Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 131
Văn bản gốc(Tây Tạng)
Trang 21 / 21 (50.000 ký tự/trang)
རྣམ་པ་བཞི་ཡོད་པར་རིག་པར་བྱ་སྟེ། དེ་ལ་དགེ་སློང་བསམ་པ་དག་པ་རྟོགས་པར་བྱ་བའི་ཕྱིར་འདུན་པ་དྲག་པོ་དང་ལྡན་པ་ཤེས་པར་འདོད་པ་ནི་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ལས་གུས་པར་ཆོས་ཉན་ལ་མཉན་པའི་ འོག་ཏུ་ཏིང་ངེ་འཛིན་རྟོགས་པ་ནི་འདུན་པ་ལས་བྱུང་བའི་ཏིང་ངེ་འཛིན་ཡིན་པར་རིག་པར་བྱའོ། །ཇི་ལྟར་ཐོས་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་ལ་ཆེད་དུ་གཏད་ནས་བརྩོན་འགྲུས་ཆེན་པོ་བརྩམས་པས་གཞན་དག་ལ་ཡང་དག་པར་སྟོན་ཅིང་སྐད་ཆེན་པོས་ཁ་ཏོན་དུ་བྱེད་དོ། ། དེའི་འོག་ཏུ་དེའི་རྒྱུ་ལས་བྱུང་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་དབང་གིས་བྱུང་བའི་ཏིང་ངེ་འཛིན་ཞེས་བྱའོ། །ཏིང་ངེ་འཛིན་གྱི་མཚན་མ་བཟང་པོ་ལེགས་པར་གཟུང་བ་ཡིད་ལ་བྱེད་དེ། རྣམ་པར་བསྔོས་པ་ལ་སོགས་པ་ནས་ཀེང་རུས་ལ་ཐུག་པའི་བར་དུ་དེ་ལ་དམིགས་ནས་ ཏིང་ངེ་འཛིན་སྐྱེ་བ་གང་ཡིན་པ་དེ་ནི་སེམས་ཀྱི་དབང་གིས་བྱུང་བའི་ཏིང་ངེ་འཛིན་ཏོ། །ཇི་ལྟར་ཐོས་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གཅིག་པུ་དབེན་པར་འདུག་ནས་སེམས་ཤིང་འཇལ་ལ་ཡོངས་སུ་དཔྱོད་པར་བྱེད་པ་ན། དེའི་རྒྱུ་ལས་བྱུང་བའི་ཏིང་ངེ་འཛིན་སྐྱེ་བ་གང་ཡིན་པ་ དེ་ནི་དཔྱོད་པའི་ཏིང་ངེ་འཛིན་ཞེས་བྱའོ། །རྣམ་གྲངས་གཞན་ཡང་སྒོ་བཞི་ནས་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ། སྔ་མ་བཞིན་དུ་གཞན་ལས་འདུན་པ་སྐྱེས་པའི་དམ་པའི་ཆོས་མཉན་པའི་སྒོ་དང་། གཞན་གྱི་གདམས་ངག་དང་། རྗེས་སུ་བསྟན་པ་ཁོ་ན་ལ་ བརྟེན་ནས། རྟག་ཏུ་གུས་པར་སྦྱོར་བས་དངོས་གཞིའི་ཏིང་ངེ་འཛིན་ལ་མ་ཞུགས་ཏེ། དེ་ལ་འཇུག་པའི་གདམས་ངག་གི་སྒོ་ནས། དངོས་གཞིའི་ཏིང་ངེ་འཛིན་ལ་ཞུགས་པའི་སེམས་མངོན་པར་དགའ་བའི་སྒོ་ནས། གོང་ནས་གོང་དུ་ཏིང་ངེ་འཛིན་འཕར་བའམ་མང་དུ་ཐོས་པ་ཐོས་པའི་ གཞིར་གྱུར་པས་བདག་ཉིད་ཀྱིས་ཆོས་དེ་དག་ཚུལ་བཞིན་དུ་ཡོངས་སུ་དཔྱོད་པ་དཔྱོད་པའི་སྒོའོ། །དེ་ལ་སྒོ་དང་པོས་ནི་འདུན་པའི་དབང་གིས་བྱུང་བའི་ཏིང་ངེ་འཛིན་ཏོ། །གཉིས་པས་ནི་བརྩོན་འགྲུས་ཀྱི་དབང་གིས་བྱུང་བའོ། །གསུམ་པས་ནི་སེམས་ཀྱི་དབང་གིས་བྱུང་བའོ། ། བཞི་པས་ནི་དཔྱོད་པའི་དབང་གིས་བྱུང་བའི་ཏིང་ངེ་འཛིན་དུ་རིག་པར་བྱའོ། །ལྷག་མ་དང་སྤོང་བའི་འདུ་ཤེས་རྣམས་ཀྱི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །འཕགས་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་ལ་བརྟེན་ནས། འཕགས་པའི་རྫུ་ འཕྲུལ་མངོན་པར་སྒྲུབ་བོ། །འདི་ལས་ཕྱི་རོལ་པ་རྣམས་ལ་ནི་འཕགས་པའི་རྫུ་འཕྲུལ་བསྒྲུབ་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་མེད་དོ། །འཕགས་པ་ནི་འཕགས་པའི་རྫུ་འཕྲུལ་བསྒྲུབས་ནས་འདོད་ན་ཚེའི་འདུ་བྱེད་རྣམས་རྣམ་པར་བསྐྱེད་ནས་བསྐལ་པའམ། བསྐལ་པ་ ལས་ལྷག་པ་སྟེ། བསྐལ་པ་དེའི་འོག་ཏུ་ཡང་གནས་སོ། །གང་ཟག་རིགས་ཤིན་ཏུ་རྣམ་པར་དག་པར་གྱུར་པ་ལ་ནི་དབྱིག་ཏུ་གྱུར་པ་ཞེས་བྱ་སྟེ། དེ་ཡང་ཆོས་འདི་པ་འབའ་ཞིག་ཡིན་པར་བལྟ་བར་བྱའོ། །འཕགས་པའི་སྤྲུལ་པའི་རྫུ་འཕྲུལ་གྱིས་ཀྱང་རྣམ་པ་བཞི་ནི་སྤྲུལ་མི་ནུས་ཏེ། དབང་པོ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལས་དང་། ལས་ཀྱི་རྣམ་པར་སྨིན་པའོ། །དེ་ལ་ལས་བདེ་བ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི་རང་བཞིན་ལས་གཞན་དུ་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་གྱི་སྡུག་བསྔལ་མྱོང་བར་འགྱུར་བར་གཞན་དུ་བསྒྱུར་མི་ནུས་ སོ། །བདེ་བ་མྱོང་བར་འགྱུར་བ་སྡུག་བསྔལ་མྱོང་བར་འགྱུར་བར་བསྒྱུར་བ་ཇི་ལྟ་བ་དེ་བཞིན་དུ་སྡུག་བསྔལ་མྱོང་བར་འགྱུར་བ་ཡང་བདེ་བ་མྱོང་བར་འགྱུར་བར་བསྒྱུར་མི་ནུས་པར་རིག་པར་བྱའོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་གང་ཡིན་པ་ དེ་ནི་གཏན་དུ་སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པར་མྱོང་བར་འགྱུར་བ་འབའ་ཞིག་ཏུ་གྱུར་ཅིག་ཅེའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་མྱོང་བར་མ་གྱུར་ཅིག་ཅེས་བྱ་བར་ཡང་བྱིན་གྱིས་བརླབ་པའི་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབ་ པར་མི་ནུས་སོ། །ཚེ་འདི་ལ་མྱོང་བར་གྱུར་པའི་ལས་གང་ཡིན་པ་དེ་ཚེ་ཕྱི་མ་ལ་མྱོང་བར་གྱུར་ཅིག་ཅེས་བྱ་བའམ། ཡང་ན་ཚེ་ཕྱི་མ་ལ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ཚེ་འདི་ལ་མྱོང་བར་གྱུར་ཅིག་ཅེས་བྱ་བར་ཡང་དུས་གཞན་དུ་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་གྱིས་ཡོངས་སུ་བསྒྱུར་ བར་མི་ནུས་སོ། །སྡོམ་ནི། རྣམ་པར་གཞག་དང་སྤྱོད་ཡུལ་གྱི། །ཡུལ་དང་ཤེས་རབ་དབང་པོ་གཙོ། །ཕྱི་རོལ་སོ་སོའི་སྐྱེ་བོ་ཡི། །ཕྱོགས་ལ་གནས་པ་ཐ་མ་ཡིན། །དབང་པོ་ཉི་ཤུ་རྩ་གཉིས་ནི་མདོར་བསྡུ་ན་གནས་དྲུག་གི་དབང་གིས་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཡུལ་འཛིན་པ་དང་། རིགས་ཀྱི་རྒྱུ་གནས་པ་དང་། འཚོ་བའི་རྒྱུར་ལས་ཀྱི་མཐའ་ཐ་དད་པ་ལ་སྦྱོར་བའི་སྐྱེས་བུའི་བྱེད་པ་དང་། སྡུག་པ་དང་མི་སྡུག་པའི་སྔོན་གྱི་ལས་བྱས་པའི་འབྲས་བུ་ལ་ལོངས་སྤྱོད་པ་དང་། ལས་གསར་དུ་བྱེད་པ་དང་། འཇིག་རྟེན་པའི་ འདོད་ཆགས་དང་བྲལ་བར་འགྱུར་བ་དང་། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་འགྱུར་བའོ། །དེ་ལ་མིག་ལ་སོགས་པ་ནས་ཡིད་ལ་ཐུག་པའི་དབང་པོ་རྣམས་ནི་ཡུལ་འཛིན་པ་ལ་དབང་བྱེད་དོ། །སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་ནི་རིགས་ཀྱི་རྒྱུད་གནས་པ་ལ་བུ་ དང་ཚ་བོའི་སྒོ་ནས་དབང་བྱེད་དོ། །འཚོ་བའི་དབང་པོ་ནི་འཚོ་བའི་རྒྱུར་འཚོ་བ་སྒྲུབ་འདོད་པ་རྣམས་ཀྱི་ལས་ཀྱི་མཐའ་ཐ་དད་པ་ལ་སྦྱོར་བ་ལ་སྐྱེས་བུའི་བྱེད་པས་དབང་བྱེད་དོ། །བདེ་བ་ལ་སོགས་པ་ནས་བཏང་སྙོམས་ལ་ཐུག་པའི་དབང་པོ་རྣམས་ནི་སྡུག་པ་དང་མི་སྡུག་པའི་སྔོན་གྱི་ལས་ཀྱི་ འབྲས་བུ་ལ་ལོངས་སྤྱོད་པ་དང་། ལས་གསར་དུ་བྱེད་པ་ལ་དབང་བྱེད་དོ། །དད་པ་ལ་སོགས་པ་ནས་ཤེས་རབ་ལ་ཐུག་པའི་དབང་པོ་ལྔ་ནི་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བར་འགྱུར་བ་ལ་དབང་བྱེད་དོ། །ཟག་པ་མེད་པ་གསུམ་སྟེ། མི་ཤེས་པ་ཀུན་ ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་རྣམས་ནི་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་འགྱུར་བ་གཏན་དུ་མཐར་ཐུག་པ་ལ་དབང་བྱེད་དོ། །འཇིག་རྟེན་རྣམས་ཀྱི་འཇིག་རྟེན་གྱི་དོན་ནི་དེ་ཙམ་དུ་ཟད་དེ། དེ་ལ་འཇིག་རྟེན་སྣང་བར་འགྱུར་རོ། །དོན་དེ་ཡང་དབང་པོ་ཉི་ཤུ་རྩ་གཉིས་ཀྱིས་ཡོངས་སུ་རྫོགས་ཏེ། དེ་བས་ན་དབང་པོ་ཉི་ཤུ་རྩ་གཉིས་ཀྱིས་དབང་པོ་ཐམས་ཅད་བསྡུས་སོ། །ཁ་ཅིག་ནི་འདི་སྙམ་དུ་སེམས་ཏེ། གལ་ཏེ་ནང་གི་བདག་གང་དབང་པོ་དྲུག་པོ་འདི་དག་གི་སྒོ་ནས་ ཡུལ་ལ་སྤྱོད་པ་དེ་ལྟ་བུ་འགའ་ཞིག་མེད་དེ། དབང་པོ་དྲུག་པོ་དེ་དག་ཉིད་སྤྱོད་ཡུལ་སྣ་ཚོགས་དང་། ཡུལ་སྣ་ཚོགས་དང་ལྡན་པ་ཡིན་དུ་ཟིན་ན། དེ་ལྟ་ན་ནི་གལ་ཏེ་དབང་པོ་དྲུག་པོ་རྣམས་རང་གི་ཡུལ་ཉམས་སུ་མྱོང་བར་ཟད་ན། དབང་པོ་དྲུག་པོ་འདི་རྣམས་ཀྱི་སྤྱོད་ཡུལ་གྱི་ཡུལ་སུས་ ཉམས་སུ་མྱོང་བར་འགྱུར་སྙམ་དུ་སེམས་ན། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་པར་མི་ཤེས་པས་འདུ་བྱེད་རྣམས་ལ་དེ་ལྟར་ཕྱིན་ཅི་ལོག་ཏུ་རྟོག་པ་ཡིན་པར་རིག་པར་བྱའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདི་ཡིན་ཏེ། གང་གི་ཚེ་རྣལ་འབྱོར་པ་ནང་གི་དབང་པོ་དྲུག་ལ་ཚུལ་བཞིན་དུ་ དམིགས་པ་བཅས་ནས། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ལ་ཞུགས་ན་དེའི་ཚེ་དྲན་པ་ཉེ་བར་གཞག་པ་དེ་དག་གིས་དབང་པོ་དྲུག་པོ་དེ་རྣམས་ཀྱི་སྤྱོད་ཡུལ་གྱི་ཡུལ་ཉམས་སུ་མྱོང་བར་འགྱུར་ཏེ། དེ་དག་ཀྱང་དེ་རྣམས་རྣམ་པར་དག་པ་ལ་བརྟེན་ནས་ངེས་པར་འབྱུང་བར་འགྱུར་རོ། ། དེས་དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་ཉིད་བསྒོམས་ནས། བདེན་པ་ཁོང་དུ་ཆུད་མ་ཐག་ཏུ་བྱང་ཆུབ་ཀྱི་ཡན་ལག་བདུན་ཐོབ་པར་འགྱུར་རོ། །དེའི་ཚེ་བྱང་ཆུབ་ཀྱི་ཡན་ལག་དེ་དག་གིས་དྲན་པ་ཉེ་བར་གཞག་པ་དེ་རྣམས་ཀྱི་སྤྱོད་ཡུལ་གྱི་ཡུལ་བདེན་པ་ཡང་དག་པར་ཉམས་སུ་མྱོང་བར་ འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་དེ་དག་ཀུན་དུ་བསྟེན་པའི་རྒྱུས་རིག་པ་དང་རྣམ་པར་གྲོལ་བ་སྐྱེ་བར་འགྱུར་ཏེ། དེའི་ཚེ་རིག་པ་དང་རྣམ་པར་གྲོལ་བ་དེས་བྱང་ཆུབ་ཀྱི་ཡན་ལག་དེ་དག་ལེགས་པར་བསྒོམས་པས་གོང་དུ་བསྒོམ་པར་བྱ་བ་མེད་དོ་སྙམ་དུ་སྤྱོད་ཡུལ་གྱི་ཡུལ་ཉམས་སུ་མྱོང་བར་ འགྱུར་རོ། །དེས་ཉོན་མོངས་པ་ཐམས་ཅད་ཡང་དག་པར་སྤངས་པས་ན་ཉོན་མོངས་པ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པ་དེ་ལ་ང་རྒྱལ་མེད་པར་འགྱུར་རོ། །དེ་ང་རྒྱལ་མེད་པས་རིག་པ་དང་རྣམ་པར་གྲོལ་བ་ཡོད་པ་དེ་དག་ལ་རིག་པ་དང་རྣམ་པར་གྲོལ་བ་དེ་ནི་ཡོད་དེ། བདག་ གིས་ཐོབ་པོ་སྙམ་དུ་སྤྱོད་ཡུལ་གྱི་ཡུལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཡང་འདུས་བྱས་ཀྱི་ཆོས་ཐམས་ཅད་ལས་ངེས་པར་འབྱུང་བའི་ཕྱིར་རིག་པ་དང་རྣམ་པར་གྲོལ་བ་ལས་ཀྱང་ངེས་པར་འབྱུང་བར་རིག་པར་བྱའོ། །མྱ་ངན་ལས་འདས་པ་ལ་ནི་གཟུང་བ་དང་འཛིན་པ་གཉི་གའི་ གདགས་པ་མེད་དེ། སྤྲོས་པ་ཐམས་ཅད་འགགས་པའི་ཕྱིར་རོ། །དེ་བས་ན་འདུས་བྱས་ཇི་སྲིད་ཡོད་ཀྱི་བར་དུ་གོང་ནས་གོང་དུ་གཟུང་བ་དང་འཛིན་པ་དང་། འདྲི་བ་དང་ལན་གདབ་པ་ཡོད་པར་འཐད་དོ། །འདུས་མ་བྱས་པ་མྱ་ངན་ལས་འདས་པ་ལ་ནི་ཚུལ་བཞིན་མ་ཡིན་པ་ཁོ་ནར་ འགྱུར་ཏེ། དེ་བས་ན་བདག་གི་ནི་མེད་ཀྱི། ཀུན་ནས་ཉོན་མོངས་པ་ཙམ་དང་། རྣམ་པར་བྱང་བ་ཙམ་དུ་བསྟན་པ་ཡིན་ནོ། །སྐྱེས་བུ་གང་ཟག་ཤེས་རབ་དང་ལྡན་པ་དབང་པོ་གསལ་བའི་རང་བཞིན་ཅན་ནི་སོ་སོར་བརྟགས་ནས་ཚུལ་བཞིན་དུ་ཆོས་རྣམས་ཡིད་ལ་བྱས་པས་མྱ་ངན་ ལས་འདས་པ་ལ་མངོན་པར་ཡིད་ཆེས་པ་ཐོབ་པར་འགྱུར་རོ། །དེ་ལ་བརྟེན་ནས་བརྩོན་འགྲུས་རྩོམ་མོ། །དེ་ལ་བརྟེན་ནས་ལུས་ལ་སོགས་པའི་དམིགས་པ་ལ་དྲན་པ་འཇོག་པར་བྱེད་དོ། །དེ་ལ་བརྟེན་ནས་སེམས་ཀྱི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱེད་དོ། །དེ་ལ་བརྟེན་ནས་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་སྟེ། དེ་ཉིད་ཀྱིས་མཐར་ཐུག་པར་འགྲོའོ། །དེ་བས་ན་དང་པོ་ནས་ཀྱང་ཤེས་རབ་དབེན་པ་ཡིན་ལ། ཐ་མར་ཡང་ཤེས་རབ་དབེན་པ་ཡིན་པའི་ཕྱིར་ཤེས་རབ་ཀྱི་དབང་པོ་གཙོ་བོ་ཞེས་བྱའོ། །དེ་བཞིན་གཤེགས་ པ་རྣམས་ཀྱི་བྱང་ཆུབ་ལས་བརྩམས་ཏེ། དད་པ་ནས་ཤེས་རབ་ཀྱི་བར་དང་། ཐ་ན་འཇིག་རྟེན་པའི་ཐོབ་པ་གང་ཡིན་པ་དེ་ཡང་སུ་ལ་མེད་པ་དེ་ནི་འདི་ལས་ཕྱི་རོལ་པའི་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་ཡིན་པར་རིག་པར་བྱའོ། །གང་ལ་འཇིག་རྟེན་པ་ནི་ཡོད་ལ། འཇིག་རྟེན་ལས་འདས་པ་ནི་མེད་པ་དེ་ནི་འདིར་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་ཡིན་ཏེ། ཕྱི་རོལ་པ་ནི་མ་ཡིན་ནོ། །གང་ལ་འཇིག་རྟེན་ལས་འདས་པ་ཡོད་པ་དེ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་མ་ཡིན་པ་ཁོ་ནར་རིག་པར་བྱའོ། །སྡོམ་ནི། སོ་སོར་ བརྟགས་དང་བློ་དང་ནི། །ཡུལ་འཁོར་རྒྱལ་པོར་བཅས་པ་དང་། །དགྲ་བཅོམ་པ་དང་སློབ་པ་དང་། །དྲང་པོ་ཡང་ནི་ཐ་མ་ཡིན། །མདོར་བསྡུ་ན་ཚེ་འདི་དང་ཕྱི་མའི་ཉེས་པར་སྤྱོད་པ་ལ་ཉེས་དམིགས་སུ་མཐོང་ནས་སོ་སོར་བརྟགས་ཏེ་ཉེ་བར་སྤྱོད་པ་ལས་ལྡོག་པ་དང་། ལེགས་པར་ སྤྱོད་པ་བསྒོམས་པ་ནི་སོ་སོར་བརྟགས་པའི་སྟོབས་ཡིན་ནོ། །སྟོབས་དེ་ནི་དོན་གཉིས་སྒྲུབ་པ་ཡིན་ཏེ། བདེ་འགྲོར་འགྲོ་བ་དང་། ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བསྒོམས་པའི་སྟོབས་ཀྱིས་བསྡུས་པའི་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་རྟེན་གྱི་བྱ་བ་བྱེད་དོ། །དེ་ལ་ བརྟེན་ནས་ཀྱང་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམ་པ་གང་ཡིན་པ་དེ་ནི་བསྒོམས་པའི་སྟོབས་ཡིན་པར་རིག་པར་བྱའོ། །ངོ་ཚ་བའི་གནས་རྣམ་པ་གསུམ་ནི་སོ་སོར་བརྟགས་པའི་སྟོབས་དེའི་གྲོགས་ཀྱི་བྱ་བ་བྱེད་པ་སྟེ། འཇིག་རྟེན་ན་ བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་དང་། བསྟན་པ་ལ་མངོན་པར་དགའ་བའི་ལྷ་ཕ་རོལ་གྱི་སེམས་ཤེས་པ་དག་ཡོད་དེ། དེ་རྣམས་ཀྱིས་བདག་སྨད་པར་འགྱུར་རོ་སྙམ་པ་ནི་གཞན་ལ་གནས་པ་སྟེ། གནས་དང་པོའོ། །རྐྱེན་དུ་མ་བབ་པ་ཀུན་དུ་སྤྱོད་པའི་རྒྱུས་བདག་ཉིད་ཀྱིས་ བདག་སྨད་པར་འགྱུར་རོ་སྙམ་པ་ནི་གནས་གཉིས་པའོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚངས་པར་སྤྱོད་པ་ཡོད་དེ། ཆོས་འདི་ནི་ཚངས་པར་སྤྱོད་པ་ལ་བར་དུ་གཅོད་པ་ཡིན་ནོ་སྙམ་པ་ནི་གནས་གསུམ་པའོ། །ངོ་ཚ་བ་དེ་རྣམས་ཀྱི་གནས་གསུམ་པ་ནི་དབང་གིས་བྱུང་བ་ གསུམ་ཡིན་པར་རིག་པར་བྱ་སྟེ། འཇིག་རྟེན་གྱི་དབང་གིས་བྱུང་བ་དང་། བདག་གི་དབང་གིས་བྱུང་བ་དང་། ཆོས་ཀྱི་དབང་གིས་བྱུང་བའོ། །བདག་ལ་ཕན་པ་བསྒྲུབ་པ་དང་། །གཞན་ལ་ཕན་པ་སྒྲུབ་པའི་སྒོ་ནས་སྟོབས་བཞི་རྣམ་པར་གཞག་པར་རིག་པར་བྱ་སྟེ། བློ་དང་བརྩོན་ འགྲུས་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྡུ་བའི་སྟོབས་རྣམས་སོ། །དེ་ལ་ཚེ་འདི་ལ་མྱ་ངན་ལས་འདས་པ་ཡང་རང་གི་དོན་ཡིན་ནོ། །མཐོ་རིས་སུ་འགྲོ་བ་ཡང་རང་གི་དོན་ཡིན་ནོ། །དེ་ལ་རང་གི་དོན་དང་པོའི་སྒོ་ནས་ནི་བློ་དང་བརྩོན་འགྲུས་ཀྱི་སྟོབས་གཉིས་རྣམ་པར་གཞག་སྟེ། དེ་གཉིས་ཀ་ཡང་ཐབས་དང་བཅས་པའི་བརྩོན་འགྲུས་ཡིན་པར་རིག་པར་བྱའོ། །རང་གི་དོན་ཅིག་ཤོས་ཀྱི་སྒོ་ནས་ནི་ཁ་ན་མ་ཐོ་བ་མེད་པའི་སྟོབས་རྣམ་པར་གཞག་སྟེ། སྟོབས་འདི་གསུམ་གྱིས་རང་གི་དོན་ཐམས་ཅད་ཡོངས་སུ་རྫོགས་སོ། །གཞན་ལ་ཕན་པར་འདོད་པ་རྣམས་ཀྱི་ནི་གཞན་ གྱི་དོན་ལུས་ཏེ། དེའི་སྒོ་ནས་ནི་བསྡུ་བའི་སྟོབས་རྣམས་རྣམ་པར་གཞག་པར་རིག་པར་བྱ་སྟེ། བསྡུ་བའི་དངོས་པོ་རྣམས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཡུལ་འཁོར་རྒྱལ་པོ་དང་བཅས་པ། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་ དང་བཅས་པ། བྱིས་པ་དང་མཁས་པ་དང་བཅས་པ། ཁྱིམ་པ་དང་རབ་ཏུ་བྱུང་བ་དང་བཅས་པའི་སྒོ་ནས་ནི་སྟོབས་བཅུ་རྣམ་པར་གཞག་པར་རིག་པར་བྱ་སྟེ། རྒྱལ་པོ་རྣམས་ནི་དབང་ཕྱུག་གི་སྟོབས་ཅན་ནོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །སྟོབས་བརྒྱད་དང་ ལྡན་པའི་དགྲ་བཅོམ་པ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མ་ལུས་པར་ཟད་པ་དང་ཉམས་སུ་མྱོང་སྟེ། སྡིག་པ་གང་ཡིན་པ་དེ་ནི་མི་བྱེད་ལ་དགེ་བ་ལ་ནི་བརྟེན་ཏོ། །དབེན་པ་དང་། ངེས་པར་འབྱུང་བ་དང་། མྱ་ངན་ལས་འདས་པ་ལ་སེམས་གཞོལ་བས་ན། ཡང་ སྲིད་པའི་སྐྱེ་བ་ལ་མི་ཕྱོགས་སོ། །དེ་ལ་མི་ཕྱོགས་པས་ན་དེའི་རྒྱུས་སྡིག་པའི་ལས་མི་བྱེད་དོ། །འདོད་པ་མེ་མདག་གི་དོང་ལྟ་བུར་མཐོང་བས་ན་འདོད་པ་ལ་མི་ཕྱོགས་སོ། དེ་ལ་མི་ཕྱོགས་པས་ན་དེའི་རྒྱུས་སྡིག་པ་མི་བྱེད་དོ། །དེ་སྟོབས་དེ་གཉིས་ཀྱིས་སྡིག་པ་གང་ཡིན་པ་དེ་མི་བྱེད་ལ་མི་ བྱེད་པས་སྒོ་དྲུག་ནས་དགེ་བ་ལ་བརྟེན་ཏེ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་རྣམས་སོ། །དེ་བཞིན་གཤེགས་པ་ནི་ ཉན་ཐོས་རྣམས་དང་ཉིད་ཀྱིས་བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པའི་ཁྱད་པར་གླེང་བར་བཞེད་ནས། དེའི་ཕྱིར་སློབ་པ་རྣམས་ཀྱི་སྟོབས་ནི་ལྔ་པོ་འདི་དག་གོ། །དེ་བཞིན་གཤེགས་པའི་སྟོབས་ནི་བཅུའོ་ཞེས་གསུངས་སོ། །དེ་ལ་སློབ་པའི་སྟོབས་ལྔ་དང་ལྡན་པ་དག་ ལ་ཕན་པ་ལ་ཞུགས་པའི་ཉན་ཐོས་ནི་འབྲས་བུའི་མཆོག་དགྲ་བཅོམ་པ་ཐོབ་མ་ཐག་ཏུ་རང་གི་དོན་ཡོངས་སུ་རྫོགས་སོ། །དེ་བཞིན་གཤེགས་པ་ནི་དགྲ་བཅོམ་པ་བརྙེས་ནས་སྟོབས་བཅུས་གཞན་ལ་ཕན་པ་ལ་ཞུགས་པ་ཡིན་ཏེ། གཞན་ལ་ཕན་པ་ཉིད་དེའི་རང་གི་དོན་ཡིན་ནོ། །དེ་ནི་གང་ གི་ཚེ་འདུལ་བའི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་ནས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ། བྱ་བ་བྱས་པ། དོན་ཡོངས་སུ་རྫོགས་པར་རིག་པར་བྱའོ། །དེ་ནི་དགྲ་བཅོམ་པ་རང་གི་དོན་ལ་ཞུགས་པ་གང་ཡིན་པ་ དང་། གཞན་གྱི་དོན་དེ་ཉིད་དེའི་རང་གི་དོན་ཡིན་པ་དེའི་ཕྱིར་རྒྱུ་འདི་གཉིས་ཀྱིས་ཀྱང་ཉན་ཐོས་ལས་ཁྱད་པར་དུ་འཕགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྒྱས་པར་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །གང་ཟག་ བདག་ལ་ཕན་པར་འདོད་པ་གཡོ་མེད་པ་སྒྱུ་ཅན་མ་ཡིན་པ་དྲང་པོ་རང་གི་དོན་རྟོགས་པར་འདོད་པའི་རྒྱུ་བཞིས་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་བསླུ་བར་འགྱུར་བར་རིག་པར་བྱའོ། །ལེགས་པར་གསུངས་པ་ལ་ནི་སླུ་བ་མེད་དོ། །བཞི་གང་ཞེ་ན། དམ་པའི་ཆོས་བསྟན་པ་དང་། ཡང་དག་པའི་གདམས་ངག་དང་། རྗེས་སུ་བསྟན་པ་དང་། ཚུལ་བཞིན་དུ་ཁོང་དུ་ཆུད་པ་དང་། རྟོགས་པའོ། །དེ་ལ་མོས་པའི་གནས་ནི་དམ་པའི་ཆོས་མཉན་པ་ཞེས་བྱ་སྟེ། རྒྱུ་མེད་པ་དང་། རྒྱུ་མི་མཐུན་པ་རྣམ་པར་སྤངས་པ་དང་། རིག་པ་དང་ལྡན་པ་དང་། ཡང་དག་ པའི་རྒྱུ་ཡོངས་སུ་བསྟན་པའི་དོན་གྱི་ཕྱིར་རོ། །དེ་ལ་ཡང་དག་པའི་གདམས་ངག་དང་རྗེས་སུ་བསྟན་པ་སྤོང་བའི་སྦྱོར་བ་སྟོན་པ་དང་ལྡན་པའི་ཆོས་ཚིག་དང་དོན་གྱིས་བསྡུས་པ་གང་ཡིན་པ་དེ་དག་ནི་སྔ་མའི་མོས་པའི་བཞི་དང་གནས་སུ་གྱུར་པའི་ཆོས་རྣམས་མངོན་སུམ་དུ་བྱེད་པར་འགྱུར་བ་ཡིན་ ནོ། །གལ་ཏེ་བདག་ལ་ཕན་པར་འདོད་པའི་རིགས་ཀྱི་བུ་དེ། རྒྱུད་ལས་སུ་རུང་བ་ཆོས་འདུལ་བ་འདི་ལ་འཇུག་པར་བྱེད་ན་དེ་ནི་ཡང་དག་པར་བསྟན་པ་དང་ཡང་དག་པར་གདམས་ངག་བསྟན་པ་ཡིན་ཏེ། མྱུར་དུ་ཁྱད་པར་དུ་འཕགས་པར་ཡང་འགྱུར་རོ། །དེ་ནི་དྲན་པ་ཉེ་བར་གཞག་པ་ བཞི་ལ་བརྟེན་ནས། ཁོང་དུ་ཆུད་པར་བྱ་བ་ཚུལ་བཞིན་དུ་ཁོང་དུ་ཆུད་པ་དང་། ཐོབ་པར་བྱ་བ་ཐོབ་པར་ཡང་འགྱུར་རོ། །འདུས་བྱས་ཀྱི་སྒོ་ནས་མཁས་པ་རྣམས་ཀྱིས་ཡོད་པར་འཛིན་པ་དང་མེད་པར་འཛིན་པ་གང་ཡིན་པ་དེ་ཡང་རབ་ཏུ་ཤེས་པ་དང་། འདུས་མ་བྱས་ཀྱི་སྒོ་ནས་སྲིད་པའི་རྩེ་ མོ་མན་ཆད་ཀྱིས་མྱ་ངན་ལས་འདས་པ་བླ་ན་ཡོད་པ་ལ་ཡང་བླ་ན་ཡོད་པར། བླ་ན་མེད་པ་ལ་ཡང་བླ་ན་མེད་པར་རབ་ཏུ་ཤེས་པ་འདི་ནི་ཚུལ་བཞིན་དུ་ཁོང་དུ་ཆུད་པ་ཡིན་ནོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ལ་བརྟེན་པས་སེམས་མཉམ་པར་གཞག་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ ནས། རིག་པ་དང་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་འདི་ནི་རྟོགས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་རིགས་ཀྱི་བུ་དེ་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་འཇུག་ན་ནི་དེ་གནས་འདི་དག་མ་ཐོབ་པས་བསྡུ་བར་འགྱུར་རོ། །སྡོམ་ནི། རྣམ་པར་གཞག་དང་བྱེ་བྲག་དང་། །ཟས་རྣམས་ དང་ནི་གོ་རིམས་དང་། །རེག་པར་གནས་དང་རིན་ཆེན་དབྱེ། །བསྒོམས་པ་ཡང་ནི་ཐ་མ་ཡིན། །ཞི་གནས་དང་ལྷག་མཐོང་དང་གཉིས་ཀའི་ཕྱོགས་དང་མཐུན་པའི་བྱེ་བྲག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་ འབྱུང་བ་བཞིན་ནོ། །རང་བཞིན་གྱི་བྱེ་བྲག་དང་། དམིགས་པ་དང་། གཞིའི་མཚན་མའི་བྱེ་བྲག་གིས་བྱང་ཆུབ་ཀྱི་ཡན་ལག་བདུན་བཅུ་བཞིར་འགྱུར་བར་རིག་པར་བྱ་སྟེ། དམིགས་པ་དང་བཞིའི་མཚན་མ་གཉིས་ཀྱིས་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། མཉམ་པར་གཞག་པའི་ས་དང་ ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་གི་གནས་ཀྱི་ཆོས་རྣམས་ལ་ནི་ཡིད་ལ་བྱེད་པ་རྣམ་པ་གཉིས་རིལ་པོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཟས་ཡིན་པར་རིག་པར་བྱ་སྟེ། །འདི་ལྟ་སྟེ། ཕྱིན་ཅི་མ་ལོག་པ་ཡིད་ལ་ བྱེད་པ་དང་། རྒྱུན་མི་འཆད་པར་ཡིད་ལ་བྱེད་པའོ། །དེ་ལས་བཟློག་པ་ནི་ཟས་མ་ཡིན་པར་རིག་པར་བྱའོ། །ཐོག་མ་དང་བར་དང་ཐ་མ་རྣམས་སུ་ཡན་ལག་གང་ཡང་རུང་བ་མ་ཚང་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྲུབ་པར་མི་འགྱུར་རོ། །ཇི་ལྟར་འཚམ་པའི་རྟེན་དང་ བརྟེན་པ་འཇུག་པ་རྣམ་པར་གཞག་པ་ལས་ནི་རིམ་གྱིས་འབྱུང་བར་བསྟན་པར་རིག་པར་བྱའོ། །དེ་ལ་རྟེན་དེ་ལྟ་བུ་ནི་དྲན་པའོ། །བརྟེན་པ་དེ་ལྟ་བུ་ནི་ཆོས་རྣམ་པར་འབྱེད་པའོ། །ལྷག་མ་རྣམས་ཀྱང་དེ་བཞིན་དུ་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བསྒོམ་ པ་ལ་བརྩོན་པའི་དགེ་སློང་ནི་རྒྱུ་བཞིས་རེག་པར་གནས་པར་མི་འགྱུར་ཏེ། བཞི་གང་ཞེ་ན། ཐམས་ཅད་ཀྱི་ཐམས་ཅད་དུ་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་མ་བྲལ་བ་དང་ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་མངོན་སུམ་དུ་གྱུར་པ་དང་། ལྷག་ མཐོང་གི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་མངོན་སུམ་དུ་གྱུར་པ་དང་། མ་གོམས་པའི་ལམ་ལ་འཇུག་པའོ། །དེ་ལས་བཟློག་པའི་རྒྱུ་བཞིས་ནི་རིག་པར་གནས་པར་འགྱུར་རོ། །དེ་གཉི་ག་ལ་མཁས་པའི་དགེ་སློང་ཤེས་བཞིན་དུ་གནས་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་ཤེས་སོ། །ཡིད་ལ་བྱེད་པ་མངོན་པར་འདུ་བྱེད་པ་དང་བཅས་པས་ན་ཧ་ཅང་བརྟུན་ངས་པའི་བརྩོན་འགྲུས་ཡིན་ནོ། །མགོ་དང་མཇུག་ཏུ་ལྷག་ཆད་དུ་གྱུར་པས་ན་མ་སྙོམས་པ་སྟེ། དེ་བས་ན་རྒྱུ་འདི་གཉིས་ལས་མ་གོམས་པ་ཡིན་པར་རིག་པར་བྱའོ། །དེ་ལས་བཟློག་པ་གཉིས་ཀྱིས་ ཀྱང་གོམས་པའི་ལམ་ཡིན་པར་རིག་པར་བྱའོ། །འཁོར་ལོས་སྒྱུར་བ་གླིང་བཞིའི་དབང་ཕྱུག་གི་བདག་པོ་ཐོབ་པའི་རིན་པོ་ཆེ་སྣ་བདུན་དང་འདྲ་བར་སེམས་ཀྱི་དབང་ཕྱུག་ཆེན་པོ་ཐོབ་པའི་ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་རིན་པོ་ཆེ་ཡིན་པར་རིག་པར་བྱའོ། །དེ་ལ་ཞི་གནས་དང་ལྷག་མཐོང་ དང་གཉིས་ཀའི་ཕྱོགས་དང་མཐུན་པ་འཁོར་ཞིང་ཀུན་དུ་འཁོར་ལ་ཉོན་མོངས་པ་ལས་རྣམ་པར་རྒྱལ་བའི་དོན་གྱིས་དྲན་པ་ནི་འཁོར་ལོ་རིན་པོ་ཆེ་ལྟ་བུའོ། །ཤེས་བྱ་མཐའ་ཡས་པ་ཤེས་པའི་ལུས་ཆེ་བའི་དོན་གྱིས་ཆོས་རྣམ་པར་འབྱེད་པ་ནི་གླང་པོ་རིན་པོ་ཆེ་ལྟ་བུའོ། །ཇི་སྲིད་བགྲོད་པར་བྱ་བ་ དང་ཕྱིན་པར་བྱ་བ་དེར་མྱུར་དུ་འགྲོ་བ་དང་བར་མ་དོར་བར་དུ་གཅོད་པ་མེད་པའི་དོན་གྱིས་བརྩོན་འགྲུས་ནི་རྟ་རིན་པོ་ཆེ་ལྟ་བུའོ། །མཆོག་ཏུ་སྐྱོན་མེད་ཅིང་ཡིད་དུ་འོང་བའི་དོན་གྱིས་དགའ་བ་ནི་བུད་མེད་རིན་པོ་ཆེ་ལྟ་བུའོ། །ལུས་དང་སེམས་ལས་སུ་རུང་བ་དད་པའི་རང་བཞིན་གྱི་དོན་གྱིས་ཤིན་ཏུ་ སྦྱངས་པ་ནི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །འདོད་པའི་དོན་ཐམས་ཅད་སྒྲུབ་པའི་དོན་གྱིས་ཏིང་ངེ་འཛིན་ནི་ཁྱིམ་བདག་རིན་པོ་ཆེ་ལྟ་བུའོ། །ཉོན་མོངས་པ་ཅན་གྱི་སྡེ་འཇོམས་པའི་དོན་དང་ཉོན་མོངས་པ་ཅན་མ་ཡིན་པའི་དོན་གྱིས་ཆོས་ཀྱི་སྡེ་སྒྲུབ་པའི་དོན་དང་མཚན་མ་མེད་པར་གནས་པ་ལ་ ངལ་བ་མེད་པར་གནས་པ་སྒྲུབ་པའི་དོན་གྱིས་བཏང་སྙོམས་ནི་བློན་པོ་རིན་པོ་ཆེ་ལྟ་བུའོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་ཉི་ཤུ་གཉིས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་གོས་ཀྱི་ཟ་མ་ཏོག་ཆེན་པོ་ཐོབ་པའི་རྣལ་འབྱོར་པ་རྒྱལ་པོ་དང་འདྲ་བ་ནི་ཆ་གསུམ་ གྱི་བྱང་ཆུབ་ཀྱི་ཡན་ལག་གི་གནས་པས་གནས་ཏེ། འདི་ལྟ་སྟེ། ཞི་གནས་ཀྱི་ཕྱོགས་དང་མཐུན་པ་དང་། ལྷག་མཐོང་གི་ཕྱོགས་དང་མཐུན་པ་དང་། དེ་གཉིས་ཀའོ། །དེ་དག་ནི་དེའི་སྔ་དྲོ་དང་། ཉི་མའི་གུང་དང་། ཕྱེ་མ་རེད་ལྟ་བུའི་ཆ་གསུམ་ཡིན་ནོ། །དེ་ལ་ཆ་དང་པོ་ལ་ནི་བྱང་ཆུབ་ཀྱི་ ཡན་ལག་བཞིས་གནས་སོ། །གཉིས་པ་ལ་ཡང་བཞིས་གནས་སོ། །གསུམ་པ་ལ་ནི་བདུན་པོ་ཐམས་ཅད་ཀྱིས་གནས་ཏེ། རྣལ་འབྱོར་པ་ནི་ནམ་ཡང་བྱང་ཆུབ་ཀྱི་ཡན་ལག་གཅིག་པུས་མི་གནས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་དག་ཀྱང་མུ་སྟེགས་ཅན་གཞན་རྣམས་ལ་ཞེ་སྡང་ གི་རྗེས་སུ་འགྲོ་བ་མ་ཡིན་པའི་ཕྱིར་དང་། དགྲ་ཟླའི་ཚུལ་གྱིས་མི་གནས་པའི་ཕྱིར་དང་། ཕན་པའི་ལྷག་པའི་བསམ་པས་འཇུག་པའི་ཕྱིར་དང་། ཉོན་མོངས་པ་ཐམས་ཅད་དང་མི་ལྡན་པའི་ཕྱིར་ན་ཁོ་ན་མེད་པ་དང་། འགྲན་ཟླ་ཅན་མ་ཡིན་པ་དང་། གནོད་སེམས་ཅན་མ་ཡིན་པ་ཞེས་བྱའོ། ། གང་གི་ཚེ་རྣལ་འབྱོར་པ་དེས་དེ་དག་མངོན་སུམ་དུ་བྱེད་པ་དང་། ཇི་སྲིད་མངོན་སུམ་དུ་བྱས་ཏེ་གནས་པ་དང་། གང་གི་ཚེ་ལངས་ནས་འགག་པར་འགྱུར་བ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན་དེ་ནི་ཤེས་བཞིན་དུ་གནས་པ་ དེས་ཁ་ན་མ་ཐོ་བ་མེད་པར་གནས་པ་དང་། རོ་མྱང་བ་མེད་པ་དང་། སེམས་ཟང་ཟིང་མེད་པ་ཡིན་ནོ། །འདུ་ཤེས་ཉི་ཤུ་རྩ་གཅིག་དང་ལྡན་པའི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། མཚུངས་པར་ལྡན་པ་དང་ལྡན་པའི་དོན་དང་། དེ་མ་ ཐག་པ་དང་ལྡན་པའི་དོན་ཏོ། །མི་རྟག་པ་ལ་སོགས་པའི་འདུ་ཤེས་དང་ལྡན་པ་ནས་འཆི་བའི་འདུ་ཤེས་དང་ལྡན་པའི་བར་རྣམས་ནི་མཚུངས་པར་ལྡན་པའི་དོན་ཏོ། །མི་སྡུག་པ་ལ་སོགས་པའི་འདུ་ཤེས་དང་ལྡན་པ་ནས་སྟོང་པ་ཉིད་སོ་སོར་བརྟག་པའི་འདུ་ཤེས་དང་ལྡན་པའི་བར་རྣམས་ ནི་དེ་མ་ཐག་པའི་དོན་ཏོ། །བྱམས་པ་ལ་སོགས་པ་དང་ལྡན་པ་ཡང་དེ་དང་ལྡན་པར་རིག་པར་བྱའོ། །འདུ་བྱེད་ལ་འཆུམས་པ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་འདུ་བྱེད་རྣམས་ལ་འཆུམས་པ་དང་། ལེ་ལོ་དང་། སྙོམ་ལས་དང་། འཇིག་ ཚོགས་ལ་ལྟ་བ་སྤངས་སུ་ཟིན་ཀྱང་བག་ཆགས་དང་འབྲེལ་པས་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་སྤྱོད་པ་དང་རོ་ལ་སྲེད་པ་དང་། འཇིག་རྟེན་སྣ་ཚོགས་ལ་འདུན་པའི་འདོད་ཆགས་ཀྱི་རྗེས་སུ་ཆགས་པ་དང་། ཉོན་མོངས་པས་ལྷག་མའི་བག་ལ་ཉལ་དང་། རྙེད་པའི་བསམ་པ་དང་། འཚོ་བའི་བསམ་པ་དང་། འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། རྟོག་པ་ངན་པ་དང་འབྲེལ་བའི་འདོད་པའི་འདོད་ཆགས་རྣམ་པ་བཞི་སྟེ། ཁ་དོག་དང་དབྱིབས་དང་རེག་པ་དང་བསྙེན་བཀུར་གྱི་རྣམ་པ་སྟེ། འདི་དག་ནི་རྣལ་འབྱོར་པའི་སྐྱོན་ཡིན་ཏེ། དེ་རྣམས་ཀྱིས་ སེམས་ལམ་ལོག་པར་འཇུག་པར་བྱེད་དོ། །དེ་དག་གི་གཉེན་པོར་ནི་འདུ་ཤེས་ཉི་ཤུ་རྩ་གཅིག་དང་ལྡན་པའི་བྱང་ཆུབ་ཀྱི་ཡན་ལག་ཅི་རིགས་པར་བསྒོམ་མོ། །དེ་ལ་གཞིའི་གཉེན་པོར་ནི་སྨོན་པ་མེད་པའི་རྣམ་པའི་འདུ་ཤེས་སྒོམ་པར་བྱེད་དོ། །མི་རྟག་པའི་འདུ་ཤེས་ནས་བཟུང་སྟེ། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཀྱི་བར་དུ་བསྒོམ་མོ། །གཅིག་གི་གཉེན་པོར་ནི་སྟོང་པ་ཉིད་ཀྱི་རྣམ་པའི་འདུ་ཤེས་ཏེ། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་ཏེ། ཉོན་མོངས་པ་ལྷག་མའི་བག་ལ་ཉལ་སྤང་བའི་ཕྱིར་ནི་ཁམས་གསུམ་ལ་མཚན་མ་མེད་ པའི་འདུ་ཤེས་སོ། །རྙེད་པའི་བསམ་པ་དང་། འདོད་པའི་སྲེད་པའི་གཉེན་པོར་ནི་འདོད་པ་རྣམས་ལ་ཉེས་དམིགས་ཀྱི་འདུ་ཤེས་སོ། །འཚོ་བའི་བསམ་པ་དང་། སྲིད་པའི་སྲེད་པའི་གཉེན་པོར་ནི་འཆི་བའི་འདུ་ཤེས་སོ། །རྟོག་པ་ངན་པ་དང་འབྲེལ་བའི་འདོད་ཆགས་རྣམ་པ་བཞིའི་ གཉེན་པོར་ནི་མི་སྡུག་པའི་འདུ་ཤེས་ནས་བཟུང་སྟེ། སྟོང་པ་ཉིད་སོ་སོར་བརྟག་པའི་འདུ་ཤེས་ཀྱི་བར་དུ་བསྒོམ་མོ། །རྣམ་པར་བསྔོས་པ་ལ་སོགས་པའི་འདུ་ཤེས་ནས་སྟོང་པ་ཉིད་སོ་སོར་བརྟག་པའི་འདུ་ཤེས་ལ་ཐུག་པ་དེ་དག་ཐམས་ཅད་ནི་མི་སྡུག་པའི་འདུ་ཤེས་ཡིན་པར་རིག་པར་ བྱའོ། །དེ་ལ་རྣམ་པར་བསྔོས་པ་ལ་སོགས་པ་ནས་བམ་པ་ལ་ཐུག་པ་རྣམས་ནི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོའོ། །རྣམ་པར་ཟོས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་འཐོར་བའི་འདུ་ཤེས་རྣམས་ནི་དབྱིབས་ཀྱི་འདོད་ཆགས་ཀྱི་གཉེན་པོའོ། །རུས་པ་དང་ཀེང་ རུས་ཀྱི་འདུ་ཤེས་ནི་རེག་པའི་འདོད་ཆགས་ཀྱི་གཉེན་པོའོ། །རྣམ་པར་ཤེས་པས་སྟོང་པའི་ཁོག་པ་སོ་སོར་བརྟག་པའི་འདུ་ཤེས་ནི་བསྙེན་བཀུར་གྱི་འདོད་ཆགས་ཀྱི་གཉེན་པོའོ། །བྱམས་པ་ཀུན་དུ་བསྟེན་པ་ནི་དགེ་བའི་མཆོག་ཏུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟ་སྟེ། མཉམ་ པར་གཞག་པའི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །སྡོམ་ནི། སྟོབས་དང་རྣམ་པར་དག་པ་དང་། །རབ་ཏུ་དབྱེ་དང་རྣམ་གྲངས་དང་། །དགེ་སྦྱོང་གི་ནི་ཚུལ་རྣམས་དང་། །བྲམ་ཟེའི་ཚུལ་ནི་ཐ་མ་ཡིན། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྐྱེ་བ་ལ་ནི་ཕྱི་ནང་གི་ སྟོབས་ཐམས་ཅད་ཀྱི་ནང་ན་སྟོབས་གཉིས་ཀུན་གྱི་མཆོག་ཡིན་ནོ། །གཉིས་གང་ཞེ་ན། ཕྱི་རོལ་རྣམས་ཀྱི་ནང་ན་ནི་དགེ་བའི་བཤེས་གཉེན་ནོ། །ནང་གི་རྣམས་ཀྱི་ནང་ན་ནི་ཚུལ་བཞིན་ཡིད་ལ་བྱེད་པའོ། །དེ་མ་ཡིན་པའི་བར་ཆད་མེད་པ་དང་། སྔོན་བསོད་ནམས་བྱས་པ་དང་། གོས་ལ་སོགས་པས་ཕོངས་པ་མེད་པ་ལ་སོགས་པ་ཡང་ཕྱི་རོལ་གྱི་སྟོབས་ཡིན་པར་རིག་པར་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་ཤེས་རབ་མ་གཏོགས་པར་དེ་མ་ཡིན་པའི་སྤོང་བའི་ཡན་ལག་རྣམས་ནི་ནང་གི་སྟོབས་རྣམས་ ཡིན་པར་རིག་པར་བྱའོ། །དེ་ལ་དགེ་བའི་བཤེས་གཉེན་ཡོད་ན། དམ་པའི་ཆོས་ཐོས་པ་ཕ་རོལ་གྱི་སྒྲ་ཞེས་བྱ་བ་ཡོད་པར་འགྱུར་རོ། །དེའི་འོག་ཏུ་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་ཡང་དག་པའི་ལྟ་བ་ལ་སོགས་པའི་ལམ་འབྱུང་བར་འགྱུར་ རོ། །ཡང་དག་པའི་ལྟ་བ་ལ་སོགས་པ་སློབ་པ་གང་ཡིན་པ་དེ་དག་ནི་ཟག་པ་མེད་པ་ཡིན་པས་ན་ཡོངས་སུ་དག་པ་ཞེས་བྱའོ། །མི་སློབ་པ་གང་ཡིན་པ་དེ་དག་ནི་རྒྱུད་རྣམ་པར་དག་པས་ན་ཡོངས་སུ་བྱང་བ་ཞེས་བྱའོ། །འདིར་འཇིག་རྟེན་པའི་གང་ཡིན་པ་དེ་དག་ནི་སྡིག་པ་རྣམ་པ་དུ་ མས་འདོད་དགུར་སྤྱོད་པ་འདི་ལ་ཕྱི་རོལ་པའི་མུ་སྟེགས་ཅན་གྱི་ལྟ་བ་དང་འབྲེལ་པ་རྣམས་དང་བྲལ་བས་ན་ཉོན་མོངས་པ་མེད་པའོ། །ཉོན་མོངས་པ་དེས་ཀུན་ནས་བསླང་བའི་ཡང་སྲིད་པར་སྐྱེ་བའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་ན་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཞེས་བྱའོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པ་ཐམས་ཅད་ནི་མདོར་བསྡུ་ན་གནས་གཉིས་ཀྱིས་བསྡུས་པའི་ཕྱིར་རྣམ་པ་གཉིས་སུ་རིག་པར་བྱའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པའི་གང་ཡིན་པ་དེ་ནི་ཟག་པ་གསུམ་དང་ཉེ་བར་ལེན་པ་བཞི་དང་འབྲེལ་པས་ན་སྡུག་བསྔལ་ཟད་ པར་མི་འགྱུར་རོ། །དགེ་བ་ཡིན་པའི་ཕྱིར་ནི་བདེ་འགྲོར་འགྲོ་བར་འགྱུར་རོ། །འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་དེ་ལས་བཟློག་པ་སྟེ། སྡུག་བསྔལ་ཟད་པར་འགྱུར་རོ། །ཡང་དག་པའི་ལྟ་བ་ལ་སོགས་པའི་ཡན་ལག་དེ་རྣམས་ཀྱི་རྒྱས་པར་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། ཉན་ཐོས་ ཀྱིས་དང་རྣམ་གྲངས་བསྡུ་བ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཏིང་ངེ་འཛིན་གྱི་ཡོ་བྱད་བདུན་ནི་འདི་ལྟ་སྟེ། མཉམ་པར་གཞག་པའི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་ཡང་དག་པའི་ལྟ་བ་ལ་སོགས་པའི་ལམ་ནི་རིག་པར་གནས་པས་ན་ཆོས་ཞེས་བྱའོ། །ཉོན་ མོངས་པ་འདུལ་བར་བྱེད་པ་ཡིན་པས་ན་འདུལ་བའོ། །སྡིག་པའི་ཆོས་རྣམས་ལ་རིང་བ་དང་འཕགས་པ་རྣམས་ཀྱིས་བསྟེན་པས་ན་འཕགས་པའོ། །བདེ་འགྲོར་འགྲོ་བར་བྱེད་པས་ན་དགེ་བའོ། །མྱ་ངན་ལས་འདས་པར་འགྲོ་བར་འགྱུར་བས་ན་བསྟེན་པར་བྱ་བའོ། །དམ་ པ་རྣམས་ཀྱིས་མངོན་པར་བསྔགས་པས་ན་ལེགས་པ་ཞེས་བྱ་བར་རིག་པར་བྱའོ། །དེ་ལས་བཟློག་པ་ནི་ལོག་པའི་ལྟ་བ་ལ་སོགས་པའི་ལམ་ཡིན་ཏེ། མ་རིག་པའི་མུན་པའི་ཕྱོགས་དང་མཐུན་པས་ན་གནག་པའོ། །ངན་སོང་དུ་འགྲོ་བར་འགྱུར་བས་ན་གནོད་པའོ། ། མི་དགེ་བ་ཡིན་པས་ན་ངན་པའོ། །ཚེ་འདི་ལ་འཇིག་པ་དང་འཁོན་པར་བྱེད་པས་ན་ཁ་ན་མ་ཐོ་བ་དང་བཅས་པའོ། །དམ་པ་རྣམས་ཀྱིས་སྤངས་ཤིང་རྣམ་པར་སྨད་པས་ན་ཡོངས་སུ་སྤང་བར་བྱ་བའོ། །ཡང་དག་པའི་དགེ་སྦྱོང་གི་ཚུལ་གྱི་སྒོ་ནས་འཕགས་པའི་ལམ་ཡན་ལག་ བརྒྱད་པ་དགེ་སྦྱོང་གི་ཚུལ་གྱི་དོན་གྱིས་རྣམ་པར་གཞག་སྟེ། དེའི་དོན་དུ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བརྡའི་རབ་ཏུ་འབྱུང་བ་དང་། དགེ་སྦྱོང་གི་ཚུལ་དེ་ཡང་དག་པར་ལེན་ཏོ། །དེ་ནི་གཏན་དུ་མི་འཇིག་པས་ན་དེའི་ཕྱིར་ཡང་དག་པ་ཞེས་བྱའོ། །བརྡའི་ ནི་དེ་ལྟ་མ་ཡིན་ནོ། །ཡང་དག་པའི་དགེ་སྦྱོང་གི་ཚུལ་དེ་དང་ལྡན་པ་གང་ཡིན་པ་དེ་ཡང་ཡང་དག་པའི་དགེ་སྦྱོང་ཡིན་པར་རིག་པར་བྱའོ། །དེ་ཡང་དེའི་འབྲས་བུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མ་ལུས་པར་སྤང་བའི་དོན་དུ་ཡོངས་སུ་བཙལ་བ་ཡིན་ནོ། ། དེ་བས་ན་དེ་ལ་དགེ་སྦྱོང་གི་ཚུལ་གྱི་དོན་ཞེས་བྱའོ། །དགེ་སྦྱོང་གི་ཚུལ་གྱི་དོན་དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། སྤྱིར་བསྡུས་ཏེ་རྣམ་པར་གཞག་པ་དང་བྱ་བ་དང་བཅས་པ་དང་། བྱ་བ་མེད་པ་དང་། ཞུགས་པ་དང་། འབྲས་བུ་ལ་གནས་པའི་བྱེ་བྲག་གིས་ རྣམ་པར་གཞག་པའོ། །དེ་དག་ཐམས་ཅད་བསྡུས་ན་བཞིར་འགྱུར་ཏེ། དགེ་སྦྱོང་གི་ཚུལ་དང་། དགེ་སྦྱོང་དང་། དགེ་སྦྱོང་གི་ཚུལ་གྱི་དོན་དང་། དགེ་སྦྱོང་གི་འབྲས་བུའོ། །སྡོམ་ནི། གེགས་དང་ཉེ་བའི་ཉོན་མོངས་དང་། །རྟོག་དང་འབྲས་བུ་གོང་ན་ ཡོད། །ཆ་ཕྲ་བ་དང་ལུས་ངལ་དང་། །སློབ་པ་གནས་དང་ཡིད་བྱེད་ཤེས། །ཟིལ་གྱིས་གནོན་པ་ཐ་མ་ཡིན། །དབུགས་རྔུབ་པ་དང་འབྱུང་བ་དྲན་པ་བསྒོམ་པ་ནི་རྣམ་པ་བཅུ་དྲུག་ཡོད་དེ། རྒྱས་པར་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་ བཞིན་དུ་རིག་པར་བྱའོ། །དབུགས་ཕྱི་ནང་དུ་རྒྱུ་བ་དྲན་པ་བསྒོམ་པ་ལ་བརྩོན་པའི་རྣལ་འབྱོར་པ་ལ་ནི་བགེགས་བྱེད་པ་ལྟ་བུའི་ཆོས་ལྔ་ཡོད་པར་རིག་པར་བྱ་སྟེ། ཕྱི་རོལ་དུ་སེམས་གཡེང་བ་དང་། དབུགས་རྔུབ་པ་དང་། འབྱུང་བ་འཇུག་པར་དཀའ་བ་དང་། རྒོད་ པའི་ཀུན་ནས་དཀྲིས་པ་དང་། རྨུགས་པ་དང་། གཉིད་ཀྱི་ཀུན་ནས་དཀྲིས་པ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་ལྷན་ཅིག་འདྲེ་བར་གནས་པའོ། །དེ་དག་ནི་མཉམ་པར་མ་བཞག་པའི་སེམས་མཉམ་པར་གཞག་པར་བྱ་བ་དང་། མཉམ་པར་གཞག་པ་ཡང་ དང་ཡང་དུ་བསྒོམ་པར་བྱ་བ་ལ་བགེགས་བྱེད་པ་ཡིན་པར་རིག་པར་བྱའོ། །ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་ཅན་དུ་འགྱུར་བའི་ལུས་རྨུགས་པ་དང་། སེམས་ཀྱི་ཞུམ་པ་སྐྱེས་པ་ནས་དབུགས་རྔུབ་པ་དང་འབྱུང་བ་དྲན་པའི་བསྒོམ་པའི་ལུས་ནི་ཤིན་ཏུ་སྦྱངས་པར་འགྱུར་ ཞིང་། རྨུགས་པ་དང་ལྡན་པའི་ལུས་ཀྱི་གནས་ངན་ལེན་དང་བྲལ་བར་འགྱུར་རོ། །ལྷག་མཐོང་གི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་འདི་ལྟ་སྟེ། འདོད་པའི་རྟོག་པ་ལ་སོགས་པ་རྟོག་པ་ངན་པ་རྣམས་དང་། འདོད་པའི་འདུ་ཤེས་ལ་སོགས་པ་འདུ་ཤེས་ངན་པ་རྣམས་དང་། མ་རིག་པའི་ཆ་དང་མཐུན་པའི་རྟོག་པ་ཀུན་ནས་སློང་བ་རྣམས་ཀྱིས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་ན་དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་དེ་ཉིད་བསྒོམ་པའི་ནི་རྟོག་པ་དང་། དཔྱོད་པ་དེ་དག་ཀྱང་ཉེ་བར་ཞི་བར་འགྱུར་ལ་མ་རིག་པའི་ཆ་དང་མཐུན་པའི་འདུ་ཤེས་རྣམས་ཀྱི་གཉེན་པོས། རིག་པའི་ཆ་དང་མཐུན་པའི་འདུ་ཤེས་མ་འདྲེས་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དབུགས་རྔུབ་པ་དང་འབྱུང་བ་དྲན་པ་བསྒོམ་པ་ལ་བརྩོན་པའི་རྣལ་འབྱོར་པ་ནི་འདི་འདས་པའི་འདུ་བྱེད་ལ་དམིགས་པའི་རྟོག་པ་དང་དཔྱོད་པ་བར་སྐབས་སུ་སྐྱེས་པ་ཏིང་ངེ་འཛིན་གྱི་བར་ཆད་བྱེད་པ་ ནི་སྤོང་ངོ་། །མ་འོངས་པའི་འདུ་བྱེད་ལ་དམིགས་པ་ནི་ཞི་བར་བྱེད་དོ། །ད་ལྟར་གྱི་འདུ་བྱེད་ལ་དམིགས་པ་ནི་ཉེ་བར་ཞི་བར་བྱེད་དོ། །མདོར་བསྡུ་ན་ཀུན་དུ་སྦྱོར་བ་རྣམ་པ་དྲུག་སྤངས་པའི་ཕྱིར་འབྲས་བུའི་ཕན་ཡོན་གཉིས་དང་། བཞི་དང་བདུན་རྣམ་པར་གཞག་པར་རིག་པར་ བྱ་སྟེ། མདོ་ལས་ཇི་སྐད་འབྱུང་བ་ཁོ་ན་བཞིན་ནོ། །དྲུག་གང་ཞེ་ན། འོག་མའི་ཆ་དང་མཐུན་པ་དང་། གོང་མའི་ཆ་དང་མཐུན་པ་གཉིས་དང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་གཉིས་དང་། མངོན་པར་འགྲུབ་པ་དང་། སྐྱེ་བའི་ཀུན་དུ་སྦྱོར་བ་གཉིས་ཏེ། འདི་ རྣམས་གཅིག་ཏུ་བསྡུས་པ་ནི་དྲུག་ཏུ་རིག་པར་བྱ་སྟེ། གོ་རིམས་བཞིན་དུ་འབྲས་བུའི་ཕན་ཡོན་གཉིས་དང་བཞི་དང་བདུན་དུ་རྣམ་པར་གཞག་པར་འགྱུར་རོ། །དབུགས་རྔུབ་པ་དང་འབྱུང་བ་དྲན་པ་བསྒོམ་པ་ནི་འདི་གཉིས་ཡིན་ཏེ། གོང་ན་ཡོད་པ་དང་གོང་ན་མེད་པའོ། །དེ་ལ་ གོང་ན་ཡོད་པ་ནི་ཇི་ལྟར་འདི་ན་ཁ་ཅིག་གཅིག་པུ་དབེན་པ་ན་འདུག་སྟེ། སེམས་མཉམ་པར་གཞག་ནས་སྲོག་གི་དབང་པོའི་དབུགས་ཕྱི་ནང་དུ་རྒྱུ་བ་དང་འབྲེལ་པ་ཚུལ་བཞིན་དུ་མཐོང་སྟེ། གལ་ཏེ་བདག་གིས་དབུགས་རྔུབས་ནས་ཕྱིར་མ་བྱུང་ངམ། ཡང་ན་ཕྱིར་བྱུང་ནས་ནང་དུ་མ་ བརྔུབས་སུ་ཟིན་ན་ནི་བདག་གི་སྲོག་འགག་པ་ཁོ་ནར་འགྱུར་རོ་སྙམ་མོ། །གཞན་ཡང་འདུ་བྱེད་མི་རྟག་པ་རྣམས་ལ་དབུགས་ནང་དུ་རྒྱུ་བ་ཆད་ནས། ཇི་སྲིད་དུ་དབུགས་ཕྱིར་འབྱུང་བ་སྐྱེ་བ་དེ་སྲིད་དུ་སྲོག་གི་དབང་པོ་གནས་པ་དང་། དབུགས་ཕྱིར་འབྱུང་བ་འགགས་ནས་ཇི་སྲིད་ནང་དུ་ དབུགས་རྔུབ་པ་སྐྱེ་བ་དེ་སྲིད་དུ་གནས་པ་གང་ཡིན་པ་འདི་ནི་ངོ་མཚར་ཏོ་སྙམ་མོ། །དེ་དམིགས་པ་དེས་ཡིད་ཡང་དག་པར་སྐྱོ་བར་གྱུར་ནས། དུས་གསུམ་དུ་རྗེས་སུ་ཆགས་པ་དང་ཁོང་ཁྲོའི་སེམས་རྣམ་པར་སྦྱོང་བ་འདི་ནི་གོང་ན་ཡོད་པའོ། །རྣམ་པ་བཅུ་དྲུག་ནི་གོང་ན་མེད་པར་རིག་ པར་བྱའོ། །རླུང་ནི་ཆ་ཕྲ་བར་དམིགས་པའི་ཕྱིར་གནས་པ་ཆ་ཕྲ་བ་ཞེས་བྱ་སྟེ། དབུགས་རྔུབ་པ་དང་འབྱུང་བ་དྲན་པའི་གནས་པའོ། །རྟོག་པ་དང་དཔྱོད་པས་བར་དུ་མཆོད་པས་ན་ཆོག་མི་ཤེས་པའོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པ་རྒྱ་ཆེན་པོས་བྱེད་པས་ན་སྐྱོ་བར་བྱ་ བ་མ་ཡིན་པའོ། །དབུགས་རྔུབ་པ་དང་འབྱུང་བ་དྲན་པ་བསྒོམ་པའི་ལུས་ནི་ངལ་བར་མི་འགྱུར་ཏེ། ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་བསལ་བའི་ཕྱིར་རོ། །མིག་ཀྱང་ངལ་བར་མི་འགྱུར་ཏེ། ལྷག་མཐོང་གི་ཕྱོགས་དང་ མཐུན་པའི་ཉེ་བའི་ཉོན་མོངས་པ་བསལ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ལ་ཡང་བདེ་བར་མཐོང་བ་ནི་བདེ་བར་རྗེས་སུ་ལྟ་བའོ། །བསམ་གཏན་གསུམ་པའི་ས་པའི་བདེ་བ་ཉམས་སུ་མྱོང་བ་ནི་བདེ་བ་ཉམས་སུ་མྱོང་བ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་མ་ཡིན་ པའི་ཕྱིར་ཡོངས་སུ་ཡི་འཆད་པ་མེད་དོ། །བདེ་བ་དེས་གནས་སོ། །འདི་ན་ཁ་ཅིག་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་རྣམ་པར་གྲོལ་བའི་སྒོ་ནས་ཤེས་རབ་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཐམས་ཅད་ཀྱི་ནང་ན་ཐ་མ་དང་ཁྱད་པར་མེད་དོ། །དེ་བཞིན་གཤེགས་པའི་ རྣམ་པར་གྲོལ་བ་གང་ཡིན་པ་དང་། ཤེས་རབ་རྣམ་པར་གྲོལ་བའི་དགྲ་བཅོམ་པ་གང་ཡིན་པ་འདི་གཉིས་ཁྱད་པར་མེད་ན། ཅི་འདི་ལྟར་དེ་བཞིན་གཤེགས་པའི་སྒྲིབ་པ་མེད་པར་གནས་པ་གང་ཡིན་པ་དང་ལས་དང་པོ་པ་ཐམས་ཅད་ཀྱི་ནང་ན་ཐ་མ་སློབ་པ་སོ་སོའི་སྐྱེ་བོར་གྱུར་པ་མ་ཡིན་པའི་ བརྩོན་འགྲུས་ཀྱི་སྟོབས་ཀྱིས་སྒྲིབ་པ་ལྔ་སྤངས་ནས་གནས་པ་གང་ཡིན་པ་འདི་ལ་སྒྲིབ་པ་མེད་པར་གནས་ཞེས་ཏེ། སྒྲིབ་པ་མེད་པར་གནས་པ་དང་། སྒྲིབ་པ་མེད་པར་གནས་པར་ཅི་རྣམ་པར་གྲོལ་བ་བཞིན་དུ་ཁྱད་པར་མེད་དམ། འོན་ཏེ་ཁྱད་པར་ཡོད་སྙམ་པ་འདི་ནི་གནས་ཡོད་དོ། ། སྒྲིབ་པ་མེད་པར་གནས་པ་འདི་གཉིས་ནི་ཁྱད་པར་ཤིན་ཏུ་ཆེ་བར་རིག་པར་བྱ་སྟེ། སློབ་པ་ནི་ཀུན་དུ་སྤྱོད་པའི་སྒོ་ནས་སེམས་སྒྲིབ་པ་མེད་པར་དེ་བཞིན་གཤེགས་པ་དང་མཚུངས་མོད་ཀྱི་བག་ལ་ཉལ་མ་སྤངས་པའི་ཕྱིར་ཡང་དང་ཡང་དུ་སེམས་ཀྱི་རྒྱུད་སྒྲིབ་པ་རྣམས་ཀྱིས་འདྲེ་བར་འགྱུར་ཏེ། ཡང་དང་ཡང་དུ་སྤངས་དགོས་སོ། །དེ་བཞིན་གཤེགས་པ་ནི་སྒྲིབ་པ་གཏན་དུ་སྤངས་པའི་ཕྱིར་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། རྣམ་པར་གྲོལ་བ་ལ་ཁྱད་པར་མེད་པ་དང་མི་འདྲའོ། །རྣལ་འབྱོར་པ་ནི་དབུགས་རྔུབ་པ་དང་། འབྱུང་བའི་དྲན་པ་ལ་བརྟེན་ནས། དྲན་པ་ཉེ་བར་ གཞག་པ་བཞི་སྒོམ་པ་ན་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས། ནང་གི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མ་སྤངས་པར་ཡོད་པ་ལ་ཡང་ཚུལ་བཞིན་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་ཚུལ་བཞིན་མ་ཡིན་པར་ ཤེས་ནས་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྤངས་ནས་དེས་སྤང་བར་བྱ་བའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་འབའ་ཞིག་གཅིག་ཏུ་ངེས་པར་སྒོམ་པར་བྱེད་དོ། །དེ་ལ་ལམ་གྱི་བཞི་མདོ་ཆེན་པོ་ལྟ་བུ་ནི་ལུས་ལ་སོགས་པའི་ཆོས་བཞིའོ། །རྡུལ་གྱི་ཕུང་པོ་ལྟ་བུ་ནི་ཚུལ་བཞིན་ མ་ཡིན་པ་ཡིད་ལ་བྱེད་པ་སྟེ། མི་བརྟན་པ་དང་། སྙིང་པོ་མེད་པ་དང་། སེམས་རྨོངས་པར་བྱེད་པའི་ཕྱིར་ཏེ། ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་ནས་འོངས་པའི་ཁྱོགས་དང་། བཞོན་པ་དང་། ཤིང་རྟ་དང་། ཤིང་རྟ་ཕལ་པ་ལྟ་བུ་ནི་ཚུལ་ བཞིན་ཡིད་ལ་བྱེད་པ་སྟེ་ལུས་ལ་སོགས་པ་བཞི་ལ་དམིགས་པའི་སྒོ་ནས། འདི་ལྟ་སྟེ། རྡུལ་གྱི་ཕུང་པོ་ལྟ་བུའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་གཞོམ་པའི་ཕྱིར་དང་། ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར་ཞུགས་སོ། །དབུགས་རྔུབ་པ་དང་ འབྱུང་བ་དྲན་པ་ལ་བརྩོན་ཞིང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ལ་ནི་ལུས་ཀྱི་རྒྱུ་ཅན་དང་། ལུས་འཛིན་པའི་ཚུལ་བཞིན་ཡིད་ལ་བྱེད་པ་བདག་མེད་པའི་མཉམ་པ་ཉིད་ཀྱིས་ཤིན་ཏུ་མཉམ་སྟེ། ཇི་ལྟར་ལུས་བདག་མེད་པ་བཞིན་དུ་ཡིད་ལ་བྱེད་པ་དེ་ཡང་དེ་དང་འདྲའོ། །དེ་བས་ ན་ལུས་དང་འདྲ་བ་ཞེས་བྱའོ། །ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་དེ་ནི་གང་ཡང་མི་དམིགས་སོ། །ལུས་དྲན་པ་ཉེ་བར་གཞག་པ་བཞི་ཇི་ལྟ་བ་བཞིན་དུ་རྒྱས་པར་ཆོས་དྲན་པ་ཉེ་བར་གཞག་པའི་བར་དུ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལྟར་ན་སངས་རྒྱས་རྣམས་ ཀྱི་དྲན་པ་ཉེ་བར་གཞག་པ་བསྟན་པ་འདི་ལྟ་བུ་གང་ཡིན་པ་དེ་ནི་འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན་རྣམས་ལ་མེད་དེ། དེ་བས་ན་མུ་སྟེགས་ཅན་ཐམས་ཅད་ཟིལ་གྱིས་མནན་ཏེ། དྲན་པ་ཉེ་བར་གཞག་ཅེས་བྱའོ། །སྡོམ་ནི། ཚུལ་ཁྲིམས་ལྷུར་ལེན་ཚུལ་ཁྲིམས་འབྱོར། ། ལྷག་སྤྱོད་བསླབ་པའི་ཕན་ཡོན་དང་། །བསླབ་པའི་རབ་ཏུ་དབྱེ་བ་དང་། །ཆོས་ཀྱི་གནས་ནི་ཐ་མ་ཡིན། །ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་རྣམས་ཀྱི་བསླབ་པ་གསུམ་རྣམ་པར་གཞག་པ་ནི་ རྒྱས་པར་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བསླབ་པ་འདི་རྣམས་ལ་ནི་མདོར་བསྡུ་ན་ལོག་པར་སྒྲུབ་པ་ཡང་ཡོད་ལ་ཡང་དག་པར་སྒྲུབ་པ་ཡང་ཡོད་པར་རིག་པར་བྱའོ། །དེ་ལ་ལོག་པར་སྒྲུབ་པ་ནི་ཇི་ལྟར་འདི་ན་ཁ་ཅིག་རབ་ཏུ་བྱུང་བ་ན་ཡང་ ཚུལ་ཁྲིམས་ལྷུར་ལེན་པ་མ་ཡིན་ལ་ཚུལ་ཁྲིམས་ཁོ་ནའི་དབང་དུ་བྱས་ཏེ་རབ་ཏུ་བྱུང་བ་ཡང་མ་ཡིན་པ་དང་། ཚུལ་ཁྲིམས་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་དང་། ཤེས་རབ་ཀྱང་དེ་དང་འདྲ་བར་རིག་པར་བྱ་སྟེ། དེ་ལ་ནི་བཅོམ་ལྡན་འདས་ཀྱིས་གང་ལ་སྐལ་བ་མེད་པར་གསུངས་པའི་ ལྷག་མ་མ་ལུས་པའི་ཉེས་པ་འབྱུང་བའི་སྐབས་ཡོད་པ་ལྟ་བུའོ། །དེ་བས་ན་འདི་ནི་གཅིག་པུ་ངེས་པར་བསླབ་པ་གསུམ་ལ་ལོག་པར་སྒྲུབ་པ་ཡིན་པར་རིག་པར་བྱའོ། །ཡང་དག་པར་སྒྲུབ་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའོ། །དེ་ལ་དང་པོ་ ནི་སྔ་མ་ལས་བཟློག་པ་སྟེ། ཇི་ལྟར་འདི་ན་ཁ་ཅིག་ཚུལ་ཁྲིམས་ལྷུར་ལེན་ཅིང་ཚུལ་ཁྲིམས་ཀྱི་དབང་དུ་བྱེད་པ་ཡིན་ལ། ཏིང་ངེ་འཛིན་དང་། ཤེས་རབ་ལྷུར་མི་ལེན་ཅིང་དེའི་དབང་དུ་མི་བྱེད་དེ་དེ་ལ་ནི་ལྷག་མ་མ་ལུས་པའི་ཉེས་པ་སྤྱོད་པའི་སྐབས་མེད་མོད་ཀྱི། འོན་ཀྱང་གང་ལ་ བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱ་བ་ལ་སྐལ་བ་མེད་པར་མ་གསུངས་པའི་ཉེས་པ་ཕྲན་ཚེགས་ཀུན་དུ་སྤྱོད་པའི་སྐབས་ནི་ཡོད་པ་ལྟ་བུའོ། །སྒྲུབ་པ་འབྲིང་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལྷུར་ལེན་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཡང་ཚུལ་ཁྲིམས་ལྷུར་ ལེན་པ་བཞིན་དུ་ཉེས་པའི་རིམ་པ་ཡོད་པར་རིག་པར་བྱ་སྟེ། དེ་མན་ཆད་ནི་སོ་སོའི་སྐྱེ་བོ་ཡིན་པར་རིག་པར་བྱའོ། །སྒྲུབ་པ་ཆེན་པོ་ནི་བདེན་པ་མཐོང་བའི་ཡིན་ཏེ། བསླབ་པ་རྣམ་པ་གསུམ་ཆར་ལ་གུས་པར་བྱེད་པའི་ཕྱིར་རོ། །དེ་ནི་དགེ་སྦྱོང་གི་འབྲས་བུ་ཐོབ་པ་ཉིད་ཡིན་པས་ ན་དེ་ལ་ནི་སྐལ་བ་ཡོད་པ་དང་སྐལ་བ་མེད་པར་བརྟག་པ་མེད་དེ། སྒྲུབ་པ་དེ་གཉིས་ཡོད་ན་བཞིར་འགྱུར་ལ། བཞི་ཡོད་ན་གཉིས་སུ་འགྱུར་ཏེ། གང་ལ་ཏིང་ངེ་འཛིན་ཡོད་པ་དེ་ལ་ནི་ཚུལ་ཁྲིམས་ཀྱང་ཡོད་པར་ངེས་སོ། །གང་ལ་ཤེས་རབ་ཡོད་པ་དེ་ལ་ནི་ཏིང་ངེ་འཛིན་ཀྱང་ཡོད་པར་ ངེས་སོ། །གང་ལ་ཚུལ་ཁྲིམས་ཡོད་པར་ངེས་པ་དེ་ལ་ནི་ཏིང་ངེ་འཛིན་དང་ཤེས་རབ་ཡོད་པར་ངེས་པ་མེད་དོ། །རྣལ་འབྱོར་པ་གང་བསླབ་པ་གང་ལྷུར་ལེན་པ་དེ་ལ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ལ་དེ་མ་ཡིན་པ་ལ་ནི་དེ་ཙམ་ཞིག་ཏུ་བྱེད་པར་རིག་པར་བྱའོ། །རང་བཞིན་གྱི་ཁ་ན་མ་ཐོ་ བའི་གནས་ཡོངས་སུ་སྤངས་པས་ན་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་རིག་པར་བྱའོ། །དབང་པོའི་སྒོ་བསྡམས་པ་ལ་སོགས་པ་ཚུལ་ཁྲིམས་ལ་ཕན་འདོགས་པའི་དགེ་བའི་ཆོས་རྒྱུན་དུ་ཡང་དག་པར་བླངས་ཏེ། འདུག་པ་ནི་དགེ་བ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ། །བཅས་ པའི་ཁ་ན་མ་ཐོ་བའི་གནས་ཡོངས་སུ་སྤངས་པས་ན་སོ་སོར་ཐར་པ་ཕུན་སུམ་ཚོགས་པར་བལྟ་བར་བྱའོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་དང་། ཕུང་པོ་ལ་སོགས་པ་ལྔ་ལ་མཁས་པ་དང་། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པའི་བརྡའི་ཚུལ་ཁྲིམས་ གོ་རིམས་བཞིན་དུ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་སོགས་པ་དང་སྦྱར་བ་ནི་རྣམ་གྲངས་གཉིས་པའོ། །བསླབ་པ་ནི་གཉིས་ཏེ། ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་སྤངས་པ་མ་ཡིན་པའི་ཡང་དག་པར་བླང་བར་གཏོགས་པ་ཚུལ་ཁྲིམས་ཡང་དག་པར་བླང་བའི་རྐྱེན་དུ་འཚམ་པ་ ལུས་དང་ངག་གི་ལྷག་པར་སྤྱོད་པས་བསྡུས་པའི་བསླབ་པ་དང་། སྤངས་པ་ཡང་དག་པར་བླངས་པས་བསྡུས་པའི་བསླབ་པའོ། །རྣམ་པ་གཉིས་པོ་དེ་ཡང་འདུལ་བ་ལས་ནི་བསྟན་ལ་སོ་སོར་ཐར་པ་ལས་ནི་མ་བསྟན་པ་དེ་ལྟ་བུ་ཡང་ཡོད་དོ། །སོ་སོར་ཐར་པ་ལས་ཀྱང་བསྟན་ པ་ཡང་ཡོད་དོ། །དེ་བས་ན་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ལ་ནི་བསླབ་པ་གསུམ་ཞེས་བྱ་སྟེ། ལྷག་པའི་སྤྱོད་པ་དང་། ལྷག་པའི་འདུལ་བ་དང་། ལྷག་པའི་སོ་སོར་ཐར་པའོ། །བསླབ་པའི་ཕན་ཡོན་དང་ལྡན་པར་གནས་པ། ཤེས་རབ་ཀྱི་ཤས་ཆེ་བ་རྣམ་པར་ གྲོལ་བ་སྙིང་པོར་འཛིན་པ་དྲན་པ་བརྩན་པར་བྱེད་པ་རྣམས་ཀྱི་བསླབ་པ་གསུམ་ཡོངས་སུ་བསྒོམ་པ་ནི་ཡོངས་སུ་རྫོགས་པར་འགྱུར་ཏེ། རྒྱས་པར་ནི་འདི་ལྟ་སྟེ། རྣམ་པར་བཤད་པ་བསྡུ་བ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཚུལ་ཁྲིམས་དང་ ལྡན་པར་གནས་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཚུལ་ཁྲིམས་དེ་ཡང་འཆལ་བའི་ཚུལ་ཁྲིམས་ཀྱི་གཉེན་པོ་ཡིན་པ་དང་། དབང་པོའི་སྒོ་བསྡམས་པའི་རྟེན་དུ་གྱུར་པས་ན་སྡོམ་པ་ཞེས་བྱའོ། །དང་པོ་ནས་ལགས་པར་བཟུང་བས་ན་ ཕུན་སུམ་ཚོགས་པའོ། །ཕྱིས་ཀྱང་རྗེས་སུ་བསྲུངས་པས་ན་ཡོངས་སུ་དག་པའོ། །སྡུག་པའི་འབྲས་བུ་ཅན་ཡིན་པས་ན་དགེ་བའོ། །ཉོན་མོངས་ཅན་མ་ཡིན་པས་ན་ཁ་ན་མ་ཐོ་བ་མེད་པའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་དང་མཐུན་པས་ན་གནོད་སེམས་མེད་པའོ། ། དགེ་སྦྱོང་གི་ཚུལ་གྱི་དོན་དང་མཐུན་པ་ཡིན་པས་ན་མཐུན་པ་ཅན་ཡིན་ནོ། །འཕགས་པ་དགྱེས་པ་དང་བསིལ་བའི་རང་བཞིན་དུ་གྱུར་པས་ན་འཕགས་པ་ལྟ་བུའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཐུན་པ་མ་ཡིན་པས་ན་ཐབས་མེད་པ་མ་ཡིན་པའོ། །ཆོས་མཐུན་པ་པ་རྣམས་དང་ མཚུངས་པས་ན་འཚམ་པའོ། །ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་བསྒོམ་པ་དང་མཐུན་པར་གནས་པས་ན་མཐུན་པའོ། །གཞན་དག་ལ་ཐོ་མི་འཚམས་ཤིང་ཕན་འདོགས་པ་ལ་འཇུག་པ་དང་སྤྱོད་པ་དྲག་པོ་རྣམ་པར་སྤངས་པས་ན་གདུང་བ་མེད་པའོ། །དེ་ཡང་དག་པར་བླང་བ་ལ་འགྱོད་ པ་མེད་པས་ན་ཡིད་ལ་གཅགས་པ་མེད་པའོ། །ཉེས་པ་མི་སྤྱོད་པར་ཆོས་བཞིན་དུ་བྱེད་པས་ན་འགྱོད་པ་མེད་པ་སྟེ། འདི་ནི་ཚུལ་ཁྲིམས་ཀྱི་རབ་ཏུ་དབྱེ་བའོ། །གནས་པ་གསུམ་ལ་བརྟེན་པ་ནི་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་ ལྷག་པའི་སེམས་ཀྱི་རབ་ཏུ་དབྱེ་བ་ནི་ཚངས་པའི་གནས་ཀྱི་བྱེ་བྲག་ལས་རིག་པར་བྱའོ། །ལྷག་པའི་ཤེས་རབ་ཀྱི་རབ་ཏུ་དབྱེ་བ་ནི་འཕགས་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་གནས་པའི་བྱེ་བྲག་ལས་རིག་པར་བྱའོ། །དེ་ལ་བསམ་གཏན་རྣམས་དང་། གཟུགས་མེད་པ་བཞི་ནི་ ལྷའི་གནས་པའོ། །ཚད་མེད་པ་བཞི་ནི་ཚངས་པའི་གནས་པའོ། །འཕགས་པའི་བདེན་པ་བཞི་ཤེས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ནས། ལམ་གྱི་ཡན་ལག་རྣམས་དང་། ལམ་བཞི་དང་། ཞི་གནས་དང་། ལྷག་མཐོང་དང་། ཆོས་ཀྱི་གནས་བཞིའི་བར་རྣམས་ནི་ འཕགས་པའི་གནས་ཡིན་པར་རིག་པར་བྱའོ། །རྒྱུ་ཞིང་འགྲོ་བ་དང་གནས་ཤིང་འདུག་པའི་རྣལ་འབྱོར་པ་ལ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་བཞི་ཡོད་དེ། ལངས་ནས་ཡུལ་ལ་སྤྱོད་པའམ། དམིགས་པ་ལ་སེམས་མཉམ་པར་གཞག་པ་ཡང་རུང་སྟེ། ཀུན་ནས་ཉོན་མོངས་པ་མེད་ པར་རེག་པར་གནས་པར་འགྱུར་རོ། །བཞི་གང་ཞེ་ན་ཡིད་བདེ་བའི་གནས་ཀྱི་ཡུལ་གྱི་ཉོན་མོངས་པ་ཅན་གྱི་ཡིད་བདེ་བ་ལས་སེམས་བཏང་སྙོམས་སུ་བྱེད་པ་དང་། ཡིད་མི་བདེ་བའི་གནས་ཀྱི་ཡུལ་གྱི་ཉོན་མོངས་པ་ཅན་གྱི་ཡིད་མི་བདེ་བ་ལས་སེམས་བཏང་སྙོམས་སུ་བྱེད་པ་དང་། ལྷག་མཐོང་ གི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་ལས་སེམས་ཡོངས་སུ་སྦྱོང་བ་དང་། ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་ལ་སེམས་ཡོངས་སུ་སྦྱོང་བ་སྟེ། རྒྱུ་ཞིང་འགྲོ་བ་དང་གནས་ཤིང་འདུག་པ་རྣམས་ལ་ཀུན་ནས་ཉོན་མོངས་པ་མེད་པར་རེག་པར་གནས་པའི་ཆོས་བཞི་པོ་འདི་ དག་གི་རྟེན་དང་གཞི་དང་གནས་སུ་གྱུར་པའི་ཆོས་ཀྱི་གནས་ཀྱང་ཅི་རིགས་པར་བཞི་ཡོད་པར་རིག་པར་བྱ་སྟེ། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །སྡོམ་ནི། རྣམ་གཞག་གཞན་དུ་འགྱུར་བ་དང་། །ལྷ་ཡི་ལམ་དང་མེ་ལོང་དང་། །དད་པ་ བརྗོད་པ་ཐ་མ་ཡིན། །དེ་བཞིན་གཤེགས་པའི་ཉན་ཐོས་ལྟ་བ་ཕུན་སུམ་ཚོགས་པ་ནི་ཆོས་གཉིས་དག་པར་གྱུར་ན་ཤེས་ནས་དད་པ་བཞིར་འགྱུར་བར་རྣམ་པར་གཞག་པར་རིག་པར་བྱ་སྟེ། དད་པ་དང་ཚུལ་ཁྲིམས་སོ། །དགེ་སྦྱོང་གི་ཚུལ་གྱི་དོན་སྟོན་པ་པོ་དང་། དགེ་སྦྱོང་གི་དོན་དང་ཆོས་ མཐུན་པ་པ་དེ་དག་དགེ་སྦྱོང་གི་ཚུལ་འཐོབ་པར་བྱ་བའི་གྲོགས་པོ་རྣམས་ལ་དད་པ་རྩ་བ་ཟུག་པ་དང་། མི་འཕྲོགས་པ་དང་། ཚེ་ཕྱི་མ་ལ་ཡང་སླུ་བར་མི་འགྱུར་བ་གང་ཡིན་པ་དེ་ནི་དད་པ་དང་བ་ཞེས་བྱའོ། །ངན་སོང་དུ་འགྲོ་བར་འགྱུར་བའི་མི་དགེ་བའི་ཆོས་གཅིག་ཏུ་ངེས་པར་མི་བྱེད་པའི་སྡོམ་པ་ཐོབ་ པས་ན་ཚུལ་ཁྲིམས་རྣམས་ནི་དང་བའི་རང་བཞིན་དུ་རིག་པར་བྱའོ། །དེ་ལ་དད་པ་གང་ལ་བརྟེན་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཞུགས་པའི་དད་པ་དེ་དང་བར་གྱུར་ན། ཚེ་རབས་ཕྱི་མ་དག་ཏུ་ཡང་གཏན་དུ་ཆོས་འདུལ་བ་འདི་ལས་ལྡོག་པར་མི་ འགྱུར་རོ། །ངན་སོང་གི་འཇིགས་པ་གང་གི་ཕྱིར་ཉེས་པར་སྤྱོད་པའི་གཉེན་པོར་ཚུལ་ཁྲིམས་ཡང་དག་པར་བླང་བ་བྱས་ནས། དེ་དང་བར་གྱུར་པས་གཏན་ཁོ་ནར་ཚེ་རབས་གཞན་དག་ཏུ་ཡང་ཡོངས་སུ་མྱ་ངན་ལས་མ་འདས་པའི་བར་དུ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །དེ་བས་ན་ལེགས་པར་ གསུངས་པའི་ཆོས་འདུལ་བ་ལས་མི་ལྡོག་པར་བྱེད་པ་དང་། ངན་འགྲོར་འགྲོ་བ་ལས་ལྡོག་པར་བྱེད་པས་ན། དད་པ་དང་ཚུལ་ཁྲིམས་གཉིས་འབའ་ཞིག་དང་བའི་རང་བཞིན་དུ་བསྟན་ཏེ། བརྩོན་འགྲུས་དང་། དྲན་པ་ལ་སོགས་པའི་ཆོས་གཞན་དག་ཀྱང་དང་བ་མ་ཡིན་པར་མི་འགྱུར་རོ། ། དེ་ལ་དད་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་གནས་ཡིན་ནོ། །ཚུལ་ཁྲིམས་ནི་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་གནས་ཡིན་ཏེ། དེ་བས་ན་དད་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པས་དོན་དུ་ན་བསླབ་པ་གསུམ་ཡོངས་སུ་དག་པར་བསྟན་ཏེ། དེའི་ཕྱིར་ཡང་དེ་གཉིས་སུ་བསྟན་ པར་རིག་པར་བྱའོ། །རྣམ་གྲངས་གཉིས་པ་ནི་དད་པ་དེ་རྣམས་ཁམས་སུ་གཏོགས་པའི་དཀར་པོའི་ཆོས་རྣམས་འབྱུང་བར་བྱེད་པས་ན་བསོད་ནམས་འབྱུང་བར་བྱེད་པའོ། །འཕགས་པའི་ལམ་ཁྱད་པར་དུ་འཕགས་པ་འདྲེན་པར་བྱེད་པས་ན་དགེ་བ་འབྱུང་བར་བྱེད་པའོ། །ཉོན་མོངས་པའི་ལྷག་ མ་སྤོང་བ་འདྲེན་པར་བྱེད་པས་ན་བདེ་བའི་གཞི་ཞེས་བྱའོ། །བདེ་འགྲོར་འགྲོ་བར་གཅིག་ཏུ་ངེས་པ་ཤེས་ནས་དད་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི་བདེ་འགྲོར་གནས་སུ་ཟིན་ཀྱང་། འབྱུང་བ་ཆེན་པོ་རྣམ་པར་འགྱུར་བ་ལས་བྱུང་བའི་སྡུག་བསྔལ་རྣམ་པ་གསུམ་གྱི་འཇིགས་པ་ཡོད་དེ། ངན་སོང་རྣམས་ ཀྱི་ནི་མ་ཡིན་ནོ། །རྣམ་པ་གསུམ་གང་ཞེ་ན། ན་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། གནད་འཆད་པའི་འཆི་བའི་སྡུག་བསྔལ་ལོ། །དེ་བས་ན་འདི་སྐད་དུ་འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད་ཀྱི་ཤེས་ནས་དད་པ་དང་ལྡན་པའི་ཉན་ཐོས་ནི་གཞན་དུ་འགྱུར་བ་ཡང་མི་སྲིད་དོ་ཞེས་གསུངས་སོ། ། ཡང་དག་པའི་རྣམ་པར་དག་པའི་ལྷ་ནི་གནོད་པ་མེད་པའི་མཆོག་ཅས་བྱ་སྟེ། གཏན་དུ་ལུས་དང་ངག་དང་ཡིད་ཀྱིས་སེམས་ཅན་ལ་གནོད་པ་མི་བྱེད་པའི་ཕྱིར་རོ། །དེ་དག་ཉིད་ཀྱི་དབང་དུ་བྱས་ནས། ལྷ་དེ་རང་བཞིན་གྱི་ཕྱིར་ཤེས་ནས་དད་པ་བཞི་ལ་ལྷའི་ལམ་ཞེས་བྱའོ། །དེ་ལ་ཤེས་ནས་དད་པ་བཞི་ལ་བརྟེན་ནས་ སྒོ་གསུམ་ནས་འཕགས་པ་ཉན་ཐོས་རྗེས་སུ་དྲན་པ་དྲུག་སྒོམ་པར་བྱེད་དོ། །ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་དང་། ལྷག་མཐོང་གི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་དང་། ཡང་ན་གཉིས་ཀས་ ཉེ་བའི་ཉོན་མོངས་པ་ཅན་དུ་མ་གྱུར་ཀྱང་། མ་འོངས་པ་ན་དེ་གཉིས་ཀའི་ཉེ་བའི་ཉོན་མོངས་པ་སྐྱེ་བ་སྤངས་པའི་ཕྱིར་རོ། །དེ་ལ་རྨུགས་པ་དང་གཉིད་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པའོ། །འདོད་པ་ལ་སྲེད་པ་དང་ལྡན་པའི་རྒོད་པ་དང་འདོད་ཆགས་ལ་སོགས་པའི་ཉེས་པ་ལས་སྐྱེས་པའི་མི་དགེ་ བ་རྣམས་དང་། འདོད་པའི་རྟོག་པ་ལ་སོགས་པ་སེམས་རྣམ་པར་གཡེང་བར་བྱེད་པ་རྣམས་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །ཆོས་ཀྱི་ཤུགས་ནི་དོན་དམ་པའི་བདེན་པའི་ཚུལ་རྗེས་སུ་དྲན་པས་ཐོབ་པར་འགྱུར་རོ། །དོན་གྱི་ཤུགས་ནི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་རྗེས་སུ་དྲན་པས་ཐོབ་ པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་མི་རྣམས་ཀྱིས་རང་གི་གདོང་ལེགས་མ་ལེགས་ཀྱི་མཚན་མ་སོ་སོར་བརྟག་པའི་ཕྱིར་མེ་ལོང་ཡོད་པ་དེ་བཞིན་དུ་འཕགས་པ་ཉན་ཐོས་ཀྱི་རང་གི་རྒྱུད་ལ་ཡོད་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟག་པའི་ཕྱིར་ནི་ཤེས་ནས་དད་པ་བཞི་པོ་འདི་དག་ མེ་ལོང་ལྟ་བུ་ཡིན་ནོ། །ཤེས་ནས་དད་པ་བཞི་དང་ལྡན་པ་གང་ལ་ལ་ཤེས་ནས་དད་པ་བཞི་པོ་རྣམས་བདག་ཉིད་ཀྱིས་གཞན་དག་ལ་རྗོད་པར་བྱེད་ལ་གོང་མའི་དགའ་བའི་གནས་རྗེས་སུ་དྲན་པ་བསྒོམ་པ་ནི་རྗོད་པར་མི་བྱེད་ན་དེས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་བརྗོད་པར་རིག་པར་བྱ་སྟེ། གོང་དུ་བསྒོམ་པའི་ ལམ་མ་བརྩམས་པའི་ཕྱིར་རོ། །གལ་ཏེ་གོང་མའི་དགའ་བའི་གནས་ཀྱི་ཆོས་ལྔ་བརྗོད་ན་ནི་དེས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་བརྗོད་པར་རིག་པར་བྱའོ། །ཏིང་ངེ་འཛིན་ཡོངས་སུ་མ་གྲུབ་པས་འདོད་ཆགས་དང་བྲལ་བ་ཡོངས་སུ་མ་རྫོགས་པའི་ཕྱིར་དང་། ལྷ་རྣམས་མངོན་སུམ་དུ་མ་གྱུར་པའི་ཕྱིར་འདོད་ཆགས་ དང་བྲལ་བ་ལ་བརྩོན་ཞིང་དགའ་བའི་གནས་ཀྱི་ཆོས་རྣམས་བསྒོམས་ནས། དགའ་བ་ལ་བརྟེན་པས་ཤིན་ཏུ་སྦྱངས་པ་སྐྱེད་པར་བྱེད་དོ། །ལུས་ཤིན་ཏུ་སྦྱངས་ན། བདེ་བ་ཉམས་སུ་མྱོང་ངོ་། །བདེ་བར་གྱུར་ན་སེམས་མཉམ་པར་གཞོག་པར་འགྱུར་ཏེ། མཉམ་པར་གཞག་ པ་ཡོངས་སུ་གྲུབ་པ་ནི་མ་ཡིན་ནོ། །གལ་ཏེ་གོང་དུ་རྗེས་སུ་དྲན་པ་དྲུག་རྗོད་པར་བྱེད་ན་ནི་དེས་ཕྱིར་མི་འོང་བའི་འབྲས་བུ་བརྗོད་པར་རིག་པར་བྱའོ། །དགྲ་བཅོམ་པ་ནི་འཇིག་རྟེན་ལས་འདས་པའི་ལམ་འབའ་ཞིག་གིས་ཐོབ་པར་འགྱུར་ལ། རྗེས་སུ་དྲན་པ་ནི་འཇིག་རྟེན་པའི་ཡིན་པས་ན། དེའི་ ཕྱིར་ཕྱིར་མི་འོང་བའི་འབྲས་བུ་ལས་གོང་དུ་དེ་རྣམས་ཀྱི་བརྗོད་པ་མེད་དོ། །ཤེས་ནས་དད་པ་བཞི་པོ་དེ་དག་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུའི་ཚེ་ནི་དད་པ་ཉི་ཚེ་ཞེས་བྱའོ། །དེ་མ་ཡིན་པའི་སློབ་པའི་འབྲས་བུའི་ཚེ་ནི་དད་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །མཆོག་གི་འབྲས་བུའི་ཚེ་ནི་དད་པ་ཕུན་སུམ་ ཚོགས་པའི་མཆོག་ཅེས་བྱའོ། །གཞི་བསྡུ་བ་ལས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམ་པར་འབྱེད་པ་ཞེས་བྱ་བ་བསྡུ་བ་བཞི་པ་རྫོགས་ཏེ། མདོ་སྡེའི་མ་མོ་གཞི་བསྡུ་བ་རྫོགས་སོ།། །།སྟོན་པས་བཞེད་པའི་ཤེས་བྱ་དང་། ཤེས་པ་དང་ལྡན་པའི་མདོ་སྡེ་རྣམས་ཀྱི་ལུས་མངོན་པར་ བསྒྲུབ་པ་ཡིན་པས་ན་མདོ་སྡེའི་མ་མོ་ཞེས་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ནི་ཚད་མེད་པས་ན་མཐའ་མེད་པའི་ཕ་མཐའ་བགྲོད་པར་མི་ནུས་ཏེ། ཕྱོགས་འདི་དང་མངོན་པར་བསྒྲུབ་པའི་རྗེས་སུ་འབྲང་བ་འདི་དང་། དོན་ཤེས་པ་འདིས་མཁས་པ་རྣམས་ཀྱིས་གཞན་ ཡང་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་རྟོགས་ནུས་ན་ནི་ཀུན་དུ་འགྲོ་བའི་མ་མོ་ནི་རྣམ་པར་བཤད་པ་བསྡུ་བ་ཡིན་པར་རིག་པར་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས་མདོ་སྡེའི་གཞི་བསྡུ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྣལ་འབྱོར་སྤྱོད་པ་གཞི་བསྡུ་བ་ལས་ཤློ་ཀ་དྲུག་སྟོང་བདུན་བརྒྱ་དགུ་བཅུ་རྩ་གསུམ་མཆིས་སོ།། །།