Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 131

Văn bản gốc(Tây Tạng)

Trang 7 / 21 (50.000 ký tự/trang)
ས་དང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་གནས་པ་གང་དང་ལྡན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྣམ་པར་མི་རྟོག་པའི་གནས་པ་རྣམས་དང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་ཆེན་པོ་ནི་བཞི་པོ་འདི་དག་ཡིན་ཏེ། དེ་དག་རྣམ་པར་མ་སྦྱངས་ན་
བྱང་ཆུབ་སེམས་དཔའ་རྣམས་སར་འཇུག་པ་དང་། ས་གནོན་པའི་སྐལ་བ་མེད་པ་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་འདུལ་བ་ལ་ཉོན་མོངས་པ་ཅན་གྱི་ལྟུང་བ་དང་། ཐེག་པ་ཆེན་པོ་དང་ལྡན་པའི་ཆོས་སྤོང་ཞིང་སྐུར་པ་འདེབས་པ་དང་། དགེ་བའི་རྩ་བ་
མ་བསགས་པ་དང་ཟང་ཟིང་དང་བཅས་པའི་སེམས་དང་ལྡན་པའོ། །སྒྲིབ་པ་ཆེན་པོ་བཞི་པོ་དེ་དག་གི་གཉེན་པོར་སྒྲིབ་པ་རྣམ་པར་སྦྱོང་བར་བྱེད་པའི་ཆོས་རྣམ་པ་བཞིར་རིག་པར་བྱ་སྟེ་བཞི་གང་ཞེ་ན། འདི་ལྟ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཉེས་པ་

བཤགས་པར་བྱ་བ་དང་། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་བཤད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་བ་དང་། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱ་བ་དང་། དགེ་བའི་རྩ་བ་
བྱས་པ་དང་མ་བྱས་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །བྱང་ཆུབ་སེམས་དཔའ་སར་ཆུད་པ་རྣམས་ཀྱིས་ཀྱང་ཡོངས་སུ་ཤེས་པར་དཀའ་ཞིང་། སྤང་བར་དཀའ་བའི་ཉེ་བའི་ཉོན་མོངས་པ་ཕྲ་མོ་ནི་བཞི་པོ་འདི་དག་ཡིན་ཏེ། བྱང་ཆུབ་
སེམས་དཔའ་དེ་དག་ཡོངས་སུ་ཤེས་པར་བྱས་ཤིང་། ཡོངས་སུ་ཤེས་པར་བྱས་ནས་སྤང་བར་བྱའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། ཆོས་ལ་ཟད་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དང་། སྙོམས་པར་འཇུག་པའི་རོ་མྱང་བ་དང་། བདུད་ཀྱི་ལས་སོ། །
དེ་ལ་བདུད་ཀྱི་ལས་ནི་མཚན་མ་ལས་སེམས་རྣམ་པར་འཕྲོ་བ་གང་ཅི་ཡང་རུང་བ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ས་དང་པོར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། སོ་སོའི་སྐྱེ་བོའི་ས་ཐམས་ཅད་ལས་རྣམ་པར་འདས་པ་དང་། བྱང་ཆུབ་སེམས་
དཔའི་ཡང་དག་པ་ཉིད་ཀྱི་སྐྱོན་མེད་པ་ལ་ཞུགས་པ་དང་། དེར་ཞུགས་པའི་ཕྱིར་སོ་སོའི་སྐྱེ་བོ་མ་ཡིན་པ་དང་། འཇིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་། བླ་ན་མེད་པའི་ཆོས་མ་འདྲེས་པ་ཐོབ་པའི་ཕྱིར་རྟག་ཏུ་རབ་ཏུ་དགའ་བར་གནས་པ་ཡིན་པར་བརྗོད་པར་བྱའོ། །བྱང་
ཆུབ་སེམས་དཔའ་ས་གཉིས་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། འདུལ་བ་ལ་ཆོས་ཉིད་ཀྱིས་ཐོབ་པ་ཁོ་ནས་ཉན་ཐོས་ཀྱི་བསླབ་པ་བག་ཡངས་སུ་བྱས་ཏེ། རང་བཞིན་གྱིས་ལུས་དང་ངག་དང་ཡིད་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པའི་ཕྱིར་ཚུལ་ཁྲིམས་
འཆལ་པའི་དྲི་མ་དང་བྲལ་བ་ཡིན་པར་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་ས་གསུམ་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ནང་གི་ཞི་གནས་ཀྱི་ལམ་སྟོབས་དང་ལྡན་པ་ཐོབ་པས་ཤེས་བྱ་སྣང་བ་ཐོབ་པ་ཡིན་པར་བརྗོད་པར་བྱའོ། །བྱང་ཆུབ་སེམས་

དཔའ་ས་བཞི་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ནང་གི་ལྷག་མཐོང་གི་ལམ་སྟོབས་དང་ལྡན་པ་ཐོབ་པས་ཉོན་མོངས་པ་སྲོག་པར་བྱེད་པའི་ཡེ་ཤེས་ཀྱི་འོད་འཕྲོ་བ་ལ་རབ་ཏུ་གནས་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་
ཇི་ལྟར་རྟོགས་པ་ཉིད་རྣམ་པར་འཇོག་པ་ལ་མཁས་པ་ཡིན་པར་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་ས་ལྔ་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། འཇིག་རྟེན་པའི་ཤེས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་དང་། ཉན་ཐོས་དང་རང་
སངས་རྒྱས་ཀྱི་ཤེས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་བདེན་པ་བསམ་གྱིས་མི་ཁྱབ་པ་ལ་རྗེས་སུ་ཞུགས་པས་ཤིན་ཏུ་སྦྱང་བར་དཀའ་བའི་ལམ་ལ་ཡང་དག་པར་ཞུགས་པ་ཡིན་པར་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་ས་དྲུག་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་
ཞེ་ན། སྨྲས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་ཚུལ་ལ་ཞུགས་པའི་ཕྱིར་འདུ་བྱེད་ཐམས་ཅད་ལ་མི་མཐུན་པའི་འདུ་ཤེས་ལ་གནས་པ་དང་། མཚན་མ་མེད་པའི་དབྱིངས་ཉིད་ཡིན་ལ་བྱ་བ་མངོན་དུ་བྱ་བ་དེ་ལ་མང་དུ་གནས་པ་ཡིན་པར་བརྗོད་པར་བྱའོ། །བྱང་ཆུབ་སེམས་
དཔའ་ས་བདུན་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མངོན་པར་འདུ་བྱེད་པ་དང་བཅས་པས་རྟག་ཏུ་མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པས་ཤིན་ཏུ་རིང་དུ་རྗེས་སུ་ཞུགས་པ་དང་། སྦྱོར་བའི་ལམ་གྱི་མཐར་ཐུག་པ་ཡིན་པར་བརྗོད་པར་བྱའོ། །བྱང་
ཆུབ་སེམས་དཔའ་ས་བརྒྱད་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མངོན་པར་འདུ་བྱེད་པ་མེད་ཅིང་རྩོལ་བ་མེད་པས་མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པ་ཇི་ལྟར་འདོད་པ་བཞིན་ཐོབ་པས་མི་གཡོ་བ་དང་། མཚན་མ་ཐམས་ཅད་ལ་དབང་ཐོབ་པ་དང་།
དག་པའི་ས་ལ་གནས་པ་ཡིན་པར་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་ས་དགུ་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་ལ་དབང་ཐོབ་པའི་ཕྱིར། བློ་གྲོས་ཁ་ན་མ་ཐོ་བ་མེད་པ།

ཚད་མེད་པ་རྒྱ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀུན་ཏུ་མགུ་བར་བྱ་བའི་ཕྱིར། སོ་སོ་ཡང་དག་པར་རིག་པ་ཆེན་པོ་ཐོབ་པ་དང་། ཆོས་སྨྲ་བ་ཆེན་པོ་ཡིན་པར་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་ས་བཅུ་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ།
སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་ཆེན་པོ་ཐོབ་པའི་ཕྱིར། སྤྲིན་ཆེན་པོ་ལྟ་བུའི་ཆོས་ཀྱི་སྐུ་ཐོབ་པ་དང་། མངོན་པར་ཤེས་པ་ཆེན་པོ་ཐོབ་པ་དང་། དེ་བཞིན་གཤེགས་པ་ཡིན་པར་ཡང་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སར་ཆུད་པ་ཇི་ལྟ་བུར་གྱུར་
པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཆོས་ཀྱི་སྐུ་ཐོབ་པ་དེ་ཉིད་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དང་། ཡོངས་སུ་གྲུབ་པ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་དང་། མཐོང་བ་རྣམ་པར་དག་པ་ཡིན་པར་བརྗོད་
པར་བྱའོ། །ས་དེ་དག་གིས་ཡང་དག་པར་རྩོམ་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་གང་གི་ཚེ་འདི་ལྟ་སྟེ། ས་བཅུ་ལས་བརྩམས་ནས་མོས་པས་སྤྱོད་པའི་ས་ལ་ཆོས་སྤྱོད་པ་བཅུ་ལ་ཞུགས་པ་ཡིན་ནོ། །ས་དེ་དག་གི་འཐོབ་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། བྱང་
ཆུབ་སེམས་དཔའ་གང་གི་ཚེ་བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་ཀྱི་སྐྱོན་མེད་པ་ལ་འཇུག་ཅིང་། བསམ་པ་རྣམ་པར་དག་པ་ཡང་འཐོབ་པ་དེའི་ཚེ་ན་ས་ཐམས་ཅད་ཅིག་ཅར་འཐོབ་པ་ཡིན་ནོ། །ས་དེ་དག་གི་རྒྱུ་མཐུན་པ་གང་ཡིན་ཞེ་ན། སྨྲས་པ། ཐོབ་པའི་འོག་ཏུ་ས་ཐམས་ཅད་ལ་
མཐུའི་ལམ་སྦྱོར་བ་ལས་བྱུང་བ་གང་ཡིན་པའོ། །ས་དེ་དག་གི་ཡོངས་སུ་འགྲུབ་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ས་དེ་དག་གང་གི་ཚེ་ས་རེར་ལ་ཡང་བསྐལ་པ་འབུམ་ཕྲག་དུ་མ་དག་གིས་ས་དེ་དག་ཏུ་མཐུ་གང་བརྗོད་པའི་མཐུ་དེ་ཅི་འདོད་པ་བཞིན་འཐོབ་པ་ཡིན་ནོ། །
སྐྱོན་མེད་པ་ལ་ཞུགས་པ་ལྔ་ཞེས་གང་གསུངས་པ་དེ་ལ་ཉན་ཐོས་ཀྱི་སྐྱོན་མེད་པར་ཞུགས་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་གང་ཡིན་པ་དེ་ལ། ཆོས་ཀྱི་དབྱིངས་རྟོགས་པར་འདྲ་ན། དེ་དག་ལ་ཐ་དད་དུ་བྱ་བ་ཅི་ཡོད་པར་བལྟ་བར་བྱ་ཞེ་ན། སྨྲས་པ། ཆོས་

ཀྱི་དབྱིངས་ཀྱི་མཚན་ཉིད་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། བྱེ་བྲག་གི་མཚན་ཉིད་དང་། རང་གི་མཚན་ཉིད་དོ། །དེ་ལ་བྱེ་བྲག་གི་མཚན་ཉིད་ནི། དེ་ལ་རྟག་པའི་མཚན་ཉིད་དང་། ཞི་བའི་མཚན་ཉིད་གང་ཡིན་པའོ། །དེ་ལ་རྟག་པའི་མཚན་ཉིད་ནི་
དེ་ལ་གཟོད་མ་ནས་སྐྱེ་བ་མེད་པའི་ཆོས་ཉིད་དང་། མི་ཟད་པའི་ཆོས་ཉིད་གང་ཡིན་པའོ། །དེ་ལ་ཞི་བའི་མཚན་ཉིད་ནི་ཉོན་མོངས་པ་དང་། སྡུག་བསྔལ་དང་བྲལ་བའི་ཆོས་ཉིད་གང་ཡིན་པའོ། །དེ་ལ་རང་གི་མཚན་ཉིད་ནི་རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་དང་། དེ་
བཞིན་ཉིད་དང་། ཡང་དག་པའི་ཤེས་པས་བསྡུས་པའི་ཆོས་ཐམས་ཅད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པ་ཆོས་ལ་བདག་མེད་པ་གང་ཡིན་པའོ། །དེ་ལ་ཉན་ཐོས་ནི་བྱེ་བྲག་གི་མཚན་ཉིད་ཀྱིས་ཆོས་ཀྱི་དབྱིངས་རྟོགས་ནས་ཡང་དག་པ་ཉིད་ཀྱི་སྐྱོན་མེད་པ་ལ་
འཇུག་པར་བྱེད་ཀྱི། རང་གི་མཚན་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་རྟོགས་པའི་ཕྱིར་མི་འཆི་བའི་འདུ་ཤེས་དང་། བདེ་བའི་འདུ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ལ་ཞི་བའི་འདུ་ཤེས་དང་། འདུ་བྱེད་ཐམས་ཅད་ལ་མི་མཐུན་པའི་འདུ་ཤེས་གཅིག་ཏུ་ངེས་པ་འཐོབ་ཀྱི། རྒྱུ་མཚན་ལ་སོགས་པས་
བསྡུས་པའི་ཆོས་དེ་དག་གི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པ། ཆོས་ལ་བདག་མེད་པ་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། ཆོས་ཀྱི་དབྱིངས་ལ་ཞུགས་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་བྱེ་བྲག་ལ་དམིགས་པའི་ཡིད་ལ་བྱེད་པས་སེམས་ཀྱི་སྤྱོད་པ་མཚན་མ་མེད་པ་ཁོ་ན་ཡིན་གྱི།
རང་གི་མཚན་ཉིད་ལ་དམིགས་པས་ནི་མ་ཡིན་ནོ། །གཞན་ལས་ཆོས་ཀྱི་དབྱིངས་ཀྱི་རང་གི་མཚན་ཉིད་བསྟན་པ་ཐོས་ན་ཡང་དེ་ལས་ཉན་ཐོས་ལ་ལ་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་གང་ཡིན་པ་དེ་ནི་ཚེགས་ཆེན་པོས་འཇུག་ཅིང་། དེས་སྦྱོར་བར་ཡང་བྱེད་དོ། །དེ་ལས་ཞི་པའི་བགྲོད་པ་གཅིག་པ་
གང་ཡིན་པ་དེ་ནི་ཚེགས་ཆེན་པོས་འཇུག་ཅིང་དེས་སྦྱོར་བར་ནི་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མཚན་ཉིད་དེ་གཉི་གས་ཆོས་ཀྱི་དབྱིངས་རྟོགས་ནས་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་ཅིང་སྐྱོན་མེད་པ་ལ་ཞུགས་ནས་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་གི་མཚན་ཉིད་ལ་དམིགས་པའི་ཡིད་ལ་བྱེད་

པས་དེ་ལ་མང་དུ་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་བྱེ་བྲག་གི་མཚན་ཉིད་ལ་དམིགས་པའི་ཡིད་ལ་བྱེད་པ་མང་དུ་བྱེད་ན་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་དེ་ལ་ལན་མང་དུ་གནས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཀྱི་ཐབས་མ་ཡིན་ཏེ། ཆོས་ཀྱི་དབྱིངས་རྟོགས་པར་འདྲ་ཡང་དེ་དག་གི་ཐ་དད་དུ་བྱ་བ་ནི་དེ་ཡིན་པར་རིག་པར་བྱའོ། །དུས་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་གང་གསུངས་པ་དེ་ལ་དུས་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་དག་པ་གང་ཞེ་ན། སྨྲས་པ། ཀུན་
བརྟགས་པའི་ངོ་བོ་ཉིད་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་མཚུངས་ཤིང་མཉམ་པར་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་མི་ལྟ་བ་དང་། མངོན་པར་དགའ་བ་མེད་
པ་དང་། ལྷག་པར་ཆགས་པ་མེད་པ་གང་ཡིན་པ་དེ་ནི་དུས་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཞེས་གང་གསུངས་ན། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་
བསྟན་པ་གང་དག་ཡིན་པ་དེ་དག་གི་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན། དུ་དག་གིས་ནི་བསྡུས་ཤེ་ན། སྨྲས་པ། འདི་ལྟ་སྟེ། དགེ་སློང་དགྲ་བཅོམ་པ། ཟག་པ་ཟད་པ། གྲོང་དུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་ལན་འགའ་གླང་པོ་ཆེ་གཏུམ་པོ་དང་ལྷན་ཅིག་འགྲོ་བ་དང་། གླང་པོ་ཆེ་
གཏུམ་པོ་དང་ཇི་ལྟ་བ་བཞིན་དུ་རྟ་རྨུ་རྒོད་དང་། གནག་རྡུང་ཀུས་དང་། ཁྱི་ཟ་བ་དང་ལྷན་ཅིག་འགྲོ་བ་དང་། ཚེར་ཐགས་སྟུག་པོའི་སྟེང་དུ་རྫི་བ་དང་། རྐང་པ་གཉིས་ཀྱིས་སྦྲུལ་ཤིན་ཏུ་སྒྲ་འབྱིན་པ་རྫི་བ་དང་། དེ་གང་དུ་བུད་མེད་ཀྱིས་མི་རིགས་པས་སྐྱེད་པས་མགྲོན་དུ་གཉེར་བ་དེ་ལྟ་བུའི་
ཁྱིམ་དུ་འཇུག་པ་དང་། དགོན་པར་ལམ་བོར་ཏེ་ལམ་ངན་པར་འགྲོ་བ་དང་། ཆོམ་རྐུན་པ་རྣམས་དང་། མི་རྒོད་པ་རྣམས་དང་ལྷན་ཅིག་འགྲོ་བ་དང་། སེང་གེ་རྣམས་དང་། སྟག་རྣམས་དང་། གཟིག་རྣམས་དང་ལྷན་ཅིག་འགྲོ་བ་དང་། དེ་ལྟར་དགྲ་བཅོམ་པའི་འཁྲུལ་པ་དེ་ལྟ་བུ་དང་

མཐུན་པ་གང་ཡིན་པ་དེ། དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་ལན་འགའ་ཡང་དགོན་པ་ནགས་ཁྲོད་ཆེན་པོར་འཁྱམས་ཤིང་། ལམ་སྟོར་ནས་ཁྱིམ་སྟོང་པར་ཞུགས་ཏེ་དགྲ་འབྱིན་པར་བྱེད། ཀུ་ཅོ་འདོན་
པར་བྱེད། ཅ་ཅོ་ཆེན་པོ་འབྱིན་པར་བྱེད་པ་དང་། བག་ཆགས་ཀྱི་ཉེས་པ་ལ་བརྟེན་ཏེ། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་རྟ་གད་ཆེན་པོས་དགོད་ཅིང་སོ་སྟོན་པ་དང་། ཕྱས་ལོང་སྟོན་པར་བྱེད་པ་དང་། དགྲ་བཅོམ་པའི་ཅ་ཅོ་དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་དེ་བཞིན་གཤེགས་
པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་ལ་ལན་འགའ་བརྗེད་ངས་པས་བདག་ཉིད་ཀྱི་བྱ་བ་མ་ཡིན་པ་བྱེད་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པ་ལ་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་གཅིག་ཏུ་ཕུང་པོ་ལ་མི་མཐུན་པར་འདུ་ཤེས་ལ། འགོག་པ་མྱ་ངན་
ལས་འདས་པ་ལ་ཞི་བར་འདུ་ཤེས་པ་གང་ཡིན་པའི་ཕུང་པོ་དང་མྱ་ངན་ལས་འདས་པ་ལ་ཐ་དད་པར་འདུ་ཤེས་པ་དེས། དེ་བཞིན་གཤེགས་པ་བཏང་སྙོམས་དམ་པ་ལ་ཞུགས་པའི་ཕྱིར་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་ནི་སྙོམས་པར་ཞུགས་ན་མཉམ་པར་གཞག་པ་ཡིན་ལ། ལངས་
ན་མཉམ་པར་མ་བཞག་པ་ཡིན་གྱི། དེ་བཞིན་གཤེགས་པ་ལ་ནི་གནས་སྐབས་ཐམས་ཅད་དུ་སེམས་མཉམ་པར་མ་བཞག་པ་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་ནི་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་བྱ་བ་བཏང་སྙོམས་སུ་འཇོག་གི །དེ་བཞིན་གཤེགས་པ་ལ་ནི་དེ་ལྟ་བུ་དང་
མཐུན་པའི་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་ལ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱངས་པ་ལས་བརྩམས་ནས། མ་ཐོབ་པའི་ཡོངས་སུ་ཉམས་པས་འདུན་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར། བརྩོན་འགྲུས་དང་། དྲན་པ་དང་། ཏིང་
ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་དང་མཐོང་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ཡོད་ཀྱི། དེ་བཞིན་གཤེགས་པ་ལ་ནི་ཡོངས་སུ་ཉམས་པ་རྣམ་པ་བདུན་པོ་དེ་དག་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་ནི་ལན་འགའ་ནི་ལུས་

ཀྱི་ལས་དགེ་བ་ལ་ཡང་འཇུག །ལན་འགའ་ནི་ལུང་དུ་མ་བསྟན་པ་ལ་ཡང་འཇུག་སྟེ། ལུས་ཀྱི་ལས་ཇི་ལྟ་བ་དེ་བཞིན་དུ། ངག་གི་ལས་དང་། ཡིད་ཀྱི་ལས་ལ་ཡང་དེ་བཞིན་པ་ཡིན་གྱི། དེ་བཞིན་གཤེགས་པའི་ཕྲིན་ལས་དེ་གསུམ་ནི་ཡེ་ཤེས་སྔོན་དུ་འགྲོ་བའི་ཕྱིར་དང་། ཡེ་ཤེས་ཀྱི་རྗེས་སུ་
འབྲང་བའི་ཕྱིར་སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་ལུང་དུ་མ་བསྟན་པ་མེད་དེ། དེ་ལ་ཡེ་ཤེས་ཀྱིས་ཀུན་ནས་བསླང་བ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན་ནོ། །ཡེ་ཤེས་དང་ལྷན་ཅིག་རྒྱུ་བ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །གཞན་ཡང་དགྲ་
བཅོམ་པས་ནི་དུས་གསུམ་གྱི་ཤེས་བྱའི་དངོས་པོ་ལ་བརྩལ་བ་ཙམ་གྱིས་མི་རྟོགས་པས། དེའི་ཕྱིར་དེའི་ཡེ་ཤེས་དང་མཐོང་བ་ཆགས་པ་མེད་པ་ཡང་མ་ཡིན་ལ། ཐམས་ཅད་ཀྱང་མི་རྟོགས་པས་དེའི་ཕྱིར་དེའི་ཡེ་ཤེས་དང་མཐོང་བ་ཐོགས་པ་མེད་པ་ཡང་མ་ཡིན་གྱི་དེ་བཞིན་གཤེགས་པས་ནི་
དུས་གསུམ་གྱི་ཤེས་བྱའི་དངོས་པོ་ལ་བརྩལ་བ་ཙམ་གྱིས་ཐམས་ཅད་རྟོགས་པས། དེའི་ཕྱིར་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ། །དེ་ལ་དང་པོ་བཞི་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ལེགས་པར་བཅོམ་པས་བསྡུས་སོ། །གཅིག་ནི་
ཐུགས་རྗེ་ཆེན་པོས་བསྡུས་སོ། །ལྷག་མ་རྣམས་ནི་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པས་བསྡུས་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་དཔེ་བྱད་བཟང་པོ་གང་དག་ཡོངས་སུ་བསྟན་པ་དེ་དག་ནི་གདུལ་བྱ་དང་བ་བསྐྱེད་པ་ལས་ལྟོས་ཏེ་ཡོངས་སུ་བསྟན་པ་ཡིན་གྱི།
མཚན་ཉིད་རྣམ་པར་གཞག་པ་ནི་མ་ཡིན་ནོ། །མཚན་ཉིད་རྣམ་པར་གཞག་པ་ནི་རབ་ཏུ་གནས་པའི་ལེའུར་ཇི་སྐད་ཡོངས་སུ་བསྟན་པ་ཡིན་ཏེ། དཔེ་བྱད་བཟང་པོ་དེ་དག་ལས་དཔེ་བྱད་བཟང་པོ་དེ་དག་ཕྱུང་བར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་ལོག་པར་སྒྲུབ་པ་ཡང་
རིག་པར་བྱ། ཡང་དག་པའི་སྒྲུབ་པ་ཡང་རིག་པར་བྱ། ཡང་དག་པའི་བསྒྲུབས་པའི་ཕན་ཡོན་ཡང་རིག་པར་བྱ། ཡང་དག་པར་སྒྲུབ་པ་ལ་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའི་ཆོས་སྤྱོད་པ་དང་། སྙོམས་པར་སྤྱོད་པ་དང་དགེ་བ་སྤྱོད་པ་དང་ཆོས་ལ་གནས་པའི་རྣམ་པ་ཡང་རིག་

པར་བྱ། བྱང་ཆུབ་སེམས་དཔའ་ལ་དད་པ་སྐྱེད་པའི་དཔེ་དག་ཀྱང་རིག་པར་བྱ། ཡང་དག་པའི་སྒྲུབ་པ་ལ་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ཡང་རིག་པར་བྱ། ཉན་ཐོས་ཀྱི་བསླབ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་ཁྱད་པར་ཡང་རིག་
པར་བྱ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ལེགས་པར་བསླབ་པའི་བྱང་ཆུབ་སེམས་དཔའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས་པ་དག་གིས་གཞན་གྱི་དོན་བྱ་བ་ཡང་རིག་པར་བྱ། བྱང་ཆུབ་སེམས་དཔའི་གདམས་ངག་འདི་ལ་ཉན་ཐོས་ཀྱི་བསླབ་པ་ཡང་རིག་པར་བྱ། ལེགས་
པར་མ་བསླབས་པའི་དགེ་སྦྱོང་ཡང་རིག་པར་བྱ། ལེགས་པར་བསླབས་པའི་དགེ་སྦྱོང་ཡང་རིག་པར་བྱ། བརྡར་བཏགས་པའི་སྡོམ་པ་ལ་གནས་པ་ཡང་རིག་པར་བྱ། དོན་དམ་པའི་སྡོམ་པ་ལ་གནས་པ་ཡང་རིག་པར་བྱ། དེ་བཞིན་གཤེགས་པའི་འདུལ་བ་ཡང་རིག་པར་བྱ། དེ་
བཞིན་གཤེགས་པའི་འདུལ་བའི་ཐབས་ཀྱང་རིག་པར་བྱ། དགོངས་ཏེ་གསུངས་པ་ཡང་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་ལ་མོས་པའི་ཕན་ཡོན་ཡང་རིག་པར་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་མདོར་བསྟན་པ་ཡིན་ནོ། །དེ་ལ་
ལོག་པར་སྒྲུབ་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་གོང་ནས་གོང་དུ་མངོན་པར་སྒྲུབ་པ་ལས་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་འགྱུར་བའི་ལོག་པར་སྒྲུབ་པ་དང་། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པའི་དྲན་པ་བརྗེད་པར་འགྱུར་བའི་ལོག་པར་སྒྲུབ་
པ་དང་། དྲན་པ་བརྗོད་པའི་དཀར་པོའི་ཆོས་ཡོངས་སུ་གཏུགས་པར་འགྱུར་བའི་ལོག་པར་སྒྲུབ་པ་དང་། དཀར་པོའི་ཆོས་ཡོངས་སུ་གཏུགས་པའི་བྱང་ཆུབ་སེམས་དཔའི་ཆ་མ་ཡིན་པ་མི་མཐུན་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པར་འགྱུར་བའི་ལོག་པར་སྒྲུབ་པ་དང་། མི་མཐུན་པར་ཡིད་ཀྱིས་
ཀུན་ཏུ་སྤྱོད་པའི་གདུལ་དཀའ་བར་འགྱུར་བའི་ལོག་པར་སྒྲུབ་པ་དང་། གདུལ་དཀའ་བའི་ལམ་ངན་པར་འགྲོ་བར་འགྱུར་བའི་ལོག་པར་སྒྲུབ་པ་དང་། ལམ་ངན་པར་སོང་བའི་དམ་པ་མ་ཡིན་པ་དང་འགྲོགས་པར་འགྱུར་བའི་ལོག་པར་སྒྲུབ་པ་དང་། དམ་པ་མ་ཡིན་པ་དང་འགྲོགས་པའི་

དོན་ཇི་ལྟ་བ་བཞིན་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་བའི་ལོག་པར་སྒྲུབ་པ་སྟེ། བྱང་ཆུབ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་ལ། ཤེས་རབ་ཀྱིས་ནི་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཤེས་རབ་ལ་ལོག་པར་སྒྲུབ་པར་བྱེད་ན།
བྱང་ཆུབ་དང་བྱང་ཆུབ་འདྲེན་པར་བྱེད་པའི་ཆོས་རྣམས་ལ་ལོག་པར་ཞུགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་འགྱུར་བའི་ཆོས་ནི་བཞི་སྟེ། བཞི་གང་ཞེ་ན། མི་ཉན་པ་དང་། ཉན་དུ་མི་འཇུག་པ་དང་། ཉན་པའི་སྒྲིབ་པ་དང་། ལོག་
པར་མངོན་པར་ཞེན་པ་ཉན་དུ་འཇུག་པའོ། །ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་འགྱུར་བའི་ཆོས་བཞི་པོ་དེ་དག་ལ་བརྟེན་ནས། ཚེ་འདི་དང་ཚེ་ཕྱི་མ་ལ་ཡེ་ཤེས་དང་། མི་མཐུན་པའི་ཆོས་གཞན་བཞི་སྐྱེ་སྟེ། བཞི་གང་ཞེ་ན། བྱེ་བྲག་ཏུ་མི་རྟོག་པ་དང་། རྐྱེན་མེད་པ་དང་།
གཏི་མུག་ཏུ་འགྱུར་བའི་བསོད་ནམས་མ་ཡིན་པ་སྐྱེ་བ་དང་། ཕྱིན་ཅི་ལོག་གོ། །དེ་ལ་མི་ཉན་པ་ལ་བརྟེན་ནས་ནི་ཚེ་འདི་ལ་བྱེ་བྲག་ཏུ་མི་རྟོག་པ་སྐྱེའོ། །ཉན་དུ་མི་འཇུག་པ་ལ་བརྟེན་ནས་ནི་ཚེ་ཕྱི་མ་ལ་རྐྱེན་མེད་པ་སྐྱེའོ། །ཉན་པའི་སྒྲིབ་པ་ལ་བརྟེན་ནས་ནི་ཚེ་ཕྱི་མ་ལ་གཏི་མུག་ཏུ་འགྱུར་
བའི་བསོད་ནམས་མ་ཡིན་པ་སྐྱེའོ། །ལོག་པར་མངོན་པར་ཞེན་པ་ཉན་དུ་འཇུག་པ་ལ་བརྟེན་ནས་ནི་ཚེ་ཕྱི་མ་ལ་ཕྱིན་ཅི་ལོག་སྐྱེའོ། །དེ་ལ་མི་ཉན་པ་ནི་ཆོས་ལ་ཞེ་འགྲས་པ་དང་། གང་ཟག་ལ་ཞེ་འགྲས་པ་དང་། དེ་གཉི་ག་ལ་ཞེ་འགྲས་པས་ཀྱང་མི་ཉན་ཏོ། །ཉན་དུ་མི་
འཇུག་པ་ནི་གཞན་པས་ཤེས་པ་ཧ་ཅང་ལྷག་པར་རློམ་པ་དང་། གཞན་གྱི་བརྙས་ཀྱིས་འཇིགས་པས་ཀྱང་ཉན་དུ་མི་འཇུག་གོ། །ཉན་པའི་སྒྲིབ་པ་ནི་ཆོས་དང་གང་ཟག་ལ་མི་བསྔགས་པ་བརྗོད་པ་དང་། འགྱོད་པ་དང་། རྣམ་པར་གཡེང་བ་ཉེ་བར་སྒྲུབ་པ་དང་། མི་སྨྲ་བ་
དང་། གསོལ་བ་མི་འདེབས་པ་དང་། སྐབས་མི་འབྱེད་པ་དང་། ཉན་པ་ལ་མི་བསྔགས་པ་བརྗོད་པ་ལས་ཀྱང་འགྱུར་རོ། །ལོག་པར་མངོན་པར་ཞེན་པ་ཉན་དུ་མི་འཇུག་པ་ནི་རང་གིས་ཉེས་པར་རྟོགས་པ་དང་། བསྒོམས་པ་དང་། བཤད་པ་ལ་ལེགས་པར་རྟོགས་པ་དང་།

བསྒོམས་པ་དང་། བཤད་པ་དང་མངོན་པར་ཞེན་པ་དང་། གཞན་དག་གིས་ལེགས་པར་རྟོགས་པ་དང་། བསྒོམས་པ་དང་། བཤད་པ་ལ་ཉེ་བར་རྟོགས་པ་དང་། བསྒོམས་པ་དང་། བཤད་པར་མངོན་པར་ཞེན་པ་ལས་ཀྱང་འགྱུར་རོ། །དེ་ལ་མི་ཉན་པ་
གང་ཡིན་པ་དང་། ཉན་དུ་མི་འཇུག་པ་གང་ཡིན་པ་དང་། ཉན་པའི་སྒྲིབ་པ་གང་ཡིན་པའི་ཆོས་དེ་གསུམ་ནི་ཤས་ཆེར་ཐོས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་ནོ། །ལོག་པར་མངོན་པར་ཞེན་པ་ཉན་དུ་འཇུག་པ་གང་ཡིན་པའི་ཆོས་དེ་ནི་ཤས་
ཆེར་བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་ནོ། །བྱང་ཆུབ་སེམས་དཔའི་དྲན་པ་བརྗེད་པར་འགྱུར་བའི་ཆོས་ཀྱང་བཞི་སྟེ། བཞི་གང་ཞེ་ན། གང་ཟག་བཞི་ལ་གནས་བཞིས་རྣམ་པར་རྨོངས་པར་
བྱེད་པ་སྟེ། གླེང་བ་པོ་རྣམས་དང་། ལུང་འབོགས་པ་རྣམས་དང་། ཕན་པར་འདོད་པ་རྣམས་དང་། ཡོན་ཏན་དང་ལྡན་པ་རྣམས་ལ་བདག་ཉིད་ཀྱི་འགལ་བར་རྣམ་པར་རྨོངས་པར་བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་བསླབ་པ་ལ་ལེགས་པར་གནས་པ་རྣམས་ལ་བསླབ་
པ་ལ་བཞིས་རྣམ་པར་རྨོངས་པར་བྱེད་པ་དང་། ཐེག་པ་ཆེན་པོ་ལ་མོས་པར་འདོད་པ་དང་། སྒྲུབ་པར་འདོད་པ་རྣམས་ལ། མ་བརྗོད་པ་དང་། བརྗོད་པ་དང་། རྣམ་པར་བྱང་བའི་སྐྱོན་ཡོངས་སུ་སྟོན་པས་དེ་ལ་མོས་པ་དང་། སྒྲུབ་པ་རྣམ་པར་རྨོངས་པར་བྱེད་པ་དང་། ཆོས་
སྨྲ་བའི་གང་ཟག་རྣམས་ལ་གསང་བའི་གནས་རྣམ་པར་དབྱེ་བའི་ཕྱིར་རྣམ་པར་རྨོངས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་དཀར་པོའི་ཆོས་ཡོངས་སུ་གཏུགས་པར་འགྱུར་བའི་ཆོས་ཀྱང་བཞི་སྟེ། གཞན་ལ་སྟོན་པའི་དབང་དུ་བྱས་ནས། དཀར་པོའི་ཆོས་རྣམས་ཀྱི་
གནས་མ་ཡིན་པ་ལ་སྦྱོར་བ་དང་། དཀར་པོའི་ཆོས་རྣམས་ཀྱི་གནས་མ་ཡིན་པ་ལ་སྦྱོར་བ་ལ་ལོག་པར་སྒྲུབ་པའི་ཉེས་པ་རྣམ་པ་གསུམ་སྟེ། ཟང་ཟིང་གི་ཉེས་པ་དང་། ལྟ་བའི་ཉེས་པ་དང་། སྟོན་པའི་ཉེས་པའོ། །དེ་ལ་ཟང་ཟིང་གི་ཉེས་པ་ནི་རྒྱུ་གཉིས་ཀྱིས་རིག་པར་

བྱ་སྟེ། ལོག་པའི་ལོངས་སྤྱོད་དང་། འདུ་འཛི་མང་བས་སོ། །ལྟ་བའི་ཉེས་པ་ཡང་རྒྱུ་གཉིས་ཀྱིས་རིག་པར་བྱ་སྟེ། དམ་པའི་ཆོས་དང་གང་ཟག་སྤོང་བ་དང་། དམ་པ་མ་ཡིན་པའི་ཆོས་དམ་པའི་ཆོས་སུ་སྟོན་པ་ལ་མངོན་པར་ཞེན་པས་སོ། །སྟོན་པའི་ཉེས་པ་ཡང་རྒྱུ་
གཉིས་ཀྱིས་རིག་པར་བྱ་སྟེ། དྲང་བའི་དོན་གྱི་མདོ་སྡེ་ཆུང་ངུ་འབའ་ཞིག་སྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་རྣ་ལམ་དུ་མ་གྲགས་ཤིང་མ་བཟུང་བ་རྣམས་སྤོང་བས་སོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཆ་མ་ཡིན་པ་མི་མཐུན་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པ་ཡང་བཞི་
པོ་འདི་དག་ཡིན་ཏེ། སྟོན་པ་ལ་ཡིད་མི་ཆེས་པར་གྱུར་ཅིང་། བསླབ་པ་ལ་གུས་པ་དང་མི་མཐུན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་གྲོགས་རྣམས་དང་། གླེང་བ་པོ་རྣམས་དང་། རྗེས་སུ་སྟོན་པ་རྣམས་ལ་བདག་ཉིད་ཇི་ལྟར་གྱུར་པ་བརྗོད་པ་དང་། མི་མཐུན་པ་དང་།
ཤེས་པ་བསོད་ནམས་ཆེན་པོ་རྣམས་ལ་དགེ་བའི་བརྩོན་འགྲུས་རྩོམ་པ་དང་མི་མཐུན་པ་དང་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་རྣམས་དང་། བདག་ཉིད་ཀྱི་སྒྲིབ་པ་རྣམ་པར་དག་པ་དང་མི་མཐུན་པའོ། །དེ་ལ་སྟོན་པ་ལ་ཡིད་མི་ཆེས་པ་ནི་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། ཡོད་པ་ཉིད་
དང་། བདག་ཉིད་ཆེ་བ་དང་། ཡེ་ཤེས་བརྙེས་པ་དག་ལ་ཡིད་མི་ཆེས་པའོ། །བདག་ཉིད་ཇི་ལྟར་གྱུར་པ་མི་བརྗོད་པ་ཡང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། བདག་ཉིད་ལ་ཆེ་བའི་བདག་ཉིད་ཡོད་དོ་སྙམ་དུ་ལོག་པར་ཁེངས་ཤིང་། དེས་སེམས་ཡོངས་སུ་གཏུགས་པས་
སེམས་ཅན་གྲོགས་པོ་རྣམས་ལ་དེ་ཡོངས་སུ་སྟོན་པ་དང་། སེམས་ཅན་གླེང་བ་པོ་རྣམས་ལ་ལྟུང་བ་འཆབ་པ་དང་། སེམས་ཅན་རྗེས་སུ་སྟོན་པ་རྣམས་ལ་སྨད་པའི་དབང་དུ་བྱས་ནས་རྙོག་པ་ཅན་གྱིས་དེ་ལ་ཐོ་འཚམས་པས་མངོན་པར་འདུ་བྱེད་པས་སོ། །དགེ་བ་ལ་བརྩོན་
འགྲུས་མི་རྩོམ་པ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། སེམས་ཅན་ཤེས་པ་བསོད་ནམས་ཆེན་པོ་རྣམས་ཀྱི་རྙེད་པ་དང་། བཀུར་སྟི་ལ་དགའ་བར་མི་བྱེད་པ་དང་དེ་ལ་མངོན་པར་དགའ་བས་སོ། །བྱང་ཆུབ་སེམས་དཔའི་གདུལ་དཀའ་བར་འགྱུར་བའི་ཆོས་ཀྱང་བཞི་སྟེ། འདི་ལྟ་

སྟེ་བསྒོམ་པའི་སྒྲིབ་པ་བཞི་པོ་དག་སྟེ། ཐོས་པ་ལྷུར་ལེན་པ་དང་། གདམས་ངག་ལ་ལོག་པར་འཛིན་པ་དང་། ཚུལ་ཁྲིམས་དག་ལ་གནས་པར་མི་བྱེད་པས་འགྱོད་པ་དང་། རང་གི་ལྟ་བ་མཆོག་ཏུ་འཛིན་ཅིང་གནས་པའོ། །དེ་ལ་ཐོས་པ་ལ་སེམས་ཉེ་བར་
མ་ཞི་བས་ཐོས་པ་ལྷུར་ལེན་པ་ཡིན་ནོ། །རྗེས་སུ་བསྟན་པ་ལ་ལོག་པར་རྣམ་པར་རྟོག་པས་གདམས་ངག་ལ་ལོག་པར་འཛིན་པ་ཡིན་ནོ། །ཚུལ་ཁྲིམས་དག་ལ་སྐྱོན་ཡོད་ལ་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་པས་འགྱོད་པ་ཡིན་ནོ། །སེམས་ཅན་དབང་པོ་དུལ་བས་ཁྱད་པར་
དུ་འཕགས་པ་རྣམས་དང་། སྤོང་བས་ཁྱད་པར་དུ་འཕགས་པ་ཁྱད་པར་ཅན་རྣམས་ལ་འགྲེན་པར་བྱེད་པས་རང་གི་ལྟ་བ་མཆོག་ཏུ་འཛིན་ཅིང་གནས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སེམས་ཅན་རྣམས་ལ་ལམ་ངན་པར་འགྲོ་བ་ཡང་བཞི་པོ་འདི་དག་ཡིན་ཏེ། སེམས་ཅན་དད་
པས་ཞུགས་པ་མ་ཡིན་པ་རྣམས་ལ་སྟོན་པ་དང་། སེམས་ཅན་ཐེག་པ་དམན་པ་ཐེག་པ་ཆེན་པོ་འདོད་པ་རྣམས་ལ་མི་འཚམ་པ་སྟོན་པ་དང་། སེམས་ཅན་ཐེག་པ་ཆེན་པོ་ཐེག་པ་དམན་པ་འདོད་པ་རྣམས་ལ་མི་མཐུན་པ་སྟོན་པ་དང་། སེམས་ཅན་ཚུལ་ཁྲིམས་ལ་གནས་པ་དང་
ཚུལ་ཁྲིམས་ལ་མི་གནས་པ་རྣམས་ལ་ཕྱོགས་ཀྱི་འདོད་ཆགས་ཀྱིས་མི་འདྲ་བར་སྟོན་པའོ། །དེ་ལ་ཚུལ་ཁྲིམས་ལ་གནས་པ་ནི་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། ལམ་གྱི་མཐའ་ལ་ཉེས་པ་མེད་པ་དང་། ཚུལ་ཁྲིམས་ལ་སྐྱོན་མེད་པ་དང་། བསླབ་པ་ལ་གུས་པས་སོ། །ཚུལ་
ཁྲིམས་ལ་མི་གནས་པ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། ཚུལ་ཁྲིམས་ལ་སྐྱོན་བྱུང་བ་དང་། བསླབ་པ་ལ་མི་གུས་པས་སོ། །བྱང་ཆུབ་སེམས་དཔའ་དམ་པ་མ་ཡིན་པ་དང་འགྲོགས་པ་ལ་བརྟེན་ན་རྣམ་པ་བཞི་ཡོངས་སུ་ཉམས་པར་འགྱུར་ཏེ། ཐེག་པ་ཡོངས་སུ་ཉམས་
པ་དང་། སེམས་ཅན་གྱི་དོན་གྱི་སྦྱོར་བ་ཡོངས་སུ་ཉམས་པ་དང་། བསྟན་པ་ཡོངས་སུ་ཉམས་པ་དང་། དགེ་བའི་ཆོས་རྣམས་ལ་རྟག་ཏུ་སྒོམ་པ་ཡོངས་སུ་ཉམས་པའོ། །བྱང་ཆུབ་སེམས་དཔའ་བཞི་པོ་ཆོས་འཛིན་པ་དང་། དགོན་པ་པ་དང་། བསོད་ནམས་བྱ་བ་ལ་བརྩོན་

པ་དང་། འཁོར་དང་སྤྱོད་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་དང་བའི་བྱ་བ་འདོད་པ་ནི་ཆོས་འཛིན་པ་ཡིན་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་གྱི། དོན་ཇི་ལྟ་བ་བཞིན་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྒྲ་འདོད་པ་ནི་དགོན་པ་པ་ཡིན་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་
པ་ཡིན་གྱི། དོན་ཇི་ལྟ་བ་བཞིན་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཟང་ཟིང་གི་འབྲས་བུ་དང་འབྲེལ་བའི་སེམས་དང་ལྡན་པ་ནི་བསོད་ནམས་བྱ་བ་ལ་བརྩོན་པ་དེ་ཡིན་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་གྱི། དོན་ཇི་ལྟ་བ་བཞིན་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་
བསྙེན་བཀུར་དང་ཡོངས་སུ་སྤྱད་པ་དང་། གྲགས་པ་དང་འབྲེལ་པའི་སེམས་དང་ལྡན་པ་ནི་འཁོར་དང་ལོངས་སྤྱོད་ཀྱང་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་གྱི་དོན་ཇི་ལྟ་བ་བཞིན་མ་ཡིན་ནོ། །ཡང་དག་པའི་སྒྲུབ་པ་གང་ཞེ་ན། ཡང་དག་པའི་སྒྲུབ་པ་ནི་དེ་ལས་བཟློག་པ་སྟེ། སྐྱོན་ཁྱད་
པར་ཅན་ཡོངས་སུ་སྤངས་པ་དང་། གཉེན་པོ་བསྟན་པས་གོང་ནས་གོང་དུ་བསྒྲུབས་པས་རྣམ་པ་བརྒྱད་ཀྱིས་རིག་པར་བྱའོ། །གང་གི་ཕྱིར་མི་ཉན་པ་ཡེ་ཤེས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཆོས་དང་གང་ཟག་ལ་མི་གུས་པ་ཡང་ཡོངས་སུ་བསྟན་
ཅེ་ན། དེས་ཀྱང་དེ་བྱེད་ལ་མི་བྱེད་ན་ཡང་མ་མོས་པས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་ཉན་དུ་མི་འཇུག་པ་ཡེ་ཤེས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་པར་སྨྲས་ན་ཅིའི་ཕྱིར་དང་བའི་བྱ་བ་འདོད་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ་མི་
བྱེད་ན་ཡང་ལོག་པའི་ཆོས་ཡོངས་སུ་བསྔོ་བས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་ཉན་པའི་སྒྲིབ་པ་ཡེ་ཤེས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་འདུན་པ་མེད་པའི་མི་ཉན་པ་དང་། མི་འཛིན་པ་ཡང་ཡོངས་སུ་བསྟན་ཅེ་ན། དེས་
ཀྱང་དེ་བྱེད་ལ། མི་བྱེད་ན་ཡང་ལེ་ལོས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་ལོག་པར་མངོན་པར་ཞེན་པ་ཉན་དུ་འཇུག་པ་ཡེ་ཤེས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་སྒོམ་པ་ལ་ཡོན་ཏན་དུ་མི་ལྟ་བ་དང་། ཐོས་པ་དང་། སྨྲ་བ་ལྷུར་

ལེན་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། མི་བྱེད་ན་ཡང་ཡེ་ཤེས་ཡོངས་སུ་མི་འགྲུབ་པས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་གླེང་བ་པོ་རྣམས་ལ་བདག་ཉིད་ཀྱི་འགལ་བས་རྣམ་པར་རྨོངས་པར་བྱེད་པ་དྲན་པ་བརྗེད་པར་འགྱུར་
བ་ཡིན་པར་སྨྲས་ན། ཅིའི་ཕྱིར་དངོས་པོ་ལྕི་བའི་ལྟུང་བས་འཇིགས་པ་དང་། དངོས་པོ་ཡང་བ་ཁྱད་དུ་གསད་པའི་ཕྱིར་བརྫུན་སྨྲ་བ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་ལས་ཀྱི་སྒྲིབ་པས་རབ་ཏུ་བརྗེད་པར་འགྱུར་བ་དང་། མི་བྱེད་ན་ཡང་ལྟུང་བའི་སྒྲིབ་པས་རབ་
ཏུ་བརྗེད་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་བསླབ་པའི་གཞིས་རྣམ་པར་རྨོངས་པར་བྱེད་པ། དྲན་པ་བརྗེད་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ངོ་བོ་ཉིད་ཀྱི་རྗེས་སུ་མི་འཇུག་པ་དང་ལོག་པར་ལྟ་བ་དང་། གྱ་གྱུ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ་དེས་
ལས་ཀྱི་སྒྲིབ་པས་རབ་ཏུ་བརྗེད་པར་འགྱུར་བ་དང་། མི་བྱེད་ན་ཡང་ལྟུང་བའི་སྒྲིབ་པས་རབ་ཏུ་བརྗེད་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་ཐེག་པ་ཆེན་པོ་ལ་མོས་པ་དང་། སྒྲུབ་པས་རྣམ་པར་རྨོངས་པར་བྱེད་པ་དྲན་པ་བརྗེད་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་བྱང་
ཆུབ་སེམས་དཔའ་རྣམས་ལ་གུས་པ་མི་སྐྱེད་པ་དང་། ཡང་དག་པའི་ཡོན་ཏན་འཆབ་པ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་ལས་ཀྱི་སྒྲིབ་པས་རབ་ཏུ་བརྗེད་པར་འགྱུར་བ་དང་། མི་བྱེད་ན་ཡང་ལྟུང་བའི་སྒྲིབ་པས་རབ་ཏུ་བརྗེད་པར་འགྱུར་བའི་ཕྱིར་རོ། །
གང་གི་ཕྱིར་གསང་བའི་གནས་རྣམ་པར་དབྱེ་བའི་ཕྱིར་རྨོངས་པར་བྱེད་པ། དྲན་པ་བརྗེད་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཐེག་པ་ཆེན་པོ་ལས་འདུན་པ་བཟློག་པར་འདོད་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་ལས་ཀྱི་སྒྲིབ་པས་རབ་ཏུ་བརྗེད་པར་
འགྱུར་བ་དང་། མི་བྱེད་ན་ཡང་ལྟུང་བའི་སྒྲིབ་པས་རབ་ཏུ་བརྗེད་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་གནས་མ་ཡིན་པ་ལ་སྦྱོར་བ་དཀར་པོའི་ཆོས་ཡོངས་སུ་གཏུགས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་བདག་ལ་ཕན་པར་འདོད་པ་ཉུང་བ་དང་། མ་ཞུགས་པ་དང་། ཐེག་

པ་དམན་པ་ཉན་པ་དང་། སེམས་ཅན་དམན་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་དཀར་པོའི་ཆོས་མ་ཐོབ་པ་རྣམས་ནི་མི་འཐོབ་ལ། བཟུང་བ་དང་ཉན་པ་ལྷོད་པས་ཐོབ་པ་རྣམས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་ཟང་ཟིང་
གི་ཉེས་པ་དཀར་པོའི་ཆོས་ཡོངས་སུ་གཏུགས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ལེགས་པར་ཐོབ་པའི་རྙེད་པས་ཆོག་མི་ཤེས་པ་དང་། ཚུལ་འཆོས་པ་ལ་སོགས་པའི་ཆོས་རྣམས་དང་། ཡོངས་སུ་གདུང་བ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་མ་
ཐོས་པ་མི་ཉན་པ་དང་། དོན་དང་བྱ་བ་ལ་འཕྱར་གཡེང་མང་བས་ཏིང་ངེ་འཛིན་མི་རྟོགས་པའི་ཕྱིར་རོ། །གང་གི་ཕྱིར་ལྟ་བའི་ཉེས་པ་དཀར་པོའི་ཆོས་ཡོངས་སུ་གཏུགས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་གཞན་གྱི་སྐྱོན་ལ་ལྟ་བ་དང་། ཉན་ཐོས་དང་ཐེག་པ་ཆེན་པོའི་
བསླབ་པ་ལ་ཕྱིན་ཅི་ལོག་པ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་ཡང་དག་པའི་སྒྲུབ་པ་ལས་ཉམས་པར་འགྱུར་བ་དང་། གཞན་ལ་སླུ་བས་ཉམས་པར་ཡང་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་སྟོན་པའི་ཉེས་པ་དཀར་པོའི་ཆོས་ཡོངས་སུ་གཏུགས་པར་འགྱུར་
བ་ལེན་པར་སྨྲས་ན། ཅིའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དགོངས་པ་ཤེས་སོ་ཞེས་ཁྱད་དུ་གསོད་པར་བྱེད་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་དམ་པའི་ཆོས་ལ་སྐུར་པ་འདེབས་པས་ཉམས་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་
ཡེ་ཤེས་ཀྱི་དགོངས་པ་ལ་ལོག་པར་ཡོངས་སུ་འཛིན་པས་ཉམས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་བསླབ་པ་ལ་ཤས་ཆེར་མི་གུས་པ་མི་མཐུན་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ལྟུང་བ་རྣམ་པར་མི་འབྱེད་པ་དང་། མི་འཆགས་པ་དང་།
འགྱོད་པ་མི་སེལ་བ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་ཀུན་ཏུ་སྤྱོད་ལ། དམིགས་པ་ལ་རྣམ་པར་གཡེང་བས་ཀྱང་གྱ་གྱུ་ལ་ཞུགས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་བདག་ཉིད་ཇི་ལྟར་གྱུར་པ་བཞིན་མི་བརྗོད་པ་མི་མཐུན་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པར་འགྱུར་བ་ཡིན་པར་

སྨྲས་ན། ཅིའི་ཕྱིར་བདག་ཉིད་དང་ལོངས་སྤྱོད་ལ་ལྟ་བ་དང་། བདེན་པའི་ཚིག་སྦེད་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་ཀུན་ཏུ་སྤྱོད་ལ། བསྟན་པ་ལས་རྣམ་པར་གཡེང་བས་ཀྱང་གྱ་གྱུ་ལ་ཞུགས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་བརྩོན་འགྲུས་
འདོར་བར་བྱེད་པ་མི་མཐུན་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པར་འགྱུར་བ་ཡིན་པར་ཀུན་ཏུ་སྨྲས་ན། ཅིའི་ཕྱིར་མི་བཟོད་པ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་ཀུན་ཏུ་སྤྱོད་ལ། སྡུག་བསྔལ་མི་བཟོད་པ་དང་། དགེ་བ་ལས་རྣམ་པར་གཡེང་བས་ཀྱང་གྱ་གྱུ་ལ་ཞུགས་པར་འགྱུར་བའི་ཕྱིར་
རོ། །གང་གི་ཕྱིར་སྒྲིབ་པ་རྣམ་པར་མ་དག་པའི་རྒྱུས་མི་མཐུན་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཐེག་པ་ཆེན་པོ་ལ་ལྷག་པའི་བསམ་པས་མོས་པ་མེད་པ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་ཀུན་ཏུ་སྤྱོད་ལ། ཐེག་པ་ཆེན་པོ་ལ་རྣམ་པར་གཡེང་
བས་ཀྱང་གྱ་གྱུ་ལ་ཞུགས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་བསྒོམ་པའི་སྒྲིབ་པ་ཐོས་པ་ལྷུར་ལེན་པ་གདུལ་དཀའ་བར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཀླན་ཀ་དང་། དེ་སྐད་རྒོལ་བ་ལས་ཐར་པའི་ཕན་ཡོན་དུ་ལྟ་བས་ཉན་པ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ་
དགེ་བའི་བཤེས་གཉེན་ཆོས་འཛིན་པ་ལ་ཡང་སླུ་བར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་བསྒོམ་པའི་སྒྲིབ་པ་གདམས་ངག་ལ་ལོག་པར་འཛིན་པ་གདུལ་དཀའ་བར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཚིག་མི་བཟོད་པ་ཉིད་དང་། ལྟུང་བ་འཛིན་པ་ཉིད་དང་། གདམས་ངག་ལ་མི་
གུས་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དགེ་བའི་བཤེས་གཉེན་དགོན་པ་པ་ལ་ཡང་སླུ་བར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་བསྒོམ་པའི་སྒྲིབ་པ་ཚུལ་ཁྲིམས་དག་ལ་གནས་པར་མི་བྱེད་པ་འགྱོད་པ་གདུལ་དཀའ་བར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་བསླབ་
པ་དག་ལ་ཤས་ཆེར་མི་གུས་ལ། དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་པ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དགེ་བའི་བཤེས་གཉེན་བསོད་ནམས་བྱ་བ་ལ་བརྩོན་པ་ལ་ཡང་སླུ་བར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་བསྒོམ་པའི་སྒྲིབ་པ་རང་གི་ལྟ་བ་མཆོག་ཏུ་འཛིན་ཅིང་

གནས་པ། གདུལ་དཀའ་བར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་རྣམས་ལ་མི་གུས་པ་དང་། མི་ལྟ་བ་དང་། བསྙེན་བཀུར་མི་བྱེད་པ་དང་། མི་ཉན་པ་དང་། རྗེས་སུ་མི་མཐུན་པའི་ཆོས་བསྒྲུབ་པར་འདོད་པ་ཉིད་ཀྱང་ཡོངས་
སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དགེ་བའི་བཤེས་གཉེན་འཁོར་དང་སྤྱོད་པ་ལ་ཡང་སླུ་བར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་མི་སྟོན་པ་དང་། མི་འཚལ་བ་སྟོན་པ་དང་། མི་མཐུན་པ་སྟོན་པ་དང་། མི་འདྲ་བར་སྟོན་པ་ལམ་ལོག་པར་འགྲོ་བར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་
ཕྱིར་ཡང་དང་ཡང་དུ་སྟོན་པས་ཡོངས་སུ་སྐྱོ་ཞིང་། སེམས་མི་མཉམ་པ་ཉིད་དང་། སྟོན་པའི་ཐབས་མི་ཤེས་པ་ཉིད་དང་། ཐེག་པ་དམན་པ་ལ་མོས་པ་ཉིད་དང་། ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་ལ་རྗེས་སུ་སྟོན་པར་སྦྱོར་བ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེ་དག་གིས་
ཀྱང་དེ་དག་བྱེད་ལ། དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པ་དང་། དགེ་བའི་རྩ་བ་རྒྱ་ཆེན་པོ་ཡོངས་སུ་མི་འཛིན་པ་དང་། དགེ་བའི་རྩ་བ་རྒྱ་ཆེན་པོ་ཡོངས་སུ་གཏོང་བ་དང་། བསོད་ནམས་མ་ཡིན་པ་སྐྱེ་བས་ཀྱང་གདུལ་བ་ལ་སླུ་བར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་དམ་པ་མ་ཡིན་པ་དང་།
འགྲོགས་པ་རྣམ་པ་བཞི་སྤོང་། དངོས་པོ་རྣམ་པ་བཞི་ཡོངས་སུ་ཉམས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་སེར་སྣ་དང་། ཐོས་པ་ཉུང་བ་དང་། བསྟན་པ་ལ་ལེགས་པར་མ་ཞུགས་པ་དང་། སངས་རྒྱས་ཀྱི་བཀའ་མི་ཉན་པ་ཡང་ཡོངས་སུ་བསྟན་ཅེ་ན། དེ་དག་གིས་ཀྱང་དེ་དག་
བྱེད་ལ། དགེ་བའི་རྩ་བ་མ་བྱས་པའི་ཕྱིར་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། གཞན་གྱི་དོན་བྱེད་མི་ནུས་པ་དང་། དགེ་བའི་རྩ་བ་ཆུང་བ་དང་། ཆོས་རྣམས་ལ་ཡིད་གཉིས་དང་། ཐེ་ཚོམ་ཟ་བས་ཀྱང་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་བྱང་ཆུབ་
སེམས་དཔའ་བཞི་ལ་དང་བའི་བྱ་བ་འདོད་པ་དང་། སྒྲ་འདོད་པ་དང་། ཟང་ཟིང་གི་འབྲས་བུ་འདོད་པ་དང་། བསྙེན་བཀུར་དང་ཡོངས་སུ་སྤྱད་པ་དང་གྲགས་པ་འདོད་པ་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་བྱང་ཆུབ་སེམས་དཔར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་བདག་ལ་ཆགས་པ་དང་

བཅས་པ་ལ་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་འཇིགས་པར་མི་ལྟ་བ་དང་། བདག་མེད་པ་ལ་མོས་པ་མེད་པ་དང་བཅས་པ་ལ་གཞན་གྱི་དོན་ལ་མི་ལྟ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་ཡོན་ཏན་དུ་ལྟ་བ་དང་། ཚེ་འདི་ལ་འདུ་འཛི་འདོད་པ་དང་། ཕྱི་
མ་ལ་དབང་ཕྱུག་འདོད་པ་ཆོས་དང་ཟང་ཟིང་འདོད་པ་ཡང་ཡོངས་སུ་བསྟན་ཅེ་ན། དེ་དག་གིས་ཀྱང་དེ་དག་བྱེད་ལ། ཆོས་འཛིན་པ་ཉིད་ནས་འཁོར་དང་སྤྱོད་པའི་བར་གྱིས་ཀྱང་བདག་ཉིད་ལ་སླུ་བར་བྱེད་པའི་ཕྱིར་རོ།། །།བམ་པོ་བཞི་བཅུ་གཉིས་པ། ཡང་དག་པའི་སྒྲུབ་པའི་
ཕན་ཡོན་གང་ཞེ་ན། དེ་ཡང་གོང་ནས་གོང་དུ་རྣམ་པ་བཞིར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པར་ཞུགས་པ་ལ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་དང་། དེ་ལ་བརྟེན་ནས་སྒྲིབ་པ་རྣམ་པར་དག་པ་དང་། དེ་ལ་བརྟེན་ནས་སྒོ་ཐམས་ཅད་ནས་
དཀར་པོའི་ཆོས་ཡང་དག་པར་འགྲུབ་པ་དང་། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་རྣམ་པ་ཐམས་ཅད་ལ་སྦྱོར་བ་དང་། བསོད་ནམས་དཔག་ཏུ་མེད་པ་སྐྱེ་བའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་བའི་ཆོས་ནི་བཞི་སྟེ། ཡང་དག་པའི་བསྒྲུབ་པ་ཉིད་
དུ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་དང་། ཐོས་པ་རྣམ་པར་དག་པ་དང་། བསམ་པ་རྣམ་པར་དག་པ་དང་། བསྒོམ་པ་རྣམ་པར་དག་པའོ། །སྒྲིབ་པ་རྣམ་པར་དག་པར་འགྱུར་བའི་ཆོས་ནི་བཞི་སྟེ། ཐེག་པ་ལས་རྣམ་པར་མི་གཡོ་བ་དང་། རང་གིས་གཞན་
དག་ལ་མི་སྒྲུབ་པའི་རྒྱུ་ཡོངས་སུ་སྤོང་བ་ཉིད་དང་། ལོག་པར་སྒྲུབ་པའི་རྒྱུ་ཡོངས་སུ་སྤོང་བ་ཉིད་དང་། ཡང་དག་པའི་སྒྲུབ་པ་ཡོངས་སུ་མི་རྫོགས་པའི་རྒྱུ་ཡོངས་སུ་སྤོང་བ་ཉིད་དོ། །སྒོ་ཐམས་ཅད་ནས་དཀར་པོའི་ཆོས་ཡང་དག་པར་འགྲུབ་པར་འགྱུར་བའི་ཆོས་བཞི་སྟེ། བསྒོམ་
པ་ནི་བསྒོམ་པའི་རྒྱུ་ལས་བྱུང་བའི་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་དེའི་རྒྱུ་ལས་བྱུང་བའི་དང་། སྡུག་བསྔལ་བཟོད་པ་ཉིད་ནི་དེའི་རྒྱུ་ལས་བྱུང་བའི་དང་། ཉན་པ་དང་། སེམས་པས་མི་ངོམས་པ་ཉིད་ནི་དེའི་རྒྱུ་ལས་བྱུང་བའིའོ། །སེམས་ཅན་གྱི་དོན་གྱི་རྣམ་པ་ཐམས་ཅད་བྱེད་པར་

འགྱུར་བའི་ཆོས་བཞི་སྟེ་སེམས་ཅན་རྣམས་གནས་བཞི་ལས་རྣམ་པར་སློང་བར་བྱེད་པ་སྟེ། སོམ་ཉི་དང་ཡིད་གཉིས་དང་། ཐེ་ཚོམ་ལས་རྣམ་པར་སློང་བར་བྱེད་པ་དང་། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ལས་རྣམ་པར་སློང་བར་བྱེད་པ་དང་། ཐེག་པ་དམན་པ་ལ་མོས་པ་ལས་རྣམ་པར་
སློང་བར་བྱེད་པ་དང་། བསྟན་པ་ལ་ཀུན་ནས་མནར་སེམས་དང་། ཁོང་ཁྲོ་བའི་སེམས་ལས་རྣམ་པར་སློང་བར་བྱེད་པ་པའོ། །བྱང་ཆུབ་སེམས་དཔའ་ཡང་དག་པའི་སྒྲུབ་པ་ལ་ཞུགས་པ་ཇི་ལྟར་གྱུར་ན། ཕན་ཡོན་དེ་དག་ཐོབ་ཅེ་ན། ཆོས་སྤྱོད་པ་དང་། སྙོམས་པར་སྤྱོད་པ་དང་། དགེ་བ་སྤྱོད་
པ་དང་། ཆོས་ལ་གནས་པར་གྱུར་ནའོ། །ཇི་ལྟར་ན་ཆོས་སྤྱོད་པ་ཡིན། དེ་ལ་རྣམ་པ་ནི་དུ་ཡོད་ཅེ་ན། བྱང་ཆུབ་སེམས་དཔའི་ཆོས་ལས་མ་འདས་པར་སྤྱོད་དེ། དེའི་ཕྱིར་ཆོས་སྤྱོད་པ་ཡིན་ནོ། །དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། སེམས་ཅན་གནོང་པ་བྱེད་པ་དང་། སྡིག་པ་བྱེད་
པ་རྣམས་ལ་དགེ་བ་ལ་གཞུག་པ་དང་ཕན་གདགས་པར་འདོད་པ་ཉིད་ཀྱི་ཕྱིར་སྙིང་བརྩེ་བ་ཉིད་དང་། རིགས་ལ་གནས་པ་རྐྱེན་མེད་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་སྟོན་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་ཁྱད་པར་དུ་འཕགས་པ་རྣམས་ལ་བདག་ཉིད་ཤེས་པ་ཉིད་དང་། བླ་མ་ལྟ་བུ་རྣམས་
ལ་གུས་པ་དང་རབ་ཏུ་འདུད་པས་སྦྱོར་བར་བྱེད་པ་ཉིད་དང་། མི་མཐུན་པར་གྱུར་པ་མུ་སྟེགས་ཅན་རྣམས་ལ་བསྟན་པ་ལས་རྣམ་པར་མི་གཡོ་བ་ཉིད་དོ། །ཇི་ལྟར་ན་སྙོམས་པར་སྤྱོད་པ་ཡིན། དེ་ལ་རྣམ་པ་ནི་དུ་ཡོད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྙོམས་པར་ཀུན་ཏུ་སྤྱོད་དེ་
དེའི་ཕྱིར་སྙོམས་པར་སྤྱོད་པ་ཡིན་ནོ། །དེ་ནི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་མཉམ་པར་བྱམས་པར་བྱེད་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དང་། དུས་ཐ་དད་པ་མེད་པ་ཉིད་དང་། སེམས་ཀྱི་རྒྱུད་ཐ་དད་པ་མེད་པའི་བྱམས་
པས་མཉམ་པར་སོ་སོར་ཀུན་དགའ་བར་བྱེད་པ་ཉིད་དང་། འདུ་འཛིའི་གཏམ་སྤངས་ཏེ་དགའ་བའི་བཞིན་དུ་བྱས་ནས་ཁུར་བླངས་པ་ཉམས་སུ་ལོན་པར་བྱེད་པ་ཉིད་དང་། མཉམ་པར་ཁུར་མ་བླངས་པ་ལེན་པར་བྱེད་པ་ཉིད་དང་། མཉམ་པར་སྡུག་བསྔལ་ཐམས་ཅད་བཟོད་པར་བྱེད་པ་ཉིད་

དང་། མཉམ་པར་གདུལ་བ་དཔག་ཏུ་མེད་པའི་ཐབས་ཡོངས་སུ་ཚོལ་བ་ཉིད་དང་། མཉམ་པར་ཕན་ཚུན་ཚིག་ཡང་དག་པར་བཟོད་པའི་ཚིག་དང་ལྡན་པ་ཉིད་དང་། མཉམ་པར་དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཉིད་དོ། །ཇི་ལྟར་ན་བྱང་ཆུབ་
སེམས་དཔའ་དགེ་བ་སྤྱོད་པ་ཡིན། དེ་ལ་རྣམ་པ་ནི་དུ་ཡོད་ཅེ་ན། ནང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྟེན་ནས། དགེ་བ་ཀུན་ཏུ་སྤྱོད་པར་བྱེད་དེ། དེའི་ཕྱིར་དགེ་བ་སྤྱོད་པ་ཡིན་ནོ། །དེ་ནི་རྣམ་པ་བདུན་དུ་རིག་པར་
བྱ་སྟེ། མི་གནས་པའི་སྦྱིན་པ་ཉིད་དང་། མི་གནས་པའི་ཚུལ་ཁྲིམས་ཉིད་དང་། སྙིང་བརྩེ་བའི་བཟོད་པ་ཉིད་དང་། ཉི་ཚེ་བ་མ་ཡིན་པའི་བརྩོན་འགྲུས་ཉིད་དང་། སེམས་ཅན་གྱི་དོན་བྱ་བའི་གནས་ཀྱི་བསམ་གཏན་ཉིད་དང་། ལྟ་བ་དང་བྲལ་བའི་ཤེས་རབ་ཉིད་དང་། ཡོངས་
སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པ་ཉིད་དོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་གནས་པ་ཡིན། དེ་ལ་རྣམ་པ་ནི་དུ་ཡོད་ཅེ་ན། ཀུན་ཆུབ་པ་ལྷུར་མི་ལེན་པ་དང་། ཁ་ཏོན་ལྷུར་མི་ལེན་པ་དང་། འཆད་པ་ལྷུར་མི་ལེན་པ་དང་། རྣམ་པར་རྟོག་པ་ལྷུར་མི་ལེན་པར་ནང་གི་སེམས་
ཀྱི་ཞི་གནས་སྒོམ་པ་ལ་སྦྱོར་བ་རྩོམ་ཞིང་། ཡང་དག་པར་སྒྲུབ་པར་བྱེད་དོ། །དེའི་ཕྱིར་ཆོས་ལ་གནས་པ་ཡིན་ནོ། །དེ་ནི་རྣམ་པ་བཅུ་གཉིས་སུ་རིག་པར་བྱ་སྟེ། གདམས་ངག་སྟོན་པ་ལ་ཚུལ་ཁྲིམས་ལ་གནས་པ་དང་ཚུལ་ཁྲིམས་ལ་གནས་པ་མ་ཡིན་པར་རྣམ་པར་མི་རྟོག་པ་ཉིད་དང་།
དེ་ལ་བརྟེན་ནས་གུས་པར་བྱས་ཏེ་གདམས་ངག་ལེན་པར་བྱེད་པ་ཉིད་དང་། དེ་ལ་བརྟེན་ནས་ལུས་དབེན་པ་ཉིད་དང་། དེ་ལ་བརྟེན་ནས་སེམས་དབེན་པ་ཉིད་དང་། དེ་ལ་བརྟེན་ནས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་ལས་ཡང་དག་པར་འདས་ཏེ། ཐེག་པ་ཆེན་པོ་དང་ལྡན་པའི་
ཡིད་ལ་བྱེད་པ་ཡིད་ལ་བྱེད་པ་ཉིད་དང་། དེ་ལ་བརྟེན་ནས་རབ་ཏུ་དབེན་པ་ན་སེམས་ཅན་བརྩོན་པ་བཏང་བ་རྣམས་དང་། མི་འགྲོགས་པར་དེ་ལས་གཞན་པ་རྣམས་དང་འགྲོགས་པ་ཉིད་དང་། དེ་ལ་བརྟེན་ནས་རྣམ་པར་དག་པ་འཇིག་རྟེན་པའི་ཤེས་པ་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་

མཐུ་བསྒོམ་པའི་འབྲས་བུ་སོ་སོར་མྱོང་བ་ཉིད་དང་། འཇིག་རྟེན་པའི་ཤེས་པས་ཆོག་པར་མི་འཛིན་པར་འཇིག་རྟེན་ལས་འདས་པའི་ཤེས་པ་ཡོངས་སུ་ཚོལ་ཞིང་རྣམ་པར་སྦྱོར་བ་ཉིད་དང་། ཤེས་པ་རྣམ་པར་དག་པའི་ཉེས་པ་བཞི་སྤངས་ཏེ་ཚོགས་ཡོངས་སུ་སྡུད་པ་ཉིད་དེ། གནོད་
པ་མི་བཟོད་པའི་ཉེས་པ་དང་། མ་ངེས་པར་སྟོན་ཅིང་འདོམས་པའི་ཉེས་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་མི་བྱེད་པའི་ཉེས་པ་དང་། ཟང་ཟིང་དང་བཅས་པའི་སེམས་ཀྱི་ཉེས་པས་ཏེ། རྣམ་པ་བཞི་པོ་དེ་དག་དང་། སྔ་མ་རྣམ་པ་བརྒྱད་པོ་དག་ནི་རྣམ་པ་བཅུ་གཉིས་ཡིན་ནོ། །བྱང་
ཆུབ་སེམས་དཔའ་ལ་དད་པ་སྐྱེད་པའི་དཔེ་དག་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཐོག་མ་དང་། བར་དང་། ཐ་མ་དག་ཏུ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་མངོན་པར་བསྒྲུབ་པའི་གནས་སུ་གྱུར་པ་ཉིད་ཡིན་པས་གནོད་པ་བྱེད་པ་དང་།
ལན་བྱེད་པ་ཐམས་ཅད་ཀྱི་སེམས་ཡོངས་སུ་མ་གཏུགས་པའི་ཕྱིར་ས་ལྟ་བུ་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཐ་མལ་པར་གནས་པའི་ས་ལ་བརྟེན་ནས་སེམས་ཅན་རྣམས་རང་གི་སྐྱེས་བུའི་བྱེད་པས་དེ་ལ་ཉེ་བར་འཚེ་བར་བྱེད་པ་ལྟར་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། དགེ་བའི་རྩ་བ་བསྐྱེད་
པའི་ཕྱིར་རབ་ཏུ་དང་བ་དང་། མཆོག་ཏུ་དགའ་བས་མངོན་པར་རླན་པར་བྱེད་པས་ཆུ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཆུའི་ལོ་ཏོག་ཡོངས་སུ་སྨྱིན་པར་བྱེད་པ་དང་མི་མཐུན་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཀུན་ཏུ་སྐྱོ་བར་འགྱུར་
བའི་ཆོས་རྣམས་ལ། ཀུན་ཏུ་སྐྱོ་ཞིང་ཀུན་ཏུ་གདུང་བར་བྱེད་པའི་ཕྱིར་མེ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་མེ་སངས་རྒྱས་ཀྱི་ཞིང་རྣམ་པར་བསྒྲུབས་པ་དང་མི་མཐུན་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཀྱི་རྣམ་པར་གྲོལ་བ་ལ་རེག་པར་བྱ་བ་
ཉིད་མངོན་པར་སྒྲུབ་པ་རྣམ་པར་སྒྲུབ་པའི་ཕྱིར་ཡང་དག་པའི་གདམས་ངག་ཉེ་བར་སྒྲུབ་པས་རླུང་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་རླུང་མངོན་པར་བསྒྲུབས་ནས་ཉེ་བར་སྦྱོར་བར་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། རང་གི་དཀར་པོའི་ཆོས་མངོན་པར་འཕེལ་བའི་ཕྱིར་ཟླ་བ་ལྟ་བུ་

ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཟླ་བ་ཡར་གྱི་ངོ་ཁོ་ན་ལ་སྣང་བར་བྱེད་ཀྱི། མར་གྱི་ངོ་ལ་མ་ཡིན་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་སྤྱིའི་མཚན་ཉིད་ཀྱིས་ནག་པོ་དང་དཀར་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་ཤེས་པ་སྣང་བའི་ཕྱིར་ཉི་མ་ལྟ་
བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཉི་མ་གཟའ་སྒྲ་གཅན་གྱིས་འཇིགས་པས་ཡོངས་སུ་རྒྱུ་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་འགྲོ་བ་རྣམས་སུ་ཉོན་མོངས་པའི་གཟའ་ཐམས་ཅད་ཀྱིས་མི་འཇིགས་པར་འཇུག་པའི་ཕྱིར་སེང་གེ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་
ཇི་ལྟར་སེང་གེ་ཁལ་ཆེན་པོས་སྒྱིད་ལུག་པར་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། སྡུག་བསྔལ་གྱི་ཁུར་ཐམས་ཅད་ཁྱེར་བའི་ཕྱིར་གླང་པོ་ཆེ་དུལ་བ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་གླང་པོ་ཆེ་རྙེད་པ་དང་། མ་རྙེད་པ་དང་། ཚིག་འཇམ་པ་དང་། མི་འཇམ་པ་དང་། བདེ་བ་དང་།
སྡུག་བསྔལ་གྱི་སྤྱོད་པ་དག་གིས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དག་གིས་གོས་པར་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དག་གིས་མི་གོས་པའི་ཕྱིར་པདྨ་ལྟ་བུ་ཡང་ཡིན་ནོ། །དེ་
ལྟ་མོད་ཀྱི་ཇི་ལྟར་པདྨ་སྡོང་བུ་ལས་བཅད་ན་མི་སྐྱེ་བའི་ཆོས་ཅན་ཡིན་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་བཅོམ་ཡང་དགེ་བའི་རྩ་བའི་སྟོབས་སྐྱེད་པས་ཡང་འཁོར་བར་སྐྱེ་བའི་ཕྱིར་རྩ་བ་མ་ཉམས་པའི་ཤིང་ལྗོན་པ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་
ཇི་ལྟར་ཤིང་ལྗོན་པ་ཐ་མར་རྩ་བ་རབ་ཏུ་འཇིག་པར་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པ་དང་། བྱང་ཆུབ་ཆེན་པོར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཕྱིར་ཆུའི་རྒྱུན་རྒྱ་མཚོར་བབ་པ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཆུའི་རྒྱུན་རྒྱ་
མཚོར་བབ་ན་རྒྱ་མཚོ་ཉིད་དུ་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པ་དང་བྱང་ཆུབ་ཆེན་པོ་ལ་བརྟེན་པའི་དགེ་བའི་རྩ་བ་དག་གིས་རྣམ་པར་རྩེ་བའི་ཕྱིར་རི་རབ་ལ་གནས་པའི་ལྷ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་རི་རབ་ལ་གནས་པའི་ལྷ་

རྣམས་རང་གི་བྱ་བ་ལ་བག་མེད་པར་དགའ་བ་མང་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་དང་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་པའི་ཕྱིར་བློན་པོས་ཡོངས་སུ་ཟིན་པའི་རྒྱལ་པོ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་བློན་པོས་ཡོངས་སུ་ཟིན་
པའི་རྒྱལ་པོ་བདག་ཉིད་ཀྱི་དོན་ཁོ་ནའི་ཕྱིར་སྐྱེ་དགུ་སྐྱོང་བར་བྱེད་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བདག་ཉིད་ཀྱི་དོན་ལ་མི་ལྟ་བར་སྐྱེ་དགུ་སྐྱོང་བར་བྱེད་པའི་ཕྱིར་སྤྲིན་ཆེན་པོ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་སྤྲིན་ཆེན་པོ་ལོ་ཏོག་བསྒྲུབ་པ་ལ་གཏན་དུ་བ་མ་ཡིན་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་
ཆུབ་སེམས་དཔའ་ནི་གཏན་དུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྐྱེད་པའི་ཕྱིར་འཁོར་ལོས་སྒྱུར་བ་འབྱུང་བ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་འཁོར་ལོས་སྒྱུར་བ་སྐྱེས་བུ་ཆེན་པོ་དག་དང་ཟླ་མེད་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་རྣམ་པར་གྲོལ་བ་ཐུན་
མོང་དུ་གྱུར་པའི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་ནོར་བུ་རིན་པོ་ཆེ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ནོར་བུ་རིན་པོ་ཆེ་ཀཱཪྵ་པ་ཎ་དང་ཤིན་ཏུ་མི་མཉམ་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཟག་པ་མེད་པའི་དབྱིངས་སུ་ཞུགས་པས་བྱ་བ་མཉམ་ཞིང་བདེ་བའི་ལོངས་སྤྱོད་
མཉམ་པའི་ཕྱིར་འདྲེས་པའི་ཚལ་དུ་ཞུགས་པ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་འདྲེས་པའི་ཚལ་དུ་ཞུགས་པའི་ལྷ་རྣམས་ཉོན་མོངས་པ་རྣམ་པར་སྤེལ་ནས་ཕྱི་མ་ལ་ལོག་པར་ལྟུང་བར་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་བཅོམ་
པས་ལོག་པར་མི་ལྟུང་བའི་ཕྱིར་ཉོན་མོངས་པའི་དུག་བཅོམ་པ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་དུག་བཅོམ་པ་གནོད་པ་མི་བྱེད་པ་འབའ་ཞིག་ཏུ་ཟད་ཀྱི། གང་ལ་ཡང་ཡོན་ཏན་དུ་མ་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་རང་གི་ཉོན་མོངས་པས་
སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕྱིར་ཉོན་མོངས་པ་གྲོང་ཁྱེར་ཆེན་པོའི་ལྗན་ལྗིན་ལྟ་བུ་ཡང་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་དཔེ་འཇིག་རྟེན་ན་གྲགས་པའི་དངོས་པོ་དེ་ལྟ་བུ་དང་། དེ་དག་པས་ཁྱད་པར་དུ་འཕགས་པའི་ཡོན་ཏན་དང་ལྡན་པས་ཡོན་

ཏན་དཔེ་མེད་པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་དཔེ་མེད་པ་དང་ལྡན་པ་ཡིན་པར་རིག་པར་བྱའོ། །ཡང་དག་པའི་སྒྲུབ་པ་ལ་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཆོས་ལ་གནས་པ་ཉན་ཐོས་ཀྱི་ཐེག་
པ་དང་ལྡན་པའི་མདོ་སྡེ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་བཤད་པ། དྲང་བའི་དོན་བསྟན་པར་བྱ་བ་མ་ཡིན་པ་ལས་ཤིན་ཏུ་འདས་ནས། དེ་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བྱས་པ། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། ཀུན་རྫོབ་དང་དོན་དམ་
པའི་བདེན་པའི་ཚུལ་བཤད་པ། ངེས་པའི་དོན་བསྟན་པར་བྱ་བ་ལ་བརྩོན་པར་བྱེད་པ་ན་ཚུལ་བཞིན་ལ་བརྩོན་པ་ཞེས་བྱའོ། །ཚུལ་བཞིན་ལ་བརྩོན་པ་དང་དབུ་མའི་ལམ་དུ་ཞུགས་པ་ཡིན་ཏེ། འདི་ལྟར་ཆོས་དེ་ནི་དབུ་མའི་ལམ་རྣམ་པ་བཅུ་གསུམ་སྨོས་པར་བྱེད་པ་ཡིན་པའི་ཕྱིར་ཏེ།
གང་ཟག་སྟོང་པ་ཉིད་སྨོས་པར་བྱེད་པ་དང་། གང་ཟག་ལ་བདག་མེད་པ་དང་། ཆོས་སྟོང་པ་ཉིད་དང་། ཆོས་ལ་བདག་མེད་པ་དང་། སྒྲོ་འདོགས་པའི་མཐའ་དང་། སྐུར་པ་འདེབས་པའི་མཐའ་དང་། ཆོས་མངོན་པར་རྟོགས་པ་དང་། དེ་ཉིད་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་
ཉིད་དང་། ད་ལྟར་ཞུགས་པའི་སེམས་ཉོན་མོངས་པ་དང་སྡུག་བསྔལ་དག་གིས་ཡོངས་སུ་མ་གཏུགས་པ་ཉིད་དང་། བདག་མེད་པ་གཉིས་ལ་མོས་པའི་ཁྱད་པར་དང་། བདག་མེད་པ་སྔ་མ་ཤོས་ཕྱི་མའི་རྒྱུ་ཉིད་ཡིན་པ་དང་། མཐར་ཐུག་པའི་སྟོང་པ་ཉིད་དང་། དེ་ཉིད་ཀྱི་མཐུ་
སྨོས་པར་བྱེད་དོ། །ཇི་ལྟར་གང་ཟག་སྟོང་པ་ཉིད་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་མི་དམིགས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་མི་དམིགས་པ་ནི་འདི་ཡིན་ཏེ། དངོས་པོ་གསུམ་པོ་སེམས་ཅན་གྱི་དངོས་པོ་དང་། དེའི་སྣ་ཚོགས་ཀྱི་དངོས་པོ་དང་། དེའི་ལོངས་སྤྱོད་ཀྱི་
དངོས་པོ་ལ་བྱིས་པ་རྣམས་ཀྱིས་ཀུན་ཏུ་བརྟགས་པའི་བདག་ནང་དང་ཕྱི་རོལ་དང་གཉི་ག་མེད་པར་ཡང་མི་དམིགས་པའོ། །ཇི་ལྟར་གང་ཟག་ལ་བདག་མེད་པ་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་ཁོ་ནས་དམིགས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་དམིགས་པ་ནི་འདི་ཡིན་ཏེ། དངོས་

པོ་གསུམ་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་ལ་རྟག་པ་ཉིད་མི་དམིགས་པས་བྱིས་པས་ཀུན་བརྟགས་པའི་བདག་དང་མཚན་ཉིད་མི་འདྲ་བ་དམིགས་པའོ། །ཇི་ལྟར་ཆོས་སྟོང་པ་ཉིད་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་ཁོ་ནས་མི་དམིགས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་
ལ་མི་དམིགས་པ་ནི་འདི་ཡིན་ཏེ། དངོས་པོ་གསུམ་པོ་མི་རྟག་པས་བསྡུས་པ་དེ་ཉིད་ལ་བྱིས་པས་ཀུན་བརྟགས་པ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ནང་དང་ཕྱི་རོལ་དང་གཉི་ག་མ་གཏོགས་པར་མི་དམིགས་པའོ། །ཇི་ལྟར་ཆོས་བདག་མེད་པ་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་ཁོ་
ནས་དམིགས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་དམིགས་པ་ནི་འདི་ཡིན་ཏེ། དངོས་པོ་དེ་ཉིད་ལ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་དག་ཉིད་ཀྱི་སོ་སོ་རང་གི་རིག་པ་དང་མཐུན་པ། གཞན་དག་ལ་ཡང་བརྗོད་དུ་མེད་པ་གང་ཡིན་པ་དམིགས་པ་སྟེ། དེ་ལ་ཡང་རྣམ་
པ་དྲུག་གིས་བྱིས་པས་ཀུན་བརྟགས་པ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་མཚན་ཉིད་མི་འདྲ་བ་དམིགས་ཏེ། རྣམ་པ་དྲུག་གང་ཞེ་ན། བདག་གིས་བརྟག་པར་མི་ནུས་པ་དང་། གཞན་དག་ལ་བསྟན་དུ་མེད་པ་དང་། དབང་པོ་གཟུགས་ཅན་གྱི་སྤྱོད་ཡུལ་ལས་ཡང་དག་པར་
འདས་པ་དང་། མཚན་མ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་དང་། ཉོན་མོངས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའོ། །ཇི་ལྟར་སྒྲོ་འདོགས་པའི་མཐའ་སྨོས་པར་བྱེད་ཅེ་ན། རྣམ་པ་གཉིས་
ཀྱིས་ཏེ། བྱེ་བྲག་ཏུ་སྒྲོ་འདོགས་པ་ཡོངས་སུ་བསྟན་པ་དང་། ངོ་བོ་ཉིད་དུ་སྒྲོ་འདོགས་པ་ཡོངས་སུ་བསྟན་པ་ལས་སོ། །དེ་ལ་བྱེ་བྲག་ཏུ་སྒྲོ་འདོགས་པ་གང་ཞེ་ན། གོང་ནས་གོང་དུ་རྣམ་པ་བརྒྱད་དེ། དངོས་པོ་དེ་ཉིད་ལ་རྟག་པར་འཛིན་པས་སྒྲོ་འདོགས་པ་དང་། མི་རྟག་
པར་འཛིན་པས་སྒྲོ་འདོགས་པ་དང་། རྟག་པར་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་བདག་ཏུ་འཛིན་པས་སྒྲོ་འདོགས་པ་དང་། མི་རྟག་པར་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་བདག་མེད་པར་འཛིན་པས་སྒྲོ་འདོགས་པ་དང་། བདག་མེད་པར་འཛིན་པས་སྒྲོ་འདོགས་པ་

ལ་བརྟེན་ནས་ཡང་དག་པའི་སེམས་སུ་འཛིན་པས་སྒྲོ་འདོགས་པ་དང་། བདག་ཏུ་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་ཡང་དག་པ་མ་ཡིན་པའི་སེམས་སུ་འཛིན་པས་སྒྲོ་འདོགས་པ་དང་། དེ་ཡང་སེམས་མེད་པ་དང་ཚོལ་བ་པའོ། །ཚོལ་བ་པ་ཡང་དེས་
ཀུན་བརྟགས་པའི་གནས་དང་། དེས་ཀུན་བརྟགས་པ་དང་། མཚུངས་པར་ལྡན་པ་སྟེ། མི་མཐུན་པའི་ཕྱོགས་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ལ་ཉེས་པ་ལྔ་དང་མཚུངས་པར་ལྡན་ཏེ། ཕྱིན་ཅི་ལོག་གི་ཉེས་པ་དང་། སྤྲོས་པའི་ཉེས་པ་དང་། ཉེས་པར་སྤྱོད་པའི་
ཀུན་ནས་སློང་བའི་ཉེས་པ་དང་། གནས་ངན་ལེན་གྱི་ཉེས་པ་དང་། མི་རྟག་པ་ཉིད་ཀྱི་ཉེས་པ་དང་ངོ་། །དེའི་གཉེན་པོ་རྣམ་པར་བྱང་བ་དག་ལ་ཡང་དག་པའི་སེམས་སུ་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས། དགེ་བ་ལ་སོགས་པར་འཛིན་པས་སྒྲོ་འདོགས་པ་ནས་རྣམ་པར་བྱང་བའི་
བར་དུ་འཛིན་པས་སྒྲོ་འདོགས་པ་དང་། ཡང་དག་པ་མ་ཡིན་པའི་སེམས་སུ་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས། མི་དགེ་བ་ལ་སོགས་པར་འཛིན་པས་སྒྲོ་འདོགས་པ་ནས། ཀུན་ནས་ཉོན་མོངས་པའི་བར་དུ་འཛིན་པས་སྒྲོ་འདོགས་པ་སྟེ། དེ་དག་ནི་བྱེ་བྲག་ཏུ་སྒྲོ་འདོགས་པ་
བརྒྱད་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ནི་སྒྲོ་འདོགས་པ་དེ་དག་ལ་མངོན་པར་ཞེན་པར་ཡང་མི་བྱེད་ལ། གཞན་དག་ལ་ཡང་དག་པར་འཛིན་དུ་ཡང་མི་འཇུག་བསྔགས་པ་རྗོད་པར་ཡང་མི་བྱེད་དོ། །དེ་ལ་ངོ་བོ་ཉིད་དུ་སྒྲོ་འདོགས་པ་ནི་བྱེ་བྲག་ཏུ་སྒྲོ་འདོགས་པའི་གནས་གང་ཡིན་
པ་སྟེ། དངོས་པོ་དེ་ཉིད་ལ་བྱིས་པས་ཀུན་བརྟགས་པ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་ཡོད་དོ་ཞེས་སྒྲོ་འདོགས་པའོ། །ཇི་ལྟར་སྐུར་པ་འདེབས་པའི་མཐའ་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་ཡོངས་སུ་བསྟན་པ་
ལས་ཏེ་དེ་ལ་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ལོག་པར་ཆོས་བདག་མེད་པ་ལ་མོས་པ་རྣམ་པ་ཐམས་ཅད་དུ་ཆོས་ཀྱི་མཚན་ཉིད་དུ་ཐམས་ཅད་མེད་པ་ཉིད་དུ་མངོན་པར་ཞེན་པ་ཡིན་ནོ། །ཇི་ལྟར་ཆོས་མངོན་པར་རྟོགས་པ་སྨོས་པར་བྱེད་ཅེ་ན། རྣམ་པ་

གསུམ་གྱིས་ཏེ། དངོས་པོ་དེ་ཉིད་དང་། བཞི་པ་སྐྱེ་བའི་དངོས་པོ་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་། འདུས་བྱས་དང་། འདུས་མ་བྱས་སུ་རྣམ་པར་གནས་པ་ལ་ངོ་བོ་ཉིད་མི་དམིགས་པ་ཡོངས་སུ་བསྟན་པ་དང་བྱེ་བྲག་མི་དམིགས་པ་ཡོངས་སུ་བསྟན་པ་དང་། དེ་གོམས་པར་
བྱས་པས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ཡོངས་སུ་བསྟན་པས་སོ། །དེ་ལ་ངོ་བོ་ཉིད་མི་དམིགས་པ་ནི་འདི་ཡིན་ཏེ། བྱིས་པས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་མི་དམིགས་པ་གང་ཡིན་པའོ། །དེ་ལ་བྱེ་བྲག་མི་དམིགས་པ་ནི་འདི་ཡིན་ཏེ། ངོ་བོ་ཉིད་དེ་ཉིད་ལ་སྐྱེ་བ་
དང་འགག་པ་ཡང་དག་པར་འགྲུབ་པ་གཉིས་སུ་མེད་པས་མི་དམིགས་པ་གང་ཡིན་པའོ། །དེ་ལ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ནི་འདི་ཡིན་ཏེ། དེའི་ངོ་བོ་ཉིད་དང་དེའི་མཚན་མ་ཡིད་ལ་མི་བྱེད་ཅིང་ཡང་དག་པར་མི་སྣང་བའི་སྦྱོར་བས་སོ་སོ་རང་རིག་པ་དང་མཐུན་པའི་
ཤེས་པ་རབ་ཏུ་རྟོགས་པ་གང་ཡིན་པའོ། །ཇི་ལྟར་ཆོས་མངོན་པར་རྟོགས་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་སོ་སོར་བརྟགས་ཏེ། གཉེན་པོ་ཐོབ་པས་མི་མཐུན་པའི་ཕྱོགས་མི་སྤོང་བ་ལས་ཏེ། དེ་ལ་གཉེན་པོ་དང་མི་མཐུན་པ་ནི་འདི་ཡིན་
ཏེ། སྟོང་པ་ཉིད་ནི་ཉོན་མོངས་པའི་གཉེན་པོའོ། །སྨོན་པ་མེད་པ་ནི་སྲིད་པར་སྨོན་པའིའོ། །མཚན་མ་མེད་པ་ནི་མཚན་མ་རྣམས་ཀྱི་སྟེ། དེ་དག་ཐམས་ཅད་ཀྱང་མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱའོ། །དེ་ཡང་ཡང་སྲིད་པ་འབྱུང་བར་བྱེད་པའི་ལས་གཉེན་པོ་དང་། སྐྱེ་བའི་རྒྱུན་
དང་། སྐད་ཅིག་སྐྱེ་བའི་རྒྱུན་གྱི་གཉེན་པོ་ཡིན་ནོ། །འགོག་པ་མྱ་ངན་ལས་འདས་པ་ནི་འདུ་བྱེད་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། དེའི་མི་མཐུན་པའི་ཕྱོགས་ནི་འཁོར་བའི་རྒྱུན་ཡིན་ནོ། །བྱང་ཆུབ་སེམས་དཔའི་གཉེན་པོ་དེས་སོ་སོར་བརྟགས་ཏེ་མི་མཐུན་པའི་
ཕྱོགས་མི་སྤོངས་པ་གང་ཡིན་པ་དེ་ནི་སེམས་ཅན་ལ་སྙིང་བརྩེ་བ་ལས་བརྟེན་ཏེ་བྱང་ཆུབ་ཆེན་པོ་འདོད་པ་ཡིན་ནོ། །ཇི་ལྟར་དེ་ལྟར་ཞུགས་པའི་སེམས་ཉོན་མོངས་པ་དང་སྡུག་བསྔལ་དག་གིས་ཡོངས་སུ་མ་གཏུགས་པ་ཉིད་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་མི་མཐུན་པའི་ཕྱོགས་

མ་སྤངས་པའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ལས་ཏེ། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་ནི་འདི་ཡིན་ཏེ། ཆོས་ལ་བདག་མེད་པའི་སྦྱོར་བས་ཆོས་དེ་དག་ཉིད་ལ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་དང་། སྡུག་
བསྔལ་མེད་པར་ཡང་དག་པར་རྗེས་སུ་མཐོང་བའོ། །ཇི་ལྟར་བྱེ་བྲག་སྨོས་པར་བྱེད་ཅེ་ན། རྣམ་པ་བཞི་སྟེ། ལྟ་བའི་བྱེ་བྲག་ཡོངས་སུ་བསྟན་པ་དང་། དེ་ཉིད་ཁྱད་ཆེས་དམན་པའི་བྱེ་བྲག་ཡོངས་སུ་བསྟན་པ་དང་། སྤོང་བ་ལ་རྣམ་པར་འཁྲུལ་པའི་བྱེ་བྲག་ཡོངས་སུ་བསྟན་པ་
དང་། སེམས་རྣམ་པར་འཁྲུལ་པའི་བྱེ་བྲག་ཡོངས་སུ་བསྟན་པ་ལས་སོ། །དེ་ལ་ལྟ་བའི་བྱེ་བྲག་ནི་འདི་ཡིན་ཏེ། གང་ཟག་ལ་བདག་མེད་པ་ལ་གནས་པ་ནི་མྱ་ངན་ལས་འདས་པ་ལ་ཕྱི་མར་བདག་ཉིད་ཆད་པར་མངོན་པའི་ང་རྒྱལ་ཅན་དུ་འགྱུར་བ་དང་། གཟུང་བ་ཡོངས་སུ་
བརྟགས་པའི་ཕྱིར་དང་། འཛིན་པ་གཏན་དུ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བ་སྟོང་པ་ཉིད་ཀྱིས་བསྡུས་པ་ཡོངས་སུ་མ་བརྟགས་པའི་ཕྱིར་ཤེས་བྱ་ཤིན་ཏུ་མ་རྟོགས་པས་ཆོས་ཀྱི་བདག་ཉིད་ལ་མངོན་པར་ཞེན་པ་དེས་ཉོན་མོངས་པ་སྤོང་བ་ལ་སོགས་པ་སྤོང་བ་ཡོངས་སུ་ཚོལ་བར་
བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ནོ། །དེ་ལ་དེ་ཉིད་ཁྱད་ཆེས་དམན་པའི་བྱེ་བྲག་ནི་འདི་ཡིན་ཏེ། གང་ཟག་ལ་བདག་མེད་པ་ལ་གནས་པ་ནི་རྒྱུ་གཉིས་པོ་སྡུག་བསྔལ་བར་གནས་པ་དང་། རིམ་གྱིས་འཛིན་པ་གཉིས་ཀྱིས་ཉམས་པས་སྡུག་བསྔལ་ལས་རྣམ་པར་མ་
ཐར་པའི་ཕྱིར་སོ་སོའི་སྐྱེ་བོ་བདག་ཏུ་ལྟ་བ་དང་ལྡན་པ་བས་ཀྱང་ཆེས་དམན་པ་བས་དམན་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་པའོ། །དེ་ལ་སྤོང་བ་ལ་རྣམ་པར་འཁྲུལ་པའི་བྱེ་བྲག་ནི་འདི་ཡིན་ཏེ། གང་ཟག་ལ་བདག་མེད་པ་ལ་གནས་པ་ནི་ཆོས་བདག་མེད་པ་ལ་མེད་པ་
ཉིད་དུ་མངོན་པར་ཞེན་པས་སྐྲག་ཅིང་། ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ཡོད་པ་ལ་ཆད་པ་ཡོངས་སུ་མི་ཚོལ་གྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་པའོ། །དེ་ལ་སེམས་རྣམ་པར་འཁྲུལ་པའི་བྱེ་བྲག་ནི་འདི་ཡིན་ཏེ། གང་ཟག་ལ་བདག་མེད་པ་ལ་གནས་པ་དེ་ལྟར་སྤོང་བ་ལ་རྣམ་པར་

འཁྲུལ་པ་ནི་རང་གི་ཀུན་ཏུ་རྟོག་པ་ལས་བྱུང་བའི་ཡུལ་རྣམས་ལ་འདུ་ཤེས་ཕྱིན་ཅི་ལོག་ལ་སོགས་པས་ཕྱིན་ཅི་ལོག་ཏུ་འགྱུར་གྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་པའོ། །ཇི་ལྟར་རྒྱུ་ཉིད་སྨོས་པར་བྱེད་ཅེ་ན། རྣམ་པ་གཉིས་ཀྱིས་ཏེ། འཛིན་པ་ལ་སོ་སོར་རྟོག་པ་ཡོངས་སུ་བསྟན་པ་
དང་། དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་འཛིན་པ་ལ་སོ་སོར་རྟོག་པ་ནི་འདི་ཡིན་ཏེ། བདག་མེད་པའི་ཤེས་པ་དེ་ཉིད་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བ་ཉིད་དང་དེས་ཀུན་བརྟགས་པ་དང་བྲལ་བ་ཉིད་དང་། མཚན་ཉིད་མེད་པ་
ཉིད་དང་། སྐད་ཅིག་མ་ཉིད་ཀྱིས་བཏང་བར་བྱ་བ་ཡིན་པར་སོ་སོར་རྟོག་པ་གང་ཡིན་པའོ། །དེ་ལ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ནི་འདི་ཡིན་ཏེ། གཟུང་བ་དང་འཛིན་པ་ལ་ཡོངས་སུ་རྟོག་པར་བྱེད་པའི་ཚུལ་བཞིན་ཡིད་ལ་བྱེད་པ་དག་ཡིད་ལ་བྱས་པའི་རྒྱུས་སོ་སོ་
རང་རིག་པ་དང་མཐུན་པའི་ཤེས་པ་ངེས་པ་སྐྱེས་པ་གང་ཡིན་པའོ། །ཇི་ལྟར་མཐར་ཐུག་པའི་སྟོང་པ་ཉིད་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་ཆོས་བདག་མེད་པའི་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ལས་ཏེ། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ནི་འདི་
ཡིན་ཏེ། ལས་དང་ཉོན་མོངས་པ་མཚན་ཉིད་འདྲ་བར་མཐོང་བའི་ཕྱིར་བརྗོད་དུ་མེད་པའི་ཆོས་ཉིད་གང་ཡིན་པ་དང་། ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་དང་། དེ་ལྟར་མངོན་པར་ཞེན་པར་བྱར་མེད་པའི་ཕྱིར་དང་། སྐད་ཅིག་པ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་སྟོང་
པ་ཉིད་དེ་ཉིད་ཀྱི་མཐུ་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་ལས་དང་ཉོན་མོངས་པ་སྤོང་བའི་གཉེན་པོ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་སྤོང་བ་ནི་འདི་ཡིན་ཏེ། ཤེས་པའི་སྣང་བ་དེ་སྐད་ཅིག་དེ་ཉིད་ལ་སྐྱེས་པས་ཐོག་མ་མེད་པའི་དུས་ནས་བྱུང་བའི་ལས་དང་ཉོན་མོངས་པ་
ཐམས་ཅད་སྤོང་བར་བྱེད་པའོ། །ཉན་ཐོས་ནི་དུ། ཉན་ཐོས་ཀྱི་བསླབ་པ་དང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་བྱེ་བྲག་ནི་ཅི་ཡོད་ཅེ་ན། ཉན་ཐོས་ནི་རྣམ་པ་བཞིའོ། །ཉན་ཐོས་ཀྱི་བསླབ་པ་དང་བྱང་ཆུབ་སེམས་དཔའི་བསླབ་པའི་བྱེ་བྲག་ནི་རྣམ་པ་བཅུ་གསུམ་གྱིས་རིག་པར་

བྱའོ། །སྤྲུལ་པའི་ཉན་ཐོས་དང་། མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་དང་། བྱང་ཆུབ་ཏུ་ཡོངས་སུ་གྱུར་པའི་ཉན་ཐོས་དང་། ཞི་བའི་བགྲོད་པ་གཅིག་པའི་ཉན་ཐོས་སོ། །དེ་ལ་སྤྲུལ་པའི་ཉན་ཐོས་ནི་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་གདུལ་བའི་ཕྱིར་
སྤྲུལ་པ་གང་ཡིན་པའོ། །དེ་ལ་མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་ནི་གང་ཟག་ལ་བདག་མེད་པའི་ཤེས་པ་ཙམ་དང་། ཆོས་ལ་བདག་མེད་པ་ལ་ལོག་པར་མངོན་པར་ཞེན་པའི་ཤེས་པས་ཡང་དག་པར་རྟོག་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ཉན་ཐོས་
ནི་དང་པོ་ཉིད་ནས་སྙིང་རྗེ་ཤིན་ཏུ་ཆུང་བའི་རིགས་ཅན་དུ་གྱུར་པ་ལས། དེ་བཞིན་གཤེགས་པ་དང་ཉེ་བར་གནས་པས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་ཡོན་ཏན་དུ་ཤེས་པ་ཡོངས་སུ་བསྒོམས་པའི་རྒྱུད་ཅན་དུ་གྱུར་པས། དེ་མཐར་ཐུག་པར་གྱུར་ཅིང་ཟག་པ་མེད་པའི་
དབྱིངས་ལ་གནས་ཀྱང་སངས་རྒྱས་རྣམས་ཀྱིས་ཡང་དག་པར་སྐུལ་བར་མཛད་འཇུག་པར་མཛད་ཅིང་ཐབས་ཉེ་བར་སྟོན་པར་ཡང་མཛད་དེ། དེ་རྒྱུ་དེས་ན་བྱང་ཆུབ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་པ་གང་ཡིན་པའོ། །དེ་དེ་ལྟར་བྱང་ཆུབ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་མོད་ཀྱི། ཞི་བ་
ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་དེ་སྦྱོར་བ་དེ་ལ་རྟོགས་པ་ཤིན་ཏུ་དུལ་བར་འགྱུར་ཏེ། སངས་རྒྱས་ཀྱི་རིགས་ཅན་དང་པོ་སེམས་བསྐྱེད་པ་ཡང་དེ་ལྟ་བུར་ནི་མི་འགྱུར་རོ། །དེ་ལ་ཞི་བའི་བགྲོད་པ་གཅིག་པའི་ཉན་ཐོས་ནི་དང་པོ་ཉིད་ནས་སྙིང་རྗེ་ཤིན་ཏུ་ཆུང་བའི་རིགས་ཅན་ཡིན་
པའི་ཕྱིར་དང་། གཅིག་ཏུ་སེམས་ཅན་གྱི་དོན་ལ་མི་ཕྱོགས་པའི་ཕྱིར་དང་། སྡུག་བསྔལ་གྱིས་འཇིགས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་གནས་པའི་བསམ་པ་ཅན་ཁོ་ནར་འགྱུར་ཞིང་། བྱང་ཆུབ་ཆེན་པོ་མངོན་པར་བསྒྲུབ་པའི་སྐལ་བ་མེད་པ་གང་ཡིན་པའོ། །འདི་ལྟ་
སྟེ་དཔེར་ན་རྒྱལ་པོའི་བུ་གནས་མཚུངས་པར་སྐྱེས་ཤིང་། རྒྱལ་པོའི་བདེ་བའི་ལོངས་སྤྱོད་ཀྱིས་མཚུངས་མཉམ་པར་གྱུར་པ་གཉིས་ཤིག་ཡོད་པ་ལས། དེ་ལ་གཅིག་ནི་རྒྱལ་པོའི་བྱ་བ་དང་། བསྟན་བཅོས་དང་། བཟོའི་གནས་ལ་མཁས་པ་ཡིན་ལ། ཅིག་ཤོས་ནི་དེ་ལྟ་མ་

ཡིན་ན། དེ་གཉིས་ནི་ཡན་ལག་དེས་བྱེ་བྲག་ཏུ་གྱུར་པར་ཟད་ཀྱི། རྒྱལ་པོའི་བདེ་བའི་ལོངས་སྤྱོད་ཀྱིས་བྱེ་བྲག་ཏུ་གྱུར་པ་ནི་མ་ཡིན་པ་དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་ན་བྱང་ཆུབ་སེམས་དཔའ་དང་ཞི་བའི་བགྲོད་པ་གཅིག་པའི་ཉན་ཐོས་ཀྱི་བྱེ་བྲག་ཀྱང་རིག་པར་བྱ་སྟེ། དེ་གཉིས་
ཀྱི་བྱེ་བྲག་ནི་བསམ་པ་དང་། དཀར་པོའི་ཆོས་ཡང་དག་པར་འགྲུབ་པ་དང་། ཤེས་པ་ཡང་དག་པར་སྒྲུབ་པ་དང་། རྗེས་སུ་འགྲོ་བ་དང་། རིགས་དང་། གདུང་ཡང་དག་པར་འཛིན་པ་དང་། སྦྱོར་བ་དང་། མཐུ་དང་། སྒྲུབ་པ་དང་། སྦྱིན་གནས་ཀྱི་འོས་ཉིད་དང་། ཁྱད་པར་
ཅན་ལས་ཁྱད་པར་དུ་འཕགས་པ་དང་། རྒྱུ་དང་འབྲས་བུ་དང་། འབྱུང་བའི་རྟེན་ལས་ཀྱང་རིག་པར་བྱའོ། །ཉན་ཐོས་ནི་འདུ་བྱེད་དང་ཉོན་མོངས་པ་དང་། སེམས་ཅན་གྱི་དོན་ལ་མི་ཕྱོགས་པའི་ཕྱིར་གཅིག་ཏུ་ཞི་བར་གནས་པའི་བསམ་པ་ཅན་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་ཞི་
བ་ཐོབ་ཀྱང་དེ་ལས་བཟློག་པ་ཡིན་ནོ། །ཉན་ཐོས་ནི་བདག་ཉིད་ཀྱི་བདེ་བ་ཡང་དག་པར་འཕེལ་བར་བྱེད་པ་དཀར་པོའི་ཆོས་ཆུང་ངུ་དག་དང་ལྡན་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་དག་པར་འཕེལ་བར་བྱེད་པ་དཀར་པོའི་ཆོས་ཚད་མེད་པ་དང་ལྡན་
པ་ཡིན་ནོ། །ཉན་ཐོས་ནི་འདུས་མ་བྱས་ཀྱི་ཤེས་པས་བདག་ཉིད་ཉོན་མོངས་པ་རྣམས་ཀྱིས་གསོག་དང་གསོབ་ཏུ་བྱེད་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་ཕྱོགས་བཞིའི་སེམས་ཅན་ཐམས་ཅད་དོ། །ཉན་ཐོས་ནི་རྣམ་པར་གྲོལ་བའི་ཆོས་མཆོག་ལ་དམིགས་པའི་ཡིད་ལ་བྱེད་པ་
ལས་ཡང་དག་པར་གྲུབ་ཀྱང་སངས་རྒྱས་ཀྱི་སྲས་སུ་མི་འགྱུར་གྱི། བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་དང་། སེམས་ཅན་དང་། ཆོས་ངན་པ་ལ་དམིགས་པའི་ཡིད་ལ་བྱེད་པ་ལས་ཡང་དག་པར་གྲུབ་ཀྱང་སངས་རྒྱས་ཀྱི་སྲས་སུ་གྱུར་པ་ཡིན་ནོ། །ཉན་ཐོས་ནི་བརྩོན་འགྲུས་
བརྩམས་ཤིང་བདེན་པ་ལ་མཁས་པ་དང་། །སེམས་ལེགས་པར་མཉམ་པར་གཞག་ཀྱང་སངས་རྒྱས་ཀྱི་རིགས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལྟར་སངས་རྒྱས་རྣམས་ཀྱིས་ཡོངས་སུ་མི་གཟུང་གི །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པ་ཡིན་ནོ། །

ཉན་ཐོས་ནི་མཐར་ཐུག་པར་གྱུར་པ་ཡིན་པའི་ཕྱིར་དབང་པོ་ཡོངས་སུ་སྨིན་པ་ཡིན་ཡང་ཕྱིས་སངས་རྒྱས་ཀྱི་མཛད་པ་བྱེད་མི་ནུས་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་སྐད་ཅིག་དེ་ལ་དང་པོ་སེམས་བསྐྱེད་པས་ཀྱང་ནུས་སོ། །ཉན་ཐོས་ནི་མཐར་ཐུག་པར་གྱུར་ཀྱང་ཇི་
ལྟར་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་སྦྱོར་བ་ལ་ཞུགས་པ་དེ་ལྟར་ལྷ་དང་མི་རྣམས་ཀྱིས་མཆོད་པར་བྱ་བ་དང་བསྟོད་པར་བྱ་བའི་འོས་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་མཐར་ཐུག་པར་གྱུར་པ་མ་ཡིན་ཡང་མཐུ་དང་ཤེས་པ་དག་གིས་ཉན་ཐོས་
དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་ནོ། །ཉན་ཐོས་ནི་ཉོན་མོངས་པའི་ནད་ཞི་བར་བྱེད་པ་ཡེ་ཤེས་ཀྱི་སྨན་ཡོངས་སུ་གྲུབ་པ་ཡིན་ཡང་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱེད་པ་མ་ཡ