དུ་ཞིག་སྤང་བར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། །དུ་ཞིག་ཐོབ་པར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། །ངོ་བོ་ཉིད་གསུམ་པོ་དེ་དག་གིས་དྲང་བའི་དོན་གྱི་མདོ་སྡེ་ཐམས་ ཅད་ཀྱི་དོན་ཀྱང་དྲང་བར་བྱའོ། །ངོ་བོ་ཉིད་གསུམ་པོ་དེ་དག་གིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཚད་མེད་པ་བརྟན་པ་དང་ལྡན་པ་དག་དང་བྱང་ཆུབ་སེམས་དཔས་དགོངས་ཏེ་བཤད་པ་དག་གི་དོན་ཀྱང་རྗེས་སུ་རྟོགས་པར་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་ ཇི་སྐད་གསུངས་པ་དེའི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ངོ་བོ་ཉིད་གསུམ་གྱིས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་བརྟེན་ནས་ནི། གཟོད་མ་ནས་མི་སྐྱེ་བ་ལ་བཟོད་པ་རྣམ་པར་གཞག་གོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་ནི། རང་མི་སྐྱེ་ བ་ལ་བཟོད་པ་རྣམ་པར་གཞག་གོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་བརྟེན་ནས་ནི་ཉོན་མོངས་པ་དང་། སྡུག་བསྔལ་གྱི་དྲི་མ་མི་སྐྱེ་བ་ལ་བཟོད་པ་རྣམ་པར་གཞག་སྟེ། དེ་ནི་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ། །རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་ནི། ངོ་བོ་ཉིད་ གསུམ་ལ་བརྟེན་ནས་རྣམ་པར་གཞག་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྣམ་པར་གཞག་གོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་རྣམ་པར་གཞག་གོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་རྣམ་པར་གཞག་གོ། །ཀུན་བརྟགས་པའི་ངོ་བོ་ཉིད་བྱིས་པའི་ཤེས་པའམ། འཕགས་པའི་ཡེ་ཤེས་སམ། ཤེས་པ་གང་གི་སྤྱོད་ཡུལ་ནི་མ་ཡིན་ཞེ་ན། སྨྲས་པ། གང་གི་སྤྱོད་ཡུལ་ཡང་མ་ཡིན་ཏེ། མཚན་ཉིད་ མེད་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཤེས་པ་གང་གི་སྤྱོད་ཡུལ་ཡིན་ཞེ་ན། སྨྲས་པ། དེ་གཉི་གའི་སྤྱོད་ཡུལ་ནི་ཡིན་མོད་ཀྱི། འཕགས་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་ནི་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཤེས་པ་གང་གི་ སྤྱོད་ཡུལ་ཡིན་ཞེ་ན། སྨྲས་པ། འཕགས་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་ནོ། །ཀུན་བརྟགས་པའི་ངོ་བོ་ཉིད་རྟོགས་པའི་རྣལ་འབྱོར་པ་མཚན་མ་ལ་སྤྱོད་པར་བརྗོད་པར་བྱ་བའམ། མཚན་མ་མེད་པ་ལ་སྤྱོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། འཇིག་རྟེན་པའི་ཤེས་པས་ རྟོགས་པ་ནི་མཚན་མ་ལ་སྤྱོད་པར་བརྗོད་པར་བྱའོ། །འཇིག་རྟེན་ལས་འདས་པའི་ཤེས་པས་རྟོགས་པ་ནི་མཚན་མ་མེད་པ་ལ་སྤྱོད་པར་བརྗོད་པར་བྱའོ། །ཀུན་བརྟགས་པའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་དེ་བཞིན་དུ་བལྟ་བར་ བྱའོ། །ཀུན་བརྟགས་པའི་ངོ་བོ་ཉིད་ལ་ཡང་དག་པར་ཞུགས་པའི་རྣལ་འབྱོར་པ་ངོ་བོ་ཉིད་གང་གི་རྗེས་སུ་འཇུག་ཅེ་ན། སྨྲས་པ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་རྗེས་སུ་འཇུག་གོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་རྗེས་སུ་ཞུགས་པའི་རྣལ་འབྱོར་པ་ངོ་བོ་ཉིད་གང་རྣམ་པར་འཇིག་ པར་བྱེད་ཅེ་ན། སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་རྣམ་པར་འཇིག་པར་བྱེད་དོ། །ཀུན་བརྟགས་པའི་ངོ་བོ་ཉིད་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ཇི་ཙམ་དུ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ངོ་བོ་ཉིད་དང་། བྱེ་བྲག་ཏུ་འདོགས་པ་རྣམ་པར་འཇོག་པ་དེ་ཙམ་དུ་ཀུན་བརྟགས་ པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་ནི་དཔག་ཏུ་མེད་པར་རིག་པར་བྱའོ། །གཞན་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། སད་པ་དང་། དེ་ལ་གོམས་ པའི་བག་ཆགས་བག་ལ་ཉལ་བའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། འདིའི་རྣམ་པ་རབ་ཏུ་དབྱེ་བ་ནི་རྒྱུ་མཚན་བཞིན་དུ་བལྟ་བར་བྱའོ། །གཞན་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ ཞེན་པས་ཀུན་ནས་བསླང་བ་དང་། དེ་ལ་མངོན་པར་ཞེན་པ་མེད་པས་ཀུན་ནས་བསླང་བའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཐམས་ཅད་དུ་རོ་གཅིག་པ་ཡིན་པའི་ཕྱིར་དང་། དེ་ལ་རྣམ་པ་རབ་ཏུ་དབྱེ་བ་རྣམ་པར་ གཞག་པ་མེད་དོ། །ཀུན་བརྟགས་པའི་ངོ་བོ་ཉིད་གང་ལ་བརྟེན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དངོས་པོ་གསུམ་ལ་སྟེ། རྒྱུ་མཚན་དང་མིང་དང་རྣམ་པར་རྟོག་པ་ལའོ། །གཞན་གྱི་དབང་གི་ངོ་བོ་ཉིད་གང་ལ་བརྟེན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་དེ་ཉིད་དང་། བདག་གི་རྒྱུ་མཚན་མཐུན་པ་ལའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ལ་བརྟེན་པར་བརྗོད་པར་བྱ་ཞེ་ན། མི་གནས་པ་དང་། མི་རྟེན་པར་བརྗོད་པར་བྱའོ། །སྡོམ་ནི། མེད་དང་ལས་དང་ཕྲ་སོགས་དང་། ། ལུས་མེད་སྐྱེ་དང་མངོན་ཞེན་དང་། །ཡོངས་སུ་ཤེས་དང་ཀུན་ཉོན་མོངས། །སྡུག་བསྔལ་འདྲ་དང་བརྟེན་པ་ཡིན། །གལ་ཏེ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་ན་ཉེས་པ་ཅིར་འགྱུར་ཞེ་ན། སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཐ་སྙད་མེད་པ་དང་། ཐ་སྙད་ལ་མངོན་པར་ ཞེན་པ་མེད་པར་འགྱུར་ཏེ། དེ་མེད་ན་ཀུན་ནས་ཉོན་མོངས་པ་ཡང་མེད་ལ། རྣམ་པར་བྱང་བ་ཡང་མེད་པར་འགྱུར་རོ། །གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་མེད་ན་ཉེས་པ་ཅིར་འགྱུར་ཞེ་ན། སྨྲས་པ། ཐམས་ཅད་ཀྱི་ཐམས་ཅད་དུ་བསྩལ་མི་དགོས་པར་ཀུན་ནས་ ཉོན་མོངས་པ་མེད་པ་ཁོ་ནར་འགྱུར་ཏེ། དེ་མེད་ན་རྣམ་པར་བྱང་བ་ཡང་མེད་པ་ཁོ་ནར་འགྱུར་རོ། །གལ་ཏེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མེད་ན་ཉེས་པ་ཅིར་འགྱུར་ཞེ་ན། སྨྲས་པ། ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་བྱང་བ་མེད་པར་འགྱུར་རོ། །ཀུན་བརྟགས་པའི་ངོ་བོ་ཉིད་ ལས་དུ་དག་བྱེད་ཅེ་ན། སྨྲས་པ། ལྔ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེད་པར་བྱེད་པ་དང་། དེ་ཉིད་ལ་ཐ་སྙད་འཇུག་པར་བྱེད་པ་དང་། གང་ཟག་ལ་མངོན་པར་ཞེན་པ་སྐྱེད་པར་བྱེད་པ་དང་། ཆོས་ལ་མངོན་པར་ཞེན་པ་སྐྱེད་པར་བྱེད་པ་དང་། དེ་གཉི་ག་ལ་མངོན་པར་ ཞེན་པའི་བག་ཆགས་གནས་ངན་ལེན་ཡོངས་སུ་འཛིན་པར་བྱེད་པའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལས་དུ་དག་བྱེད་ཅེ་ན། སྨྲས་པ། ལྔ་ཁོ་ན་སྟེ། ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་སྐྱེ་བར་བྱེད་པ་དང་། ཀུན་བརྟགས་པའི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པའི་ངོ་བོ་ ཉིད་ཀྱི་རྟེན་བྱེད་པ་དང་། གང་ཟག་ལ་མངོན་པར་ཞེན་པའི་རྟེན་བྱེད་པ་དང་། ཆོས་ལ་མངོན་པར་ཞེན་པའི་རྟེན་བྱེད་པ་དང་། དེ་གཉི་ག་ལ་མངོན་པར་ཞེན་པའི་བག་ཆགས་གནས་ངན་ལེན་གྱི་རྟེན་བྱེད་པའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལས་དུ་དག་བྱེད་ཅེ་ན། སྨྲས་པ། ལྔ་སྟེ། དེ་གཉི་གའི་ལས་རྣམ་པ་ལྔ་པོ་དག་གི་གཉེན་པོ་སྐྱེ་བའི་དམིགས་པའི་དངོས་པོ་ཡིན་པའི་ཕྱིར་རོ། །ཀུན་བརྟགས་པའི་ངོ་བོ་ཉིད་ཕྲ་བར་བརྗོད་པར་བྱའམ། རགས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཕྲ་བར་བརྗོད་པར་བྱའོ། །ཕྲ་བ་ཇི་ལྟ་བ་བཞིན་དུ་མཐོང་བར་ དཀའ་བ་དང་། ཉེ་བར་མཚོན་དཀའ་བ་ཡང་དེ་བཞིན་ནོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཕྲ་བར་བརྗོད་པར་བྱའམ། རགས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རགས་པར་བརྗོད་པར་བྱ་སྟེ། འོན་ཀྱང་མཐོང་བར་དཀའ་བ་དང་། ཉེ་བར་མཚོན་པར་དཀའ་བ་ཡིན་ནོ། །ཡོངས་ སུ་གྲུབ་པའི་ངོ་བོ་ཉིད་ཕྲ་བར་བརྗོད་པར་བྱའམ། རགས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མཆོག་ཏུ་ཕྲ་བར་བརྗོད་པར་བྱའོ། །མཆོག་ཏུ་ཕྲ་བ་ཇི་ལྟ་བ་བཞིན་དུ་མཆོག་ཏུ་མཐོང་བར་དཀའ་བ་དང་། མཆོག་ཏུ་ཉེ་བར་མཚོན་པར་དཀའ་བ་ཡང་དེ་བཞིན་ནོ། །ངོ་བོ་ཉིད་གསུམ་པོ་དེ་ དག་ལས་དུ་ཞིག་ལུས་མེད་པ་ཡིན་ལ། ལུས་དང་བཅས་པ་འཇུག་པར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། །དུ་ཞིག་ལུས་དང་བཅས་པ་ཡིན་ལ། ལུས་དང་བཅས་པ་དང་། ལུས་མེད་པར་འཇུག་པར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། །དུ་ཞིག་ལུས་དང་ བཅས་པ་ཡིན་ལ། འཇུག་པར་བྱེད་པ་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། །དུ་ཞིག་མ་སྐྱེས་པ་ཡིན་ལ། སྐྱེས་པ་སྐྱེད་པར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། །དུ་ཞིག་སྐྱེས་པ་ཡིན་ལ། སྐྱེས་པ་དང་མ་སྐྱེས་པ་སྐྱེད་པར་བྱེད་པ་དག་ཡིན་ཞེ་ ན། སྨྲས་པ། གཅིག་གོ། །དུ་ཞིག་སྐྱེས་པ་མ་ཡིན་ལ། སྐྱེས་པ་དང་མ་སྐྱེས་པ་དག་སྐྱེས་པར་མི་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། །ཀུན་བརྟགས་པའི་ངོ་བོ་ཉིད་ལ། མངོན་པར་ཞེན་པ་དང་། དེ་ལ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་ཇི་ལྟ་བུར་བལྟ་ བར་བྱ་ཞེ་ན། སྨྲས་པ། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། དེ་སད་པ་ལ་མངོན་པར་ཞེན་པའམ། དེ་ལ་མངོན་པར་ཞེན་པ་མེད་པ་དང་། དེ་བག་ལ་ཉལ་བ་ལ་མངོན་པར་ཞེན་པའམ། དེ་ལ་མངོན་པར་ཞེན་པ་མེད་པའོ། །དེ་ལ་ཐ་སྙད་ཀྱི་ བརྡ་ལས་བྱུང་བའི་མིང་ལ་ཆོས་ཀྱི་ངོ་བོ་ཉིད་ཡོངས་སུ་རྟོག་པར་བྱེད་པ་ཡིན། དེ་སད་པ་ཡིན་པར་རིག་པར་བྱའོ། །དེ་ལ་མིང་ཙམ་ལ་མཁས་པ་འདི་ནི་མིང་ཙམ་ཡིན་གྱི། འདི་ནི་ཆོས་ཀྱི་ངོ་བོ་ཉིད་དུ་མ་ཡིན་ནོ་སྙམ་པ་ནི་དེ་ལ་མངོན་པར་ཞེན་པ་མེད་པར་ཡིན་པར་རིག་པར་བྱའོ། ། བག་ཆགས་བག་ལ་ཉལ་དེ་མ་སྤངས་པའི་ཕྱིར་ཇི་སྲིད་དུ་བག་ཆགས་གནས་ངན་ལེན་དེ་སྤོངས་པར་མི་བྱེད་པ་དེ་སྲིད་དུ་ནི་དེ་བག་ལ་ཉལ་ལ་མངོན་པར་ཞེན་པ་ཡིན་ནོ། །སྤངས་པ་ནི་དེ་ལ་མངོན་པར་ཞེན་པ་མེད་པ་ཡིན་པར་རིག་པར་བྱའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་མངོན་ པར་ཞེན་པ་དང་། དེ་ལ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་ཇི་ལྟ་བུར་བལྟ་བར་བྱ་ཞེ་ན། སྨྲས་པ། ཀུན་བརྟགས་པའི་ངོ་བོ་ཉིད་སད་པས། དེའི་རང་བཞིན་དང་དེའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པར་བྱེད་པ་ནི་དང་པོའི་དེ་ལ་མངོན་པར་ཞེན་པ་ཡིན་ནོ། །མཚན་མ་ཙམ་སྟེ་ དེའི་རང་བཞིན་དང་དེའི་ངོ་བོ་ཉིད་མ་ཡིན་པར་ཡོངས་སུ་རྟོག་པར་བྱེད་པ་ནི་དེ་ལ་མངོན་པར་ཞེན་པ་མེད་པ་ཡིན་ནོ། །མཚན་མའི་འཆིང་བ་མ་སྤངས་པ་མཚན་མ་ལ་དམིགས་པ་ནི་གཉིས་པའི་དེ་ལ་མངོན་པར་ཞེན་པ་ཡིན་ནོ། །མཚན་མའི་འཆིང་བ་སྤངས་པ་མཚན་མ་མེད་པའི་ དབྱིངས་རབ་ཏུ་ཤེས་པ་མཚན་མར་མི་དམིགས་པ་དང་། དེའི་འོག་ཏུ་ཇི་ལྟ་བ་བཞིན་དུ་དམིགས་པ་ནི་དེ་ལ་མངོན་པར་ཞེན་པ་མེད་པ་ཡིན་པར་རིག་པར་བྱའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་དང་། དེ་ལ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་ཇི་ལྟ་བུར་བལྟ་ བར་བྱ་ཞེ་ན། སྨྲས་པ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ནི་མངོན་པར་ཞེན་པ་མེད་པ་ཁོ་ན་ཡིན་ཏེ། དབྱིངས་དེ་ནི་མངོན་པར་ཞེན་པའི་གཞིའི་གནས་སུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །དེ་མཐོང་བ་དང་། རེག་པ་དང་། མངོན་དུ་མ་བྱས་པ་ལ་མངོན་དུ་བྱས་པར་མངོན་པའི་ང་རྒྱལ་ དང་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ཁོ་ན་ཡིན་པར་བལྟ་བར་བྱའོ། །ཀུན་བརྟགས་པའི་ངོ་བོ་ཉིད་ཇི་ལྟར་ཡོངས་སུ་ཤེས་པར་བྱ་ཞེ་ན། སྨྲས་པ། ཀུན་བརྟགས་པའི་ངོ་བོ་ཉིད་ནི་ མིང་ཙམ་དུ་ཡོངས་སུ་ཤེས་པར་བྱ་སྟེ། ཀུན་བརྟགས་པ་ཙམ་དང་། མཚན་ཉིད་མེད་པ་དང་། ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་། རྣམ་པར་བྱང་བ་མ་ཡིན་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། འདས་པ་མ་ཡིན་པ་དང་། མ་འོངས་པ་མ་ཡིན་པ་དང་། ད་ལྟར་བྱུང་བ་མ་ཡིན་པ་དང་། ལྡན་པ་མ་ཡིན་པ་དང་། མི་ལྡན་པ་མ་ཡིན་པ་དང་། མ་བཅིངས་པ་དང་། མ་གྲོལ་བ་དང་། བདེ་བ་མ་ཡིན་པ་དང་། སྡུག་ བསྔལ་བ་མ་ཡིན་པ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མ་ཡིན་པ་དང་། ཐམས་ཅད་དུ་ནམ་མཁའ་ལྟར་རོ་གཅིག་པ་དང་། དེ་ལྟ་བུ་ལ་སོགས་པའི་རྣམ་པ་དག་གིས་ཡོངས་སུ་ཤེས་པར་བྱའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཇི་ལྟར་ཡོངས་སུ་ཤེས་པར་བྱ་ ཞེ་ན། སྨྲས་པ། བརྗོད་པར་བྱ་བ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་བསྡུས་པ་ལས་ཡོངས་སུ་ཤེས་པར་བྱ་སྟེ། བརྗོད་པར་བྱ་བའི་དངོས་པོ་ཐམས་ཅད་གང་ཞེ་ན། འདི་ལྟ་སྟེ། ཕུང་པོའི་དངོས་པོ་དང་། ཁམས་ཀྱི་དངོས་པོ་དང་། སྐྱེ་མཆེད་ཀྱི་དངོས་པོ་དང་། རྟེན་ཅིང་ འབྲེལ་པར་འབྱུང་བའི་དངོས་པོ་དང་། གནས་དང་གནས་མ་ཡིན་པའི་དངོས་པོ་དང་། དབང་པོའི་དངོས་པོ་དང་། ལས་ཀྱི་དངོས་པོ་དང་། ཉོན་མོངས་པའི་དངོས་པོ་དང་། ཉེ་བའི་ཉོན་མོངས་པའི་དངོས་པོ་དང་། སྐྱེ་བའི་དངོས་པོ་དང་། ངན་འགྲོའི་དངོས་པོ་དང་། བདེ་འགྲོའི་ དངོས་པོ་དང་། སྐྱེ་གནས་ཀྱི་དངོས་པོ་དང་། རིགས་ཀྱི་དངོས་པོ་དང་། སེམས་ཅན་དམྱལ་བའི་དངོས་པོ་དང་། དུད་འགྲོའི་དངོས་པོ་དང་། ཡི་དྭགས་ཀྱི་དངོས་པོ་དང་། གླིང་གི་དངོས་པོ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་དངོས་པོ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་དངོས་པོ་ དང་། ཚངས་རིས་ཀྱི་དངོས་པོ་དང་། འོག་མིན་གྱི་བར་གྱི་དངོས་པོ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་པོ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་དངོས་པོ་དང་། དད་པས་རྗེས་སུ་འབྲང་བའི་དངོས་པོ་དང་། ཆོས་ཀྱིས་རྗེས་ སུ་འབྲང་བའི་དངོས་པོ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་དངོས་པོ་དང་། མཐོང་བའི་ལམ་གྱི་དངོས་པོ་དང་། བསྒོམ་པའི་ལམ་གྱི་དངོས་པོ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དངོས་པོ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་གྱི་དངོས་པོ་དང་། རང་བྱང་ ཆུབ་ཀྱི་དངོས་པོ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དངོས་པོ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་དངོས་པོ་དང་། ཕ་རོལ་ཏུ་ཕྱིན་པའི་དངོས་པོ་དང་། དྲན་པ་ཉེ་བར་གཞག་པའི་དངོས་པོ་དང་། ལམ་གྱི་ཡན་ལག་གི་བར་གྱི་དངོས་པོ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་དངོས་པོ་དང་། འདུ་ཤེས་བསྒོམ་པའི་དངོས་པོ་དང་། རྗེས་སུ་དྲན་པ་བསྒོམ་པའི་དངོས་པོ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་བསྒོམ་པའི་དངོས་པོ་དང་། སྟོབས་དང་། མི་འཇིགས་པ་དང་། སྨོན་ནས་ཤེས་པ་དང་། བསྲུངས་པ་མེད་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཐུགས་རྗེ་ཆེན་པོ་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། མཚན་དང་། དཔེ་བྱད་དང་། རྣམ་པ་ཐམས་ཅད་དང་། མཆོག་མཁྱེན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཀྱི་དངོས་པོ་སྟེ། དེ་དག་ཀྱང་སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཅ་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། སྤྲུལ་པ་ལྟ་བུར་ཤེས་པར་བྱའོ། །དབུ་བ་རྡོས་པ་ལྟ་བུ་དང་། ཆུའི་ཆུ་བུར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་ དང་། ཆུ་ཤིང་གི་སྡོང་པོ་ལྟ་བུ་དང་། སྨྱོན་པ་ལྟ་བུ་དང་། མྱོས་པ་ལྟ་བུ་དང་། གཤེད་མ་ལྟ་བུ་དང་། གཅིན་ལྡུད་པའི་དགྲ་བོ་ལྟ་བུ་དང་། གཞན་གྱི་བུ་ལྟ་བུ་དང་། སྦྲུལ་གྱི་པྲོག་མ་ལྟ་བུ་དང་། སྟོང་པ་དང་། སྨོན་པ་མེད་པ་དང་། དབེན་པ་དང་། གཟུང་བ་མེད་པ་དང་། གསོག་དང་། གསོབ་དང་། སྙིང་པོ་མེད་པ་དང་། དེ་ལྟ་བུ་ལ་སོགས་པའི་རྣམ་གྲངས་དག་གིས་ཡོངས་སུ་ཤེས་པར་བྱའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཇི་ལྟར་ཡོངས་སུ་ཤེས་པར་བྱ་ཞེ་ན། སྨྲས་པ། སྔར་བསྟན་པའི་རྣམ་གྲངས་འདི་ལྟ་སྟེ། དེ་བཞིན་ཉིད་དང་། ཡང་ དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཤེས་པར་བྱ་བ་ལ་སོགས་པ་དང་། གཞན་ཡང་འདི་ལྟ་སྟེ། གཟུགས་མེད་པ་དང་། བསྟན་དུ་མེད་པ་དང་། གནས་མེད་པ་དང་། གཞི་མེད་པ་དང་། སྣང་བ་མེད་པ་དང་། རྣམ་པར་རིག་པ་མེད་པ་དང་། རྟེན་མེད་པ་དང་། བརྗོད་ དུ་མེད་པ་དང་། སྤྲོས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། དེ་ལྟ་བུ་ལ་སོགས་པའི་རྣམ་གྲངས་དག་གིས་ཡོངས་སུ་ཤེས་པར་བྱའོ། །ངོ་བོ་ཉིད་གསུམ་པོ་དེ་དག་ལས་དུ་ཞིག་བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ། གཞན་ཀུན་ནས་ཉོན་མོངས་ པར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། །དུ་ཞིག་བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་ཁོ་ན་ཡིན་ཞེ་ན། སྨྲས་པ། གཅིག་གོ། །དུ་ཞིག་བདག་ཉིད་རྣམ་པར་དག་པ་ཡིན་ལ། རྣམ་པར་བྱང་བའི་ཕྱིར་འཇུག་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། །ཀུན་ ནས་ཉོན་མོངས་པ་ཅན་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཀུན་བརྟགས་པའི་ངོ་བོ་ཉིད་ཇི་འདྲ་བ་ཡིན་ཞེ་ན། སྨྲས་པ། ནམ་མཁའ་དང་འདྲའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཇི་འདྲ་བ་ཡིན་ཞེ་ན། སྨྲས་པ། གཤེད་མ་དང་། ཕྱིར་རྒོལ་བ་ དང་འདྲའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཇི་འདྲ་བ་ཡིན་ཞེ་ན། སྨྲས་པ། མི་ཟད་པའི་གཏེར་ཆེན་པོ་དང་འདྲའོ། །ཀུན་བརྟགས་པའི་ངོ་བོ་ཉིད་ཇི་ལ་བརྟེན་ནས་ཡོངས་སུ་བརྟག་པར་བྱ་བ་ཡིན་ཞེ་ན། སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་སོ། །གཞན་ གྱི་དབང་གི་ངོ་བོ་ཉིད་ཇི་ལ་བརྟེན་ནས་གཞན་གྱི་དབང་ཡིན་ཞེ་ན། སྨྲས་པ། རྒྱུ་དང་རྐྱེན་ལ་བརྟེན་ནས་སོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཇི་ལ་བརྟེན་ནས་ཡོངས་སུ་གྲུབ་པ་ཡིན་ཞེ་ན། སྨྲས་པ། ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་མེད་ པ་ཉིད་དང་། རྟག་པ་ཉིད་ལ་བརྟེན་ནས་སོ། །དེ་ཁོ་ནའི་དོན་འཛིན་པའི་ཤེས་རབ་ནི་རྣམ་པར་མི་རྟོག་པ་ཡིན་ནོ་ཞེས་གང་གསུངས་པ་དེ་ཇི་ལྟར་རྣམ་པར་མི་རྟོག་པ་ཡིན་པར་རིག་པར་བྱ། ཅི་ཡིད་ལ་མི་བྱེད་པ་ལས་སམ། ཡང་དག་པར་འདས་པ་ལས་སམ། དངོས་ པོ་མེད་པ་ལས་སམ། རང་བཞིན་ལས་སམ། དམིགས་པ་ལ་མངོན་པར་འདུ་བྱེད་པ་ལས་རྣམ་པར་མི་རྟོག་པ་ཡིན། གལ་ཏེ་ཡིད་ལ་མི་བྱེད་པ་ལས་ཡིན་ན་ནི་དེས་ན་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་ཞེས་བྱར་མི་རུང་སྟེ། གཉིད་ལོག་པ་དང་། མྱོས་པ་དང་། རབ་ཏུ་ མྱོས་པ་རྣམས་ལ་ཡང་དེ་ཐལ་བར་འགྱུར་རོ། །གལ་ཏེ་ཡང་དག་པར་འདས་པ་ལས་ཡིན་ན་ནི་དེས་ན་ཁམས་གསུམ་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ནི་རྣམ་པར་རྟོག་པ་ཡིན་ནོ་ཞེས་གང་གསུངས་པའི་གཞུང་དང་ཇི་ལྟར་འགལ་བར་མི་འགྱུར། གལ་ཏེ་ དངོས་པོ་མེད་པ་ལས་ཡིན་ན་ནི་དེས་ན་ཤེས་རབ་སེམས་ལས་བྱུང་བའི་ཆོས་སུ་མི་འགྱུར་རོ། །གལ་ཏེ་རང་བཞིན་ལས་ཡིན་ན་ནི་དེས་ན་ཤེས་རབ་ངོ་བོ་ཉིད་དང་། ཡང་དག་པར་རྙོག་པ་མེད་པའི་མཚན་ཉིད་དུ་ཇི་ལྟར་མི་འགྱུར། གལ་ཏེ་དམིགས་པ་ལ་མངོན་པར་འདུ་བྱེད་པ་ལ་ཡིན་ན་ནི་ ནི་དེས་ན་རྣམ་པར་མི་རྟོག་པའི་ཤེས་རབ་མངོན་པར་འདུ་བྱེད་པ་མེད་པ་ཉིད་ལ་ཇི་ལྟར་སྐུར་པ་བཏབ་པར་མི་འགྱུར། དེ་ལྟར་རྣམ་པ་དེ་དག་མི་རིགས་པ་ཡིན་ན། ཇི་ལྟར་ཤེས་རབ་དེ་རྣམ་པར་མི་རྟོག་པ་ཡིན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། དེ་ནི་དམིགས་པ་ལ་མངོན་པར་འདུ་ བྱེད་པ་མེད་པའི་ཕྱིར་ཏེ། དེའི་དམིགས་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་མི་མཐུན་པའི་ཆོས་དེ་བཞིན་ཉིད་ཡིན་ལ། དེ་ཡང་རྣམ་པར་མི་རྟོག་པ་ཡིན་ནོ། །དེ་ནི་མངོན་པར་འདུ་བྱེད་པ་མེད་ཀྱང་སྔོན་གྱི་ཤུགས་ཀྱིས་གང་གི་ཚེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་ ཤེས་རབ་སྐྱེ་བར་འགྱུར་བའི་ཚེ། དམིགས་པའི་མཚན་མ་དེས་མངོན་སུམ་དུ་འཛིན་པར་བྱེད་དེ། དེ་ནི་རྣམ་པར་མི་རྟོག་པ་ཞེས་བྱའོ། །དེ་ཁོ་ནའི་དོན་གྱི་ལེའུའི་རྣམ་པར་གཏན་ལ་དབབ་པ་རྫོགས་སོ།། །།བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་ པ་ནི་རྒྱུ་ལྔས་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་དང་། འཇིག་རྟེན་ན་དཔེ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་དང་། མཐུ་དེ་སེམས་ཤིན་ཏུ་སྦྱང་བ་བྱས་པ་ཁོ་ན་དང་འབྲེལ་བ་ཉིད་ཀྱི་ཕྱིར་དང་། མཉམ་པར་མ་བཞག་ པའི་ས་པའི་སེམས་དང་གཅིག་ཏུ་ཆ་མི་མཐུན་པ་ཉིད་ཡིན་པའི་ཕྱིར་དང་། དེ་མཉམ་པར་གཞག་པའི་ས་པའི་སེམས་དང་འབྲེལ་པ་ཉིད་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་སྤྱོད་པ་བཅུ་པོ་འདི་དག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་ འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་ཆོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དག་ཡི་གེར་འདྲིར་བཅུག་སྟེ་འཛིན་པ་དང་། དེ་བཞིན་དུ་མཆོད་པ་དང་། གཞན་དག་ལ་སྦྱིན་པ་དང་། སྟོན་པ་ན་གུས་ པར་བྱས་ཏེ་ཉན་པ་དང་། བདག་ཉིད་ཀློག་པ་དང་། དེ་བཞིན་དུ་ཀུན་ཆུབ་པར་ལུང་ནོད་པ་དང་། ལུང་ཕོག་པ་རྣམས་རྒྱ་ཆེར་དབྱངས་ཀྱིས་ཁ་ཏོན་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། གཅིག་པུ་དབེན་པར་སོང་སྟེ་སེམས་པ་དང་། འཇལ་བ་དང་། ཉེ་བར་རྟོག་པར་བྱེད་པ་དང་། བསྒོམ་པའི་རྣམ་པས་རྗེས་སུ་འཇུག་པར་བྱེད་པའོ། །ཆོས་སྤྱོད་པ་བཅུ་པོ་དེ་དག་ལས་དུ་ཞིག་བསོད་ནམས་རྒྱ་ཆེན་པོ་སྐྱེ་བའི་ལམ་ཡིན་ཞེ་ན། སྨྲས་པ། ཐམས་ཅད་དོ། །དུ་ཞིག་སྦྱོར་བའི་ལམ་ཡིན་ཞེ་ན། སྨྲས་པ། གཅིག་སྟེ་དགུ་པའོ། །དུ་ ཞིག་སྒྲིབ་པའི་རྣམ་པར་དག་པའི་ལམ་ཡིན་ཞེ་ན། སྨྲས་པ། གཅིག་སྟེ་བཅུ་པའོ། །དེ་ལྟ་བུ་དང་མཐུན་པའི་རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་། །ཐོས་པ་ལས་བྱུང་བའི་སར་ཐེག་པ་ཆེན་པོ་བསྡུས་པའི་སྐབས་སུ་བྱང་ཆུབ་ནི་རྣམ་པ་ལྔ་པོ་ངོ་བོ་ཉིད་དང་། མཐུ་དང་། ཐབས་དང་། འཇུག་པ་དང་། ལྡོག་པ་ལས་རིག་པར་བྱའོ་ཞེས་ཇི་སྐད་བསྟན་པ་དེའི་རབ་ཏུ་དབྱེ་བ་གང་ཡིན། བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ལས་ཁྱད་པར་དུ་འཕགས་པའི་གནས་གྱུར་པ་གང་ཡིན་པའོ། །དེ་ཡང་རྣམ་པ་བཞིས་རིག་པར་བྱ་ སྟེ། འཇུག་པའི་གནས་དང་། མི་འཇུག་པའི་གནས་དང་། ཤེས་བྱ་ལེགས་པར་ཡོངས་སུ་བརྟགས་པའི་འབྲས་བུ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཀྱིས་སོ། །དེ་ལ་འཇུག་པའི་གནས་ནི་སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་འཇིག་རྟེན་ལས་ འདས་པའི་ལམ་གྱི་འཇུག་པའི་གནས་ཡིན་པའི་ཕྱིར་ཏེ། དེ་དེ་ལྟ་མ་ཡིན་དུ་ཟིན་ཏེ་གནས་གྱུར་པ་དེ་ལ་མ་བརྟེན་པར་ལམ་སྐྱེ་བར་མི་འགྱུར་ཞིང་འཇུག་པར་མི་འགྱུར་རོ། །གལ་ཏེ་གནས་གྱུར་པ་མེད་ཀྱང་། འཇུག་པར་གྱུར་ན་ནི་དང་པོ་ཉིད་ནས་འཇུག་པར་འགྱུར་རོ། །དེ་ལ་མི་ འཇུག་པའི་གནས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་མི་འཇུག་པའི་གནས་ཡིན་པའི་ཕྱིར་ཏེ། དེ་དེ་ལྟ་མ་ཡིན་དུ་ཟིན་ཏེ་གནས་གྱུར་བ་དེ་ལ་མ་བརྟེན་པར་རྐྱེན་ཚོགས་ཀྱང་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་མི་འཇུག་པ་དམིགས་པར་མི་འགྱུར་རོ། ། དེ་ལ་ཤེས་བྱ་ལེགས་པར་ཡོངས་སུ་བརྟགས་པའི་འབྲས་བུ་ནི་ཤེས་བྱའི་དེ་ཁོ་ན་ཤེས་བྱའི་དེ་བཞིན་ཉིད་ལེགས་པར་རྟོག་པའི་འབྲས་བུ་ནི་གནས་གྱུར་པ་དེ་ཡིན་པའི་ཕྱིར་ཏེ། དེ་དེ་ལྟ་མ་ཡིན་དུ་ཟིན་ན་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་ངོ་བོ་ཉིད་ཀྱང་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་ བར་བྱ་བ་དང་། དགག་པར་བྱ་དགོས་པར་འགྱུར་རོ། །དེ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ནི་མཚན་མ་ཐམས་ཅད་ཟིལ་གྱིས་མནན་པའི་ཕྱིར་གནས་གྱུར་པ་དེ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་དེ་ལྟ་བུ་མ་ཡིན་དུ་ཟིན་ན་མི་རྟག་པ་ དང་བསམ་དུ་རུང་བར་འགྱུར་བ་ཞིག་ན། དེ་ནི་རྟག་པའི་མཚན་ཉིད་དང་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ཀྱིས་གཉིས་སུ་མེད་པར་བསྟན་པ་ཡིན་ནོ། །བསམ་གྱིས་མི་ཁྱབ་པ་དེ་ཡང་རྣམ་པ་ལྔས་རིག་པར་བྱ་སྟེ། ངོ་བོ་ཉིད་དང་། ཡུལ་དང་། གནས་པ་དང་། གཅིག་པ་ ཉིད་དང་། ཐ་དད་པ་ཉིད་དང་། བྱ་བ་བསྒྲུབ་པས་སོ། །དེ་ལ་ཇི་ལྟར་ངོ་བོ་ཉིད་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། གཟུགས་སམ། གཟུགས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ ཤེས་པའམ། རྣམ་པར་ཤེས་པ་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། སའི་ཁམས་སམ། སའི་ཁམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སམ། རླུང་གི་ཁམས་ ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། མིག་གི་སྐྱེ་མཆེད་དམ། མིག་གི་སྐྱེ་མཆེད་ལས་གཞན་ཞེས་བྱ་བ་དེ་ལྟ་བུར་བསམ་གྱིས་མི་ཁྱབ་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་མཆེད་དམ། ཡིད་ཀྱི་སྐྱེ་མཆེད་ལས་གཞན་ཞེས་ བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། དངོས་པོའམ། དངོས་པོ་མེད་པ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལ་ཇི་ལྟར་ཡུལ་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། འདོད་པའི་ཁམས་སམ། འདོད་པའི་ཁམས་ལས་གཞན་ཞེས་བྱ་བ་དེ་ལྟར་ བསམ་གྱིས་མི་ཁྱབ་པ་དང་། གཟུགས་ཀྱི་ཁམས་སམ། གཟུགས་ཀྱི་ཁམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། གཟུགས་མེད་པའི་ཁམས་སམ། གཟུགས་མེད་པའི་ཁམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། མི་རྣམས་སམ། མི་རྣམས་ལས་གཞན་ནམ། ལྷ་རྣམས་སམ། ལྷ་རྣམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། ཤར་ཕྱོགས་སམ། ཤར་ཕྱོགས་ལས་གཞན་ནམ། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་ རྣམས་སམ། ཕྱོགས་མཚམས་རྣམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལ་ཇི་ལྟར་གནས་པ་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། བདེ་བར་གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། ཞི་བར་ གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། སེམས་དང་བཅས་པའི་གནས་པ་འདི་དང་། འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། སེམས་མེད་པའི་གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ ལྟར་བསམ་གྱིས་མི་ཁྱབ་པ་དང་། ལྷ་དང་ཚངས་པའི་གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། འཕགས་པའི་གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལ་ ཇི་ལྟར་གཅིག་པ་ཉིད་དང་། ཐ་དད་པ་ཉིད་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། འདི་ལྟ་སྟེ། ཟག་པ་མེད་པའི་དབྱིངས་གཅིག་ལ་གནས་པའི་སངས་རྒྱས་རྣམས་ཅི་གཅིག་པ་ཉིད་ཡིན་ནམ། ཐ་དད་པ་ཉིད་ཡིན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལ་ ཇི་ལྟར་བྱ་བ་བསྒྲུབ་པ་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཁམས་མཉམ་པ་དང་། ཡེ་ཤེས་དང་། མགྱོགས་པ་དང་། སྟོབས་དང་། ཕ་རོལ་གནོན་པ་མཉམ་པ་ཟག་པ་མེད་པའི་དབྱིངས་ལ་གནས་པ་རྣམས་གནས་གྱུར་པ་དེ་ཉིད་ལ་བརྟེན་ ནས་འདི་ལྟ་འདི་ལྟར་སེམས་ཅན་གྱི་དོན་དང་སེམས་ཅན་གྱི་བྱ་བ་མཛད་དོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ཡང་རྒྱུ་གཉིས་ཀྱིས་བསམ་གྱིས་མི་ཁྱབ་པ་ཉིད་དུ་བལྟ་བར་བྱ་བ་སྟེ། བརྗོད་དུ་མེད་པའི་དོན་གྱིས་ཚིག་གི་སྤྱོད་ཡུལ་ལས་འདས་པས་དེའི་ཕྱིར་བསམ་ གྱིས་མི་ཁྱབ་པ་དང་། འཇིག་རྟེན་ལས་འདས་པ་ཉིད་ཀྱིས་འཇིག་རྟེན་ན་དེའི་དཔེ་མེད་པས་དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །མཐུ་གང་ཞེ་ན། མདོར་བསྡུ་ན་དབང་བཅུ་ལ་མཐུ་ཞེས་བྱ་སྟེ། ཚེ་ལ་དབང་བ་ལ་སོགས་པ་འདི་ལྟ་སྟེ། སའི་དངོས་གཞིར་བསྟན་པ་ཡིན་ནོ། ། ཐབས་གང་ཞེ་ན། མདོར་བསྡུ་ན་སྤྲུལ་པ་རྣམ་པ་བཞི་ནི་ཐབས་ཞེས་བྱ་སྟེ། སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྲུལ་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་ཅིག་ཅར་དུ་དེ་བཞིན་གཤེགས་པའི་སྐུ་སྤྲུལ་པའི་ཐབས་ཡོངས་སུ་འཛིན་པ་དང་། ཉན་ཐོས་ཀྱིས་འདུལ་བ་རྣམས་ལ་དེ་སྤྲུལ་པ་དང་། རང་སངས་རྒྱས་ཀྱིས་འདུལ་བ་རྣམས་ལ་དེ་སྤྲུལ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱོགས་བཅུར་སྤྲུལ་པ་རྣམ་པ་བཞི་པོ་དེ་དག་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་འཇུག་པ་གང་ཞེ་ན། དེ་ཡང་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། དེའི་མོད་ལ་འཇུག་པ་དང་། དེ་གཏན་དུ་འཇུག་པའོ། ། དེ་ལ་དེའི་མོད་ལ་འཇུག་པ་ནི་ཇི་སྲིད་དུ་སེམས་ཅན་རྣམས་ཡོངས་སུ་མ་སྨིན་ཞིང་རྣམ་པར་མ་གྲོལ་བ་དེ་སྲིད་དུ་སངས་རྒྱས་རྣམས་ཀྱི་སྤྲུལ་པ་འཇུག་པའོ། །དེ་ལ་དེ་གཏན་དུ་འཇུག་པ་ནི་ཇི་ལྟར་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་མི་ཟད་ཅིང་བསམ་གྱིས་མི་ཁྱབ་པ། འཇིག་རྟེན་ཇི་སྲིད་ ཡོད་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་བྱ་བ་བསྒྲུབ་པ་ལ་རྗེས་སུ་འཇུག་པའི་ཕྱིར་འཇུག་པར་མཛད་པའོ། །དེ་ལ་ལྡོག་པ་གང་ཞེ་ན། དེ་ཡང་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། དེའི་མོད་ལ་ལྡོག་པ་དང་། དེ་གཏན་ལྡོག་པའོ། །དེ་ལ་དེའི་མོད་ལ་ལྡོག་པ་ནི་སེམས་ཅན་རྣམས་ ཡོངས་སུ་སྨིན་ཅིང་རྣམ་པར་གྲོལ་བར་གྱུར་པ་ནི་དེའི་མོད་ལ་སངས་རྒྱས་རྣམས་ཡོངས་སུ་མྱ་ངན་ལས་འདས་པས་ལྡོག་པར་མཛད་དོ། །དེ་ལ་དེ་གཏན་ལྡོག་པ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་དང་སྡུག་བསྔལ་གནས་དང་བཅས་པ་གཏན་ཟད་པ་ལས་རིག་པར་བྱའོ། ། ཇི་ལྟར་ན་བསྟོད་པ་བྱེད་པ་དེ་བཞིན་གཤེགས་པ་ལ་ཕན་འདོགས་པ་ཡིན་ཞེ་ན། ཇི་ལྟར་བསྟོད་ན་བདག་ཉིད་ལ་ཕན་པར་སྤྱོད་པས་ཡིན་གྱི། བསྟོད་པ་དག་གིས་ནི་མ་ཡིན་ནོ། །གཞན་དུ་ན་དེ་བཞིན་གཤེགས་པ་ནི་བསྟོད་པ་དག་གིས་གཡོ་བར་མཛད་དེ། འདི་ལྟར་དེ་ བཞིན་གཤེགས་པ་ནི་དགེ་བ་མི་སྤྱོམས་པ་དང་། མཆོག་ཏུ་འདོད་ཆེན་ཆུང་བ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལ་བསྟོད་པ་མངོན་པར་བརྗོད་པ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ནི་གཉིས་པོ་འདི་དག་ཡིན་ཏེ། བསྟོད་པ་བྱེད་པ་བདག་ཉིད་ཁོ་ན་འབའ་ཞིག་ལ་ཕན་པར་ཀུན་ ཏུ་སྤྱོད་པ་ན་བསོད་ནམས་དཔག་ཏུ་མེད་པ་སྐྱེ་བར་འགྱུར་བ་གང་ཡིན་པ་དང་། དེ་བཞིན་གཤེགས་པ་བཞེད་པ་ཐམས་ཅད་དང་བྲལ་བ་ལ་ཕན་གདགས་པར་འགྱུར་བ་གང་ཡིན་པ་སྟེ། ཇི་ལྟ་ཇི་ལྟར་དེ་བཞིན་གཤེགས་པ་ལ་བསྟོད་པ་བྱེད་པ་དེ་ལྟ་དེ་ལྟར་བདག་ཉིད་ལ་ཕན་པ་སྒྲུབ་པར་བྱེད་པ་ ཡིན་ལ། ཇི་ལྟ་ཇི་ལྟར་བདག་ཉིད་ལ་ཕན་པ་སྒྲུབ་པར་བྱེད་པ་དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པས་ཕན་འདོགས་པར་བྱེད་པ་ཡིན་པས། དེའི་ཕྱིར་དངོས་པོ་གཉིས་དང་ལྡན་པའི་བསོད་ནམས་ཤིན་ཏུ་རྒྱ་ཆེ་ཞིང་མི་ཟད་པ་སྐྱེ་བར་འགྱུར་ཏེ། དེ་བཞིན་ གཤེགས་པ་བཞེད་པའི་དངོས་པོ་དང་ལྡན་པ་དང་། མི་བཞེད་པའི་དངོས་པོ་དང་ལྡན་པའོ། །དེ་བཞིན་གཤེགས་པའི་ཡོན་ཏན་ནི་རྣམ་པ་དྲུག་གིས་བསྡུས་པར་རིག་པར་བྱ་སྟེ། མཐའ་དག་དང་། དྲི་མ་མེད་པ་དག་དང་། མི་གཡོ་བ་དང་། མི་མཉམ་པ་དང་། སེམས་ཅན་གྱི་ དོན་གྱི་ལས་ཅན་དང་། མཐུས་སོ། །དེ་ལ་ཇི་ལྟར་མཐའ་དག་གིས་ཤེ་ན། འདི་ལ་དེ་བཞིན་གཤེགས་པ་ནི་ཁམས་གསུམ་ན་སྤྱོད་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡོན་ཏན་དེ་དག་ཀྱང་། ངག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཡིན་པས། གང་གི་ཕྱིར་དེ་བཞིན་གཤེགས་པ་བསྟོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ་དེའི་ཕྱིར་བསྟོད་པར་འོས་པ་ཁོ་ན་ཡིན་ནོ། །ཇི་ལྟར་དྲི་མ་མེད་པ་ཡིན་ཞེ་ན། ཡོན་ཏན་གྱི་དྲི་མ་ནི་བདུན་པོ་འདི་དག་ཡིན་ཏེ། འདོད་པ་ དང་། ལྟ་བ་དང་། ཡིད་གཉིས་དང་། ང་རྒྱལ་དང་། རྒྱགས་པ་དང་། བག་ལ་ཉལ་དང་། སེར་སྣའོ། །དེ་བཞིན་གཤེགས་པ་ལ་ནི་དེ་དག་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ནི་བདག་ལ་གཞན་དག་གིས་འདི་ནི་ཡོན་ཏན་དང་ ལྡན་པ་ཡིན་ནོ་ཞེས་ཤེས་པར་གྱུར་ན་ཅི་མ་རུང་སྙམ་དུ་ཡོན་ཏན་དག་གིས་གཞན་ལས་ཤེས་ཀྱི་ཁེ་ཚོལ་བར་མི་མཛད་པ་དང་། ཡོན་ཏན་དེ་དག་ལ་བལྟ་བས་མངོན་པར་ཞེན་པར་མི་མཛད་པ་དང་། ཡོན་ཏན་དེ་དག་ལ་འདི་དག་ཡོན་ཏན་ཡིན་ནམ་སྐྱོན་ཡིན་སྙམ་དུ་ཡིད་གཉིས་མི་མངའ་བ་ དང་། ཡོན་ཏན་དེ་དག་གིས་བདག་ཉིད་གཞན་དག་དང་བསྐྲུན་ཅིང་ཡོངས་སུ་འཇལ་བར་མི་མཛད་པ་དང་། བདག་ཉིད་ཀྱི་ཡོན་ཏན་རྗེས་སུ་གཟིགས་པ་ན་རྒྱགས་པ་དང་། རྒོད་པ་དང་། དགའ་བ་སྐྱེ་བ་དང་། ཡིད་བདེ་བ་སྐྱེ་བར་མི་འགྱུར་བ་དང་། ཡོན་ཏན་དེ་དག་བག་ཆགས་ དང་བཅས་པའི་ཉོན་མོངས་པ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་ཉོན་མོངས་པའི་བག་ལ་ཉལ་དང་མི་ལྡན་པ་དང་། ཡོན་ཏན་དེ་དག་ལ་གཞན་གྱིས་རྟོགས་པར་གྱུར་ན་མི་རུང་ངོ་སྙམ་དུ་སེམས་ཤིན་ཏུ་ཀུན་ཏུ་འཛིན་པའི་སེམས་མི་མངའ་བའི་ཕྱིར་རོ། །ཇི་ལྟར་མི་གཡོ་བས་ ཤེ་ན། དེ་བཞིན་གཤེགས་པའི་ཡོན་ཏན་མི་ཟད་པ་རྣམས་ནི་མུ་སྟེགས་ཅན་རྣམས་ཀྱིས་མི་བསྐྱོད་པའི་ཕྱིར་དང་། བདུད་རྣམས་ཀྱིས་མི་བསྐྱོད་པའི་ཕྱིར་དང་། ཆོམ་རྐུན་པ་དག་གིས་མི་འཕྲོགས་པའི་ཕྱིར་དང་། ཉེ་དུ་རྣམས་ཀྱིས་མི་བསྐྱོད་པའི་ཕྱིར་དང་། རྒྱལ་པོ་རྣམས་ ཀྱིས་མི་བསྐྱོད་པའི་ཕྱིར་དང་། འབྱུང་བ་ཆེན་པོ་ས་དང་། ཆུ་དང་། མེ་དང་། རླུང་གིས་མི་བསྐྱོད་པའི་ཕྱིར་དང་། ཚེ་ཟད་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པའི་ཡོན་ཏན་དེ་དག་མི་ཟད་པ་སྟེ། དེས་ན་དེ་དག་མི་གཡོ་བའོ། །ཇི་ལྟར་མི་མཉམ་པས་ ཤེ་ན། མཐུ་རྒྱ་ཆེན་པོ་ཕུལ་དུ་ཕྱིན་པ་སྣ་ཚོགས་དག་གིས་སེམས་ཅན་དག་པ་དང་མ་དག་པ་རྣམས་དང་མི་མཉམ་པའི་ཕྱིར་ཏེ། དེས་ན་དེ་དག་མི་མཉམ་པ་ཡིན་ནོ། །ཇི་ལྟར་སེམས་ཅན་གྱི་དོན་གྱི་ལས་ཅན་གྱིས་ཤེ་ན། ཁ་ན་མ་ཐོ་བ་མེད་པའི་བདེ་བ་རྒྱ་ཆེན་པོ་བརྙེས་པ་སྤངས་ ནས། གཞན་གྱི་དོན་ལ་སྦྱོར་བ་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་ཏེ། དེས་ན་དེ་དག་སེམས་ཅན་གྱི་དོན་གྱི་ལས་ཅན་ཡིན་ནོ། །ཇི་ལྟར་མཐུས་ཤེ་ན། སེམས་ཅན་གྱི་དོན་བྱ་བའི་སྨོན་ལམ་ཡང་དག་པར་གྲུབ་པའི་ཕྱིར་དང་། དེའི་ཐབས་ཤེས་པས་ཡོངས་སུ་བསྐོར་བའི་ ཕྱིར་དང་། དེ་དང་འབྲེལ་པ་ལ་ཡང་དག་པར་གཏོད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ནི་སྐྱབས་ཀྱི་འོས་ཡིན་ལ། ལྷ་རྣམས་སྐྱབས་ཀྱི་འོས་མ་ཡིན་པ་ནི་རྒྱུ་ལྔས་རིག་པར་བྱ་བ་སྟེ། ལྔ་གང་ཞེ་ན། རྟགས་དང་། ངོ་བོ་ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་འབྲས་ བུས་སོ། །དེ་ལ་ཇི་ལྟར་རྟགས་ལས་ཤེ་ན། ལྷ་རྣམས་ནི་བལྟར་མི་སྣང་བའི་ཕྱིར་ཀུན་ཏུ་ཐ་སྙད་བྱར་མེད་པ་དང་། དྲག་པོ་ཆ་བྱད་ཅན་ཡིན་པའི་ཕྱིར་འཇིགས་པ་དང་བཅས་པ་དང་། བག་མེད་པ་ལ་བརྟེན་པའི་ཕྱིར་སྲེད་པ་དང་བཅས་པ་དང་། གཞན་གྱི་དོན་ལ་མི་བལྟ་བའི་ཕྱིར་ སྙིང་རྗེ་མེད་པ་དང་། བྱས་པ་དང་མ་བྱས་པ་མི་ཤེས་པའི་ཕྱིར་དང་། དེ་ཁོ་ནའི་དོན་མ་རྟོགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཇི་ལྟར་རྟགས་ལས་སྐྱབས་ཀྱི་འོས་ཡིན་པར་རིག་པར་བྱ་ཞེ་ན། བལྟར་སྣང་བའི་ཕྱིར་ཀུན་ཏུ་ཐ་སྙད་བྱར་ཡོད་པ་དང་། རབ་ཏུ་ ཞི་བའི་ཆ་བྱད་མངའ་བའི་ཕྱིར་འཇིགས་པ་དང་བྲལ་བ་དང་། བག་ཡོད་པའི་ཕྱིར་སྲེད་པ་མི་མངའ་བ་དང་། གཞན་གྱི་དོན་ལ་གཟིགས་པའི་ཕྱིར་ཐུགས་རྗེ་དང་བཅས་པ་དང་། བྱས་པ་དང་མ་བྱས་པ་མཁྱེན་པའི་ཕྱིར་དང་དེ་ཁོ་ནའི་དོན་རྟོགས་པའི་ཕྱིར་རོ། །གཞན་ཡང་དེ་བཞིན་ གཤེགས་པ་ནི་རྟགས་ལྔས་སྐྱབས་ཀྱི་འོས་ཁོ་ན་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་གྱི་དོན་གྱི་ཕྱིར་བྱང་ཆུབ་ཡང་དག་པར་བསྒྲུབས་པ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་ཞིང་བསྙེངས་པ་མི་མངའ་བའི་ཕྱིར་ཆོས་ཀྱི་ཚུལ་ཡང་དག་པར་རྗེས་སུ་ འཇུག་པར་མཛད་པ་དང་། ཕན་འདོགས་པ་དང་གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་མཉམ་པར་ཕན་པའི་ཐུགས་མངའ་བ་དང་། ཕོ་བྲང་དང་བཙུན་མོ་དང་སྲས་དང་ཡོངས་སུ་གཟུང་བ་ལ་ཆགས་པ་ཡོངས་སུ་བཏང་བས་དབང་པོ་ཞི་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ ཚོམ་ངེས་པར་འགྲེལ་པར་མཛད་པས་སོ། །ཇི་ལྟར་ངོ་བོ་ཉིད་ལས་ཤེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཟག་པ་ཐམས་ཅད་དང་བྲལ་བའི་ཕྱིར་བདག་ཉིད་ཀྱང་དུལ་བ་ཡིན་ལ་འདུལ་བར་མཛད་པ་ཡིན་པར་ཡང་འོས་ཀྱི། ལྷ་རྣམས་ནི་ཟག་པ་དང་ལྡན་པ་ཡིན་པས་གདུལ་བར་ བྱ་བ་ཡིན་ཏེ་འདུལ་བར་བྱེད་པའི་འོས་མ་ཡིན་ནོ། །ཇི་ལྟར་ལས་ལས་ཤེ་ན། དེ་བཞིན་གཤེགས་པ་རྣམས་ནི་བསམ་གཏན་ཡངས་ཤིང་རྒྱ་ཆེ་བ་ལ་གནས་པར་མཛད་པའི་ཕྲིན་ལས་ཅན་དང་། སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་ཅན་ཡིན་གྱི་ལྷ་རྣམས་ནི་འདོད་པའི་ལོངས་ སྤྱོད་ལ་གནས་པར་བྱེད་པའི་ལས་ཅན་དང་། སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་ལས་ཅན་ཡིན་པར་སྣང་ངོ་། །ཇི་ལྟར་ཆོས་ལས་ཤེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ནི་རང་གི་སྐྱེས་བུའི་བྱེད་པ་ལ་རག་ལས་པ་ཡིན་པའི་ ཕྱིར་སྐྱེས་བུའི་བྱེད་པ་མེད་ན་ལྷ་རྣམས་ལ་གུས་པ་དམ་པོས་ཞེན་པ་རྣམས་ཀྱིས་ཀྱང་འཐོབ་པར་མི་འགྱུར་ལ། སྐྱེས་བུའི་བྱེད་པ་དང་ལྡན་པ་དེ་ལ་གུས་པ་མེད་པ་རྣམས་ཀྱིས་ཀྱང་དེ་འཐོབ་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་རྒྱུ་དང་འབྲས་བུ་ལས་ཤེ་ན། འདི་ལ་ལྷ་ཉིད་ནི་ལྷ་ཉིད་དུ་ འགྱུར་བའི་ལས་ཀྱིས་སམ། དེ་ཉིད་ལ་མཆོད་པས་སམ། རྒྱུ་མེད་པས་འཐོབ་པར་འགྱུར་གྲང་ན། གལ་ཏེ་ལྷ་ཉིད་དུ་འགྱུར་བའི་ལས་ཀྱིས་ཡིན་ན་ནི་དེས་ན་རང་གི་ལས་ཉིད་སྐྱབས་ཀྱི་འོས་ཡིན་གྱི། ལྷ་རྣམས་ནི་མ་ཡིན་ནོ། །གལ་ཏེ་རྒྱུ་མེད་པས་ཡིན་ན་ནི་དེས་ན་རྒྱུ་མེད་ པ་ཉིད་སྐྱབས་ཀྱི་འོས་ཡིན་གྱི། ལྷ་རྣམས་ནི་མ་ཡིན་ནོ། །གལ་ཏེ་ལྷ་མཆོད་པས་ཡིན་ན་ནི་དེས་ན་ལྷ་ཉིད་ཀྱི་རྒྱུ་མཆོད་པ་ཉིད་དམ་ལྷ་ཉིད་དམ་དེ་གཉི་ག་ཡིན་པར་འགྱུར་གྲང་ན། གལ་ཏེ་མཆོད་པ་ཉིད་ཡིན་ན་ནི་དེས་ན་མཆོད་པ་གང་ཡང་རུང་བས་ལྷ་ཉིད་དུ་འགྱུར་བས་ལྷ་ཉིད་དོན་མེད་ པར་འགྱུར་རོ། །གལ་ཏེ་ལྷ་ཉིད་ཀྱིས་ཡིན་ན་ནི་དེས་ན་ལྷ་མཆོད་པ་མེད་པར་ཡང་ལྷ་ཉིད་ཀྱིས་ལྷ་ཉིད་དུ་འགྱུར་བར་བྱེད་པའི་ཕྱིར། ལྷ་མཆོད་པ་དོན་མེད་པར་འགྱུར་རོ། །གལ་ཏེ་དེ་གཉི་གས་ཡིན་ན་ནི་དེས་ན་མཆོད་པས་ཕན་བཏགས་པའི་ལྷ་ཉིད་གང་སེམས་པར་བྱེད་པ་དེ་ནི་ཡང་ དག་པར་འགྲུབ་པར་འགྱུར་བའི་ཕྱིར། དེས་ན་ལྷ་དེས་བསམ་པ་རྣམ་པ་བདུན་ཡང་དག་པར་འགྲུབ་པར་འཁྲུལ་པ་ཁོ་ནར་འགྱུར་བས་དེ་ཡང་མི་འཐད་དེ། མཆོད་པའི་རྐྱེན་གྱིས་ཕན་བཏགས་པ་དང་། མོས་པའི་རྐྱེན་གྱིས་ཕན་བཏགས་པ་དང་། དེ་ལ་མ་མོས་པ་རྣམས་མོས་ པར་བྱེད་པ་དང་། ཁྱད་པར་དུ་འཕགས་པའི་ལྷ་ཉིད་ཁས་བླངས་པ་དང་། ལོངས་སྤྱོད་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡང་དག་པར་འགྲུབ་པ་དང་། ལྷ་མ་ཡིན་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་འཇིག་པ་དང་། འཆི་འཕོ་ལ་བསམ་པ་ཡང་དག་པར་འགྲུབ་པར་འཁྲུལ་ པར་འགྱུར་རོ། །རྣམ་པར་དག་པ་ནི་བཞི་སྟེ། མིང་རྣམ་པར་དག་པ་དང་། ངག་རྣམ་པར་དག་པ་དང་། ངོ་བོ་ཉིད་རྣམ་པར་དག་པ་དང་། རྟགས་རྣམ་པར་དག་པའོ། །དེ་ལ་རྟགས་ནི་མཐུ་དང་། ཐེ་ཚོམ་གཅོད་པ་དང་། ལུང་སྟོན་པ་དང་། གདུལ་དཀའ་བ་འདུལ་བ་དང་། ལྷ་དང་མི་རྣམས་མངོན་པར་འདུ་བྱ་བ་དང་། ངེས་པར་འབྱིན་པའི་གདམས་ངག་སྟོན་པ་དང་། མུ་སྟེགས་ཅན་ཕམ་པར་བྱེད་པའོ། །ཇི་ལྟར་གཟུགས་ལ་སོགས་པ་མིང་ཅན་གྱི་དངོས་པོ་ལ། གཟུགས་ལ་སོགས་པར་འདོགས་པ་བཏགས་པ་ལས་ཡོད་པ་ ཡིན་གྱི། རྫས་ལས་མ་ཡིན་པར་ཁོང་དུ་ཆུད་པར་བྱ་ཞེ་ན། མངོན་པར་བརྗོད་པ་ལ་ཡོངས་སུ་གོམས་པའི་མིང་ལ་གནས་པའི་རྣམ་པར་ཤེས་པའི་དམིགས་པ་གཟུགས་ལ་སོགས་པའི་མིང་ཅན་གྱི་དངོས་པོ་གཟུགས་ལ་སོགས་པའི་བདག་ཉིད་གང་གིས་ཡོད་པ་དེ་ནི་བདག་ཉིད་དེས་ རྫས་དང་དོན་དམ་པ་གཉི་གར་ཡང་མེད་དོ། །དེ་ལྟ་བས་ན་གཟུགས་ལ་སོགས་པའི་མིང་ཅན་གྱི་ཆོས་དེ་དག་གི་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ལས་དེས་ཀུན་བརྟགས་པ་གང་ཡིན་པ་དེ་ནི་བཏགས་པ་ལས་ཡོད་པ་ཡིན་པར་རིག་པར་བྱའོ། །མངོན་པར་བརྗོད་པ་ལ་ཡོངས་སུ་གོམས་པ་རྣམ་ པར་བསྩལ་བའི་མིང་ཅན་གྱི་རྣམ་པར་ཤེས་པའི་དམིགས་པ་གཟུགས་ལ་སོགས་པའི་མིང་ཅན་གྱི་དངོས་པོ་བརྗོད་དུ་མེད་པའི་བདག་ཉིད་གང་གིས་ཡོད་པ་དེ་ནི་རྫས་དང་དོན་དམ་པ་གཉི་གར་ཡང་དེ་བཞིན་དུ་ཡོད་པར་རིག་པར་བྱའོ། །དེ་ལ་དེ་རབ་ཏུ་གྲུབ་པར་བྱ་བའི་རིགས་པ་བརྗོད་པ་ པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སར་བསྟན་པ་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་མངོན་པར་བརྗོད་པ་ལ་ཡོངས་སུ་གོམས་པའི་མིང་ལ་བརྟེན་པའི་རྣམ་པར་ཤེས་པའི་དམིགས་པ་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ནང་ན་ཡང་མི་དམིགས། ཕྱི་རོལ་ན་ཡང་ མི་དམིགས། གཉི་ག་མེད་པར་ཡང་མི་དམིགས་ཏེ། མ་སྐྱེས་པ་དང་། མི་སྐྱེ་བ་དང་། སྐྱེ་བར་མི་འགྱུར་བ་དང་། མ་འགགས་པ། མི་འགག་པ། འགག་པར་མི་འགྱུར་བ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། འདི་ ལྟར་འདི་ནི་བཏགས་པའི་ཡོད་པ་ཡིན་གྱི། དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །བརྗོད་དུ་མེད་པའི་བདག་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བྱིས་པས་བསྐྱེད་པའི་ལོག་པར་ཡོངས་སུ་རྟོགས་པ་ལ་བརྟེན་ནས་ནི་སྐྱེས་པ་དང་། སྐྱེ་བ་དང་། སྐྱེ་བར་འགྱུར་བ་དང་། འགག་པ་ དང་། འགག་པར་འགྱུར་བ་ཡང་ཡིན་ཏེ། དེ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པས་ནི་ཀུན་ནས་ཉོན་མོངས་པ་རབ་ཏུ་ཕྱེ་བ་ཡིན་ལ། དེ་སྤངས་ཤིང་ཡོངས་སུ་ཤེས་པས་ནི་རྣམ་པར་བྱང་བ་རབ་ཏུ་ཕྱེ་བ་ཡིན་ནོ།། །།བམ་པོ་སུམ་ཅུ་དྲུག་པ། བྱང་ཆུབ་སེམས་དཔའི་ མང་དུ་ཐོས་པ་ཡང་དག་པར་འཛིན་པར་འགྱུར་བའི་ཆོས་ནི་བཞི་སྟེ། འདི་ལྟ་སྟེ། མང་དུ་ཐོས་པའི་གཞི་དང་། མང་དུ་ཐོས་པ་ཡང་དག་པར་འགྲུབ་པ་དང་། མང་དུ་ཐོས་པའི་འབྲས་བུ་དང་། མང་དུ་ཐོས་པ་རྣམ་པར་དག་པའོ། །དེ་དག་ཀྱང་བྱང་ཆུབ་ཀྱི་སྨོན་ལམ་དང་། སྐྱེས་བུ་ དམ་པ་ལ་བརྟེན་པ་དང་། སོ་སོར་རྟོག་པའི་སྟོབས་དང་། རབ་ཏུ་དབེན་པར་གནས་པ་དང་གོ་རིམས་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་ཁམས་གང་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོད་པ་ཉིད་དུ་ཡིད་ཆེས་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ། །བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པའི་ཁམས་གང་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོན་ཏན་དང་ལྡན་པ་ཉིད་དུ་ཡིད་ཆེས་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་གང་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཆོས་ རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བ་གང་ཞེ་ན། སྨྲས་པ། སྡུག་བསྔལ་བར་གནས་པའི་སེམས་ཅན་རྣམས་ལ་རྗེས་སུ་སྙིང་བརྩེ་བ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་གང་ཞེ་ན། སྨྲས་པ། སྡུག་བསྔལ་གྱི་རྒྱུ་ལ་གནས་པའི་སེམས་ཅན་རྣམས་ལ་རྗེས་སུ་སྙིང་བརྩེ་བ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་གང་ཞེ་ན། སྨྲས་པ། ཤེས་བྱ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་རྟོགས་པ་ཡང་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ཡེ་ཤེས་གང་ཞེ་ན། སྨྲས་པ། ཤེས་བྱ་ལ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྟོགས་པ་གང་ཡིན་པའོ། །སེམས་པའི་སྐྱོན་ནི་གསུམ་སྟེ། སེམས་པ་ལྷུར་ལེན་པ་དང་། གནས་པ་མ་ཡིན་པ་ལ་སེམས་པ་དང་། ལོག་པར་སེམས་པའོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་སྦྱིན་པ་སྦྱིན་པ་དེ་ལ་ བརྟེན་ནས་སྦྱིན་པ་ཡོངས་སུ་དག་པ་རྣམ་པ་བདུན་དུ་རིག་པར་བྱ་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་ དང་། ཤེས་པ་ཡོངས་སུ་དག་པ་དང་། དྲི་མ་ཡོངས་སུ་དག་པ་སྟེ། ཡོངས་སུ་དག་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་བཅུ་བཅུར་རིག་པར་བྱའོ། །དེ་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། མང་པོ་དང་སྣ་ཚོགས་པ་ཉིད་ཀྱིས་འདི་ལྟར་རྒྱ་ཆེན་པོ་ སྦྱིན་པར་བྱེད་པ་དང་། མི་མང་མི་ཉུང་བ་ཉིད་ཀྱིས་མཚུངས་པར་སྦྱིན་པར་བྱེད་པ་དང་། འདོད་པའི་དུས་ཉིད་ཀྱིས་དུས་སུ་སྦྱིན་པར་བྱེད་པ་དང་། ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཉིད་ཀྱིས་གྱ་ནོམ་པ་སྦྱིན་པར་བྱེད་པ་དང་། མི་གཙང་བའི་དངོས་པོ་དང་མ་འདྲེས་པ་ཉིད་ཀྱིས་ གཙང་བ་སྦྱིན་པར་བྱེད་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་ཉིད་ཀྱིས་རུང་བ་སྦྱིན་པར་བྱེད་པ་དང་། སློང་མོ་པའི་བསམ་པ་ཉིད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་པ་དང་། འཕྲོད་པ་ཉིད་ཀྱིས་ཕན་པ་སྦྱིན་པར་བྱེད་པ་དང་། སློང་མོ་པ་ལ་ལྟོས་པ་ཉིད་ཅིག་ཅར་རམ་རིམ་གྱིས་སྦྱིན་པར་ བྱེད་པ་དང་། རྒྱུན་མི་འཆད་པ་ཉིད་ཀྱིས་རྟག་ཏུ་སྦྱིན་པར་བྱེད་པའོ། །དེ་ལ་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། བསྒྲུབ་པའི་བརྩོན་འགྲུས་ཀྱིས་ཐོབ་པའི་ལོངས་སྤྱོད་རྣམས་སྦྱིན་པར་བྱེད་པ་དང་། རང་གི་ཞོ་ཤས་བསྒྲུབས་པ་དག་སྦྱིན་པར་བྱེད་པ་དང་། རྟུལ་ཞིང་ དྲི་མ་ཆགས་ཆགས་སུ་བསྒྲུབས་པ་དག་སྦྱིན་པར་བྱེད་པ་དང་། ཆོས་རྣམས་ཀྱིས་ཆོས་བཞིན་དུ་ཐོབ་པ་དག་སྦྱིན་པར་བྱེད་པ་དང་། སྡིག་པ་ལས་ལོག་པ་དག་སྦྱིན་པར་བྱེད་པ་དང་། དབང་པོ་ཐུལ་བས་སྦྱིན་པར་བྱེད་པ་དང་། གུས་པར་བྱས་ཏེ་སྦྱིན་པར་བྱེད་པ་དང་། རབ་ཏུ་ བཏུད་དེ་སྦྱིན་པར་བྱེད་པ་དང་། རང་གི་ལག་ནས་སྦྱིན་པར་བྱེད་པ་དང་། དང་པོར་རང་རང་གི་ཚལ་ཟའི་འཁོར་རྣམས་ལ་ལེགས་པར་རི་མོར་བྱས་ལེགས་པར་མཆོད་པར་བྱས་ནས་དེའི་འོག་ཏུ་སློང་མོ་པ་གཞན་དག་ལ་སྦྱིན་པར་བྱེད་པའོ། །དེ་ལ་ལྟ་བ་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ ལྟ་སྟེ། །བདག་ནི་སྦྱིན་པར་བྱེད་པའོ་བདག་གི་སྦྱིན་པའོ་སྙམ་དུ་རློམ་སེམས་མེད་པར་སྦྱིན་པར་བྱེད་པ་དང་། བདག་ཉིད་གཞན་དག་དང་མི་སྒྲུན་པར་སྦྱིན་པར་བྱེད་པ་དང་། བདག་ཉིད་གཞན་དག་ལས་ཆེ་བའམ། མཉམ་པའམ། ཆུང་ངོ་སྙམ་དུ་མི་སེམས་པར་སྦྱིན་པར་བྱེད་པ་དང་། གཞན་དག་ལ་ལན་དུ་ཕན་འདོགས་པ་ལ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། ཕྱི་མ་ལ་སྲིད་པ་ཁྱད་པར་ཅན་ལོངས་སྤྱོད་ཁྱད་པར་ཅན་ལ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། སྦྱིན་པའི་འབྲས་བུ་མེད་དོ་སྙམ་དུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། འབྲས་བུ་ཚུལ་དང་མི་ མཐུན་པ་དང་འབྲས་བུ་ཕྱིན་ཅི་ལོག་ཡིན་ནོ་སྙམ་དུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། འཚེ་བ་དང་བཅས་པ་ནི་དགེ་བའོ་སྙམ་དུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། ངོ་མཚར་དང་བཀྲ་ཤིས་སུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ལ་མི་ ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པའོ། །དེ་ལ་སེམས་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། རང་བཞིན་གྱིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། སྦྱིན་པ་ལ་རིན་པོ་ཆེའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ ལྟ་སྟེ། མཛའ་བཤེས་དང་། དགྲ་བོ་དང་། ཐ་མལ་པ་དག་ལ་སྙོམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། སེར་སྣའི་དྲི་མ་དང་། སོགས་འཇོག་གི་དྲི་མ་གཞན་ལ་མི་གཏོང་བས་སེར་སྣའི་དྲི་མ་དང་། བདག་ཉིད་ཡོངས་སུ་ལོངས་སྤྱོད་པར་མི་བྱེད་པ་ལས་སོགས་འཇོག་ གི་དྲི་མར་རིག་པར་བྱ་བའི་དྲི་མ་བསྩལ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། མངོན་པར་དགའ་བ་རྣམ་པ་བདུན་པོ་སློང་མོ་པ་མ་འོངས་པ་ནས་སེམས་མངོན་པར་དགའ་བ་དང་། སློང་མོ་འོངས་པ་ན་མཐོང་མ་ཐག་ཏུ་སེམས་རབ་ཏུ་དགའ་བ་དང་། སྦྱིན་པ་སྦྱིན་པར་ བྱེད་པ་ན་ཡིད་བདེ་བའི་སེམས་དང་། མཉམ་པར་གཞག་པའི་སེམས་དང་། ངོམས་མི་ཤེས་པའི་སེམས་དང་། རྣམ་པར་འཚེ་བའི་བསམ་པ་མེད་པའི་སེམས་དང་། བྱིན་ནས་འགྱོད་པ་མེད་པའི་སེམས་ཀྱིས། སེམས་མངོན་པར་དགའ་བས་སྦྱིན་པ་སྦྱིན་པར་བྱེད་པ་དང་། སློང་མོ་ པའི་དངན་དུས་ལ་བཟོད་པ་དང་སྐྱོ་བ་མེད་པའི་ཕྱིར་བཟོད་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། རྣམ་པར་འཚེ་བ་རྣམས་ལ་བྱམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། ཡོན་ ཏན་དང་ལྡན་པ་རྣམས་ལ་དགའ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། མཛའ་བཤེས་རྣམས་ལ་བཏང་སྙོམས་ཀྱི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པའོ། །དེ་ལ་ངག་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། སྦྱི