Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 131

Văn bản gốc(Tây Tạng)

Trang 8 / 21 (50.000 ký tự/trang)
ིན་གྱི། བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དོན་ལ་ཞུགས་པའི་ཕྱིར་དེ་
ལས་བཟློག་པ་ཡིན་ནོ། །ཉན་ཐོས་ནི་མཐར་ཐུག་པར་གྱུར་པ་ཡིན་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ཟད་པ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་བྱེད་པའི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་ཀྱི་འོས་ཉིད་དུ་གྱུར་པ་དེ་ལྟ་བུ་མ་ཡིན་གྱི། བྱང་ཆུབ་སེམས་
དཔའ་ནི་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་དུས་རྟག་ཏུ་ཉན་ཐོས་པས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་དག་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་དག་ལས་དེ་དག་ཡང་དག་པར་འགྲུབ་པའི་ཕྱིར་རོ། །དེ་དག་
ནི་རྒྱུ་གཉིས་ན་ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་དེ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱས་པའི་ཕྱིར་ཏེ། དེ་ལས་བྱང་ཆུབ་ཀྱི་འབྲས་བུ་བརྙེས་པ་དང་། ཇི་ལྟར་ན་ཡོངས་སུ་སྨིན་
པར་བྱས་པའི་སེམས་ཅན་རྣམས་རྣམ་པར་གྲོལ་བར་མཛད་དེ། འདི་ལྟ་སྟེ་དཔེར་ན་སྒྲུབ་པ་པོ་དང་གཡོས་མཁན་ལ་ངོ་མཚར་གྱི་བློ་འབྱུང་བ་ལྟར། ཟ་བ་པོ་ལ་དེ་ལྟ་མ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་རིག་པར་བྱའོ། །ཉན་ཐོས་ནི་གཅིག་ཏུ་རྣམ་པར་དག་པའི་ཆོས་ཀྱི་རྒྱུ་ཡང་དག་

པར་བླངས་ཏེ་གནས་ཤིང་དགེ་བའི་བཤེས་གཉེན་དུ་མས་ཡོངས་སུ་གཟུང་ཡང་། བྱང་ཆུབ་ཆེན་པོའི་འབྲས་བུ་མངོན་པར་འགྲུབ་པར་མི་འགྱུར་གྱི། བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པས་ཀྱང་འགྲུབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ལ་བརྟེན་ནས་ནི་ཉན་ཐོས་རྣམས་འབྱུང་
བར་འགྱུར་གྱི། ཉན་ཐོས་ལ་བརྟེན་ནས་ནི་བྱང་ཆུབ་སེམས་དཔའ་རྣམས་མི་འབྱུང་ངོ་། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས་པ་དག་གིས་གཞན་གྱི་དོན་བྱ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཕྱོགས་ཐམས་ཅད་དུ་ཁམས་འཕོ་ཡང་རུང་། ཡུལ་གཞན་
དུ་འཕོ་ཡང་རུང་། སྐྱེ་བ་གཞན་དུ་འཕོ་ཡང་རུང་། གཞན་གྱིས་གསོལ་བ་བཏབ་ཀྱང་རུང་སྟེ། ཉོན་མོངས་པའི་འབྱུང་པོའི་གདོན་གྱིས་བརླམས་པའི་སེམས་ཅན་རྣམས་ལ། བསླབ་པ་གསུམ་གྱི་ལམ་རྣམ་པར་དག་པ་ཉེ་བར་སྟོན་པས་གསོ་བར་བྱེད་པ་ན་སྨན་པ་བླ་ན་མེད་པ་ཡིན་ནོ། །
འཇིག་རྟེན་པའི་ཤེས་པ་གང་ཞེ་ན། ཀུན་ནས་ཉོན་མོངས་པ་རགས་པ་སེལ་བའི་གཉེན་པོ་དང་། འབྲིང་རྣམ་པར་གནོན་པའི་གཉེན་པོ་གང་ཡིན་པའོ། །ཀུན་ནས་ཉོན་མོངས་པ་རགས་པ་གང་ཞེ་ན། ཁྱིམ་པ་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤྱད་པ་ཉིད་དང་
རབ་ཏུ་བྱུང་བ་རྣམས་ཀྱི་ལྟ་བ་ལ་བརྟེན་པ་ཉིད་དང་། དེའི་གནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྟེན་པ་ཉིད་དང་། ཡང་སྲིད་པར་སྨོན་པ་ལ་བརྟེན་པ་ཉིད་དང་། ཕྱིན་ཅི་ལོག་བཞི་པོ་བསྡུས་པ་དང་། རེ་རེ་དག་གིས་ཐར་པ་མ་ཡིན་པ་ལ་ཐར་པར་མངོན་པར་ཞེན་པ་ལ་
བརྟེན་པ་ཉིད་གང་ཡིན་པའོ། །ཀུན་ནས་ཉོན་མོངས་པ་འབྲིང་གང་ཞེ་ན། རང་རང་གི་གཉེན་པོ་ལ་བརྟེན་པས་ཀུན་ནས་ཉོན་མོངས་པ་རགས་པ་བསྩལ་བའི་ཡུལ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཀུན་ནས་དཀྲིས་པའི་གནས་ཉིད་གང་ཡིན་པའོ།
དམིགས་པ་ལ་ཡང་དག་པར་གཏང་པས་མཉམ་པར་མ་བཞག་པའི་སེམས་མཉམ་པར་གཞག་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱིས་བརྩོན་པར་བྱེད་པ་ན། དེ་རྣམ་པར་གནོན་པར་བྱེད་ཅིང་། བསྒོམ་པ་དེས་བདག་ཉིད་རབ་ཏུ་འཛིན་པར་ཡང་མི་བྱེད་

པར་དམིགས་པ་ལ་སེམས་ཉེ་བར་གཏད་དེ་གནས་པར་བྱ་བའི་ཕྱིར་འབད་པར་བྱེད་དོ། །དེའི་འོག་ཏུ་གནས་པ་རབ་ཏུ་འཛིན་པར་བྱེད་དེ། དེ་རབ་ཏུ་བཟུང་བས་ལུས་ལ་རིལ་པོར་འཛིན་པ་གང་གིས་ཀུན་ནས་དཀྲིས་པ་འབྲིང་འབྱུང་བར་འགྱུར་བ་དེ་རྣམ་པར་གནོན་
པར་འགྱུར་རོ། །དེའི་འོག་ཏུ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་སྤངས་ཏེ། གཉེན་པོ་ལ་གནས་པར་འགྱུར་ཞིང་དེ་ཉིད་བརྟན་པར་བྱེད་དོ། །དེའི་འོག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཀུན་ཏུ་རྨོངས་པ་དང་། གང་ཟག་ལ་བདག་མེད་པ་ལ་ཀུན་ཏུ་རྨོངས་པ་དང་།
ཆོས་ལ་བདག་མེད་པ་ལ་ཀུན་ཏུ་རྨོངས་པ་རྣམ་པར་གནོན་པར་བྱེད་དོ། །དེའི་འོག་ཏུ་ལམ་ངན་པ་དང་ལམ་ལ་ངེས་པར་འགྱུར་ཏེ། དེ་ལྟར་རྣམ་པ་དེ་དག་གིས་ཀུན་ནས་ཉོན་མོངས་པ་རགས་པ་དང་འབྲིང་སེལ་བ་དང་རྣམ་པར་གནོན་པའི་གཉེན་པོར་གྱུར་པའི་ཤེས་པ་གང་ཡིན་པ་དེ་ནི་
འཇིག་རྟེན་པའི་ཤེས་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཤེས་པ་གང་ཞེ་ན། དེ་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཀུན་ནས་དཀྲིས་པའི་ཀུན་ནས་ཉོན་མོངས་པ་རྣམ་པར་མནན་པའི་ཀུན་ནས་ཉོན་མོངས་པའི་བག་ལ་ཉལ་ཕྲ་མོའི་གཉེན་པོར་གྱུར་
པའི་ཤེས་པ་གང་ཡིན་པའོ། །དེ་ཡང་གང་ཞེ་ན། རྣམ་པར་གནོན་པའི་གཉེན་པོ་དེ་ལ་གནས་གསུམ་ལ་མཁས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གང་ཟག་ལ་བདག་མེད་པར་མོས་པ་དང་། ཆོས་ལ་བདག་མེད་པར་མོས་པའི་ཀུན་ནས་ཉོན་མོངས་པ་མ་ལུས་པ་
ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་མི་ཤེས་པ་རྣམ་པ་བཞིའོ། །སྤྱིའི་མཚན་ཉིད་མི་ཤེས་པ་དང་། རང་གི་མཚན་ཉིད་མི་ཤེས་པ་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་མི་ཤེས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་མི་ཤེས་པའི་གཉེན་པོས་ལུང་ནོད་པ་ལ་མི་ལྟོས་པར་སོ་སོའི་བདག་ཉིད་ཀྱི་སེམས་
ལ་སོ་སོར་རྟོག་ཅིང་འབད་པ་གང་ཡིན་པའོ། །དེ་ལ་སེམས་ཀྱི་སྤྱིའི་མཚན་ཉིད་ནི་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལྐོག་ན་གཡོ་བ་མེད་པ་ཉིད་དང་། དེ་ལྟར་གྱི་སྐད་ཅིག་པ་གཡོ་བ་མེད་པ་ཉིད་དང་། འདོད་ཆགས་ལ་སོགས་པ་རྐྱེན་ལས་བྱུང་བའི་སེམས་

ཀྱིས་མ་བྱས་པ་ཉིད་ཀྱིས་སོ། །སེམས་ཀྱི་རང་གི་མཚན་ཉིད་ཀྱང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། སྔ་མ་བཞིན་དུ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་མི་དམིགས་པ་དང་། སྔ་མ་བཞིན་དུ་རྣམ་པ་དྲུག་གིས་དེ་བཞིན་ཉིད་མི་དམིགས་པ་དང་། འཕགས་པ་ཐམས་ཅད་ཀྱི་བྱེ་བྲག་
མེད་པའི་ཤེས་པ་མི་དམིགས་པས་སོ། །སེམས་ཀྱི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། འགྲུབ་པ་དང་། འཇུག་པ་དང་། རྒྱུ་བས་ཏེ། འགྲོ་བ་རྣམས་སུ་ལུས་སྣ་ཚོགས་འགྲུབ་པ་ལས་ནི་ཀུན་ནས་ཉོན་མོངས་པ་འགྲུབ་པ་ཡིན་ནོ། །
དེ་ལྟར་འགྲུབ་པ་རང་གི་སྐད་ཅིག་གི་རྒྱུན་གྱིས་འཇུག་པ་དང་། དམིགས་པ་ཐམས་ཅད་ལ་གཟུང་དཀའ་བར་འཇུག་པ་དང་། སྲེད་པའི་བག་ཆགས་པས་དབང་བསྒྱུར་བས་འཇུག་པ་ལས་ནི་ཀུན་ནས་ཉོན་མོངས་པ་འཇུག་པ་ཡིན་ནོ། །གང་དུ་རྒྱུ་བ་དང་ཇི་ལྟར་རྒྱུ་བ་ལས་ནི་ཀུན་ནས་
ཉོན་མོངས་པ་རྒྱུ་བ་ཡིན་ཏེ། རེས་འགའ་ནི་མི་དགེ་བ་ལ། རེས་འགའ་ནི་དགེ་བ་ལ། རེས་འགའ་ནི་ཡུལ་ལ། རེས་འགའ་ནི་ལས་མངོན་པར་འདུ་བྱ་བ་ལའོ། །རེས་འགའ་ནི་ཉོན་མོངས་པ་རྣམས་ལ་སྟེ། ཉོན་མོངས་པ་རྣམས་ལ་རྒྱུ་བ་ན་ཡང་འདོད་ཆགས་དང་ཞེ་སྡང་ལ་སོགས་
པ་ངེས་པར་མི་གནས་པ་དེ་ཉིད་འདོད་ཆགས་དང་བཅས་པར་གྱུར་ནས། འདོད་ཆགས་དང་བྲལ་བར་འགྱུར་བ་དང་། འདོད་ཆགས་དང་བྲལ་བར་གྱུར་ནས། འདོད་ཆགས་དང་བཅས་པར་འགྱུར་བ་དང་། དེ་ལྟ་བུ་ལ་སོགས་པ་མ་ཡིན་པ་ལ་རྒྱུ་བ་དང་། བདེ་བ་ལ་སོགས་པའི་གནས་
ལྟ་བུའི་ཆོས་རྣམས་ལ་དབང་ཕྱུག་ཐོབ་ཅིང་རྒྱུ་བ་དང་། བདག་ཉིད་ཀྱི་བདེ་བ་སྤངས་ཏེ་སྡུག་བསྔལ་ཀུན་ཏུ་སྐྱེད་པར་བྱེད་པ་དང་། དེ་ཡང་མངོན་པར་ཞེན་པ་ལས་མ་ཡིན་གྱི། ཕྱིན་ཅི་ལོག་ལས་ཡིན་པ་དང་དེ་དག་གིས་བདག་ཉིད་ལ་སྡུག་བསྔལ་ཉེ་བར་བསྒྲུབ་པ་དག་གིས་རྣམ་པར་མི་ངོམས་པར་བྱེད་
པ་དང་། དགེ་བ་རྣམས་ལ་ངེས་པར་སྦྱར་བ་ན་དེ་སྤང་བའི་ཕྱིར་སྐབས་ཡོངས་སུ་ཚོལ་བར་བྱེད་པ་དང་། མི་དགེ་བ་ཡང་དག་པར་བླང་བའི་ཕྱིར་སྐྱོན་ཡོངས་སུ་ཚོལ་བར་བྱེད་པ་དང་། འབྱོར་པ་དང་། རྒུད་པ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དག་གིས་བཅོམ་པར་འགྱུར་བ་

དང་། བག་མེད་པའི་དབང་དུ་སོང་ཞིང་དགེ་བའི་རྩ་བ་བྱས་པ་དང་མ་བྱས་པ་ཐམས་ཅད་ཟད་པར་བྱེད་པ་དང་། གཟུགས་ལ་སོགས་པ་ཡུལ་ལ་མངོན་པར་དགའ་བའི་ཕྱིར། གཏན་དུ་ཕན་པ་འཆི་བ་མེད་པའི་དབྱིངས་ལ་སོ་སོར་བརྟགས་ཤིང་སོ་སོར་ཉེས་པར་རྣམ་པར་
འཇོག་པར་བྱེད་པ་སྟེ། དེ་ལྟར་དོན་དེ་ཀུན་ཏུ་སྟོན་པར་བྱེད་པ་ཉོན་མོངས་པ་ཅན་གྱིས་བསྡུས་པའི་དཔེའི་དངོས་པོ་དག་ཀྱང་རིག་པར་བྱའོ། །སེམས་ཀྱི་རྣམ་པར་བྱང་བའི་མཚན་ཉིད་ཀྱང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། མི་རྟོགས་པ་དང་རྟོགས་པའི་མཚན་ཉིད་དང་། འདུས་མ་
བྱས་ཀྱི་མཚན་ཉིད་དང་། རིགས་ཀྱི་མཚན་ཉིད་ཀྱིས་ཏེ། དེ་ལས་གཞན་དུ་ཚུལ་བཞིན་མ་ཡིན་པར་བརྩོན་པས་ནི་སེམས་རྣམ་པར་དག་པ་སྒྲུབ་པར་བྱེད་ཀྱང་མི་རྟོགས་ཀྱི། དེ་ལྟར་ཚུལ་བཞིན་དུ་བརྩོན་པར་བྱེད་པས་ནི་རྟོགས་པར་འགྱུར་ཏེ། དེ་ཡང་ཐ་སྙད་ལས་བྱུང་
བའི་ངོ་བོ་ཉིད་དུ་ནི་མི་མཐོང་ལ། དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་མཐོང་བ་ན་མཐོང་ངོ་། །འདུས་མ་བྱས་ཀྱི་མཚན་ཉིད་དེ་ནི་རྣམ་པ་དགུས་བལྟ་བར་བྱ་སྟེ། དུས་རྣམས་སུ་རྒྱུ་བ་མེད་པ་དང་། ཇི་ལྟར་འགོག་པའི་སྙོམས་པར་འཇུག་པ་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་
ཀྱིས་དམིགས་སུ་མེད་ལ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་དམིགས་སུ་ཡོད་པ་ལྟ་བུ་མ་ཡིན་པའི་ཕྱིར། གཉིས་སུ་མེད་པའི་མཚན་ཉིད་དང་། སྐྱེ་བ་མེད་པའི་མཚན་ཉིད་དང་། སྐྱེ་བའི་རྒྱུའི་ངོ་བོ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་། ཕྱི་མར་སྐྱེ་བ་ལས་ཡང་
དག་པར་འདས་པ་དང་། འཆི་འཕོ་བ་ལས་ཡང་དག་པར་འདས་པ་དང་། སྐད་ཅིག་གཅིག་ནས་གཅིག་ཏུ་འབྲལ་བ་ལས་ཡང་དག་པར་འདས་པ་དང་། འགྲོ་བ་འགྱུར་བ་ལས་ཡང་དག་པར་འདས་པ་དང་། ལས་ཀྱིས་ཀུན་ནས་ཉོན་མོངས་པའི་འདུ་བྱེད་ལས་ཡང་དག་པར་འདས་པ་ཉིད་ཀྱིས་སོ། །དེ་
ལ་རིགས་ཀྱི་མཚན་ཉིད་ནི་མི་སློབ་པའི་ཁམས་ཀྱི་མཚན་ཉིད་ཡིན་པར་བལྟ་བར་བྱ་སྟེ། ཚེ་འདི་ལ་དངོས་པོ་ལྔ་ལས་ཡང་དག་པར་འདས་པ་ཡང་ཡིན་ཏེ། བྱ་བ་ལས་ཡང་དག་པར་འདས་པ་དང་། བྱ་བ་མེད་པ་ལས་ཡང་དག་པར་འདས་པ་དང་། བྱ་བའི་སྦྱོར་བ་ལས་ཡང་དག་པར་འདས་པ་དང་། བྱ་བའི་སྦྱོར་བ་མེད་པ་ལས་

ཡང་དག་པར་འདས་པ་དང་། བྱ་བ་མེད་པའི་སྦྱོར་བ་ལས་ཡང་དག་པར་འདས་པའོ། །ཚེ་ཕྱི་མ་ལ་དངོས་པོ་དྲུག་ལས་ཡང་དག་པར་འདས་པ་ཡང་ཡིན་ཏེ། ཚེ་ཕྱི་མ་ལ་ཡང་སྲིད་པ་འབྱུང་བའི་འདུ་བྱེད་ཀུན་ནས་སློང་བར་བྱེད་པ་ལས་ཡང་དག་པར་འདས་པ་དང་། དེ་འདུ་བྱེད་པ་ལས་ཡང་དག་
པར་འདས་པ་དང་། དེའི་འབྲས་བུ་འགྲུབ་པ་ལས་ཡང་དག་པར་འདས་པ་དང་། དེ་ལ་བརྟེན་པའི་འབྱོར་བ་དང་རྒུད་པ་ལས་ཡང་དག་པར་འདས་པ་དང་། དེའི་གནས་ལུང་དུ་མ་བསྟན་པ་ཡོངས་སུ་གཡོ་བ་ཐམས་ཅད་ལ་སློབ་པ་དང་སྨོས་པ་དང་རྗེས་སུ་སྦྱོར་བ་ལས་ཡང་དག་པར་
འདས་པ་དང་། དེའི་གནས་ལུས་སྣ་ཚོགས་ལས་ཡང་དག་པར་འདས་པའོ། །རིགས་ཀྱི་མཚན་ཉིད་དེ་ཡང་གནས་སྐབས་བཞིར་རྣམ་པ་དགུར་རིག་པར་བྱ་སྟེ། རྣམ་པར་མ་དག་པའི་གནས་སྐབས་དང་། རྣམ་པར་དག་པའི་གནས་སྐབས་དང་། སོ་སོར་རྟོགས་པའི་
གནས་སྐབས་དང་། ཡོངས་སུ་གཏུགས་པའི་གནས་སྐབས་སོ། །རྣམ་པར་མ་དག་པའི་གནས་སྐབས་ནི་མཚན་མ་ཐམས་ཅད་ལ་ཡང་དག་པར་རྗེས་སུ་སོང་བའི་ཕྱིར་ནམ་མཁའ་ལྟ་བུ་ཡིན་ནོ། །རྣམ་པར་དག་པའི་གནས་སྐབས་ནི་རོ་གཅིག་པ་དང་། ལུས་དང་སེམས་
དབེན་པ་ཡིན་ནོ། །སོ་སོར་རྟོགས་པའི་གནས་སྐབས་ནི་མཐར་ཐུག་པར་འགྲོ་བའི་རྗེས་སུ་མཐུན་པ་དང་། ཉོན་མོངས་པའི་རང་བཞིན་ཐམས་ཅད་དང་བྲལ་ཞིང་དྲི་མ་མེད་པ་དང་། འཇིག་ཚོགས་ལ་ལྟ་བ་ལས་ཡང་དག་པར་འདས་པ་དང་། དེའི་རྩ་བ་ལས་བྱུང་བ་མི་མཐུན་པར་
ལྟ་བའི་རྣམ་པ་ལས་ཡང་དག་པར་འདས་པ་ཡིན་ནོ། །ཡོངས་སུ་གཏུགས་པའི་གནས་སྐབས་ནི་ཡོངས་སུ་གྲུབ་པའི་བདེ་བ་དང་། འགྱུར་བ་རྣམ་པ་གསུམ་ལས་ཡང་དག་པར་འདས་པ་ཡིན་ཏེ། དེ་ལ་འགྱུར་བ་རྣམ་པ་གསུམ་ནི་འདི་དག་ཡིན་ཏེ། རྒ་ཤི་ལ་སོགས་པའི་
འགྱུར་བ་དང་། ཕྱིན་ཅི་ལོག་གི་གནས་ཀྱི་འགྱུར་བ་དང་། རྣམ་པར་དག་པ་ལས་ཡོངས་སུ་ཉམས་པའི་འགྱུར་བའོ།། །།བམ་པོ་བཞི་བཅུ་གསུམ་པ་སྟེ་ཐ་མའོ། །བྱང་ཆུབ་སེམས་དཔའ་གདམས་ངག་ལ་ཉན་ཐོས་ཀྱི་བསླབ་པ་གང་ཞེ་ན། འདི་ལྟ་སྟེ་བརྣབ་

སེམས་དང་། ཡིད་ཀྱི་མི་བདེ་བ་འདུལ་བས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྦྱོར་བ་དང་། ཀུན་ཏུ་སྐྱོ་བ་ཡིད་ལ་བྱེད་པས་ལྷག་པའི་སེམས་ཀྱི་བསླབ་པ་ལ་སྦྱོར་བ་དང་། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པས་ལྷག་པའི་ཤེས་རབ་ཀྱི་
བསླབ་པ་ལ་སྦྱོར་བའོ། །དེ་ལ་ལྟུང་བ་ཀུན་ནས་སློང་བར་བྱེད་པ་བརྣབ་སེམས་དང་ཡིད་མི་བདེ་བ་ནི་ཇི་ལྟར་སེལ་བར་མི་བྱེད་པ་དང་། ཇི་ལྟར་མ་བསྩལ་བ་དང་། ཇི་ལྟར་སེལ་བར་བྱེད་པ་དང་། ཇི་ལྟར་བསྩལ་བའི་རྣམ་པ་དེ་བཞིས་རིག་པར་བྱ་སྟེ། རང་གི་སེམས་ཀྱི་ཚུལ་
བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ཀུན་ནས་བསློངས་པའི་བརྣབ་སེམས་དང་། འཇིག་ཚོགས་ལ་ལྟ་བ་དང་། གནོད་སེམས་ལ་གལ་ཏེ་ཡུལ་ལས་སམ། གཞན་ལས་བྱུང་བར་སེམས་ན། དེ་ནི་སེལ་བར་མི་བྱེད་པ་ཡིན་ནོ། །གལ་ཏེ་ཡུལ་གྱིས་སམ། གཞན་ལ་གནོད་
པ་བྱེད་པའི་སྦྱོར་བས་འཕྲོགས་པར་འགྱུར་ན་དེ་ནི་མ་བསལ་བ་ཡིན་ནོ། །གཅིག་ལ་བསལ་ན་གཅིག་ཀྱང་མ་བསལ་བར་བལྟ་བར་བྱ་ལ། གཅིག་བསལ་ན་གཅིག་ཀྱང་བསལ་བར་བལྟ་བར་བྱ་སྟེ། མ་བསལ་བས་ནི་སྡོམ་པ་ལ་གནས་པ་ཡང་ལྷག་པའི་ཚུལ་ཁྲིམས་ལས་
ཉམས་པར་འགྱུར་ན། སྡོམ་པ་ལ་གནས་པ་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། ལྷག་པའི་སེམས་ཀྱི་བསླབ་པའི་གགས་ནི་དམིགས་པ་ལས་རྣམ་པར་གཡེང་བའི་འཁྲུལ་པ་ཡིན་ནོ། །གང་ཟག་ལ་བདག་མེད་པ་ལས་བརྩམས་ནས་ལྷག་པའི་ཤེས་རབ་ལ་བརྩོན་པའི་གགས་ནི་
འཇིག་ཚོགས་ལ་ལྟ་བ་ཡིན་ནོ། །ཆོས་ལ་བདག་མེད་པ་ལས་བརྩམས་ནས་ལྷག་པའི་ཤེས་རབ་ལ་བརྩོན་པའི་གགས་ནི་ངོ་བོ་ཉིད་དང་བྱེ་བྲག་ཏུ་རྟོགས་པ་དང་རྣམ་པར་རྟོག་པའི་འཆིང་བ་ཡིན་ནོ། །བསླབ་པ་གསུམ་པོ་དེ་དག་རྣམ་པར་བསྒོམ་པ་ལ་བསླབ་པ་དང་མི་མཐུན་པའི་ཆོས་
བརྒྱད་དང་བསླབ་པ་དང་རྗེས་སུ་མཐུན་པའི་ཆོས་བརྒྱད་ཡོད་དེ། དོན་མེད་པ་ལ་ཡོངས་སུ་ཞེན་པ་དང་། ཡོངས་སུ་ཞེན་པ་ལས་འཆིང་བ་དང་། འཆིང་བ་ལས་བར་ཆད་དང་། བར་ཆད་ལས་དྲི་མ་དང་། དྲི་མ་ལས་ཐོག་ཐོག་དང་། ཐོག་ཐོག་ལས་རྨ་དང་། རྨ་ལས་ཡོངས་སུ་གདུང་བ་

དང་། ཡོངས་སུ་གདུང་བ་ལས་ཉོན་མོངས་པའི་ནད་གསོ་དཀའ་བ་འབྱུང་བའོ། །བསླབ་པ་དང་རྗེས་སུ་མཐུན་པའི་ཆོས་བརྒྱད་ནི་དེ་དག་ལས་བཟློག་པ་ཁོ་ན་ལས་རིག་པར་བྱའོ། །ལེགས་པར་མ་བསླབས་པའི་དགེ་སྦྱོང་གང་ཞེ་ན། དེ་དག་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དགེ་སྦྱོང་གི་
ཚུལ་ལ་མི་ལྟ་ཞིང་ཆ་ལུགས་དང་རྟགས་མཐུན་པ། ཆོ་ག་དང་། འཚོ་བ་དང་། ལོངས་སྤྱོད་དང་། བརྩོན་པ་དང་། ཚུལ་ཁྲིམས་དང་། ལྟ་བ་དང་། བསམ་པ་མི་མཐུན་པ་དང་། ཡོ་བྱད་ལ་ཡོངས་སུ་གཞོལ་བ་དང་། ལྷག་པའི་ཚུལ་ཁྲིམས་དང་རྟགས་མཐུན་པ། ལྷག་པའི་
སེམས་དང་རྟགས་མཐུན་པ། ལྷག་པའི་ཤེས་རབ་དང་རྟགས་མཐུན་པ་ལ། དེ་དག་བསྒྲུབ་པའི་བསམ་པ་དང་མི་མཐུན་པ་དང་། སྒྲ་ལ་ཡོངས་སུ་གཞོལ་བ། ཞི་གནས་ཀྱི་ཡན་ལག་དང་མཐུན། ལྷག་མཐོང་གི་ཡན་ལག་དང་མཐུན། དེ་གཉི་ག་བསྒོམ་པའི་ཡན་ལག་དང་མཐུན།
དེ་གཉི་གའི་ཚོགས་ཀྱི་ཡན་ལག་དང་མཐུན། དེ་ལ་དེ་དག་གི་བསམ་པ་དང་མི་མཐུན་པའོ། །ལེགས་པར་བསླབས་པའི་དགེ་སྦྱོང་གང་ཞེ་ན། དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། སྦྱོར་བ་དང་། བསམ་པ་དང་། རྟོགས་པ་དང་། མཐར་ཐུག་པར་འགྲོ་བས་སོ། །ཚེ་འདི་ལ་ཀུན་ཏུ་
སྐྱོ་བའི་སྦྱོར་བ་དང་། ཚེ་རབས་སྔ་མ་ལ་རྒྱུད་ཡོངས་སུ་སྨིན་པའི་སྦྱོར་བས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ། །ཆོས་བདག་མེད་པ་ལ་མོས་པའི་བསམ་པ་དང་ལྡན་པའི་ཕྱིར་གང་ཐོབ་པར་བྱ་བ་དང་། གང་གིས་ཐོབ་པར་བྱ་བ་དེ་གཉིས་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་
ཉིད་དུ་མངོན་པར་ཞེན་པ་མེད་པ་དང་། དགོངས་པ་ཅན་གྱི་དོན་ཡོངས་སུ་ཚོལ་བ་དང་། སྒྲ་ཙམ་གྱི་རྗེས་སུ་མི་འབྲང་བས་ནི་བསམ་པ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ། །གཞན་གྱི་དྲིང་ལ་མི་འཇོག་པའི་ཤེས་པས་ཆོས་ཀྱི་དེ་བཞིན་ཉིད་ལ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་
པ་མེད་པར་རྟོགས་པ་དང་། དེ་ལ་དཀོན་མཆོག་གི་བརྡ་དང་། མྱ་ངན་ལས་འདས་པ་དང་། འཁོར་བ་དང་། འཆིང་བ་དང་། ཐར་པའི་བརྡའི་ངོ་བོ་ཉིད་མི་དམིགས་པས་ནི་རྟོགས་པ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ་ཤིན་

ཏུ་བསྒོམས་པ་དང་། དེ་བཞིན་ཉིད་རྒྱུན་མི་འཆད་པ་དང་། མི་འཇིགས་པས་ནི་མཐར་ཐུག་པར་འགྲོ་བ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་ལེགས་པར་མ་བསླབས་པའི་དགེ་སྦྱོང་ནི་རྣམ་པ་གསུམ་གྱིས་ན་མིང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་
པར་རིག་པར་བྱ་སྟེ། བསམ་པ་རྒུད་ལ་སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་ལ་སྦྱོར་བ་རྒུད་པ་དང་། བསམ་པ་ཡང་རྒུད་ལ་སྦྱོར་བ་ཡང་རྒུད་པས་སོ། །དེ་ལ་བསམ་པ་རྒུད་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ནི་རྣམ་པ་གསུམ་སྟེ། ཉན་པ་དེ་ཙམ་གྱིས་
ཆོག་པར་འཛིན་པ་དང་། སྨྲ་བ་དེ་ཙམ་གྱིས་ཆོག་པར་འཛིན་པ་དང་། འཇིག་རྟེན་པའི་ཏིང་ངེ་འཛིན་རྟོགས་པར་བྱེད་པ་དེ་རོ་མྱང་བ་ཙམ་གྱིས་ཆོག་པར་འཛིན་པའོ། །ལེགས་པར་བསླབས་པའི་དགེ་སྦྱོང་ནི་རྣམ་པ་གཅིག་ཁོ་ནས་མིང་དོན་ཇི་ལྟ་བ་བཞིན་ཡིན་པར་རིག་པར་བྱ་སྟེ། བསམ་
པ་ཡང་ཕུན་སུམ་ཚོགས་ལ་སྦྱོར་བ་ཡང་ཕུན་སུམ་ཚོགས་པས་སོ། །བརྡར་བཏགས་པའི་སྡོམ་པ་ལ་གནས་པ་གང་ཞེ་ན། དེ་དག་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ཉམས་པ་གཉིས་པོ་འཇིག་ཚོགས་ལ་ལྟ་བས་ཀུན་ནས་
དཀྲིས་པས་ལྟུང་བ་འབྱུང་བ་དང་། དེ་ལས་བསླབ་པ་ལ་མི་མཁས་པས་ཉམས་པ་དང་། ཉེས་པ་དེ་གཉི་ག་སྤངས་སུ་ཟིན་ཀྱང་འཇིག་རྟེན་པའི་རྣམ་པར་དག་པ་མ་ཐོབ་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་རྣམ་པར་བསྩལ་བ་དང་། འཇིག་རྟེན་པའི་རྣམ་པར་དག་པའི་སྡོམ་པ་
ཐོབ་ཅིང་འཇིག་ཚོགས་ལ་ལྟ་བ་རྣམ་པར་བསྩལ་དུ་ཟིན་ཀྱང་ཡོ་བྱད་མ་བསྙུངས་ཤིང་ཆོས་བདག་མེད་པས་སྐྲག་པས་ཚུལ་ཁྲིམས་ཉམས་པ་དང་། སྐྱོན་གཞན་ཐམས་ཅད་སྤངས་སུ་ཟིན་ཀྱང་ཆོས་བདག་མེད་པ་ལ་ལོག་པར་མོས་པས་ཚུལ་ཁྲིམས་ཉམས་པའོ། །དོན་དམ་
པའི་སྡོམ་པ་ལ་གནས་པ་གང་ཞེ་ན། འཇིག་རྟེན་ལས་འདས་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ། ཁམས་གསུམ་པའི་གཉེན་པོའི་ཚུལ་ཁྲིམས་དང་ལྡན་པ་གང་ཡིན་པའི་སྡོམ་པ་ལ་གནས་པ་བཞི་ལ། སྤྲོས་པའི་ཆོས་གང་དག་དམིགས་པ་དེ་དག་རབ་ཏུ་ཞི་བའི་

མཚན་ཉིད་གང་ཡིན་པ་དེ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་པར་རིག་པར་བྱ་སྟེ། སྤྲོས་པའི་ཆོས་རྣམས་གང་ཞེ་ན། སྡོམ་པ་ལ་གནས་པ་དང་པོ་ལ་ནི་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་དང་། ལྟུང་བའི་བྱ་བ་དང་། དེའི་བྱ་བ་མེད་པ་དང་། བསམས་བཞིན་
དུ་བྱེད་པའི་སྦྱོར་བ་དང་། དེའི་སྦྱོར་བ་མེད་པ་དང་། ཤེས་བཞིན་དུ་སྤྱོད་པ་དང་། དེའི་སྤྱོད་པ་མེད་པ་དང་། བརྗེད་ངས་པས་སྤྱོད་པ་དང་། དེའི་སྤྱོད་པ་མེད་པ་ཡང་དམིགས་པའོ། །གཉིས་པ་ལ་ནི་འཇིག་ཚོགས་ལ་ལྟ་བའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་ལྡན་པའི་
མིང་དང་། གཟུགས་དང་། ཕྱི་མར་སྐྱེ་བའི་རྒྱུ་དང་། འཕྲལ་ལ་དེའི་རྒྱུ་མེད་པ་ཉིད་དང་། ཀུན་ནས་དཀྲིས་པ་རབ་ཏུ་ཞི་བ་དང་། བག་ལ་ཉལ་བ་ལས་དེ་རབ་ཏུ་མ་ཞི་བ་དང་། གང་ཟག་ལ་བདག་མེད་པར་འཛིན་པ་དང་། གང་ཟག་ཏུ་འཛིན་པ་སྤོང་བ་དང་། གང་ཟག་ལ་བདག་མེད་
པར་གཟུང་བ་དེ་ལ་འཛིན་པ་དང་། གཟུང་བ་མེད་པ་དང་། དེས་གཟུགས་ལ་སོགས་པ་ལ་སེམས་ཅན་དུ་འཛིན་པ་དང་། དེར་འདོགས་པ་ལེགས་པར་འཛིན་པ་དང་། དེར་འདོགས་པ་དང་། ངག་གིས་འདོགས་པ་ལེགས་པར་འཛིན་པ་དང་། དེར་འདོགས་པའི་སེམས་
དང་། དེར་འདོགས་པ་ལེགས་པར་འཛིན་པ་ཡང་དམིགས་པའོ། །གསུམ་པ་ལ་ནི་གོང་དུ་སྐྱེ་བ་ལས་འཇིག་རྟེན་པ་དང་། འོག་མ་ཡོངས་སུ་གཏོང་བ་ལས་འཇིག་རྟེན་མེད་པ་དང་། སྙོམས་པར་འཇུག་པ་ལ་གནས་པ་དང་། འདོད་པ་ལ་མི་གནས་པ་དང་། བདག་ཉིད་ཀྱི་
ཚུལ་ཁྲིམས་རབ་ཏུ་འཛིན་པ་དང་། གཞན་གྱི་ཚུལ་ཁྲིམས་ཁྱད་དུ་གསོད་པ་ཡང་དམིགས་པའོ། །བཞི་པ་ལ་ནི་བདག་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ་སྙམ་དུ་རློམ་པ་དང་། ངོ་བོ་ཉིད་དང་བྱེ་བྲག་ཏུ་ཀུན་ཏུ་རྟོག་པ་དག་གིས་ཚུལ་ཁྲིམས་ལ་ཀུན་ཏུ་རྟོག་པ་ཡང་དམིགས་པ་
སྟེ། དེ་ལྟར་སྤྲོས་པའི་ཆོས་དེ་དག་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ལ་རབ་ཏུ་ཞི་བར་གྱུར་པ་ཡིན་ནོ། །དོན་གྱི་འབྲེལ་པ་འདི་ཉིད་ཀྱིས་བསླབ་པ་གསུམ་རྣམ་པར་དག་པ་ལས་བརྩམས་ནས་ཚིགས་སུ་བཅད་པས་མངོན་པར་སྒྲུབ་པ་ཡང་རིག་པར་བྱའོ། །བསོད་ནམས་ཀྱི་ཚོགས་ནི་ཉོན་

མོངས་པ་ཆུང་བར་འགྱུར་བ་ཡིན་ནོ། །སྐྱེས་བུ་དམ་པས་ཡོངས་སུ་གཟུང་བ་ནི་ཆུད་མི་ཟ་བར་འགྱུར་བ་ཡིན་ནོ། །ཡེ་ཤེས་ཀྱི་ཚོགས་ནི་ཟབ་མོའི་གནས་ལ་མོས་པར་འགྱུར་བ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པས་གསུངས་པ་ལ་ནི་རྒྱུ་གཉིས་
ཀྱིས་འཇུག་པར་འགྱུར་བ་ཡིན་ཏེ། ཆོས་ཀྱི་ལུགས་ཤེས་པ་ཉེ་བར་བརྟགས་པ་དང་། དེ་ཁོ་ནའི་ཤེས་པ་གཏན་ལ་དབབ་པས་སོ། །དེ་བཞིན་གཤེགས་པའི་གདུལ་བའི་ཐབས་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། ལུས་མཐུན་པ་དང་། མོས་པ་མཐུན་པས་
མཐུན་པར་རྗེས་སུ་སྟོན་པ་དང་། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པ་དང་། ངེས་པར་འབྱིན་པའི་གདམས་ངག་གིས་ཡང་དག་པར་རྣམ་པར་དག་པའི་ཐབས་སྟོན་པའོ། །གདམས་ངག་ཀྱང་རྣམ་པར་བཞིར་རིག་པར་བྱ་སྟེ། རྣམ་པར་བྱང་བ་དང་ཀུན་ནས་ཉོན་མོངས་པ་ལ་སྐྲག་
པ་དང་འཇུག་པའི་གནས་སྟོན་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་ཡོངས་སུ་སྤང་བ་སྟོན་པ་དང་། རྣམ་པར་བྱང་བ་ལ་སྐྲག་པའི་རྒྱུ་ཡོངས་སུ་སྤང་བ་སྟོན་པ་དང་། ཚེ་འདི་ལ་མཆོག་ཏུ་བདེ་བར་གནས་པའི་ཐབས་སྟོན་པའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་ནི་རྣམ་པ་གཉིས་ཏེ།
ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་ཅིང་ཀུན་ཏུ་རྟོག་པ་དང་། དེ་ལ་ཡོན་ཏན་དང་སྐྱོན་དུ་མངོན་པར་ཞེན་ཅིང་ཀུན་ཏུ་རྟོག་པའོ། །རྣམ་པར་དག་པའི་ལམ་ལ་སྐྲག་པའི་རྒྱུ་ཡང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། རིམ་གྱིས་རྣམ་པར་
དག་པའི་ལམ་ལ་ཀུན་ནས་ཉོན་མོངས་པ་ཅན་ཀུན་ཏུ་རྟོག་པ་དང་། ཀུན་ནས་ཉོན་མོངས་པ་དང་བྲལ་བར་ཀུན་ཏུ་རྟོག་པས་སོ། །མྱ་ངན་ལས་འདས་པ་རྣམ་པར་དག་པ་ལ་སྐྲག་པའི་རྒྱུ་ཡང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ལ་མངོན་པར་
ཞེན་པས། མྱ་ངན་ལས་འདས་པ་ཞེས་བྱ་བའི་ཚིག་བླ་དགས་ཀྱི་མིང་ལ་སེམས་ལས་བྱུང་བའི་མིང་དུ་འདོགས་པ་དང་། སེམས་ལས་བྱུང་བའི་མིང་ལ་ཞི་བ་ཞེས་བྱ་བའི་ཚིག་བླ་དགས་ཀྱི་མིང་དུ་ཀུན་ཏུ་རྟོག་པས་སོ། །བདེ་བར་གནས་པའི་མཆོག་གི་ཐབས་སྟོན་པ་ནི་དེ་གཉི་

གའི་རྒྱུ་ཡོངས་སུ་སྤངས་པ་ལས་རིག་པར་བྱའོ། །ལྡེམ་པོ་ངག་ཏུ་གསུངས་པ་གང་ཞེ་ན། ལྡེམ་པོ་ངག་ཐམས་ཅད་ལ་འཇུག་པའི་རྒྱུ་ནི་གཉིས་སུ་མེད་པའི་མཚན་ཉིད་ཤེས་པའོ། །གཉིས་སུ་མེད་པའི་མཚན་ཉིད་གང་ཞེ་ན། བརྗོད་པའི་གཞིའི་གནས་སུ་གྱུར་པའི་དངོས་པོ་གང་ཡང་
ཡིན་པ་སྟེ། དེ་ཡང་ངོ་བོ་ཉིད་དེ་ཡོད་པ་མ་ཡིན་པའི་ཕྱིར་དང་། བརྗོད་པ་ལ་གོམས་པའི་མིང་གི་སྤྱོད་ཡུལ་གྱི་ངོ་བོ་ཉིད་ཀྱིས་མེད་པ་མ་ཡིན་པའི་ཕྱིར་གཉིས་སུ་མེད་པ་ཡིན་ནོ། །གཉིས་སུ་མེད་པ་དེ་ལ་གཉིས་སུ་མངོན་པར་ཞེན་པ་ལས་ནི་ཀུན་ནས་ཉོན་མོངས་པར་འགྱུར་ལ། གཉིས་
སུ་མངོན་པར་ཞེན་པ་མེད་པ་ལས་ནི་རྣམ་པར་བྱང་བར་འགྱུར་རོ། །བརྗོད་པ་ཐམས་ཅད་ཀྱི་གཞིའི་གནས་སུ་མ་གྱུར་པའི་དངོས་པོ་གང་ཡིན་པ་དེ་ཡང་ཐ་སྙད་ལ་གོམས་པའི་མིང་གི་སྤྱོད་ཡུལ་གྱི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་ཕྱིར་དང་། དེ་ལ་ཡོངས་སུ་མ་གོམས་པའི་ཤེས་པའི་
སྤྱོད་ཡུལ་གྱི་ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར་གཉིས་སུ་མེད་པ་ཡིན་ནོ། །གཉིས་སུ་མེད་པ་དེ་ལ་གཉིས་སུ་མངོན་པར་ཞེན་པ་ལས་ནི་ཀུན་ནས་ཉོན་མོངས་པར་འགྱུར་ལ་གཉིས་སུ་མངོན་པར་ཞེན་པ་མེད་པ་ལས་ནི་རྣམ་པར་བྱང་བར་འགྱུར་ཏེ། དེ་ལྟར་ན་གཉིས་སུ་མེད་པའི་མཚན་ཉིད་དེ་
ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོ་ངག་ཐམས་ཅད་ལ་འཇུག་པར་འགྱུར་བ་ཡིན་པར་རིག་པར་བྱའོ། །དེ་ལ་སྟོན་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང་། དེའི་གདམས་ངག་གི་འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང་འབྲས་བུའི་ཕན་ཡོན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལ་
བརྟེན་ནས་ལྡེམ་པོ་ངག་ཏུ་གསུངས་པ་རྣམས་རིག་པར་བྱའོ། །སྟོན་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་གང་ཞེ་ན། གང་གི་ཕྱིར་སྟོན་པ་དང་། གང་གིས་སྟོན་པ་དང་། གང་སྟོན་པ་དང་། ཇི་ལྟར་སྟོན་པ་དང་། གང་ལ་སྟོན་པ་དེ་དག་ཕུན་སུམ་ཚོགས་པ་ཡིན་པའོ། །འབྲས་བུ་
ཕུན་སུམ་ཚོགས་པ་གང་ཞེ་ན། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་དང་། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་དང་། འཕགས་པའི་ལམ་ཡོངས་སུ་རྫོགས་པ་དང་། ནང་གི་དགྲ་ལས་རྣམ་པར་རྒྱལ་བ་དང་། ཕྱི་རོལ་གྱི་དགྲ་

ལས་རྣམ་པར་རྒྱལ་བའོ། །དེ་ལ་འབྲས་བུའི་ཕན་ཡོན་ཕུན་སུམ་ཚོགས་པ་ནི་སྟོན་པ་ལ་བསྙེན་བཀུར་བྱེད་པ་དང་། དད་པས་སྦྱིན་པ་ཡོངས་སུ་སྦྱོང་བ་དང་། འཁོར་བའི་སྡུག་བསྔལ་ལས་ཡང་དག་པར་རྒལ་བ་དང་། སྦྱིན་གནས་ཀྱི་དངོས་པོ་ལས་ཡོངས་སུ་
མི་ཉམས་པ་དང་། དེ་བཞིན་གཤེགས་པ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་སྲས་ཆོས་ཀྱིས་སྤྲུལ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་གདམས་ངག་ལ་མོས་པའི་ཕན་ཡོན་གང་ཞེ་ན། དེ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། ཞིང་བྱིན་གྱིས་རློབ་པའི་དུས་ན་དབང་ཕྱུག་གི་བདག་པོ་
ཆེན་པོ་ཡང་དག་པར་གྲུབ་པའི་རྒྱུ་ཟིལ་གྱིས་གནོན་པ་དང་། ཡུལ་ཡོངས་སུ་གྲུབ་པ་དང་། དེའི་གནས་བསྟན་པའི་སྣོད་དུ་བྱེད་པ་དང་། སྟོན་པའི་སྣོད་དུ་བྱེད་པ་དང་། ལུས་སྤོང་བའི་དུས་ན་ལྟ་བ་དང་། ལས་རྣམ་པར་དག་པར་འགྱུར་བས་སོ། །དེ་ལ་དབང་ཕྱུག་གི་བདག་པོ་ཆེན་པོ་ཡང་དག་པར་གྲུབ་པའི་རྒྱུ་ཟིལ་
གྱིས་གནོན་པ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། འབྲས་བུ་དཔག་ཏུ་ཡོད་པ་དང་དཔག་ཏུ་མེད་པ་འཕེན་པ་དང་། རྒྱུ་ཟད་པ་དང་མི་ཟད་པའི་ཆོས་ཉིད་དང་། བདེ་བ་རྒྱ་ཆུང་ངུ་དང་རྒྱ་ཆེན་པོ་འགྲུབ་པ་དང་། དེ་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་ཡིན་པ་དང་། དེས་དེ་འདྲེན་པར་བྱེད་པས་སོ། །
དེ་ལ་ལུས་ཀྱི་སྤྱོད་པས་ནི་སྐྱོན་རྣམ་པ་དྲུག་སྤངས་པས་རིག་པར་བྱ་སྟེ། སྐྱོན་རྣམ་པ་དྲུག་གང་ཞེ་ན། མྱ་ངན་གྱི་རྒྱུའི་སྐྱོན་དང་། འདྲིས་པ་ཡོངས་སུ་མི་ཤེས་པའི་སྐྱོན་དང་། རྣམ་པ་གཉིས་ཀྱིས་སྤྱོད་ལམ་གྱི་སྐྱོན་དང་། རྣམ་པ་གསུམ་གྱིས་འཇིག་པའི་རྒྱུའི་སྐྱོན་དང་། རྣམ་པ་
གཉིས་ཀྱིས་འཆི་ལྟས་ཀྱི་སྐྱོན་དང་། ལུས་ལས་སུ་མི་རུང་བའི་སྐྱོན་ནོ། །དེ་ལ་ངག་གི་སྤྱོད་པ་ནི་སོ་སོར་ཀུན་དགའ་བར་བྱེད་པའི་དུས་ན་སྐྱོན་རྣམ་པ་ལྔ་སྤངས་པས་རིག་པར་བྱ་སྟེ། སྐྱོན་རྣམ་པ་ལྔ་གང་ཞེ་ན། འཇིགས་པས་འཁུམས་པའི་སྐྱོན་དང་། ངག་རྩུབ་པོའི་སྐྱོན་དང་།
སངས་རྒྱས་ཀྱི་བཀའ་སྤངས་ནས་འབྲེལ་པ་མེད་པའི་གཏམ་བརྗོད་པའི་སྐྱོན་དང་། དེ་བཞིན་གཤེགས་པ་ལ་སྟོད་པར་མི་བྱེད་པའི་སྐྱོན་དང་། ཆོས་མཐུན་པ་ལ་གྲོས་མི་འདེབས་པའི་སྐྱོན་ནོ། །ངག་གི་སྤྱོད་པ་ནི་ཀུན་ཤེས་པ་བརྡ་སྤྲོད་པའི་དུས་ན་སྐྱོན་རྣམ་པ་ལྔ་སྤངས་པས་རིག་

པར་བྱ་སྟེ། སྐྱོན་རྣམ་པ་ལྔ་གང་ཞེ་ན། རྟོགས་པར་བྱ་བ་ལ་བརྗེད་ངས་པའི་སྐྱོན་དང་། ཚིག་སྔ་ཕྱི་འགལ་བའི་སྐྱོན་དང་། རིགས་པ་དང་འགལ་བའི་སྐྱོན་དང་། བསྟན་པ་ལ་དད་པའི་ལྷ་ལ་ཁྲོ་བའི་སྐྱོན་དང་། དེ་བཞིན་གཤེགས་པ་ལ་ཁྲོ་བའི་སྐྱོན་ནོ། །ཡིད་ཀྱི་སྤྱོད་པ་ནི་
སྐྱོན་རྣམ་པ་ལྔ་སྤངས་པ་ལས་རིག་པར་བྱ་སྟེ། འདི་ལྟ་སྟེ་ཚེ་འདིའི་དོན་ལས་བརྩམས་ནས་རྣམ་པ་བཞི་དང་། ཚེ་ཕྱི་མའི་དོན་ལས་བརྩམས་ནས་ཐ་མ་གཅིག་སྟེ། སྐྱོན་རྣམ་པ་ལྔ་གང་ཞེ་ན། ད་ལྟར་བྱུང་བ་དང་འདས་པའི་གནོད་པ་བྱེད་པ་མི་བཟོད་པས་མི་བཟོད་པའི་སྐྱོན་དང་།
འཆབ་པ་དང་འགྱོད་པའི་གདུང་བས་སྡིག་པ་འཆབ་པའི་སྐྱོན་དང་། འདོད་པའི་ལོངས་སྤྱོད་དོན་དུ་གཉེར་བ་དང་ཁོན་གྱི་ཤ་གློན་པར་འདོད་པས་འདོད་པའི་སྐྱོན་དང་། ལྟ་བ་ངན་པ་ཡོངས་སུ་འཛིན་པ་དང་སྤོང་བ་ལ་སེམས་རྣམ་པར་འཁྲུལ་པས་བརྗེད་ངས་པའི་སྐྱོན་དང་། བདག་
ཉིད་ཁྱད་དུ་གསོད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོར་སྨོན་པ་རྣམ་པར་སྤོང་བ་དང་། བསམ་པ་ཆུང་ངུས་སངས་རྒྱས་ཀྱི་ཆོས་མངོན་པར་སྒྲུབ་པས་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་འཇིག་རྟེན་པ་མ་ཡིན་
པའི་ཕུན་སུམ་ཚོགས་པའི་ཁྱད་པར་ཁྱད་དུ་གསོད་ཅིང་དེར་སྨོན་པས་སྨོན་ལམ་གྱི་སྐྱོན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་ལ་མོས་པའི་ཕན་ཡོན་ཚད་མེད་གྲངས་མེད་དེ་དེ་བས་ཀྱང་དེ་རྣམ་པར་དབྱེ་ཞིང་བསྟན་པ་དང་། རྣམ་པར་དབྱེ་བ་ལ་མོས་པའི་ཕན་ཡོན་
ཆེས་ཚད་མེད་གྲངས་མེད་པ་དག་ཡོད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་། །ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པའི་སའི་རྣམ་པར་གཏན་ལ་དབབ་པའི་སྡོམ་ནི། བྲལ་
དང་ཚེ་ཡི་འདུ་བྱེད་དང་། །གྱུར་དང་གནས་དང་ཁྱད་པར་དང་། །ཡོད་དང་རྟག་དང་བདེ་བ་དང་། །བྱེ་བྲག་གཞན་དབང་བྱ་བ་ཡིན། །ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཏེ། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་བརྗོད་པར་བྱའམ། མ་བྲལ་

བར་བརྗོད་པར་བྱ་ཞེ་ན། སྨྲས་པ། བྲལ་བར་བརྗོད་པར་བྱའོ། །སྡུག་བསྔལ་ཐམས་ཅད་དང་བྲལ་བར་བརྗོད་པར་བྱའམ། མ་བྲལ་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། བྲལ་བ་དང་། མ་བྲལ་བར་ཡང་བརྗོད་པར་བྱ་སྟེ། མ་འོངས་པའི་སྐྱེ་བའི་སྡུག་
བསྔལ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་དང་བྲལ་བར་བརྗོད་པར་བྱའོ། །ད་ལྟར་གྱི་སྐྱེ་བའི་གང་ཡིན་པ་དེ་ལས་ཀྱང་སེམས་ལས་བྱུང་བ་དང་ནི་བྲལ་བར་བརྗོད་པར་བྱའོ། །བཀྲེས་པའི་སྡུག་བསྔལ་དང་། སྐོམ་པའི་སྡུག་བསྔལ་དང་། ཁམས་མ་སྙོམས་པ་ལས་གྱུར་པ་དང་། དུས་
ཚིགས་འགྱུར་བ་ལས་གྱུར་པ་དང་། གནོད་པ་ལས་གྱུར་པའི་སྡུག་བསྔལ་དང་ནི་མ་བྲལ་བར་བརྗོད་པར་བྱའོ། །དེ་ཡང་ཀུན་ཏུ་འབྱུང་བ་ལས་ཡིན་གྱི་ཉོན་མོངས་པ་དང་འབྲེལ་པ་ལས་ནི་མ་ཡིན་ནོ། །གལ་ཏེ་དགྲ་བཅོམ་པ་ཐམས་ཅད་སེམས་ལ་དབང་ཐོབ་པ་ཡིན་ན་ཅིའི་ཕྱིར་
ཚེའི་འདུ་བྱེད་བཏང་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བར་སྡུག་བསྔལ་གྱིས་གནོན་བཞིན་དུ་གནས་ཤེ་ན། སྨྲས་པ། ནུས་པའི་ཁྱད་པར་གྱི་ཕྱིར་ཏེ། འདི་ལྟར་དགྲ་བཅོམ་པ་ལ་ལས་ནི་ཚེའི་འདུ་བྱེད་གཏོང་བར་ནུས་ལ། ལ་ལས་ནི་མི་ནུས་པ་དང་། ལ་ལས་ནི་ཚེའི་འདུ་
བྱེད་བསྲིང་བར་ནུས་ལ། ལ་ལས་ནི་མི་ནུས་པའི་ཕྱིར་རོ། །གལ་ཏེ་དགྲ་བཅོམ་པའི་སྐྱེ་མཆེད་དྲུག་པོ་ཇི་ལྟར་སྐྱེས་ཤིང་བྱུང་བ་དེ་ཁོ་ན་བཞིན་དུ་མ་འགགས་ཤིང་། གཞན་དུ་མ་གྱུར་པ་ཡིན་ན། གང་གི་ཕྱིར་སྐྱེ་མཆེད་དྲུག་ལ་འགྱུར་བ་མེད་ན། དེའི་དེ་ལས་གཞན་པའི་གནས་
གྱུར་པ་དེ་གང་ཡིན། གལ་ཏེ་དེ་ལས་གཞན་པའི་གནས་གྱུར་པ་མེད་ན་ནི་སྔ་ཕྱིར་གནས་མཉམ་པ་ཡིན་ན། ཅིའི་ཕྱིར་དེ་ལ་ཉོན་མོངས་པ་ལྡོག་ཅིང་ལམ་འཇུག་པར་འགྱུར་ཞེ་ན། སྨྲས་པ། དགྲ་བཅོམ་པའི་གནས་གྱུར་པ་ནི་ཡོད་དེ། དེ་ཡང་སྐྱེ་མཆེད་དྲུག་ལས་
གཞན་དང་གཞན་མ་ཡིན་པ་ཉིད་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གནས་གྱུར་པ་དེ་ནི་དེ་བཞིན་ཉིད་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང་། དེ་བཞིན་ཉིད་ཀྱི་རིགས་ཅན་དང་། དེ་བཞིན་ཉིད་ཀྱི་ས་བོན་ཅན་དང་། དེ་བཞིན་ཉིད་ལས་ཡང་དག་པར་གྲུབ་པ་ཡིན་ལ།

དེ་བཞིན་ཉིད་ཀྱང་སྐྱེ་མཆེད་དྲུག་ལས་གཞན་དང་གཞན་མ་ཡིན་པ་ཉིད་དུ་བརྗོད་པར་མི་བྱ་བའི་ཕྱིར་ཏེ། ཇི་ལྟར་བརྗོད་པར་མི་བྱ་བ་དེ་ལྟ་བུ་ནི་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་གནས་གྱུར་པ་སྐྱེ་མཆེད་དྲུག་ལས་གཞན་ནམ་གཞན་མ་ཡིན་ཞེས་འདྲི་བ་དེ་ནི་ཚུལ་བཞིན་མ་ཡིན་པ་ཡིན་
ནོ། །གལ་ཏེ་གནས་གྱུར་པ་མེད་དུ་ཟིན་ན། དེས་ན་འདི་ལྟ་བུའི་སྐྱོན་ཁོ་ནར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་དགྲ་བཅོམ་པ་ལ་ཀུན་ནས་ཉོན་མོངས་པ་ཀུན་ཏུ་འབྱུང་བར་འགྱུར་བ་དང་། ལམ་ཀུན་ཏུ་མི་འབྱུང་བར་ཐལ་བར་འགྱུར་བས། དེའི་ཕྱིར་གནས་གྱུར་པ་ནི་ཡོད་པ་ཁོ་
ནར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་གནས་གྱུར་པ་དེ་ཉིད་ལས་དགོངས་ནས། ཀུན་བརྟགས་ངོ་བོ་ཉིད་ལ་ནི། །མངོན་ཞེན་བག་ཆགས་ཀུན་ཉོན་མོངས། །མངོན་ཞེན་བག་ཆགས་ཡོད་མིན་པ། །དེ་ནི་རྣམ་པར་བྱང་བ་ཡིན། །འདི་ལ་དེ་གཉིས་ཟག་བཅས་
པའི། །ཁམས་ཡིན་གནས་གྱུར་དེ་ཉིད་ནི། །ཟག་པ་མེད་པའི་དབྱིངས་ཡིན་ཏེ། །དེ་ཉིད་དག་པ་བླ་མེད་ཡིན། །ཞེས་གསུངས་སོ། །འདི་ལྟ་སྟེ་དཔེར་ན་བ་ལང་གསོད་པའམ། བ་ལང་གསོད་པའི་སློབ་མ་མཁས་པ་ཞིག་གིས་བ་ལང་གསད་པའི་མཚོན་རྣོན་པོས་བ་ལང་བསད་
ནས། ནང་གྲོལ་ཐམས་ཅད་བཅད་ཅིང་གཏུབས་ཏེ་བརྡུངས་ཤིང་དམྱལ་ནས། ཤ་ཐམས་ཅད་དང་། རུས་པ་ཐམས་ཅད་དང་། ཆུ་རྒྱུས་ཀྱི་གཟུངས་ཐམས་ཅད་ཀྱང་གཏུབས་ནས་ཕྱིར་བ་ལང་གི་ཀོ་བས་གཡོགས་པར་གྱུར་ན། བ་ལང་དེ་ཀོ་བ་དང་ལྡན་པ་ཡང་མ་ཡིན། མི་
ལྡན་པ་ཡང་མ་ཡིན་པར་རིག་པར་བྱ་བ་དེ་བཞིན་དུ། དགྲ་བཅོམ་པ་གནས་གྱུར་པ་ཤེས་རབ་ཀྱི་མཚོན་གྱིས་ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་ཐམས་ཅད་ཡང་དག་པར་བཅད་པ་ཡང་ཀོ་བའི་གནས་ལྟ་བུ་
སྐྱེ་མཆེད་དྲུག་དང་ལྡན་པ་ཡང་མ་ཡིན། །མི་ལྡན་པ་ཡང་མ་ཡིན་པར་བརྗོད་པར་བྱའོ། །རྣལ་འབྱོར་པ་གནས་གྱུར་པའི་མཚན་མར་འཛིན་པ་ཡང་སྔོན་གྱི་འཛིན་པ་ལས་ཁྱད་པར་དུ་འཕགས་པ་ཡིན་པར་རིག་པར་བྱ་སྟེ། །དེའི་ཡང་དེ་བཞིན་ཉིད་བཞིན་དུ་སོ་སོ་རང་རིག་པ་དང་

མཐུན་པ་ཡིན་པས། གཞན་དག་ལ་བདག་གིས་མཚན་མ་འདི་དང་འདི་ལྟ་བུ་ལ་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་ཡང་དག་པར་བརྗོད་པར་མི་ནུས་པ་ཡིན་ནོ། །དགྲ་བཅོམ་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་
སེམས་གང་ལ་གནས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་ཞེ་ན། སྨྲས་པ། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པས་མཚན་མ་མེད་པའི་དབྱིངས་འབའ་ཞིག་ཡིད་ལ་བྱེད་ཅིང་། རིམ་གྱིས་འགོག་པ་ལ་སྙོམས་པར་འཇུག་
ལ། འཇུག་པའི་རྣམ་པར་ཤེས་པ་འགོག་པར་བྱེད་ཅིང་། དེའི་འོག་ཏུ་ཀུན་གཞིའི་རྣམ་པར་ཤེས་པའི་གནས་སྤོང་བར་བྱེད་དེ། ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་རྒྱུ་མེད་པ་མི་སྐྱེ་བས། དེ་ནི་འདུས་མ་བྱས་པའི་དབྱིངས་རྣམ་པར་དག་པ་དྲི་མ་
མེད་པ་ལུས་སོ། །དབྱིངས་དེར་ཡོངས་སུ་མྱ་ངན་ལས་འདས་པ་ནི་ལྷ་ཉིད་ཀྱི་གྲངས་སུ་ཡང་མི་འགྲོ་ལ། དྲི་ཟ་ཉིད་དུ་ཡང་མ་ཡིན། ཀླུ་ཉིད་དུ་ཡང་མ་ཡིན། མིའམ་ཅི་ཉིད་དུ་ཡང་མ་ཡིན། ལྷ་མ་ཡིན་ཉིད་དུ་ཡང་མ་ཡིན། གནོད་སྦྱིན་ཉིད་དུ་ཡང་མ་ཡིན་ཞིང་། མི་ཉིད་
ཀྱི་གྲངས་སུ་ཡང་མི་འགྲོ་སྟེ། མདོར་བསྡུས་ན་དེ་ནི་ཕྱོགས་བཅུའི་སེམས་ཅན་དུ་གདགས་པའི་ཁམས་ཐམས་ཅད་དང་། འགྲོ་བ་ཐམས་ཅད་དང་། སྐྱེ་གནས་ཐམས་ཅད་དང་། སྐྱེ་བ་ཐམས་ཅད་དང་། ལུས་ཐོབ་པ་ཐམས་ཅད་དང་། རིགས་བཙུན་པ་ཐམས་ཅད་དང་།
ས་ཐམས་ཅད་པོ་གང་དག་ཡིན་པ་དེ་དག་གི་གྲངས་སུ་ཡང་མི་འགྲོ་སྟེ། འདི་ལྟར་དབྱིངས་འདི་ནི་སྤྲོས་པ་མེད་པ་སྟེ། གྲུབ་པ་རྣམས་ཀྱི་སོ་སོ་རང་རིག་པ་དང་མཐུན་པ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་དང་།
ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨྲས་པ། ཕུང་པོའི་ལྷག་མ་དང་བཅས་པ་ལ་གནས་པ་ནི་གྲངས་སུ་ཁས་ལེན་པ་ཡིན་ལ། ཕུང་པོའི་ལྷག་མ་མེད་པ་ལ་གནས་པ་ནི་གྲངས་སུ་ཁས་མི་ལེན་

པ་ཡིན་པ་དང་། ཕུང་པོའི་ལྷག་མ་དང་བཅས་པ་ལ་གནས་པ་ནི་སྡུག་བསྔལ་དང་བཅས་པ་ཡིན་ལ། ཕུང་པོའི་ལྷག་མ་མེད་པ་ལ་གནས་པ་ནི་སྡུག་བསྔལ་མེད་པ་ཡིན་པ་དང་། ཕུང་པོའི་ལྷག་མ་དང་བཅས་པ་ལ་གནས་པའི་གནས་གྱུར་པ་ནི་སྐྱེ་མཆེད་དྲུག་དང་འབྲེལ་པ་
ཡིན་ལ། ཕུང་པོའི་ལྷག་མ་མེད་པ་ལ་གནས་པའི་གནས་གྱུར་པ་ནི་སྐྱེ་མཆེད་དྲུག་དང་འབྲེལ་བ་མེད་པ་མ་ཡིན་ནོ། །གལ་ཏེ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་གནས་གྱུར་པ་ནི་སྐྱེ་མཆེད་དྲུག་དང་འབྲེལ་པ་མེད་
པ་ཡིན་ལ། ཇི་ལྟར་དེ་སྐྱེ་མཆེད་དྲུག་གི་གནས་མེད་པར་གནས་པར་འགྱུར་ཞེ་ན། སྨྲས་པ། དགྲ་བཅོམ་པའི་གནས་གྱུར་པ་ནི་སྐྱེ་མཆེད་དྲུག་གི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། དེ་བཞིན་ཉིད་ལ་དམིགས་པའི་ལམ་བསྒོམས་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་
སྐྱེ་མཆེད་དྲུག་ཡོད་ཀྱང་རུང་། མེད་ཀྱང་རུང་སྟེ། གནས་གྱུར་པ་ལ་ནི་གཞན་དུ་འགྱུར་བ་ཉིད་ཀྱང་རེ་ཞིག་མེད་པ་ཡིན་ན། ཉམས་པར་འགྱུར་བ་ལྟ་ཡོད་པར་ག་ལ་འགྱུར། དབྱིངས་དེ་ནི་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་མ་ཡིན་ཏེ། དེའི་ཕྱིར་དགག་པར་
བྱ་བ་ཡང་མ་ཡིན་ནོ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་གནས་གྱུར་པ་ཡོད་པར་བརྗོད་པར་བྱའམ། མེད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཡོད་པར་བརྗོད་པར་བྱའོ། །མཚན་ཉིད་ཇི་ལྟ་བུར་བརྗོད་པར་
བྱ་ཞེ་ན། སྨྲས་པ། སྤྲོས་པ་མེད་པའི་མཚན་ཉིད་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཡིན་ནོ། །ཅིའི་ཕྱིར་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
དབྱིངས་ན་གནས་གྱུར་པ་དེའི་ཆོས་ཉིད་མི་འཁྲུགས་པ་ཉིད་ཀྱི་ཕྱིར་ཏེ། ཆོས་ཉིད་མི་འཁྲུགས་པ་དེ་ཉིད་ལ་བརྟེན་ནས་དེ་སྔོན་ཡོད་ལ་ཕྱིས་མེད་པར་ཡང་མི་རིགས་པའི་ཕྱིར་རོ། །ཆོས་དེ་ནི་བྱུང་བ་དང་། སྐྱེ་བ་དང་། འགྲུབ་པ་མ་ཡིན་མོད་ཀྱི། ཆུ་ལྟར་དང་བ་ཉིད་དུ་གྱུར་པ་དང་། གསེར་

ལྟར་བཟང་བ་ཉིད་དུ་གྱུར་པ་དང་། ནམ་མཁའ་ལྟར་སྤྲིན་དང་ཁུག་རྣ་དང་བྲལ་བ་ཉིད་དུ་གྱུར་པ་ཡིན་ཏེ། དེའི་ཕྱིར་ཡོད་པར་བརྗོད་པར་བྱའོ། །རྟག་པར་བརྗོད་པར་བྱའམ། མི་རྟག་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྟག་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་
ཞེ་ན། སྨྲས་པ། དེ་བཞིན་ཉིད་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་དང་། མ་བྱུང་བའི་ཕྱིར་དང་། མ་སྐྱེས་པའི་ཕྱིར་དང་། ལྡོག་པ་མེད་པའི་ཕྱིར་རོ། །ཅིའི་བདེ་བར་བརྗོད་པར་བྱའམ། བདེ་བ་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དོན་དམ་པ་པའི་བདེ་བས་བདེ་བར་བརྗོད་པར་
བྱའི། ཚོར་བའི་བདེ་བས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཐམས་ཅད་དང་། དེ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་རོ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་
ལ་བྱེ་བྲག་གམ། བསམ་པའམ། ཐ་དད་དུ་བྱ་བ་འགའ་ལྟ་ཡོད་དམ་ཞེ་ན། སྨྲས་པ། མེད་དེ་འདི་ལྟར་དབྱིངས་དེ་ལ་ནི་དམན་པ་དང་། འབྲིང་དང་། ཁྱད་པར་དུ་འཕགས་པ་རྣམ་པར་གཞག་པ་ཡང་མེད་ལ། མཐོན་དམན་ཡང་མེད་ལ། བཟང་ངན་ཡང་མེད་པའི་ཕྱིར་རོ། །
ཉན་ཐོས་དང་། དེ་བཞིན་གཤེགས་པ་ལ་ཅིའི་ཕྱིར་བྱེ་བྲག་མེད་དེ། འདི་ལྟར་ཉན་ཐོས་ནི་སྒྲིབ་པ་དང་བཅས་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལ། དེ་བཞིན་གཤེགས་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྒྲིབ་པ་མི་མངའ་
བ་ཡིན་ནོ་ཞེ་ན། སྨྲས་པ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི་སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པ་རྣམ་པར་གཞག་པ་ཡོད་ཀྱི། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི་སྒྲིབ་པ་རྣམ་པར་
གཞག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་དང་གནས་ངན་ལེན་ཐམས་ཅད་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་ཅིང་འགགས་པའི་ཕྱིར་ཏེ། འདི་ལྟར་དགྲ་བཅོམ་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པའི་མཚན་མ་ཐམས་ཅད་ཀྱི་ཐམས་ཅད་དུ་

མ་འགགས་པ་དང་། རྣམ་པར་སྨིན་པ་དང་། གནས་ངན་ལེན་གྱི་སྒྲིབ་པ་མ་འགགས་པ་དེ་ནི་དེའི་ཉོན་མོངས་པའི་བག་ཆགས་ཞེས་བྱ་སྟེ། མཚན་མ་དང་གནས་ངན་ལེན་ལ་ལྟོས་ནས་སྒྲིབ་པ་རྣམ་པར་གཞག་པ་དེ་ལ་ནི་ཕུང་པོའི་ལྷག་མ་མེད་པ་ལ་མེད་པས་དེའི་ཕྱིར་དེ་ལ་ནི་སྒྲིབ་པ་མེད་པ་ཁོ་
ནར་རིག་པར་བྱའོ། །གལ་ཏེ་དེ་ལ་སྒྲིབ་པ་མེད་པ་དེ། ཇི་ལྟར་དེ་བཞིན་གཤེགས་པ་ལ་སྒྲིབ་པ་མི་མངའ་བ་དེ་ཁོ་ན་བཞིན་དུ་དགྲ་བཅོམ་པ་ལ་ཡང་སྒྲིབ་པ་མེད་པ་ཡིན་ན། ཅིའི་ཕྱིར་དགྲ་བཅོམ་པ་ཡང་དེ་བཞིན་གཤེགས་པའི་མཛད་པ་མི་བྱེད་ཅེ་ན། སྨྲས་པ། སྔོན་སྨོན་ལམ་
བསྒོམས་པ་མེད་པའི་ཕྱིར་དང་། དེ་ལྟ་བུའི་རིགས་ཅན་ཡིན་པས་དེའི་ཕྱིར་དགྲ་བཅོམ་པ་ནི་ལྡང་བའི་བསམ་པ་མེད་པ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདས་པས་ན་དེའི་ཕྱིར་མི་བྱེད་དོ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་ཟག་
པ་མེད་པའི་དབྱིངས་གང་ཡིན་པ་དེ་ནི། གཟུགས་ལས་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཞན་ཡང་མ་ཡིན། གཞན་མ་ཡིན་པ་ཡང་མ་ཡིན་པར་བརྗོད་པར་བྱའོ། །གཟུགས་དང་ཇི་ལྟ་བ་བཞིན་དུ་ཚོར་བ་ལ་སོགས་པ་དང་། འདུ་
བྱེད་ཐམས་ཅད་དང་། ཁམས་ཐམས་ཅད་དང་། འགྲོ་བ་ཐམས་ཅད་དང་ཡང་དེ་བཞིན་དུ་རིག་པར་བྱའོ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་འདས་པ། ཅི་གཟུགས་ལ་སོགས་པ་ལ་དབང་ཐོབ་པར་བརྗོད་པར་བྱའམ། དབང་ཐོབ་
པ་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དབང་ཐོབ་པར་བརྗོད་པར་བྱའོ། །དབང་ཐོབ་ན་ཅི་མངོན་དུ་བྱེད་པར་བརྗོད་པར་བྱའམ། མངོན་དུ་མི་བྱེད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ལ་ལ་ནི་མངོན་དུ་བྱེད་ལ། ལ་ལ་ནི་མངོན་དུ་མི་བྱེད་དེ། དེ་བཞིན་གཤེགས་པར་གྱུར་ནས། ཕུང་པོའི་ལྷག་མ་མེད་
པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་མངོན་དུ་མཛད་དོ། །དེ་ལས་གཞན་པ་ནི་མངོན་དུ་མི་བྱེད་དོ། །གང་གི་ཚེ་སྤྲོས་པ་མེད་པའི་དབྱིངས་དེ་གང་གི་གྲངས་སུ་ཡང་བགྲང་བ་མ་ཡིན་ན། ཇི་ལྟར་དེ་མངོན་དུ་བྱེད་ཅེ་ན། སྨྲས་པ། སྔོན་

ཡང་དག་པའི་སྨོན་ལམ་དང་། ལམ་དེ་ལྟ་བུ་བསྒོམས་པའི་དབང་གིས་ཏེ། འདི་ལྟ་སྟེ་དཔེར་ན་འགོག་པ་ལ་སྙོམས་པར་ཞུགས་པ་ལ་སྙོམས་པར་འཇུག་པ་ལས་ལྡང་བར་བྱའོ། །ལྡང་ངོ་སྙམ་དུ་དེ་ལྟར་སེམས་པ་མེད་ཀྱང་སྔོན་མངོན་པར་འདུ་བྱས་པའི་དབང་
གིས་ལངས་ནས་ཡང་སེམས་དང་བཅས་པའི་སྤྱོད་པ་ལ་སྤྱོད་པར་བྱེད་པ་དེ་བཞིན་དུ་འདི་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ། ཅི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་། བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་པར་བྱེད་དམ། འོན་ཏེ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་ཅེ་ན། སྨྲས་པ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་དེ། འདི་ལྟར་ཕུང་
པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ནི་རྩོམ་པ་ཐམས་ཅད་དང་བྲལ་ཞིང་། འབད་པ་ཐམས་ཅད་རྒྱུན་བཅད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་། བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་པར་བྱེད་ཅེ་ན། ཇི་ལྟར་སྐྱེ་བ་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བསྒྲུབ་ཏུ་རུང་སྟེ། དགྲ་བཅོམ་པ་ལ་ནི་རེ་ཞིག་སྐྱེ་བ་གཅིག་ཀྱང་མེད་ན། སྐྱེ་བའི་རྒྱུན་ལྟ་སྨོས་ཀྱང་ཅི་དགོས་ཤེ་ན། སྨྲས་པ།
ཚེའི་འདུ་བྱེད་བསྲིངས་ནས་མངོན་པར་སྒྲུབ་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་ལས་ཤས་ཆེར་དགོངས་ནས། རིགས་ཀྱི་བུ་ནོར་གྱི་རང་བཞིན་ཅན་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་ནས་བསྐལ་པའམ། བསྐལ་པ་ལས་ལྷག་པར་
གནས་པར་འགྱུར་རོ་ཞེས་གསུངས་ཏེ། བསྐལ་པ་ལས་ལྷག་པར་ཞེས་བྱ་བ་ནི་འདི་བསྐལ་པ་བས་ཕ་རོལ་ཡིན་པར་དགོངས་སོ། །དེ་ནི་དེ་ལྟར་ཚེའི་འདུ་བྱེད་བསྲིངས་སུ་ཟིན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཤིན་ཏུ་དུལ་བ་ཡིན་ཏེ། མྱ་ངན་ལས་འདས་པ་ལ་མངོན་

པར་དགའ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་དེ་ལྟ་མ་ཡིན་ནོ། །དེ་ནི་དེ་ལྟར་ཚེའི་འདུ་བྱེད་བསྲིངས་ནས་དབང་པོའི་ལུས་བྱིན་གྱིས་རློབ་པར་བྱེད་ཅིང་། སྤྲུལ་པའི་ལུས་ཀྱིས་ཆོས་མཐུན་པ་པ་དག་ལ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་
ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་པར་བྱེད་དེ། དེས་ན་དེ་དག་འདི་སྙམ་དུ་དེ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་དུ་སེམས་སོ། །དེ་དབང་པོའི་ལུས་བྱིན་གྱིས་བརླབས་པ་དེས་འཛམ་བུའི་གླིང་འདིར་གར་འདོད་པ་ཅི་ནས་
ཀྱང་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ན། སེམས་ཅན་ཕལ་པ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་རབ་ཏུ་དབེན་པར་གནས་པར་བྱེད་དོ། །དེ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་དེ་ལན་མང་དུ་གནས་པས། འཇིག་རྟེན་གྱི་ཁམས་རབ་འབྱམ་དེ་དང་དེ་དག་ཏུ་དེ་བཞིན་
གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྙེན་བཀུར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་བསྒོམས་པ་ལ་བག་མེད་པ་ན། ཡང་དང་ཡང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་སྐུལ་བར་མཛད་དེ། ཡང་དག་པར་སྐུལ་བར་མཛད་པ་ན་
ཡང་། ཡང་དང་ཡང་དུ་བག་ཡོད་པ་ལ་རྣལ་འབྱོར་དུ་བྱེད་དོ། །གལ་ཏེ་དགྲ་བཅོམ་པ་བྱང་ཆུབ་ཏུ་ཡོངས་སུ་འགྲུབ་པར་གྱུར་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། ཅིའི་ཕྱིར་དགྲ་བཅོམ་པ་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་
སུ་འགྱུར་རམ་མི་འགྱུར་ཞེ་ན། སྨྲས་པ། རིགས་ཀྱི་བྱེ་བྲག་ཁོ་ནའི་ཕྱིར་ཏེ། འདི་ལྟར་དགྲ་བཅོམ་པ་རྣམས་ཉིད་ལ་ཡང་དགྲ་བཅོམ་པ་ལ་ལ་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་ཞིང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་
བར་བྱེད་ལ། ལ་ལ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཁོ་ནས་བྱེད་པའི་བྱེ་བྲག་སྣང་བས། དེའི་ཕྱིར་རིགས་ཀྱི་བྱེ་བྲག་ཉིད་ཀྱིས་ན་དགྲ་བཅོམ་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་འགྲུབ་པར་མི་འགྱུར་བར་རིག་པར་བྱའོ། །ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེ་ཡང་རེས་འགའ་

ནི་སློབ་པར་གྱུར་པ་ཁོ་ནར་གྱུར་པའི་ཚེ་ན་ཉན་ཐོས་ཀྱི་སྨོན་ལམ་ལས་རྣམ་པར་ལྡོག་པར་བྱེད་དོ། །རེས་འགའ་ནི་མི་སློབ་པར་གྱུར་ནས་དབང་པོའི་རིམ་པ་དང་རྐྱེན་གྱི་རིམ་པ་ཉིད་ལ་ལྟོས་ནས་ལྡོག་པར་བྱེད་དོ། །ཇི་ལྟར་ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་
རྐྱེན་རྙེད་ན་བླ་ན་མེད་པའི་ཐེག་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཏང་སྙོམས་སུ་བཞག་ཅིང་དེ་དེ་ལྟར་དེ་དག་གིས་བཏང་སྙོམས་སུ་བཞག་པའི་རྒྱུས་ཐེག་པ་དམན་པས་
ཡོངས་སུ་མྱ་ངན་ལས་འདའ་བའི་རྐྱེན་སྙིང་ཐག་པ་ལ་སོགས་པ་དག་རྙེད་པ་ན་ཐེག་པ་དམན་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ་ཞེ་ན། གང་གི་ཕྱིར་དེ་བག་མེད་པར་གྱུར་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཏང་སྙོམས་སུ་འཇོག་པར་འགྱུར་བ་དེ་
ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་དེ་ནི་གནས་མེད་དོ། །བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེ་ཡང་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་དེའི་ཚེ་ན་དེ་བཞིན་གཤེགས་པ་ཁོ་ནར་གྱུར་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། །བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེ་ཅི་དང་པོ་ཉིད་ནས་ཉན་ཐོས་ཀྱི་རིགས་ཅན་ཡིན་པར་བརྗོད་པར་བྱའམ། འོན་ཏེ་བྱང་ཆུབ་སེམས་དཔའི་རིགས་ཅན་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མ་ངེས་པའི་རིགས་
ཅན་ཡིན་པར་བརྗོད་པར་བྱ་སྟེ། མ་ངེས་པའི་སེམས་ཅན་གྱི་ཚོགས་རྣམ་པར་གཞག་པ་དང་འདྲའོ། །དེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཉིད་ཀྱི་རིགས་སུ་ནི་ངེས་པ་ཡིན་པར་རིག་པར་བྱའོ། །གནས་དེར་ཞུགས་པ་དེ་ལ་ཇི་ལྟར་འཆི་བའི་
འཇིགས་པ་མེད་པ་བཞིན་དུ་ན་བ་དང་། རྒ་བའི་འཇིགས་པ་ཡང་མེད་དོ། །དེ་དག་དང་གཞན་དེ་བཞིན་གཤེགས་པར་གྱུར་ཅིང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དག་ནི་ཕྱོགས་བཅུར་ཡང་དང་

ཡང་དུ་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་དག་གཏན་དུ་མཛད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས་སྒྱུ་མ་མཁན་གྱི་དཔེ་དང་། དེད་དཔོན་གྱི་དཔེ་དང་། གྲུབ་པའི་དཔེ་མཛད་པ་བཞིན་དུ་འདིར་ཡང་ཚུལ་དེ་
བཞིན་དུ་བལྟ་བར་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་མཆོག་ཏུ་གསང་བ་ཡིན་ཏེ། འདི་དང་དེ་བཞིན་གཤེགས་པའི་གསང་བ་སྣ་ཚོགས་གཞན་དག་ལ་མོས་པས་སྤྱོད་པའི་སར་ཆུད་པའི་བྱང་ཆུབ་སེམས་དཔའ་བཟོད་པ་ཆུང་ངུ་ལ་ཞུགས་པ་རྣམས་
ནི་མོས་པ་ཆུང་ངུས་འཇུག་གོ། །བཟོད་པ་འབྲིང་ལ་ཞུགས་པ་རྣམས་ནི་མོས་པ་འབྲིང་གིས་འཇུག་གོ། །བཟོད་པ་ཆེན་པོ་ལ་ཞུགས་པ་རྣམས་ནི་མོས་པ་ཆེན་པོས་འཇུག་ཀྱང་མོས་པ་རྣམ་པར་དག་པ་དང་། ཤིན་ཏུ་རྣམ་པར་དག་པས་ནི་མ་ཡིན་ནོ། །
སར་ཆུད་པ་རྣམས་ལས་ཀྱང་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་རྣམ་པར་དག་པ་རྣམས་ནི་ཐམས་ཅད་དུ་མོས་པ་སྔ་མ་ལས་ཆེས་ཁྱད་པར་དུ་འཕགས་པ། ཆེས་གྱ་ནོམ་པ། སོ་སོ་རང་གི་རྣམ་པས་གྲུབ་པའི་མོས་པ་རྣམ་པར་དག་པས་འཇུག་
གོ། །ས་གཉིས་པར་ཆུད་པ་རྣམས་ནི་དེ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པས་འཇུག་སྟེ། དེ་བཞིན་དུ་ས་དགུ་པའི་བར་ལ་ཞུགས་པ་དག་ཀྱང་ཐམས་ཅད་དུ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་མོས་པ་རྣམ་པར་དག་པས་འཇུག་གོ། །བྱང་
ཆུབ་སེམས་དཔའ་ས་བཅུ་པར་ཆུད་པ་རྣམས་ནི་དེ་བཞིན་གཤེགས་པའི་གསང་བ་དེ་དག་ལ་མོས་པ་ཤིན་ཏུ་རྣམ་པར་དག་པས་འཇུག་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པའི་གསང་བ་དེ་དག་ནི་བསམ་གྱིས་མི་ཁྱབ་པ་དང་། བརྟག་པར་བྱ་བ་མ་ཡིན་པ་དང་། རྟོག་
གེའི་སྤྱོད་ཡུལ་མ་ཡིན་པར་རིག་པར་བྱའོ། །ཆོས་རྣམ་པར་གཏན་ལ་དབབ་པའི་བསྡུས་པའི་དོན་གང་ཞེ་ན། སྨྲས་པ། རྣམ་པ་རབ་ཏུ་དབྱེ་བས་ཆོས་རྣམས་རྣམ་པར་གཞག་ནས། དེ་དག་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་དང་། དེ་དག་ཉིད་ཀྱི་

བརྒལ་བའི་ལན་དང་། དེ་དག་ཉིད་ཀྱི་གཅིག་ནས་བརྟག་པ་དང་། ཚིག་གོང་མ་དང་སྦྱར་བ་དང་། ཚིག་འོག་མ་དང་སྦྱར་བ་དང་། མུ་བཞིར་བཅད་པ་ལ་སོགས་པས་རབ་ཏུ་རྣམ་པར་དབྱེ་བ་གང་ཡིན་པ་དང་། དེ་དག་ཉིད་ཀྱི་བསྡུ་བ་དང་། མཚུངས་པར་ལྡན་
པ་དང་། འཐོབ་པ་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་དེའི་བསྡུས་པའི་དོན་ཡིན་པར་རིག་པར་བྱའོ། །ས་དང་ས་དག་གི་རྣམ་པར་གཏན་ལ་དབབ་པའི་རབ་ཏུ་དབྱེ་བ་ནི་དཔག་ཏུ་མེད་དེ། ཕྱོགས་ཙམ་ཞིག་ཡང་དག་པར་བསྟན་པ་ནི་འདི་ཡིན་པས་ཕྱོགས་འདི་དང་། བསླབ་པ་འདི་
དང་། ཚུལ་འདི་དང་། གཏན་ལ་དབབ་པར་བསྟན་པ་འདིས་གཞན་དག་ཀྱང་བརྟག་པར་བྱའོ། །ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པའི་སའི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། རྣམ་པར་གཏན་ལ་དབབ་པའི་གཞུང་དེ་ལས་གཞན་ནི་མི་སྣང་ངོ་། །རྣལ་འབྱོར་སྤྱོད་པའི་ས་རྣམ་
པར་གཏན་ལ་དབབ་པ་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །༄། །རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་བཞུགས།
༄༅༅། །རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་དང་པོ། གཞི་བསྡུ་བ་གང་ཞེ་ན། གནས་གསུམ་གྱིས་གཞི་བསྡུ་བར་འགྱུར་ཏེ། འདི་ལྟ་སྟེ། མདོ་སྡེའི་གཞི་དང་། འདུལ་བའི་གཞི་དང་། མ་མོའི་གཞིའོ། །མདོ་སྡེའི་
གཞི་གང་ཞེ་ན། གནས་ཉི་ཤུ་རྩ་བཞིས་མདོ་སྡེ་ཐམས་ཅད་བསྡུ་བར་འགྱུར་ཏེ། ཉི་ཤུ་རྩ་བཞི་པོ་གང་ཞེ་ན། འདི་ལྟ་སྟེ། སོ་སོར་ཐར་པའི་མདོ་སྡེ་དང་། གཞིའི་མདོ་སྡེ་དང་། ཉན་ཐོས་དང་ལྡན་པའི་མདོ་སྡེ་དང་། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་དང་། མ་རྟོགས་པའི་
དོན་རྟོགས་པར་བྱེད་པ་དང་། རྟོགས་པའི་དོན་ཡོངས་སུ་བྱང་བར་བྱེད་པ་དང་། དུས་ཀྱི་དང་པོར་བྱ་བ་དང་། ཁྱད་པར་དུ་འགྲོ་བར་བྱེད་པ་དང་། ནག་པོའི་ཕྱོགས་བརྗོད་པ་དང་། དཀར་པོའི་ཕྱོགས་བརྗོད་པ་དང་། བཀྲི་བའི་དོན་དང་། ངེས་པའི་དོན་དང་། དོན་མདོར་བསྡུས་ལ་

ཚིག་དང་། ཡི་གེ་རྒྱས་པ་དང་། དོན་རྒྱས་ལ་ཚིག་དང་། ཡི་གེ་མདོར་བསྡུས་པ་དང་། དོན་ཡང་མདོར་བསྡུས་ལ། ཚིག་དང་ཡི་གེ་ཡང་མདོར་བསྡུས་པ་དང་། དོན་ཡང་རྒྱས་ལ་ཚིག་དང་ཡི་གེ་ཡང་རྒྱས་པ་དང་། དོན་ཟབ་ལ་ཚིག་དང་ཡི་གེ་གསལ་བ་དང་། དོན་
གསལ་ལ་ཚིག་དང་ཡི་གེ་ཟབ་པ་དང་། དོན་ཡང་ཟབ་ལ་ཚིག་དང་ཡི་གེ་ཡང་ཟབ་པ་དང་། དོན་ཡང་གསལ་ལ་ཚིག་དང་ཡི་གེ་ཡང་གསལ་བ་དང་། མ་འོངས་པའི་ཉེས་པ་བསལ་བ་དང་། ཉེ་བར་གནས་པའི་ཉེས་པ་བསལ་བ་དང་། ཐེ་ཚོམ་སྐྱེས་པ་བསལ་བའི་མདོ་སྡེ་
དང་། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པའི་མདོ་སྡེའོ། །དེ་ལ་སོ་སོར་ཐར་པའི་མདོ་སྡེ་ནི་གང་ལས་ཉེས་པ་སྡེ་ལྔ་དང་། ཉེས་པ་སྡེ་ལྔ་ལས་དབྱུང་བ་ལས་བརྩམས་ཏེ། བསླབ་པའི་གཞི་བརྒྱ་ལྔ་བཅུ་རྩ་གཅིག་གིས་བསྟན་པ་འབྱུང་བ་སྟེ། གང་ཡང་དག་ལ་
ཕན་པར་འདོད་པའི་རིགས་ཀྱི་བུ་རྣམས་སློབ་པ་ཡིན་ནོ། །གཞིའི་མདོ་སྡེ་ནི་ལུང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཡང་དག་པར་ལྡན་པ་དང་། བར་མ་དང་། རིང་པོ་དང་། གཅིག་ལས་འཕྲོས་པའོ། །ཡང་དག་པར་ལྡན་པ་ནི་གང་ལ་ཕུང་པོ་དང་། སྐྱེ་མཆེད་དང་། རྟེན་
ཅིང་འབྲེལ་བར་འབྱུང་བ་དང་ལྡན་པ་སྟེ། དེ་དང་དེར་འདུལ་བ་ལ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། དེའི་འོག་ཏུ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སྡོམ་གྱི་ཚིགས་སུ་བཅད་པ་སྦྱར་བས་ཅི་རིགས་པར་གོ་
རིམས་སུ་ཕབ་སྟེ་གཏམ་དུ་སྦྱར་བ་དང་། དེ་བཞིན་དུ་ཟས་དང་བདེན་པ་དང་། ཁམས་དང་ཚོར་བ་དང་ལྡན་པ་དང་། ཉན་ཐོས་དང་། དེ་བཞིན་གཤེགས་པས་བསྟན་པ་དང་ལྡན་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་
དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་དང་། དབུགས་ཕྱི་ནང་དུ་རྒྱུ་བ་དྲན་པ་དང་། བསླབ་པ་རྣམས་དང་། ཤེས་ནས་དད་པ་དང་ལྡན་པ་དང་། འཁོར་བརྒྱད་ཀྱི་དབང་དུ་བྱས་ནས་འཁོར་དང་ལྡན་པའོ། །ཡང་དག་

པར་ལྡན་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན། སུ་སྟོན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པ་དང་། ཉན་ཐོས་སམ་དེ་བཞིན་གཤེགས་པ་སྟོན་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱིས་བསྟན་པ་དང་། སངས་
རྒྱས་ཀྱིས་བསྟན་པའི་སྡེ་ཚན་ནོ། །གང་ཤེས་པ་དང་གང་གིས་ཤེས་པ་དེ་ནི་བསྟན་པ་སྟེ། འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། རྒྱུ་དང་ལྡན་པ་རྣམས་ཀྱི་སྡེ་ཚན་དང་། ལམ་གྱི་ཚོགས་ཀྱི་སྡེ་ཚན་ནོ། །དགེ་སློང་དང་བདུད་ལ་སོགས་པའི་འཁོར་
དེ་དག་ཉིད་ཀྱི་ཕྱིར་བསྟན་ཏེ། འདི་ལྟ་སྟེ། ཡང་དག་པར་བརྗོད་པའི་སྡེ་ཚན་ལས་བྱུང་བ་བཞིན་ནོ། །འདི་དག་ནི་ཐམས་ཅད་ཅེས་བྱ་བ་ཡིན་ཏེ། འདི་ལྟ་སྟེ། སུ་སྟོན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པའོ། །གཞི་ཐམས་ཅད་དང་ལྡན་པའི་གཏམ་དེ་ཡང་དག་པར་
ལྡན་པ་ལས་འབྱུང་བས་ན་དེའི་ཕྱིར་ཡང་དག་པར་ལྡན་པ་ཞེས་བྱའོ། །དེ་དང་ལྡན་པའི་གཏམ་ཉིད་རྣམ་པ་གཞན་དུ་བར་གྱི་མདོ་སྡེ་རྣམས་ཀྱིས་བསྟན་པས་ན་དེའི་ཕྱིར་བར་མ་ཞེས་བྱའོ། །དེ་ཉིད་རྣམ་པ་གཞན་དུ་རྒྱུད་རིང་པོའི་མདོ་སྡེ་རྣམས་ཀྱིས་བསྟན་པས་ན་དེའི་ཕྱིར་རིང་པོ་ཞེས་
བྱའོ། །གཅིག་དང་གཉིས་དང་གསུམ་ལ་སོགས་པ་ནས་གཅིག་ནས་གཅིག་ཏུ་སྡེ་ཚན་གྱི་ཚུལ་གྱིས་འབྱུང་བས་ན་གཅིག་ལས་འཕྲོས་པ་ཞེས་བྱའོ། །དེ་དག་ནི་ལུང་བཞི་ཞེས་བྱ་བ་ཡིན་ཏེ། སློབ་དཔོན་དང་སློབ་མ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པས་ན་ལུང་ཞེས་བྱའོ། །
འདི་ནི་གཞིའི་མདོ་སྡེའོ། །གསུང་རབ་ཏུ་གཏོགས་པའི་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་ཡན་ལག་མ་གཏོགས་པ་རྣམས་ནི་ཉན་ཐོས་དང་ལྡན་པའོ། །ཤིན་ཏུ་རྒྱས་པའི་ཡན་ལག་དེ་ཉིད་ནི་ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ཡིན་ཏེ། དེའི་རྣམ་པར་དབྱེ་བ་ཡང་སྔ་མ་
བཞིན་དུ་རིག་པར་བྱའོ། །མདོ་སྡེ་རྣམ་པ་བཞི་པོ་འདི་དག་ཀྱང་མ་རྟོགས་པའི་དོན་རྟོགས་པར་བྱ་བ་ལ་སོགས་པ་རྣམ་པ་ཉི་ཤུ་པོ་དག་གཞན་དག་ལས་ཅི་རིགས་པར་རིག་པར་བྱའོ། །མདོ་སྡེ་རབ་ཏུ་རྣམ་པར་དབྱེ་བར་བྱ་བའི་ཕྱིར་མདོ་སྡེ་རྣམ་པ་བཞི་པོ་འདི་དག་ལས་ལྷག་པར་བཤད་པ་

གང་ཡིན་པ་དེ་ལས་བརྩམས་ཏེ། མདོ་སྡེའི་མ་མོ་དེ་བཞིན་གཤེགས་པས་གསུངས་ཤིང་དེ་བཞིན་གཤེགས་པས་བསྟན་ལ་བསྔགས་ཤིང་བརྗོད་པའི་གཙུག་ལག་བསྟན་པར་བྱ་སྟེ། དཔེར་ན་མ་མོ་མེད་པའི་ཡི་གེ་རྣམས་གསལ་བ་མ་ཡིན་པ་དེ་བཞིན་དུ་མ་མོས་ཡོངས་སུ་མ་ཟིན་
པའི་མདོ་སྡེ་རྣམས་ནི་དོན་མི་མངོན་ཞིང་དོན་མི་གསལ་བ་ཡིན་ནོ། །དེ་ལས་བཟློག་པ་ནི་དོན་གསལ་བ་ཡིན་ཏེ། དེ་བས་ན་མ་མོ་ཞེས་བྱའོ། །སྤྱི་སྡོམ་ནི། ཁམས་དང་གདམས་ངག་བསྡུས་པ་དང་། །འདུ་ཤེས་རྣམ་པ་མངོན་ཤེས་འགྱུར། །རྒྱུ་དང་སྤོང་བའི་ཡན་ལག་དང་། །
ཕྱོགས་གཉིས་ཤེས་པ་གཞི་དང་བཅས། །དགྲ་བོ་དང་ནི་ཉེས་དམིགས་མེད། །ཐུགས་ཁྲལ་ཆུང་ངུར་བཞུགས་པའོ། །སྡོམ་ནི། ཁམས་དང་ལེགས་གསུངས་སྔོན་དུ་འགྲོ། །བརྟག་པ་དང་ནི་བྱིས་པའི་རྟགས། །མི་རྟག་ལ་སོགས་ངེས་པ་དང་། །གོ་རིམས་རྣམ་པ་གཉིས་
སུ་བསྟན། །རྟག་པ་མ་ཡིན་ཆད་པ་མིན། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །བཞི་པོ་འདི་དག་ནི་འདུལ་བ་རྣམས་ཀྱི་སྔོན་ལོག་པར་མོས་པ་དང་། ལྟ་བ་ལ་གོམས་པ་ལས་བྱུང་བའི་ཁམས་རྣམས་ཡིན་ཏེ། བཞི་གང་ཞེ་ན། སྔོན་གྱི་སྲིད་པའི་གནས་སུ་ཁོག་པ་དང་ལུས་
ཐོབ་པ་ན། རྟག་པར་ལྟ་བའི་དབང་གིས་དམ་པའི་ཆོས་མ་ཡིན་པ་ཐོས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་དུ་བྱས་ནས། དེ་ལྟར་རྒྱུ་དེ་དང་རྐྱེན་དེས་ལོག་པར་མོས་པ་དང་། ལྟ་བ་ལ་གོམས་པ་ལས་བྱུང་བ་ནི་ཁམས་ཡིན་ཏེ། རྟག་པར་ལྟ་བ་ཇི་ལྟ་བ་
བཞིན་དུ། ཆད་པར་ལྟ་བ་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བར་ལྟ་བ་དང་། འཇིག་ཚོགས་ལ་ལྟ་བ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་བཅོམ་ལྡན་འདས་ཀྱིས་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱི་སྒོ་ནས་སྔོན་གྱི་མོས་པ་
ཡང་བརྟགས་ནས། ཕྱི་མའི་ཁམས་ཀྱང་ཅི་རིགས་པར་ལོག་པར་མོས་པའི་ཁམས་གདུལ་བའི་ཕྱིར་བསྟན་པ་རྣམ་པ་བཞི་ཕལ་ཆེར་འཇུག་པར་མཛད་དོ། །ཡང་ན་དེ་མ་ཡིན་པ་ཤེས་པ་ཡོངས་སུ་མ་སྨིན་པ་རྣམས་ཀྱི་ཤེས་པ་ཡོངས་སུ་སྨིན་པར་བྱ་བ་དང་། ཤེས་པ་ཡོངས་སུ་

སྨིན་པ་རྣམས་ཉོན་མོངས་པ་ལས་རྣམ་པར་ཐར་བར་བྱ་བའི་བསྟན་པ་འཇུག་པར་མཛད་དོ། །དེ་ལ་ལོག་པའི་ཁམས་དང་པོ་དང་ལྡན་པ་རྣམས་ལ་ནི་ལོག་པར་མོས་པའི་ཁམས་དེ་གདུལ་བའི་ཕྱིར་རྒྱུ་འགགས་པས་འདུ་བྱེད་འགག་གོ་ཞེས་འདུ་བྱེད་འཇིག་པའི་
སྒོ་ནས་མི་རྟག་པ་སྟོན་ཏོ། །དེའི་འོག་མ་ཁམས་གཉིས་པ་དང་ལྡན་པ་རྣམས་ལ་ནི་རྒྱུ་ཀུན་འབྱུང་བས་འདུ་བྱེད་ཀུན་འབྱུང་ངོ་ཞེས་འདུ་བྱེད་འབྱུང་བའི་སྒོ་ནས་མི་རྟག་པ་སྟོན་ཏོ། །དེའི་འོག་མ་ཁམས་གསུམ་པ་དང་ལྡན་པ་རྣམས་ལ་ནི་འདུ་བྱེད་སྡུག་བསྔལ་བའི་སྒོ་ནས་སྟོན་
ཏོ། །དེའི་འོག་མ་ཁམས་བཞི་པ་དང་ལྡན་པ་འདུ་བྱེད་རྣམས་ལས་ལོགས་ཤིག་ཏུ་འཇིག་ཚོགས་ལ་ལྟ་བ་ལ་སྤྱོད་པ་རྣམས་ལ་ནི་སྟོང་པ་ཉིད་ཀྱི་སྒོ་ནས་སྟོན་ཏོ། །འདུ་བྱེད་རྣམས་ཉིད་ལ་འཇིག་ཚོགས་ལ་ལྟ་བ་སྤྱོད་པ་རྣམས་ལ་ནི་བདག་མེད་པའི་སྒོ་ནས་བསྟན་པ་འཇུག་གོ། །མ་འདྲེས་
པའི་ཡན་ལག་གསུམ་གྱིས་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པ་བསྟན་ཏེ། དེ་ལེགས་པར་གསུངས་པ་ཞེས་བྱ་བའི་གྲངས་སུའང་འགྲོའོ། །དེ་ལ་ཡན་ལག་རྣམ་པ་གསུམ་ནི་ཡོངས་སུ་གྲུབ་པ་དང་། ཡོངས་སུ་
མཐར་ཐུག་པའི་ཐམས་ཅད་ལས་རྣམ་པར་གྲོལ་བ་བསྟན་པ་དང་། དེ་ཉིད་ཀྱི་ཐབས་བསྟན་པ་དང་། དེ་ཉིད་ཀྱིས་སོ་སོ་རང་རིག་པར་བྱའོ། །ཡོངས་སུ་གྲུབ་པ་དང་ཡོངས་སུ་མཐར་ཐུག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་གང་ཞེ་ན། བྱ་བ་དང་བཅས་པ་དང་། བྱ་བ་མེད་པའི་ཕྱིར་
རྣམ་པར་གྲོལ་བ་རྣམ་པ་གསུམ་ཡོད་དེ། འཇིག་རྟེན་པའི་དང་། སློབ་པའི་དང་། མི་སློབ་པའིའོ། །དེ་ལ་འཇིག་རྟེན་པའི་ནི་ཕྱིར་ལྡོག་པས་ན་ཡོངས་སུ་གྲུབ་པ་མ་ཡིན་ནོ། །སློབ་པའི་བྱ་བ་དང་བཅས་པའི་ཕྱིར་མཐར་ཐུག་པ་མ་ཡིན་ཏེ། ཡོངས་སུ་གྲུབ་པ་ནི་མ་ཡིན་ནོ། །ལྷག་མ་
ནི་གཉི་ག་ཡིན་པར་རིག་པར་བྱའོ། །ཐབས་གང་ཞེ་ན། འདུ་བྱེད་རྣམས་ཀྱི་ཇི་ལྟ་བ་དང་ཇི་སྙེད་པ་ཡོད་པ་ལས་བརྩམས་ཏེ། མི་རྟག་པར་འདུ་ཤེས་པ་དང་། མི་རྟག་པ་ལ་སྡུག་བསྔལ་བར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་སྟོང་པ་དང་། བདག་མེད་པར་འདུ་ཤེས་པ་བསྒོམ་པ་

ལ་བརྟེན་ནས་བདེན་པ་མངོན་པར་རྟོགས་པའི་ཚེ་ཤེས་བྱ་མངོན་སུམ་དུ་བྱེད་པའི་ཕྱིར་ཡང་དག་པའི་ལྟ་བ་ཐོབ་པོ། །ལྟ་བ་དེ་ལ་བརྟེན་ནས་བསྒོམ་པའི་ལམ་ལ་འདུ་བྱེད་རྣམས་ལ་མི་མཐུན་པའི་འདུ་ཤེས་ཀྱི་གནས་པས་གནས་པར་གྱུར་པའི་དེ་དང་ལྡན་པའི་ཚོར་བ་ཡུལ་ལྐོག་ཏུ་གྱུར་པ་
དྲན་པ་ལ་རྟོག་པའི་སྣང་བ་ཉེ་བར་གནས་པས་དགའ་བ་མེད་པ་དང་། དགའ་བ་མེད་པ་དེའི་སྒོ་ནས་རྒྱུ་བ་ལ་གནས་པ་ན། ཚོར་བ་དེའི་དམིགས་པའི་ཡུལ་ལ་ལྷག་པར་ཞེན་པ་མེད་དེ། དེ་གང་གི་དོན་དུ་ཡུལ་ལ་ཞེན་པར་འགྱུར་བ་དེའི་དོན་དེ་ཉིད་ཀྱང་མེད་ན་མངོན་པར་ཞེན་པ་ལྟ་ག་ལ་ཡོད་
དེ། དེ་དེ་ལྟར་གནས་པ་དང་། རྒྱུ་བ་གཉིས་ཀྱི་དགའ་བ་དང་། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་ཡང་དག་པར་ཟད་པའི་ཕྱིར་ཡོངས་སུ་དག་པའི་སེམས་ཀྱིས་གནས་ཤིང་ཇི་ལྟར་ཐོབ་པའི་ལམ་དེ་ཉིད་ལན་མང་དུ་བྱས་པའི་རྒྱུས་དེའི་ཕྱོགས་ཀྱིས་གནས་ངན་ལེན་གྱི་བག་ལ་ཉལ་
བཅོམ་པས་ཡོངས་སུ་གྲུབ་པ་དང་ཡོངས་སུ་མཐར་ཐུག་པའི་རྣམ་པར་གྲོལ་བ་རྗེས་སུ་འཐོབ་སྟེ། དེ་ཐོབ་ན་སེམས་ཤིན་ཏུ་རྣམ་པར་གྲོལ་བར་རིག་པར་བྱའོ། །སོ་སོར་རིག་པར་བྱ་བ་གང་ཞེ་ན། དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། གལ་ཏེ་སློབ་པའི་རྣམ་པར་གྲོལ་བ་ལ་གནས་
ན་ནི་དེ་རྣམ་པ་གཉིས་སུ་རང་གི་ཤེས་རབ་ཀྱིས་སོ་སོར་རིག་པར་འགྱུར་ཏེ། བདག་གི་ངན་སོང་རྣམས་སུ་འདུ་བྱེད་མངོན་པར་འགྲུབ་པ་ཟད་དོ། །སྐྱེ་བ་བདུན་ནམ་གཉིས་སམ་གཅིག་མ་གཏོགས་པ་དེ་ལས་གཞན་པ་ཡང་སྲིད་པར་སྐྱེ་བའི་འདུ་བྱེད་མངོན་པར་འགྲུབ་པར་ཟད་དེ། །
དེ་ཟད་པར་བྱེད་པའི་ལམ་ཡང་གཏན་དུ་ཡོངས་སུ་ཉམས་པར་མི་འགྱུར་བར་བདག་གིས་བསྟེན་ཏོ་སྙམ་མོ། །གལ་ཏེ་མི་སློབ་པའི་རྣམ་པར་གྲོལ་བ་ལ་གནས་ན་ནི་དེ་ཡང་རྣམ་པ་གཉིས་ཁོ་ནས་སོ་སོར་རིག་པར་འགྱུར་ཏེ། བདག་གིས་ཉོན་མོངས་པ་མ་ལུས་པར་སྤང་བའི་ཕྱིར་
བསླབ་པར་བྱ་བ་ཐམས་ཅད་བྱས་ཟིན་ཏོ། །བདག་གི་སྐྱེ་བ་གཅིག་ཀྱང་མ་ལུས་ན་གཉིས་སམ་བདུན་ལྟ་ག་ལ་ཡོད་སྙམ་པ་སྟེ། འདོད་ན་གཞན་དག་ལ་ཡང་ལུང་སྟོན་པར་བྱེད་དོ་ཞེས་བྱ་བ་འདི་ནི་སོ་སོ་རང་རིག་པ་ཞེས་བྱའོ། །རྣམ་པར་གྲོལ་བ་དེའི་སྔོན་དུ་འགྲོ་བའི་ཆོས་ནི་འདི་གཉིས་

ཡིན་ཏེ། ལྟ་བའི་སྔོན་དུ་འགྲོ་བ་དང་། ལམ་གྱི་འབྲས་བུའི་སྔོན་དུ་འགྲོ་བའོ། །ལྟ་བའི་སྔོན་དུ་འགྲོ་བ་ནི་རྣམ་པར་གྲོལ་བ་དེ་དང་། དེའི་ཐབས་དང་། དེའི་སོ་སོ་རང་རིག་པའི་དབང་དུ་བྱས་ནས་ཕ་རོལ་གྱི་སྒྲ་ཐོས་པ་དང་། བསམས་པ་དང་། བསྒོམས་
པ་ལས་བྱུང་བ། དགེ་བ་རིགས་དང་ལྡན་པ་ཡིད་ལ་བྱེད་པ་སྟེ། ཡང་དག་པའི་སྐྱོན་མེད་པ་ལ་མ་ཞུགས་པ་ཡང་དག་པའི་སྐྱོན་མེད་པ་ལ་འཇུག་པར་འགྱུར་བ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བ་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཐོབ་པར་འགྱུར་
བའོ། །ལམ་གྱི་འབྲས་བུའི་སྔོན་དུ་འགྲོ་བ་ནི་དེ་ལྟར་ཐོབ་པའི་ཡང་དག་པའི་ལྟ་བ་དེ་ཡིན་ཏེ། དེ་མ་ཡིན་པའི་ཡང་དག་པའི་རྟོག་པ་ལ་སོགས་པ་ལྷན་ཅིག་སྐྱེས་པ་དང་། དེའི་འོག་ཏུ་འབྱུང་བའི་ལམ་སྐྱེ་བ་དང་། ཉོན་མོངས་པ་ལྷག་མ་སྤོང་བ་རྣམས་ཀྱི་སྔོན་དུ་འགྲོ་བའོ། །
རྣམ་པར་གྲོལ་བ་དེ་མ་ཐོབ་པ་ཐོབ་པར་བྱ་བ་ལ་བརྟག་པའི་གཞི་རྣམ་པ་བརྒྱད་ཡོད་དེ། འདུ་བྱེད་རྣམས་ཀྱི་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་བརྟག་པ་དང་། ཐོས་པ་དང་། བསམས་པ་དང་། སོ་སོར་བརྟག་པའི་སྟོབས་དང་། མཐོང་བ་དང་བསྒོམ་པའི་
ལམ་བརྟག་པའོ། །དེ་ལ་འདུ་བྱེད་རྣམས་ཀྱི་རོ་མྱང་བ་ལ་རྟོག་ན་འདུ་བྱེད་རྣམས་ཀྱི་རོ་མྱང་བ་ལས་རང་གི་མཚན་ཉིད་མངོན་པར་རྟོགས་པར་འགྱུར་རོ། །དེ་དག་ཉིད་ཀྱི་ཉེས་དམིགས་ལ་རྟོག་ན་ཚོར་བ་གསུམ་གྱི་གནས་སྐབས་སུ་གཏོགས་པའི་ཉེས་དམིགས་དེ་ལ་ཉེས་དམིགས་
ཀྱི་སྒོ་ནས་སྤྱིའི་མཚན་ཉིད་དུ་ཡོངས་སུ་ཤེས་ཏེ། འདི་ལ་མནོག་ནི་ཆུང་ལ་ཉེས་དམིགས་འབའ་ཞིག་མང་བ་དང་རོ་ལ་ལྷག་པར་ཞེན་པའི་ཉེས་དམིགས་དང་ཡང་ལྡན་ནོ་སྙམ་དུ་རིག་ནས་རོའི་གནས་འདུ་བྱེད་རྣམས་ལ་འདུན་པའི་འདོད་ཆགས་བྱུང་ངོ་ཅོག་སེལ་བ་དང་། རྣམ་པར་
གནོན་པའི་སྤོང་བས་སྤངས་པས་ཀུན་ཏུ་མི་སྤྱོད་པར་སྤོང་བར་འགྱུར་རོ། །དེའི་འདུན་པའི་འདོད་ཆགས་དེ་ཀུན་ཏུ་མི་སྤྱོད་པར་སྤངས་པས་དེའི་དངོས་པོའི་སྒོ་ནས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། སེམས་རྣམ་པར་གྲོལ་བ་ནི་མ་ཡིན་ནོ། །དེའི་བག་ལ་ཉལ་ལས་ཡང་དག་

པར་འདས་པས་ནི་འདོད་ཆགས་དང་བྲལ་བར་ཡང་འགྱུར་ལ་སེམས་རྣམ་པར་གྲོལ་བར་ཡང་འགྱུར་ཏེ། འདི་ནི་རྣམ་གྲངས་གཅིག་གོ། །གཞན་ཡང་རྣལ་འབྱོར་པ་འདུ་བྱེད་རྣམས་ལ་རྟོག་པ་ན་ཐོག་མ་ཁོ་ནར་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འདུ་བྱེད་རྣམས་ལ་མི་རྟག་པའམ།
མི་རྟག་པ་ལ་སྡུག་བསྔལ་བའམ། སྡུག་བསྔལ་བ་ལ་སྟོང་པ་དང་། བདག་མེད་པར་ལུང་ཇི་ལྟ་བ་བཞིན་དུ་མོས་པ་ཁོ་ནས་མངོན་པར་རྟོགས་པར་འགྱུར་རོ། །དེས་དེ་ལྟར་མངོན་པར་རྟོགས་ནས་དཔྱོད་པ་དང་མཚུངས་པར་ལྡན་པའི་བསམས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་
ཆེས་ཞིབ་པས་ཤེས་པ་དེ་ཉིད་ཡོངས་སུ་ཤེས་སོ། །མངོན་པར་རྟོགས་པ་དང་ཡོངས་སུ་ཤེས་པ་དེ་ཉིད་ཀྱི་སྒོ་ནས་དེ་དང་འབྲེལ་པའི་ཉོན་མོངས་པ་ཀུན་ཏུ་སྤྱོད་པ་ལ་ཚེ་འདི་དང་ཚེ་ཕྱི་མའི་ཉེས་དམིགས་ཡང་དག་པར་མཐོང་ནས་སོ་སོར་བརྟག་པའི་སྟོབས་ལ་བརྟེན་པས་བྱུང་
བ་དང་དུ་མི་ལེན་པར་སྤོང་བར་བྱེད་དོ། །དེས་མངོན་པར་རྟོགས་པ་དང་། ཡོངས་སུ་ཤེས་པ་དང་སོ་སོར་རྟོག་པ་མང་དུ་བྱེད་པའི་རྒྱུས་ཡང་དག་པའི་སྐྱོན་མེད་པ་ལ་འཇུག་གོ། །སྐྱོན་མེད་པ་ལ་ཞུགས་ནས་གང་བསྒོམ་པའི་ལམ་གྱི་སྟོབས་ཀྱིས་འདོད་ཆགས་དང་བྲལ་བར་བྱེད་
དེ་དེས་སོ་སོར་རྟོག་པའི་སྟོབས་དང་། མཐོང་བའི་ལམ་གཉིས་ཀྱིས་ཀུན་ཏུ་མི་སྤྱོད་པའི་སྤོང་བ་དང་། ཕྱོགས་གཅིག་སྤོང་བས་ཅི་རིགས་པར་སྤོང་བར་བྱེད་དོ། །བསྒོམ་པའི་ལམ་གྱིས་ནི་འདོད་ཆགས་དང་བྲལ་བར་བྱེད་དོ། །དེ་ལྟར་སྔ་མ་གཉིས་ཁོ་ནས་འདུན་པའི་འདོད་
ཆགས་དང་བྲལ་བར་བྱེད་ལ་བསྒོམ་པའི་ལམ་གྱིས་ནི་སེམས་རྣམ་པར་གྲོལ་བར་བྱེད་དོ། །ཉོན་མོངས་པ་སྤོང་བའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་འགོག་པ་མཐོང་བས་སྤང་བར་བྱ་བའི་འབྲས་བུ་ནི་གང་རྟོགས་པས་སེམས་ཅན་དམྱལ་བ་རྣམས་ཟད་པ་དང་། དུད་འགྲོ་
རྣམས་ཟད་པ་དང་། ཡི་དགས་རྣམས་ཟད་པ་རྒྱུན་དུ་ཞུགས་པ་ལོག་པར་ལྟུང་བ་མ་ཡིན་པའི་ཆོས་ཅན་ལ་ཞུགས་པ་ཡིན་ནོ་ཞེས་རྒྱས་པར་སྦྱར་བ་དང་། བསྒོམ་པས་སྤང་བར་བྱ་བ་སྤོང་བའི་འབྲས་བུ་ནི་གང་རྟོགས་པས་ལུས་ཐ་མ་འཛིན་པའི་དགྲ་བཅོམ་པར་འགྱུར་ཏེ། སྲིད་པ་

གཉིས་པ་མངོན་པར་འགྲུབ་པར་མི་འགྱུར་བའོ། །གཞན་ཡང་སྡུག་བསྔལ་འགོག་པ་ནི་རྣམ་པ་གཉིས་ཏེ། ད་ལྟར་གྱི་རྒྱུ་ཅན་མ་འོངས་པའི་སྡུག་བསྔལ་འགོག་པ་དང་། འདས་པའི་རྒྱུ་ཅན་ད་ལྟར་གྱི་སྡུག་བསྔལ་འགོག་པའོ། །གཞན་ཡང་རྣམ་པ་
གཉིས་ཏེ། སེམས་ལས་བྱུང་བའི་སྡུག་བསྔལ་འགོག་པ་དང་། ལུས་ཀྱི་སྡུག་བསྔལ་འགོག་པའོ། །གཞན་ཡང་རྣམ་པ་གཉིས་ཏེ། འགྱུར་བའི་སྡུག་བསྔལ་བ་དང་སྡུག་བསྔལ་གྱི་སྡུག་བསྔལ་བའི་སྡུག་བསྔལ་འགོག་པ་དང་། འདུ་བྱེད་ཀྱི་སྡུག་བསྔལ་བའི་སྡུག་བསྔལ་
འགོག་པའོ། །གཞན་ཡང་རྣམ་པ་གཉིས་ཏེ། མི་སྡུག་པའི་ལས་ཀྱི་འབྲས་བུའི་སྡུག་བསྔལ་འགོག་པ་དང་། སྡུག་པའི་ལས་ཀྱི་འབྲས་བུའི་སྡུག་བསྔལ་འགོག་པའོ། །འཕགས་པ་ཉན་ཐོས་ཞི་བ་མཐོང་བ་ནི་ངན་སོང་གི་སྡུག་བསྔལ་གྱི་འཇིགས་པ་ལས་འདས་པ་ཡིན་
མོད་ཀྱི་འོན་ཀྱང་དེའི་ཀུན་ཏུ་སྦྱོར་བ་ཡོངས་སུ་མ་ཟད་པའི་ཕྱིར་ཕྱི་མ་ལ་སོ་སོའི་སྐྱེ་བོ་དང་ཐུན་མོང་དུ་གྱུར་པའི་སྐྱེ་བ་དང་རྒ་ཤིའི་འཇིགས་པ་གང་སྤང་བར་བྱ་བའི་ཕྱིར་དེས་འདུན་པ་དྲག་པོ་ནས་དྲན་པ་དང་བག་ཡོད་པའི་བར་དུ་བརྩོན་པར་བྱ་བ་ཡང་ཡོད་དོ། །འདི་གཉིས་ནི་བྱིས་པའི་རྟགས་ཡིན་ཏེ།
གཉིས་གང་ཞེ་ན། འདོད་པ་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ལ་མི་འདོད་པ་གང་ཡིན་པ་དེ་ནི་མངོན་པར་འགྲུབ་པ་སྟེ། བྱིས་པ་ཅི་འདོད་ཅེ་ན། མྱ་ངན་ལས་འདས་པས་སྐྲག་ནས་ཕྱི་མ་ལ་འདུ་བྱེད་རྣམས་མངོན་པར་མི་འགྲུབ་པ་མི་འདོད་དེ་འདུ་བྱེད་རྣམས་
མངོན་པར་འགྲུབ་པ་འབའ་ཞིག་འདོད་པས་ན་དེ་འདོད་པ་ཡིན་ལ་འདུ་བྱེད་རྣམས་མངོན་པར་འགྲུབ་པ་དེ་ནི་སྡུག་བསྔལ་བ་ཡིན་ན་སྡུག་བསྔལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །མི་འདོད་པ་གང་ཡིན་པ་དེ་མངོན་པར་འགྲུབ་པ་ནི་རྒ་བ་དང་། ན་བ་དང་། འཆི་བ་དང་།
མི་སྡུག་པ་དང་ཕྲད་པ་དང་སྡུག་པ་དང་བྲལ་བ་དང་། འདོད་པས་ཕོངས་པ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ནི་མི་འདོད་ལ་དེ་འདུ་བྱེད་དེ་རྣམས་མངོན་པར་འགྲུབ་པ་ལ་མངོན་པར་མོས་ཤིང་སྐྱེ་བའི་རྩ་བ་

ཅན་གྱི་འདུ་བྱེད་རྣམས་ལ་མངོན་པར་དགའ་བས་སྐྱེ་བའི་རྩ་བ་ཅན་གྱི་ལས་རྣམས་བྱས་ཤིང་བསགས་པས་སྐྱེ་བར་འགྱུར་ཏེ། དེ་སྐྱེ་བའི་སྡུག་བསྔལ་དང་། སྐྱེ་བའི་རྩ་བ་ཅན་གྱི་རྒ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཁྱད་པར་རྣམས་ལས་ཀྱང་ཡོངས་ས