Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 131

Văn bản gốc(Tây Tạng)

Trang 19 / 21 (50.000 ký tự/trang)
ལྟར་མ་རིག་པའི་ཁམས་ཆེན་པོ་ཡང་དག་པར་འགྲུབ་པར་
འགྱུར་ཏེ། དེས་ན་མྱ་ངན་ལས་འདས་པ་ལ་ཡང་སོམ་ཉི་ཟ་བར་འགྱུར་ལ། སྟོན་པ་ལ་ཡང་སོམ་ཉི་ཟ་ནས་སྔོན་གྱི་རྒྱུ་དེས་ཆོས་འདུལ་བ་འདི་ལས་ཕྱིར་ལྡོག་ཅིང་ཉེས་པར་བཤད་པ་དེ་ཉིད་ལ་སླར་ལྡོག་སྟེ། དེའི་ངག་ནི་ཕྱིར་ཡང་ངན་པར་གྱུར་པ་ནས་རྒྱས་པར་སྔར་བསྟན་པ་བཞིན་དུ་ཐམས་
ཅད་རིག་པར་བྱའོ། །གསུམ་པོ་འདི་དག་ནི་མུ་སྟེགས་ཅན་གྱི་གནས་རྣམས་སུ་མུ་སྟེགས་ཅན་གྱི་སློབ་མ་རྣམས་ལྟ་བའི་རྣམ་པ་ཐ་དད་པར་འདོགས་པ་རྣམས་ལ་བཟོད་པའི་སྒོ་ནས་ལྟ་བའི་རྟེན་དུ་དམིགས་པ་སྟེ། དེ་དག་ནི་ཆོས་འདི་པས་ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་གྱི་སྒོ་
ནས་སྤོང་བར་བྱེད་དེ། ཀུན་ནས་དཀྲིས་པའི་སྒོ་ནས་སྤོང་བ་ན་ནི་དེ་ཡང་སྤོང་བ་གང་གིས་ཚེ་འདི་ལ་གཞན་དག་དང་འགྱེད་དེ་རྩོད་ཅིང་འདུག་པར་འགྱུར་བ་གཞན་ཡང་མི་ལེན་ཏོ། །ཉེས་རྩོམ་སྨྲ་བ་ནི་བདག་དང་གཞན་རྣམས་ལ་ཡང་གནོད་པ་དང་ལྡན་པར་རིག་ནས་བག་ལ་ཉལ་གྱི་སྒོ་ནས་སྤོང་

ངོ་། །བག་ལ་ཉལ་དེ་སྤོང་བ་ན་ཡང་དེའི་རྒྱུ་ལས་བྱུང་བའི་ཀུན་ནས་དཀྲིས་པ་གཞན་ཡང་གཏན་མི་ལེན་ཏོ། །དེ་ལ་མུ་སྟེགས་ཅན་གྱི་གནས་རྣམས་སུ་ལྟ་བའི་རྣམ་པ་འདོགས་པ་ནི་འདི་རྣམས་ཡིན་ཏེ། འདི་ལྟ་སྟེ། འཇིག་རྟེན་རྟག་གོ་ཞེས་བྱ་བ་ནས་རྒྱས་པར་དེ་བཞིན་འོངས་པ་ཤི་ཕན་
ཆད་མེད་པར་འགྱུར་རོ། །མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་རྣམས་སོ། །དེ་ལ་མུ་སྟེགས་ཅན་གཅིག་ནི་ཡིད་རྟུལ་ཞིང་བློང་བ་ཡིན་ཏེ། དེ་ནི་བདག་ཉིད་ཀྱི་སློབ་དཔོན་ནམ། གཞན་གྱིས་ཅི་ཙམ་དུ་བསླབས་པ་དེ་ཙམ་དུ་དཔྱོད་པར་མི་བྱེད་དེ་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་
འདི་འབའ་ཞིག་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་དེ་ལྟ་བའི་རྣམ་པ་ཐམས་ཅད་བཟོད་པར་བྱེད་པ་འདི་ནི་ལྟ་བའི་རྟེན་དང་པོའོ། །གཞན་ཡང་མུ་སྟེགས་ཅན་གྱི་སློབ་མ་གཅིག་ནི་དབང་པོ་འབྲིང་སྟེ། ཡིད་རྟུལ་ཞིང་བློང་བ་ཡང་མ་ཡིན་ལ་བདག་ཉིད་ཀྱིས་ཆོས་རྣམས་ལ་གཞིག་པ་
དང་བརྟག་པ་དང་། དཔྱད་པ་ལ་གསལ་བ་ཡང་མ་ཡིན་ཏེ། དེ་ནི་སྒྲ་ཇི་ལྟ་བ་བཞིན་དུ་མོས་པ་མ་ཡིན་མོད་ཀྱི་འོན་ཀྱང་ལྟ་བའི་རྣམ་པ་ཕན་ཚུན་མི་མཐུན་པ་དག་ལས་གང་ཡང་རུང་བ་ལ་དད་དེ་དེ་ལྟ་བའི་རྣམ་པ་ཁ་ཅིག་ནི་མི་བཟོད་པ་འདི་ནི་ལྟ་བའི་རྟེན་གཉིས་པའོ། །གཞན་ཡང་མུ་སྟེགས་
ཅན་གཅིག་ནི་དབང་པོ་རྣོ་བའི་རང་བཞིན་ཅན་ཡིན་ཏེ། རང་གིས་གཞིག་པ་དང་བརྟག་པ་དང་དཔྱོད་པ་ལ་གསལ་བ་ཡིན་པས་དེ་ནི་ལྟ་བའི་རྣམ་པ་དེ་དག་ལོག་པར་གཞུང་གཙུགས་པ་ཡིན་པའི་ཕྱིར་ཐམས་ཅད་ལ་མི་འཐད་པར་མཐོང་ནས་ཐམས་ཅད་མི་འདོད་དེ། དེ་ནི་ལྟ་བའི་རྣམ་པ་དེ་
དག་ཐམས་ཅད་མི་བཟོད་དོ། །གང་ཟག་དེ་ལ་ཡང་གཉིས་ཡོད་དེ། གཅིག་ནི་ལོག་པར་ལྟ་བ་ལ་སྤྱོད་པ་ཡིན་ཏེ། ཤེས་པར་འདོད་པའི་བསམ་པ་ཅན་མ་ཡིན་ནོ། །ཅིག་ཤོས་ནི་ཡང་དག་པའི་ལྟ་བ་སྤྱོད་པ་ཡིན་ལ། རང་བཞིན་གྱིས་ཀྱང་ཤེས་པར་འདོད་པའི་བསམ་པ་ཅན་ཡིན་ནོ། །
དེ་ལ་ཐམས་ཅད་མི་བཟོད་པའི་གང་ཟག་དང་པོ་ནི་རྗེས་སུ་དཔག་པ་ཚུལ་བཞིན་མ་ཡིན་པ་དེ་ཉིད་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཡང་མ་སྤྱད་པས་མི་འཐད་པར་བརྟགས་ནས། འཕགས་པ་ལ་སྐུར་པ་འདེབས་པར་བྱེད་དེ། མེད་པར་ལྟའོ། །དེ་ནི་ལྟ་བའི་རྣམ་པ་ཐམས་

ཅད་མི་བཟོད་པ་གང་ཡིན་པ་དེ་དག་སུན་དབྱུང་བ་དང་གཞིག་པ་དང་མི་མཐུན་པར་བྱ་བའི་ཕྱིར་སུན་འབྱིན་པ་དང་ལྡན་པའི་ལྟ་བའི་རྣམ་པ་དག་བྱེད་ཅིང་སྟོན་ཏེ། འདི་ལྟ་སྟེ། ལྟ་བ་དེ་འཛིན་པ་རྣམས་དང་། ལྷན་ཅིག་འགྱེད་པ་དང་། རྩོད་པ་དང་། འཚེ་བར་
འགྱུར་བ་འདི་ནི་ལྟ་བའི་རྟེན་གསུམ་པའོ། །ཐམས་ཅད་མི་བཟོད་པའི་གང་ཟག་ཅིག་ཤོས་ནི་གང་ཟག་སྔ་མ་ཤོས་ཀྱི་ཐམས་ཅད་མི་བཟོད་པའི་ལྟ་བ་དེ་ཡང་མི་འདོད་ལ་ཤེས་པར་འདོད་པའི་སེམས་ཉེ་བར་གཞག་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་པའི་ཐད་དུ་སོང་སྟེ། དེ་བཞིན་
གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་མདུན་དུ་བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བདག་ཉིད་སྟོན་པར་བྱེད་དེ། དེའི་ཤེས་པར་འདོད་པའི་བསམ་པ་ཡོད་པ་དང་། དེའི་བློ་གསལ་བའི་ཕྱིར་ཤིན་ཏུ་སྐལ་བ་དང་ལྡན་པ་ཡིན་པར་དེ་བཞིན་
གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་རྟོགས་ཏེ། སེམས་ཀྱིས་སེམས་ཁྱབ་པར་བྱས་ནས་གང་ཟག་སྔ་མ་ཤོས་ལས་བརྩམས་ཏེ། ཅི་ཁྱོད་ཐམས་ཅད་མི་བཟད་པའི་ལྟ་བ་འདི་ཡང་མི་བཟོད་དམ་ཞེས་ཕྱིར་འདྲི་བར་བྱེད་དོ། །དེས་ཀྱང་ཡང་དག་པ་ཇི་ལྟ་བ་ཁོ་ན་བཞིན་
དུ་ཕྱིར་ལན་འདེབས་པར་བྱེད་དོ། །དེ་ཡང་དེ་བཞིན་གཤེགས་པས་ཆོས་འདི་པའི་ཉན་ཐོས་ཀྱི་སྐྱེ་བོའི་ཚོགས་ཐམས་ཅད་དང་མཐུན་པར་གཟེངས་བསྟོད་པར་མཛད་དེ། ཁྱོད་ནི་སྐྱེ་བོ་མང་པོ་དང་མཐུན་ཏེ་བདག་ཅག་ཐམས་ཅད་ནི་མི་བཟོད་པའི་ལྟ་བདེ་དང་བཅས་པ་ལྟ་བའི་རྣམ་པ་དེ་དག་
ཐམས་ཅད་མི་བཟོད་དོ། །གལ་ཏེ་ཁྱོད་ཀྱང་སྐྱེ་བོའི་ཚོགས་འདིས་ལྟ་བའི་རྟེན་ཀུན་ནས་དཀྲིས་པ་དང་བག་ལ་ཉལ་དང་བཅས་པར་ཐམས་ཅད་སྤངས་ནས། ཕྱི་མ་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུར་མི་འགྱུར་བ་ཇི་ལྟ་བ་བཞིན་དུ་གྱུར་ན་ནི་ཁྱོད་ཀྱང་དེ་དང་ཁྱད་པར་མེད་པར་
འགྱུར་རོ། །ཁྱོད་དང་འདྲ་བ་དེ་དག་ནི་ཉུང་ངོ་། །ཐམས་ཅད་མི་བཟོད་པའི་ལྟ་བ་དེ་ཀུན་ནས་དཀྲིས་པ་དང་བག་ལ་ཉལ་དང་བཅས་པར་སྤངས་ནས་གཏན་དུ་ལེན་པར་མི་བྱེད་པ་གང་ཡིན་པ་དེ་དག་ནི་ཉུང་ངུ་དེ་དག་པས་ཀྱང་ཆེས་ཉུང་ངུ་ཞེས་གཟེངས་བསྟོད་པར་མཛད་དོ། །དེ་ལྟར་ན་དེ་བཞིན་གཤེགས་

པའམ། དེ་བཞིན་གཤེགས་པའི་ཉན་ཐོས་དེས་མུ་སྟེགས་ཅན་གྱི་སློབ་མ་དེ་ཤེས་པ་དང་མཐོང་བ་ལ་འདོད་པ་སྐྱེད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་ཉན་ཐོས་དེ་དག་འདི་ལྟར་ཤེས་པ་དང་མཐོང་བ་དང་ལྡན་པ་བཞིན་དུ་བདག་ཀྱང་ཀུན་ནས་དཀྲིས་པ་
དང་བག་ལ་ཉལ་དང་བཅས་པར་ཇི་ལྟར་སྤོངས་པར་འགྱུར་ཞིག་གུ་སྙམ་སྟེ། ཤེས་པ་དང་མཐོང་བ་ལ་དེ་དག་གི་འདོད་པ་སྐྱེས་པར་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་ནས། སེམས་ལ་ཡོད་པའི་འདོད་པ་དེ་ཡང་དག་པར་བསྐུལ་བར་མཛད་དོ། །དེས་ཀྱང་ཁས་ལེན་པར་བྱེད་
དོ། །དེ་བཞིན་གཤེགས་པས་སོ་སོར་བརྟགས་པའི་སྟོབས་དང་། བསྒོམ་པའི་སྟོབས་ཀྱི་གཉེན་པོ་ལ་བརྟེན་ནས། ཇི་ལྟར་ཆོས་འདི་པ་ཀུན་ནས་དཀྲིས་པ་དང་བག་ལ་ཉལ་བ་དང་བཅས་པར་སྤོང་བ་དེ་བཞིན་དུ་ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་སྤང་བར་བྱ་བ་དང་། ཤེས་པ་
དང་མཐོང་བ་ཐོབ་པར་བྱ་བའི་ཕྱིར་དེ་ལ་ཆོས་སྟོན་ཏོ། །དེ་ལ་འཕགས་པ་ཉན་ཐོས་ནི་ལྟ་བའི་རྟེན་དེ་རྣམས་ཕན་ཚུན་མི་མཐུན་པས་དེའི་རྒྱུ་ལས་འགྱེད་པ་དང་། རྩོད་པ་དང་། རྣམ་པར་འཚེ་བ་ནི་བདག་དང་གཞན་རྣམས་ལ་ཡང་གནོད་པ་དང་ལྡན་པ་ཡིན་པར་སོ་སོར་བརྟགས་ནས་ཐམས་ཅད་
ཀྱི་ཐམས་ཅད་དུ་ཁས་མི་ལེན་ཅིང་དྲིས་ན་ཡང་ལན་མི་འདེབས་སོ། །དེ་ལྟར་ཉེས་དམིགས་དེ་ལྟ་བུ་མཐོང་ནས་སོ་སོར་བརྟགས་པའི་སྟོབས་ལ་བརྟེན་པས་ཀུན་ནས་དཀྲིས་པ་སྤོང་བར་བྱེད་དེ། དེས་ནི་ལྟ་བའི་རྟེན་དེ་དག་ཀྱང་སྤངས་ལ། ཡང་དག་པའི་ལྟ་བར་གྱུར་པས། དེ་མ་ཡིན་
པའི་ལྟ་བའི་རྟེན་ཡང་འབྱུང་བར་མི་འགྱུར་རོ། །དེ་དེ་ལྟར་ཀུན་ནས་དཀྲིས་པའི་སྒོ་ནས་བག་ལ་ཉལ་བསལ་བའི་ཕྱིར་ལུས་ཀྱི་རྣམ་པའི་དྲན་པ་སྒོམ་པར་བྱེད་དེ། གཟུགས་ཅན་གྱི་ལུས་མི་རྟག་པར་མཐོང་ལ། ལུས་ལ་མངོན་པར་ཞེན་པ་ལས་ཀྱང་སེམས་ཡོངས་སུ་དག་པར་བྱེད་དེ།
རང་གི་རྒྱུད་དུ་གཏོགས་པའི་ཚོར་བའི་གནས་སྐབས་དེ་ཡང་མི་རྟག་པ་ཉིད་ཀྱི་སྒོ་ནས་མི་རྟག་པར་མཐོང་ངོ་། །མིང་དང་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་ནི་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར་ལ། ལུས་དང་བྲལ་ནས་ཀྱང་ཕྱི་མ་ལ་ཚོར་བ་ཐམས་ཅད་

འགག་པར་མཐོང་སྟེ། ལུས་ལ་འཇིག་པའི་འདུ་ཤེས་ཀྱིས་གནས་སོ། །ཇི་སྲིད་འཚོ་བ་དེ་སྲིད་དུ་ནི་མི་ལྡན་པའི་ཚོར་བ་མྱོང་སྟེ། དེ་ལྟར་ན་བསྒོམས་པའི་སྟོབས་ལ་བརྟེན་པས་བག་ལ་ཉལ་སྤོང་ངོ་། །དེ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་
རྣམས་ནི་ཕྱི་མ་ལ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་ཕྲད་པར་འགྱུར་བ་དང་། ཚེ་འདིའི་ལས་ཀྱི་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། མ་འོངས་པའི་ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་མངོན་པར་དགའ་བར་འགྱུར་བ་དང་། འདས་པ་པོར་ཟིན་པ་ལེན་པར་འགྱུར་བ་
དང་། ད་ལྟར་ལྷག་པར་ཞེན་པར་འགྱུར་བ་ཡིན་ནོ། །དེ་ལ་འགྱེད་པ་ནི་ཡིད་ཀྱིས་སྡང་བའོ། །རྩོད་པ་ནི་ངག་གིས་སྡང་བའོ། །རྣམ་པར་འཚེ་བ་ནི་གསུམ་གྱིས་གནོད་པར་བྱེད་པའོ། །མི་རྟག་པ་ལ་སོགས་པར་རྗེས་སུ་མཐོང་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་
བཞིན་ནོ། །མི་སྡུག་པ་དང་། བྱམས་པ་དང་། སྙིང་རྗེ་བསྒོམས་པའི་མི་མཐུན་པའི་ཕྱོགས་འདོད་པའི་འདོད་ཆགས་དང་། གནོད་སེམས་དང་། རྣམ་པར་འཚེ་བ་མ་སྤངས་པའི་ཕྱིར་གནས་ལ་ཡོད་པ་དེའི་ཕྱོགས་དང་མཐུན་པ་གནས་ངན་ལེན་ས་བོན་ལྟ་བུ་གང་ཡིན་པ་དེ་སྐྱེ་བར་
འགྱུར་བའི་ཕྱིར་ནི་ཅི་རིགས་པར་འདོད་པ་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་ཁམས་ཞེས་བྱ་སྟེ། དེ་ཡོད་ན་འདོད་པ་དང་། གནོད་སེམས་དང་། རྣམ་པར་འཚེ་བ་དང་མཐུན་པའི་ཡུལ་ཡང་མངོན་སུམ་དུ་གྱུར་པ་དང་། ཡུལ་རྣམ་པ་གསུམ་པོ་དེ་དག་ལ་ཡང་ཚུལ་བཞིན་མ་
ཡིན་པ་ཡིད་ལ་བྱེད་པར་གྱུར་ན་ཚུལ་བཞིན་མ་ཡིན་པའི་མཚན་མ་དང་རྟགས་འཛིན་པའི་འདུ་ཤེས་སྐྱེ་བར་འགྱུར་རོ། །སྐྱེས་པ་དེ་དང་དུ་བླངས་པ་ལས་ནི་ཚེ་འདི་དང་ཚེ་ཕྱི་མའི་ཉེས་དམིགས་གཉིས་སུ་འགྱུར་བར་རིག་པར་བྱའོ། །དེ་ལ་དང་དུ་ལེན་པ་ནི་གང་ཡིན། ཚེ་འདིའི་ཉེས་
དམིགས་ནི་གང་ཡིན་ཚེ་ཕྱི་མའི་ཉེས་དམིགས་ནི་གང་ཡིན་ཞེ་ན། གལ་ཏེ་འདུ་ཤེས་སྐྱེས་པ་དེའི་དབང་དུ་བྱས་པས། སྔ་མ་བཞིན་དུ་དེ་དང་འདྲ་བའི་འདུན་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་གདུང་བ་དང་། ཡོངས་སུ་ཚོལ་བ་སྐྱེད་པར་བྱེད་ན་ནི་དེ་ལྟ་ན་དེས་འདུ་ཤེས་དེ་དག་དང་

དུ་བླངས་པ་ཡིན་ནོ། །ཡོངས་སུ་ཚོལ་བར་བྱེད་པ་ན་ནི་གནས་གསུམ་གྱི་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པར་འགྱུར་ཏེ། དེའི་རྒྱུས་ན་དེ་ལས་སྐྱེས་པའི་ཚེ་འདི་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བའི་རྒྱུར་འགྱུར་ཏེ། དེས་ན་སྡུག་བསྔལ་དང་བཅས་པ་ཡིན་ནོ། །རྒྱུར་མ་གྱུར་ན་ཡང་
མངོན་སུམ་ཁོ་ནར་འགྱུར་ཏེ། དེ་བས་ན་ཕོངས་པ་དང་བཅས་པ་ཡིན་ནོ། །སྡུག་བསྔལ་བ་དང་བཅས། ཕོངས་པ་དང་བཅས་པ་དེ་ཡང་རྐྱེན་གཉིས་ལས་འགྱུར་ཏེ། གཞན་གྱི་ལག་པ་དང་། བོང་བ་དང་། དབྱུག་པ་དང་། མཚོན་ཆ་དང་། ངག་རྩུབ་པོའི་དབང་གིས་བྱུང་བ་སྟེ།
དེས་ན་གནོད་པ་དང་བཅས་པ་ཞེས་བྱའོ། །ནང་གི་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པའི་དབང་གིས་བྱུང་བ་སྟེ། དེས་ན་ཡོངས་སུ་གདུང་བ་དང་བཅས་པ་ཞེས་བྱ་སྟེ། འདི་ནི་ཚེ་འདིའི་ཉེས་དམིགས་སོ། །དེ་དེ་ཁོ་ནའི་རྒྱུས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བ་འདི་ནི་ཚེ་ཕྱི་མའི་ཉེས་
དམིགས་སོ། །གལ་ཏེ་བསླབ་པ་བླངས་པས་དང་དུ་བླངས་ན་ནི་དེའི་ལུས་འདམ་བུ་སྐམ་པོའི་ཁྱིམ་ལྟ་བུ་དེ་ལ་དེ་ན་གནས་པའི་སྲོག་ཆགས་རྣམས་ལྟ་བུའི་དགེ་བའི་ཆོས་གང་ཡིན་པ་དེ་དག་དེའི་ལོག་པའི་འདུ་ཤེས་ཀྱིས་མེ་བཏང་ལ་གང་ཟག་དེས་ཀྱང་གསད་པར་མི་ནུས་པས་ན། དགེ་བའི་ཆོས་
སྲོག་ཆགས་ལྟ་བུར་འདུག་པ་དེ་དག་ཚིག་པར་འགྱུར་བར་རིག་པར་བྱའོ། །དེ་ལས་བཟློག་པ་ནི་དང་དུ་མི་ལེན་པའི་ཕན་ཡོན་དང་། དགེ་བའི་ཆོས་ཡོངས་སུ་ཉམས་པར་མི་འགྱུར་བར་རིག་པར་བྱའོ། །དེ་ལས་བཟློག་པ་ནི་ངེས་པར་འབྱུང་བ་དང་། གནོད་སེམས་མེད་པ་དང་། རྣམ་པར་འཚེ་བ་
མེད་པའི་འདུ་ཤེས་ཡིན་ཏེ། ཅི་རིག་པར་རིག་པར་བྱའོ། །དེ་ལ་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་ནག་པོའི་ཕྱོགས་དང་དུ་ལེན་པར་མི་འགྱུར་བ་དང་། དཀར་པོའི་ཕྱོགས་དང་དུ་ལེན་པར་འགྱུར་བའོ། །ཤེས་རབ་རྣམ་པ་གསུམ་མེད་པ་ནི་ནག་པོའི་ཕྱོགས་
དང་དུ་ལེན་པར་འགྱུར་བ་དང་། དཀར་པོའི་ཕྱོགས་དང་དུ་ལེན་པར་མི་འགྱུར་བ་ཡིན་པར་རིག་པར་བྱའོ། །འདི་གཉིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ཏེ། འདི་ལྟ་སྟེ།ཆོས་ཐམས་ཅད་བདག་མེད་པར་ཡང་སྟོན་ལ་སེམས་ཅན་རྣམས་ཀྱི་རང་གིས་བྱས་པ་

དང་། གཞན་གྱིས་བྱས་པ་ཡང་ཆུད་མི་གཟོན་པའོ། །དེ་ལ་སེམས་ཅན་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཁྱིམ་པ་དང་རབ་ཏུ་བྱུང་བའོ། །དེ་ལ་སེམས་ཅན་ཁྱིམ་པ་དག་གི་ལོངས་སྤྱོད་རྣམས་ཀྱི་དོན་དུ་ཐོག་མ་སྦྱོར་བའི་ཕྱིར་ནི་བརྩོན་པའི་ཁམས་ཞེས་བྱའོ། །
དེ་ལ་མ་ཐོབ་པའི་ཚེ་བརྩོན་འགྲུས་ཀྱི་གགས་ལྟ་བུའི་རྒྱུ་ཡོད་དུ་ཟིན་ཀྱང་སེམས་ཀྱི་མངོན་པར་སྤྲོ་བ་གང་ཡིན་པ་དེ་ནི་དེ་དག་ཉིད་ཀྱི་མཐུའི་ཁམས་ཞེས་བྱའོ། །ཐོབ་ཏུ་ཟིན་ཀྱང་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་ལ་སོགས་པའི་གནོད་པ་བརྩོན་འགྲུས་ཀྱི་གགས་ལྟ་བུས་ཕྱིར་མི་ལྡོག་པ་གང་ཡིན་
པ་འདི་ནི་དགའ་བའི་ཁམས་ཏེ། ཁམས་དེ་དག་ནི་རང་གི་ཡུལ་ནས་ཡུལ་གཞན་དུ་མི་འགྲོ་བ་ཡིན་ནོ། །འགྲོ་བ་ནི་ངེས་པར་འབྱུང་བའི་ཁམས་ཡིན་པར་རིག་པར་བྱའོ། །སེམས་ཅན་དེ་དག་ཉིད་གཉིས་ཀ་ལ་རྟག་ཏུ་གུས་པར་སྦྱོར་བས་སྦྱོར་བ་མི་ལྷོད་པའི་རྟུལ་ཕོད་པའི་ཁམས་སོ། །
དེ་ལ་རབ་ཏུ་འབྱུང་བར་འདོད་པ་རྣམས་ཀྱི་རབ་ཏུ་འབྱུང་བར་བྱ་བའི་ཕྱིར་ངེས་པར་འདུན་པ་བསྐྱེད་པ་ནི་བརྩོན་པའི་ཁམས་སོ། །རབ་ཏུ་བྱུང་བའི་ཕྱོགས་ལས་བརྩམས་ཏེ་དགེ་བའི་ཆོས་རྒྱ་ཆེན་པོ་ཐོབ་པར་བྱ་བ་ལ་སྤ་བཀོང་བར་བྱ་བ་མེད་པའི་ཕྱིར་ནི་མཐུའི་ཁམས་སོ། །གནོད་བྱེད་ཀྱི་སྡུག་
བསྔལ་རྣམ་པ་སྣ་ཚོགས་དང་། བརྩོན་འགྲུས་རྩོམ་པ་ལས་བྱུང་བ་རྣམས་དང་། ཁམས་འཁྲུགས་པ་ལས་བྱུང་བ་ལ་སོགས་པས་གནོད་པར་མི་འགྱུར་བ་ནི་དགའ་བའི་ཁམས་སོ། །ངན་ངོན་གྱིས་ཆོག་པར་མི་འཛིན་པའི་ཕྱིར་ནི་ངེས་པར་འབྱུང་བའི་ཁམས་སོ། །ཇི་སྲིད་འཚོའི་བར་དུ་རྟག་
ཏུ་གུས་པར་སྦྱོར་བའི་ཕྱིར་ནི་རྟུལ་ཕོད་པའི་ཁམས་ཏེ། དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། བདག་གི་ཁམས་དང་རྣམ་པ་ཇི་སྙེད་པའི་ཁམས་ཙམ་དུ་རིག་པར་བྱའོ། །འདི་གཉིས་ནི་ཁམས་རྣམས་ཀྱི་ཁམས་ཐ་དད་པ་ཡིན་ཏེ། གཉིས་གང་ཞེ་ན། གཞན་གྱི་རིགས་ཀྱིས་ཐ་དད་པ་དང་།
རང་གི་རིགས་ཀྱིས་ཐ་དད་པའོ། །དེ་ལ་གཞན་གྱི་རིགས་ཀྱིས་ཐ་དད་པ་ནི་མིག་གི་ཁམས་ཀྱང་གཞན་ཁོ་ན་ཡིན་ལ་གཟུགས་ཀྱི་ཁམས་ཀྱང་གཞན་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་གཞན་ཡིན་པ་དང་། དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་དང་འདྲའོ། །

དེ་ལ་རང་གི་རིགས་ཀྱིས་ཐ་དད་པ་ནི་བདེ་བ་དང་སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་ཁམས་དེ་ཉིད་ལ་བརྟེན་ནས་ཚོར་བ་རྣམ་པ་གསུམ་ཆར་ཡང་སྐྱེ་བའོ། །ཁམས་ཀྱི་སུམ་ཕྲུགས་གསུམ་དང་ངེས་པར་འབྱུང་བར་བྱེད་པའི་ཁམས་
གཉིས་ནི་རྒྱུ་བཞིས་རྣམ་པར་གཞག་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕྱི་རོལ་གྱི་ངེས་པར་འབྱུང་བ་མ་ཡིན་པ་དང་ངེས་པར་འབྱུང་བ་དང་། ནང་གི་ངེས་པར་འབྱུང་བ་མ་ཡིན་པ་དང་ངེས་པར་འབྱུང་བ་དང་། གཏན་དུ་ངེས་པར་འབྱུང་བ་མ་ཡིན་པ་དང་ངེས་པར་འབྱུང་བ་དང་།
མངོན་པའི་ང་རྒྱལ་མེད་པའོ། །དེ་ལ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔའི་འདོད་ཆགས་ལ་བརྟེན་ནས་འདོད་པའི་ཁམས་རྣམ་པར་གཞག་གོ། །དེ་ལ་ངེས་པར་འབྱུང་བའི་ཕྱིར་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོའོ། །རྟོག་པ་དང་། དགའ་བ་དང་། བདེ་བ་ལ་ངེས་པར་
འབྱུང་བའི་ཕྱིར་ནི་བསམ་གཏན་གོང་མ་རྣམས་སོ། །གཟུགས་དང་ཐོགས་པ་དང་ཐ་དད་པའི་འདུ་ཤེས་ལས་ངེས་པར་འབྱུང་བའི་ཕྱིར་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་གཏོགས་པའི་གཟུགས་མེད་པའི་ཁམས་སོ། །ནམ་མཁའ་དང་རྣམ་པར་ཤེས་པ་དང་ཅི་ཡང་མེད་པའི་འདུ་ཤེས་
ལས་ངེས་པར་འབྱུང་བའི་ཕྱིར་ནི་དེའི་གོང་མའི་གཟུགས་མེད་པ་རྣམས་སོ། །དེ་ལྟར་ན་ཕྱི་རོལ་གྱི་སྐྱེ་མཆེད་ལས་ངེས་པར་འབྱུང་བའི་ཕྱིར་ནི་ཁམས་གསུམ་དུ་རིག་པར་བྱའོ། །གཟུགས་ཀྱི་ཁམས་ན་ནི་ནང་གི་སྐྱེ་མཆེད་དྲུག་ཚང་བར་ཡོད་དོ། །གཟུགས་མེད་པའི་ཁམས་ན་ནི་གཟུགས་ཅན་ལྔ་
ལས་ཡང་དག་པར་འདས་ཏེ། ཡིད་ཀྱི་སྐྱེ་མཆེད་ལུས་སོ། །འགོག་པའི་ཁམས་ནི་དྲུག་པོ་ཐམས་ཅད་ལས་ཡང་དག་པར་འདས་ཏེ། དེ་ལྟར་ན་ནང་གི་སྐྱེ་མཆེད་རྣམས་ལས་ངེས་པར་འབྱུང་བ་མ་ཡིན་པ་དང་ངེས་པར་འབྱུང་བའི་ཕྱིར་ཁམས་གསུམ་པོ་གཞན་རྣམ་པར་གཞག་པར་རིག་པར་
བྱའོ། །འདོད་པའི་རྣམས་ལས་ནི་གཟུགས་རྣམས་གཏན་དུ་ངེས་པར་འབྱུང་བ་མ་ཡིན་ནོ། །གཟུགས་མེད་པ་རྣམས་ཀྱང་དེ་བཞིན་དུ་གཟུགས་རྣམས་ལས་གཏན་དུ་ངེས་པར་འབྱུང་བ་མ་ཡིན་ནོ། །མངོན་པར་འདུས་བྱས་པ་ཅི་ཡང་རུང་བ་དེ་ལས་གཏན་དུ་ངེས་པར་འབྱུང་བ་ནི་འགོག་པའོ། །

དེ་ལྟར་ན་གཏན་དུ་ངེས་པར་འབྱུང་བ་མ་ཡིན་པ་དང་། ངེས་པར་འབྱུང་བའི་ཕྱིར་ཁམས་གསུམ་རྣམ་པར་གཞག་པར་རིག་པར་བྱའོ། །མངོན་པའི་ང་རྒྱལ་མེད་པ་ཡོངས་སུ་ཤེས་པའི་སྒོ་ནས་ནི་ངེས་པར་འབྱུང་བར་བྱེད་པའི་ཁམས་ལྔ་དང་དྲུག་རྣམ་པར་གཞག་པར་
རིག་པར་བྱ་སྟེ། འདི་ལྟ་སྟེ། མཉམ་པར་གཞག་པའི་ས་ལས་འབྱུང་བ་བཞིན་ནོ། །དགེ་སློང་ནང་དུ་ཡང་དག་འཇོག་ལ་དགའ་ཞིང་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་བརྩོན་པ་ནི་མདོར་བསྡུ་ན་རྣམ་པ་ལྔས་སེམས་རྣམ་པར་གྲོལ་བར་འགྱུར་བར་རིག་པར་བྱ་སྟེ། ཞི་གནས་ཡོངས་
སུ་བསྒོམས་པའི་སེམས་ཀྱིས་ལྷག་མཐོང་ལ་བརྟེན་ནས་ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་བ་དང་། ལྷག་མཐོང་ཡོངས་སུ་བསྒོམས་པའི་སེམས་ཀྱིས་ཞི་གནས་ལ་བརྟེན་ནས། ལྷག་མཐོང་གི་ཕྱོགས་དང་མཐུན་པའི་ཉེ་
བའི་ཉོན་མོངས་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་བ་དང་། དེ་གཉིས་ཀ་ཕྲུགས་སུ་ལྡན་པའི་སེམས་ཉེ་བའི་ཉོན་མོངས་པ་དང་བྲལ་བས་མཐོང་བས་སྤང་བར་བྱ་བའི་འདུ་བྱེད་ཐམས་ཅད་ལས་སེམས་རྣམ་པར་གྲོལ་བར་འགྱུར་བ་དང་། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་
ངན་ལས་འདས་པའི་དབྱིངས་སུ་བསྒོམ་པས་སྤང་བར་བྱ་བའི་འདུ་བྱེད་ཐམས་ཅད་ལས་སེམས་རྣམ་པར་གྲོལ་བར་འགྱུར་བ་དང་། ཕུང་པོའི་ལྷག་མ་མེད་པར་ཕུང་པོའི་འདུ་བྱེད་ཐམས་ཅད་ལས་སེམས་རྣམ་པར་གྲོལ་བར་འགྱུར་བའོ། །འདི་གཉིས་ནི་ལེགས་པར་གསུངས་པའི་
ཆོས་འདུལ་བ་ལ་སྟོན་པ་དང་། ཉན་ཐོས་རྣམས་ཀྱི་ངོ་མཚར་གྱི་ཆོས་ཡིན་ཏེ། ལྟ་བ་དང་ཚིག་ཏུ་བརྗོད་པ་མཚུངས་པ་དང་། ལྟ་བ་དང་། ཚིག་ཏུ་བརྗོད་པ་མཆོག་ཏུ་གྱུར་པའོ། །འདི་གཉིས་ཀ་ཡང་འདི་ལས་ཕྱི་རོལ་པ་རྣམས་ལ་ནི་མེད་དེ། ཐ་དད་པ་དང་། མྱ་ངན་ལས་འདས་པ་
ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །འདི་གཉིས་ནི་བྱིས་པ་རྣམས་ཀྱི་བྱིས་པའི་རྟགས་ཡིན་ཏེ། བདག་དང་གཞན་ལ་གནོད་པ་བྱེད་པར་ཞུགས་པ་དང་། གནས་བཞི་ལ་མི་མཁས་པའོ། །དེ་ལ་གནོད་པ་སྒྲུབ་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་གྱི་བྱེ་བྲག་དང་།

ནང་གི་བྱེ་བྲག་དང་། དུས་ཀྱི་བྱེ་བྲག་དང་། རྒྱུད་ཀྱི་བྱེ་བྲག་གིས་སྡུག་བསྔལ་རྣམ་པ་བཞི་སྐྱེད་པའི་ཕྱིར་རོ། །དེ་ལ་མི་མ་ཡིན་པས་བྱས་པའི་ཡམས་ཀྱི་ནད་གང་ཡིན་པ་རྣམས་དང་། མིས་བྱས་པའི་གནོད་པ་བྱུང་བ་གང་ཡིན་པ་རྣམས་དང་དེ་གཉིས་འབྱུང་དུ་དོགས་པ་ལས་བྱུང་བ་ད་དུང་
མ་བྱུང་བ་རྣམས་ཀྱིས་འཇིགས་པ་འདི་ནི་གཞན་གྱི་དབང་གིས་བྱུང་བའི་སྡུག་བསྔལ་ལོ། །དེ་ལ་བདག་ཉིད་ཀྱི་ཁམས་འཁྲུགས་པའི་ནད་ཀྱི་རྒྱུ་ལས་གྱུར་པའི་ནད་གང་ཡིན་པ་དང་། སྡུག་པ་རྣམ་པར་འགྱུར་བ་དང་། འདོད་པས་ཕོངས་པ་ལས་བྱུང་བའི་ཉོན་མོངས་པ་ཅན་གྱི་
སེམས་གང་ཡིན་པ་དེ་ནི་འཁྲུགས་པ་སྟེ། ནང་གི་རྐྱེན་གྱིས་བྱུང་བའི་སྡུག་བསྔལ་ཡིན་ཏེ། དེ་ཡང་སྔ་མ་བཞིན་དུ་འབྱུང་དུ་དོགས་པ་ལས་བྱུང་བ་ཡང་ཡིན་པར་རིག་པར་བྱའོ། །འདི་ལྟ་སྟེ། ད་ལྟར་ཇི་ལྟ་བ་བཞིན་དུ་དེ་འདས་པའི་དུས་ན་ཡང་རྣམ་པ་ཐམས་ཅད་ཀྱི་སྡུག་བསྔལ་
གྱིས་སྡུག་བསྔལ་བར་གྱུར་ལ། མ་འོངས་པ་ན་ཡང་དེ་ལྟར་འགྱུར་བ་འདི་ནི་དུས་ཀྱི་བྱེ་བྲག་གིས་སྡུག་བསྔལ་བའོ། །དེ་ལོག་པར་སྒྲུབ་པའི་རྒྱུས་བདག་ཉིད་ཀྱང་སྡུག་བསྔལ་བར་བྱེད་ལ། གཞན་དག་ཀྱང་སྡུག་བསྔལ་བར་བྱེད་དེ་དེ་ཉིད་ཀྱི་རྒྱུད་ཡང་དག་པར་ནན་ཏན་དུ་སྒྲུབ་པ་ཡང་།
སྡུག་བསྔལ་བར་འགྱུར་བ་འདི་ནི་རྒྱུད་ཀྱི་བྱེ་བྲག་གིས་སྡུག་བསྔལ་བ་ཡིན་པར་རིག་པར་བྱའོ། །དེ་ལ་སྔ་མ་རྣམ་པ་གསུམ་གྱིས་ནི་བདག་ཉིད་ལ་གནོད་པ་བྱེད་པར་ཞུགས་པ་ཡིན་ནོ། །ཐ་མ་གཅིག་གིས་ནི་གཞན་དག་ལ་ཡང་བྱེད་དོ། །གནས་བཞི་པོ་གང་དག་ལ་མི་མཁས་ཤེ་ན།
ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་ལའོ། །དེ་ལས་བཟློག་པ་ནི་མཁས་པའི་རྟགས་གཉིས་ཡིན་པར་རིག་པར་བྱའོ། །དེ་ལ་གཟུགས་ཅན་མ་ཡིན་པའི་ཡིད་ཀྱི་སྐྱེ་མཆེད་ཀྱི་རྟེན་དང་དམིགས་པ་དང་རང་
གི་རིགས་ཀྱི་འཇུག་པའི་བྱེ་བྲག་གིས་ནི་ཁམས་བཅོ་བརྒྱད་རྣམ་པར་གཞག་པར་རིག་པར་བྱའོ། །གཟུགས་ཅན་གྱི་སྐྱེ་མཆེད་ལྔའི་གནས་དང་། བྱེད་པ་དང་། བྱེད་དུ་འཇུག་པའི་རྟེན་གྱི་ཚུལ་གྱིས་ནི་ཁམས་དྲུག་རྣམ་པར་གཞག་པར་རིག་པར་བྱ་སྟེ། གནས་ཀྱི་རྟེན་གྱི་ཚུལ་

གྱིས་ནི་ས་ལ་སོགས་པ་བཞིའོ། །བྱེད་པའི་རྟེན་གྱི་ཚུལ་གྱིས་ནི་ནམ་མཁའི་ཁམས་སོ། །བྱེད་དུ་འཇུག་པའི་རྟེན་གྱི་ཚུལ་གྱིས་ནི་རྣམ་པར་ཤེས་པའི་ཁམས་སོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་འདུ་ཤེས་དང་
རྟོག་པའི་རྟེན་གྱི་དོན་གྱིས་ནི་འདོད་པ་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་ཁམས་གཉེན་པོ་དང་བཅས་པ་དྲུག་རྣམ་པར་གཞག་གོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཆིང་བའི་རྟེན་གྱི་དོན་གྱིས་ནི་བདེ་བ་དང་། སྡུག་བསྔལ་བ་དང་། ཡིད་
བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་དང་། མ་རིག་པའི་ཁམས་གཞན་དྲུག་རྣམ་པར་གཞག་གོ། །དེ་དག་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་ནི་ལོག་པའི་འདུ་ཤེས་དང་རྟོག་པ་འབྱུང་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ནི་ཡང་དག་པའི་འདུ་ཤེས་དང་རྟོག་
པ་འབྱུང་ངོ་། །ཁམས་གསུམ་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ལ་ཀུན་དུ་འགྲོ་བའི་དོན་གྱིས་ནི་ཚོར་བ་ལ་སོགས་པ་མིང་དུ་གཏོགས་པའི་ཁམས་བཞི་རྣམ་པར་གཞག་སྟེ། ཀུན་ནས་ཉོན་མོངས་པ་ན་ཀུན་ནས་ཉོན་མོངས་པར་འགྱུར་ལ་རྣམ་པར་དག་ན་རྣམ་པར་
དག་པར་འགྱུར་བ་གང་ཡིན་པ་དེ་དག་ཉིད་ཀྱི་རྣམ་པར་མ་དག་པ་དང་། རྣམ་པར་དག་པའི་དབང་དུ་བྱས་པའི་ཕྱིར་རོ། །སྔ་མ་བཞིན་དུ་ཕྱི་རོལ་གྱི་ངེས་པར་འབྱུང་བ་མ་ཡིན་པ་དང་། ངེས་པར་འབྱུང་བའི་དོན་གྱིས་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་གསུམ་
རྣམ་པར་གཞག་གོ། །ནང་གི་ངེས་པར་འབྱུང་བ་མ་ཡིན་པ་དང་། ངེས་པར་འབྱུང་བའི་དོན་གྱིས་ཀྱང་གཟུགས་དང་གཟུགས་མེད་པ་དང་། འགོག་པའི་ཁམས་གཞན་གསུམ་རྣམ་པར་གཞག་གོ། །ཕྱི་རོལ་དང་ནང་གི་གཞིའི་ངེས་པར་འབྱུང་བ་དང་ངེས་པར་འབྱུང་བ་མ་ཡིན་པ་དེ་ཉིད་
ཀྱི་དབང་དུ་བྱས་ནས། དམ་པའི་ཆོས་དང་དམ་པའི་ཆོས་མ་ཡིན་པ་ཐོས་པ་དང་། ཚུལ་བཞིན་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་གནས་ཀྱི་གཏམ་གྱི་གཞི་རྣམ་པ་གསུམ་གྱི་དོན་གྱིས་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཁམས་གསུམ་རྣམ་པར་གཞག་པར་རིག་

པར་བྱའོ། །སྡུག་བསྔལ་དང་ཉོན་མོངས་པ་མང་པོ་དང་འབྲིང་དང་ཉུང་ངུ་ཡོངས་སུ་ཤེས་པའི་དོན་གྱིས་ནི་ངན་པ་དང་འབྲིང་དང་གྱ་ནོམ་པའི་ཁམས་གསུམ་རྣམ་པར་གཞག་སྟེ། སྡུག་བསྔལ་ཆེན་པོ་དང་ཉོན་མོངས་པ་ཆེན་པོའི་ཁམས་གང་ཡིན་པ་དེ་ནི་ངན་པ་ཡིན་ནོ། །སྡུག་བསྔལ་འབྲིང་དང་
ཉོན་མོངས་པ་འབྲིང་ནི་འབྲིང་ཡིན་ནོ། །སྡུག་བསྔལ་ཆུང་ངུ་དང་ཉོན་མོངས་པ་ཆུང་ངུ་ནི་གྱ་ནོམ་པ་ཡིན་ནོ། །ངན་པ་དང་འབྲིང་དང་གྱ་ནོམ་པའི་ཁམས་ཡོངས་སུ་ཤེས་ནས། དེའི་རྒྱུ་ཡོངས་སུ་སྤོང་བའི་དོན་དང་། དེའི་གཉེན་པོ་བསྒོམ་པའི་དོན་གྱིས་ནི་དགེ་བ་དང་། མི་དགེ་བ་དང་།
ལུང་དུ་མ་བསྟན་པའི་ཁམས་གསུམ་རྣམ་པར་གཞག་པར་རིག་པར་བྱའོ། །དགེ་བ་བསྒོམ་པ་དེས་རྣམ་པར་དག་པ་ཐ་དད་པའི་སྒོ་ནས་ནི་སློབ་པ་དང་། མི་སློབ་པ་དང་། སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པའི་ཁམས་གསུམ་རྣམ་པར་གཞག་པར་རིག་པར་བྱ་སྟེ། རིལ་གྱིས་
མ་བཅིངས་པའི་དོན་དང་འཆིང་བ་མེད་པའི་དོན་དང་། རིལ་གྱིས་བཅིངས་པའི་དོན་གྱི་ཕྱིར་རོ། །སློབ་པ་དང་མི་སློབ་པ་དེ་དག་གི་འབྲས་བུ་བྱིས་པ་དང་། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དང་ལྡན་པའི་དོན་གྱིས་ནི་ཟག་པ་དང་བཅས་པ་
དང་། ཟག་པ་མེད་པའི་ཁམས་གཉིས་རྣམ་པར་གཞག་པར་རིག་པར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དེ་གཉིས་ཀྱི་རྟག་པ་དང་། མི་རྟག་པ་དང་། བླ་ན་ཡོད་པ་དང་། བླ་ན་མེད་པའི་ཕྱིར་ནི་འདུས་བྱས་དང་། འདུས་མ་བྱས་པའི་ཁམས་གཉིས་རྣམ་པར་གཞག་པར་
རིག་པར་བྱའོ། །ཚངས་པར་སྤྱོད་པ་བསྟེན་པ་ནི་མྱ་ངན་ལས་འདའ་བར་ཉེ་བར་འགྲོ་བ་དང་མྱ་ངན་ལས་འདས་པའི་མཐར་ཐུག་པས་ན། དེའི་ཕྱིར་དེ་ཡན་ཆད་དུ་ན་ཁམས་རྣམ་པར་གཞག་པ་མེད་དོ། །སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་གནས་དང་གནས་མ་ཡིན་པ་ལ་མཁས་པ་
ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །དེ་ལ་གནས་དང་གནས་མ་ཡིན་པ་ལ་མཁས་པ་ནི་མདོར་བསྡུ་ན་འགྲོ་བ་ལྔར་འགྲོ་བ་དང་མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལས་བརྩམས་ཏེ། ལམ་དེ་དག་ཐམས་ཅད་བསྡུས་ན་རྣམ་པ་གསུམ་དུ་འགྱུར་ཏེ། ངན་པ་ནི་ངན་འགྲོར་

འགྲོ་བ་གང་ཡིན་པའོ། །འབྲིང་ནི་བདེ་འགྲོར་འགྲོ་བ་གང་ཡིན་པའོ། །མཆོག་ནི་མྱ་ངན་ལས་འདའ་བར་འགྲོ་བ་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། བདེ་འགྲོར་འགྲོ་བའི་ལམ་གྱི་མཆོག་ལ་ཞུགས་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་པ་དེ་ཉིད་ཀྱི་ཕུན་སུམ་
ཚོགས་པ་མཆོག་ཐོབ་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོས་སྒྱུར་བར་འགྱུར་བའམ། བརྒྱ་བྱིན་དུ་འགྱུར་བའམ། བདུད་དུ་འགྱུར་བའམ། ཚངས་པར་འགྱུར་བ་སྟེ། དེ་དག་དེ་ལས་གཞན་པའི་སྐྱེས་བུ་གང་ཟག་གམ་བུད་མེད་ཀྱི་སྒོ་ནས་ཟླ་མེད་པ་དེ་ནི་གནས་ཡིན་ནོ། །
མྱ་ངན་ལས་འདའ་བར་འགྲོ་བའི་ལམ་ལ་ཞུགས་པ་གང་ཡིན་པ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཐོབ་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་བླ་ན་མེད་པའི་བྱང་ཆུབ་པོ། །དེ་རྣམས་ལས་ཀྱང་མཆོག་ཏུ་གྱུར་པའི་དེ་བཞིན་གཤེགས་པ་
དེ་དག་གི་བྱང་ཆུབ་དེ་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་ན། གང་ཟག་བླ་ན་མེད་པ་དང་། ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་མ་ཡིན་པ་དམའ་བའི་བྱང་ཆུབ་ལ་ཞུགས་པ་རྣམ་པ་དག་གི་ཡོན་ཏན་རྣམས་ཀྱང་འཇིག་རྟེན་པའི་བདག་པོ་ཐོབ་པ་དེ་དག་ལས་ཁྱད་པར་དུ་
འཕགས་པ་ཡིན་ན་དེ་བཞིན་གཤེགས་པའི་ལྟ་ཅི་སྨོས། དེ་དག་ཀྱང་གང་ཞེ་ན། ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་གིས་སྤྱད་པའི་རྒྱུ་མ་ཡིན་ལ་སོ་སོའི་སྐྱེ་བོས་སྤྱད་པའི་རྒྱུ་ཡིན་པའི་གནས་གང་ཡིན་པ་དག་སྟེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ།། །།
རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་བཅོ་བརྒྱད་པ། སྡོམ་ནི། རང་བཞིན་རྒྱུ་དང་ལྟ་བ་དང་། །ཀུན་ནས་ཉོན་མོངས་གང་ཟག་གྲོལ། །འཇུག་པའི་བྱེ་བྲག་རིགས་པ་དང་། །ཞི་དང་རྟག་པ་ཐ་མ་ཡིན། །ཚོར་བ་རྣམས་ཀྱི་རང་བཞིན་ཡང་རིག་པར་བྱ། རྒྱུ་ཡང་རིག་
པར་བྱ། ཚོར་བ་རྣམས་ལ་ཡང་དག་པར་ལྟ་བ་ཡང་རིག་པར་བྱ། ཚོར་བ་རྣམས་ལ་ཀུན་ནས་ཉོན་མོངས་པ་ཡང་རིག་པར་བྱའོ། །ཚོར་བ་མྱོང་བའི་གང་ཟག་སོ་སོར་བརྟགས་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་སྟོབས་དང་ལྡན་པ་གཉིས་ཀྱི་ཁྱད་པར་ཡང་རིག་པར་བྱ། དེ་བཞིན་

དུ་རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བའི་ཁྱད་པར་ཡང་རིག་པར་བྱ། ཚོར་བ་རྣམས་ཀྱི་འཇུག་པའི་རྣམ་པའི་བྱེ་བྲག་ཀྱང་རིག་པར་བྱ། ཚོར་བ་གང་ཅི་ཚོར་ཡང་རུང་བ་འདི་ནི་འདིར་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བའི་རིགས་པ་ཡང་རིག་པར་བྱ། ཚོར་བ་རྣམས་རྣམ་
པར་ཞི་བ་ཤིན་ཏུ་སྦྱངས་པར་ཡང་རིག་པར་བྱ། ཚོར་བའི་རྣམ་པ་ཐམས་ཅད་ལ་ཚོར་བ་བརྟག་པར་ཡང་རིག་པར་བྱའོ། །དེ་ལ་མདོར་བསྡུ་ན་ཚོར་བ་གསུམ་ནི་ཚོར་བ་རྣམས་ཀྱི་རང་བཞིན་ནོ། །རིག་པ་རྣམ་པ་གསུམ་ནི་རྒྱུའོ། །བདེ་བའི་ཚོར་བ་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་
པ་དང་། འདོད་ཆགས་ཀྱི་གནས་ཡིན་པ་དང་། འདོད་ཆགས་ནི་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་བདེ་བའི་ཚོར་བ་ནི་སྡུག་བསྔལ་བ་ཡིན་པར་བལྟ་བར་བྱའོ། །སྡུག་བསྔལ་བ་མངོན་སུམ་དུ་གྱུར་པ་ནི་ཟུག་རྔུ་མ་ཕྱིན་པ་དང་འདྲ་བར་གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་
བསྔལ་བ་ནི་ཟུག་རྔུ་ཡིན་པར་བལྟ་བར་བྱའོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མེད་པར་གྱུར་པ་གང་ཡིན་པ་ནི་དེ་མི་རྟག་པ་ཡིན་པ་དང་། མངོན་སུམ་དུ་གྱུར་པ་ཡང་འགག་པའི་ཆོས་ཉིད་ཡིན་པའི་ཕྱིར་གཉི་ག་འང་ཉིང་མཚམས་སྦྱོར་བ་དང་མཐུན་པས་ན་སྡུག་
བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་མི་རྟག་པ་དང་། འགག་པའི་ཆོས་ཉིད་དུ་བལྟ་བར་བྱ་སྟེ། འདི་ནི་ཚོར་བ་རྣམས་ལ་ཡང་དག་པར་ལྟ་བ་ཡིན་ཏེ། ཚོར་བ་གང་ཅི་ཡང་རུང་བ་འདི་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་བ་ལ་འཇུག་པའི་ཕྱིར་རོ། །བདེ་བ་ལས་ནི་འདོད་ཆགས། སྡུག་བསྔལ་བ་
ལས་ནི་ཞེ་སྡང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལས་ནི་མ་རིག་པ་རྒྱས་པར་འགྱུར་ཏེ། འདི་ནི་ཚོར་བ་རྣམས་ལས་ཀུན་ནས་ཉོན་མོངས་པའོ། །བདེ་བ་ལ་སོགས་པའི་གནས་སྐབས་ཐམས་ཅད་ལ་གནས་པའི་ནི་ཐམས་ཅད་མ་སྤངས་པས་བག་ལ་ཉལ་རྒྱལ་བར་འགྱུར་མོད་ཀྱི། འོན་ཀྱང་དམིགས་
པ་རང་རང་གི་སྤྱོད་ཡུལ་དེས་ཀུན་ནས་དཀྲིས་པ་སྐྱེས་པ་དེ་དག་དེའི་རྗེས་ལ་རྒྱུད་དེ་ཉིད་ལ་ཉོན་མོངས་པ་དང་འབྲེལ་པ་གཉིད་ལོག་པ་བཞིན་འདུག་པས་ན་བག་ལ་ཉལ་ཞེས་བྱའོ། །དེ་ལ་འདིར་ཚངས་པར་སྤྱོད་པ་སྤྱད་པ་ནི་བག་ལ་ཉལ་གཞོམ་པའི་ཕྱིར་ཡིན་གྱི། ཀུན་ནས་དཀྲིས་པ་བསལ་བ་

ཙམ་གྱི་ཕྱིར་ནི་མ་ཡིན་ནོ། །སོ་སོར་བརྟགས་པའི་སྟོབས་དང་ལྡན་པ་མ་ཡིན་པའི་གང་ཟག་ནི་སྡུག་བསྔལ་བའི་ཚོར་བ་མྱོང་བ་ན་ཤིན་ཏུ་སེམས་ངལ་བར་འགྱུར་ཏེ། དེ་ནི་ལུས་དང་སེམས་ཀྱི་སྡུག་བསྔལ་མངོན་སུམ་དུ་གྱུར་པ་དེ་ཡང་མྱོང་བར་འགྱུར་ལ། དེ་མ་ཡིན་
བའི་བདེ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་རྣམས་ཀྱང་མ་སྤངས་པས་ལྡན་པར་འགྱུར་ཏེ། དེ་བས་ན་ཚངས་པར་གནས་པའི་ཚོར་བ་ནི་སའི་འོག་ཅེས་བྱ་སྟེ་གཏིང་ཡང་མི་སླེབས་སོ། །སོ་སོར་བརྟགས་པའི་སྟོབས་དང་ལྡན་པ་ནི་དེ་ལས་བཟློག་པ་ཡིན་པར་
རིག་པར་བྱའོ། །ཚོར་བ་རྣམས་ལས་སེམས་རྣམ་པར་མ་གྲོལ་བ་ནི་ཟུག་རྔུ་གཉིས་ཀྱིས་ཕོག་པའི་མིས་ཟུག་རྔུ་གཉིས་མྱོང་བ་བཞིན་དུ་སྡུག་བསྔལ་བའི་ཚོར་བ་ཚང་བར་མྱོང་བར་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱིས་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་
པས་ནི་ཚོར་བ་གསུམ་མྱོང་བར་འགྱུར་རོ། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་ཡང་མྱོང་བར་འགྱུར་ཏེ། དེ་ལྟར་ན་དེའི་ཚེ་འདིའི་སྡུག་བསྔལ་ཆེན་པོ་དང་། ཚེ་འདིའི་ཀུན་ནས་ཉོན་མོངས་པ་དང་། ཚེ་ཕྱི་མའི་སྡུག་བསྔལ་གྱི་གནས་དེ་གསུམ་གྱིས་ཉེ་བར་ཉོན་མོངས་པ་མྱོང་བར་
འགྱུར་རོ། །དེ་ལས་བཟློག་པ་ནི་སེམས་རྣམ་པར་གྲོལ་བ་ཡིན་པར་རིག་པར་བྱ་སྟེ། ཚོར་བ་གསུམ་མྱོང་བ་དེ་གཉིས་ཀྱི་ཁྱད་པར་ནི་དེ་མ་ཡིན་ནོ། །དེ་ལ་ཚོར་བ་ལུས་ལས་སྐྱེས་པ་ཞིག་ཅིང་མེད་པར་གྱུར་ལ་མི་གནས་པ་དང་། མྱུར་དུ་འགྲོ་ཞིང་དུས་གཞན་དུ་འདྲ་བའི་རྒྱུད་ཀྱིས་མི་
གནས་པ་གང་ཡིན་པ་དེ་དག་ནི་རླུང་གི་ཚུབ་མ་ལྟ་བུ་ཡིན་པར་བལྟ་བར་བྱའོ། །འདྲ་བའི་རྒྱུད་ཀྱིས་ཅུང་ཟད་ཙམ་གནས་ཏེ། དེའི་མོད་ལ་མི་འགྱུར་བ་གང་ཡིན་པ་དེ་དག་ནི་སྡོང་བུ་སར་གློ་བུར་བའི་རིགས་འོངས་པ་ལྟ་བུར་བལྟ་བར་བྱའོ། །དེ་ལ་དེ་དག་གི་རྣམ་པའི་བྱེ་བྲག་ནི་རང་བཞིན་དང་།
རྟེན་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཐ་དད་པ་ལས་རིག་པར་བྱའོ། །དེ་ལ་ཟང་ཟིང་དང་བཅས་པའི་ཚོར་བ་ནི་འཇིག་རྟེན་པའི་ཐམས་ཅད་དོ། །ཟང་ཟིང་མེད་པ་ནི་འཇིག་རྟེན་ལས་འདས་པའོ། །འཆུམས་པ་ལ་བརྟེན་པ་ནི་འདོད་པའི་ཡོན་ཏན་ལྔ་པོ་

རྣམས་ལས་ཉོན་མོངས་པ་ཅན་གྱི་ཚོར་བའོ། །ངེས་པར་འབྱུང་བ་ལ་བརྟེན་པ་ནི་མཉམ་པར་གཞག་པ་དང་། མཉམ་པར་གཞག་པ་མ་ཡིན་པའི་ས་པའི་ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པ་ལས་འབྱུང་བའི་དགེ་བ་ཐམས་ཅད་དང་ལྡན་པའི་ཚོར་བ་གང་ཡིན་པའོ། །སྡུག་བསྔལ་
བའི་ཚོར་བ་ནི་སྡུག་བསྔལ་ཉིད་ཡིན་པར་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པས་བསྒྲུབ་མི་དགོས་སོ། །ཚོར་བ་གཉིས་ནི་རྒྱུ་གཉིས་ཀྱིས་སྡུག་བསྔལ་བ་ཉིད་ཡིན་པར་ཡིད་ཆེས་པར་བྱ་སྟེ། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་། དེ་དང་མཐུན་
པའི་འདུ་བྱེད་རྣམས་ནི་མི་རྟག་པའི་ཕྱིར་རོ། །བདེ་བའི་ཚོར་བ་དང་། དེ་དང་མཐུན་པའི་འདུ་བྱེད་རྣམས་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། རིགས་པ་འདིས་ནི་ཚོར་བ་གང་ཅི་ཡང་རུང་བ་འདི་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་བར་རིག་པར་བྱའོ། །མདོར་བསྡུ་ན་ཚོར་བ་
རྣམ་པར་ཞི་བར་འགྱུར་བ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གོང་མ་མཉམ་པར་གཞག་པའི་ས་ལ་བརྟེན་པས། ས་འོག་མའི་ཚོར་བ་རྣམ་པར་ཞི་བར་འགྱུར་བ་དང་། རེ་ཞིག་ཀུན་དུ་མི་སྤྱོད་པས་རྣམ་པར་ཞི་བ་དང་ཕྱི་མ་ལ་གཏན་དུ་མི་འཇུག་པས་རྣམ་པར་ཞི་བའོ། །དེ་ལ་རེ་ཞིག་
ཀུན་དུ་མི་སྤྱོད་པ་ནི་རྣམ་པར་ཞི་བའོ། །གཏན་དུ་ཀུན་དུ་སྤྱོད་པའི་ཆོས་ཉིད་ཀྱི་རྣམ་པར་ཞི་བ་ནི་མེད་པ་ཡིན་པར་རིག་པར་བྱའོ། །སྨྲ་བ་ལ་དགའ་ཞིང་སྨྲ་བ་ལ་ཞུགས་པའི་ཉོན་མོངས་པ་ཅན་འདོད་ཅིང་གཅིག་ལ་གཅིག་ཀུན་དུ་སྨྲ་བ་ལ་ནི་ངག་ཅེས་བྱ་སྟེ། དེ་ནི་བསམ་གཏན་དང་པོ་ལ་
སྙོམས་པར་ཞུགས་ན་རྣམ་པར་ཞི་བར་འགྱུར་རོ། །གཞན་ཡང་རྟོག་པ་དང་དཔྱོད་པ་རགས་པ་རྣམས་ཀྱིས་ནི་ངག་ཀུན་ནས་སློང་བར་བྱེད་དེ། དེ་དག་གིས་ནི་ཏིང་ངེ་འཛིན་མ་ཐོབ་པ་དང་། ཏིང་ངེ་འཛིན་ཐོབ་པ་ལས་ལངས་པའི་ངག་ཀུན་ནས་སློང་བར་བྱེད་དོ། །སྙོམས་པར་ཞུགས་པའི་ནི་
མི་བྱེད་དེ། སྙོམས་པར་ཞུགས་པའི་རྟོག་པ་དང་དཔྱོད་པ་རྣམས་ནི་ཆ་ཕྲ་བར་འཇུག་པ་ཡིན་པས་ངག་ཀུན་ནས་སློང་བར་བྱེད་པ་མ་ཡིན་ནོ། །དེ་བས་ན་དེ་ལ་གནས་པའི་ངག་ནི་རྣམ་པར་ཞི་བ་ཞེས་བྱ་སྟེ། འདི་ནི་རྣམ་གྲངས་གཉིས་པ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་

རྣམས་ལ་ཉེས་དམིགས་སུ་ལྟ་ཞིང་རྣལ་འབྱོར་སྤྱོད་པ་ལ་གནས་པ་ན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་བྲལ་བའི་ཚོར་བ་མྱོང་བར་འགྱུར་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཡོངས་སུ་ཤེས་ཤིང་ཡོངས་སུ་ཤེས་པ་དང་། སྤངས་
ཤིང་སྤངས་ནས་དེའི་སེམས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་ལས་ཆགས་པར་གྱུར་པ་མེད་པ་དང་། རྣམ་པར་གྲོལ་བར་གྱུར་པ་ཞེས་བྱའོ། །ཚོར་བའི་རྣམ་པ་ཐམས་ཅད་ལ་ནི་རྣམ་པ་བདུན་གྱིས་ཚོར་བ་བརྟག་པར་རིག་པར་བྱ་སྟེ། རང་བཞིན་དང་། ད་ལྟར་འཇུག་པ་
དང་ལྡོག་པའི་རྒྱུ་དང་། ཚེ་ཕྱི་མ་ལ་འཇུག་པའི་རྒྱུ་དང་། ཚེ་ཕྱི་མ་ལ་མི་འཇུག་པའི་རྒྱུ་དང་། ཀུན་ནས་ཉོན་མོངས་པ་འཇུག་པའི་རྒྱུ་དང་། རྣམ་པར་བྱང་བའི་རྒྱུ་དང་། རྣམ་པར་བྱང་བའི་སྒོ་ནས་ནི་བརྟག་པའོ། །སྡོམ་ནི། ཚོར་བ་སྐྱེ་དང་འགག་པ་དང་། །ཆུང་སོགས་བྱེ་བྲག་
ལྟ་བའི་མཆོག །ཚོར་བའི་རབ་ཏུ་དབྱེ་བ་དང་། །རབ་ཏུ་དབྱེ་བས་ལན་གདབ་པ། །སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྤང་བར་བྱ་བ་ཐམས་ཅད་ནི་མདོར་བསྡུ་ན་རྐྱེན་གསུམ་གྱིས་སྐྱེ་བར་འགྱུར་ཏེ། འདུན་པའི་རྐྱེན་ནི་མ་འོངས་པའི་དུས་ལ་བརྟེན་ཏོ། །རྟོག་པའི་རྐྱེན་ནི་འདས་པའི་
དུས་ལ་བརྟེན་ཏོ། །རེག་པའི་རྐྱེན་ནི་ཡུལ་མངོན་སུམ་དུ་གྱུར་པའི་ད་ལྟར་གྱི་དུས་ལ་བརྟེན་ཏོ། །སེམས་ཅན་ཐམས་ཅད་གང་ཞེ་ན། མདོར་བསྡུ་ན་སེམས་ཅན་གྱི་རིས་བརྒྱད་དེ། ཁྱིམ་པ་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བ་
རྣམས་དང་། འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་རྣམས་དང་། བསམ་གཏན་དང་པོ་ལས་འདོད་ཆགས་དང་མ་བྲལ་བ་རྣམས་དང་། བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བ་རྣམས་དང་། དེ་ཡན་ཆད་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་
འདོད་ཆགས་དང་བྲལ་བ་རྣམས་དང་། འདི་ལས་ཕྱི་རོལ་པ་འཇིག་རྟེན་པའི་སྙོམས་པར་འཇུག་པ་ལོག་པར་ལྟ་བ་ནས། ལོག་པར་རྣམ་པར་གྲོལ་བའི་ཤེས་པ་ཅན་གྱི་བར་རྣམས་དང་། ཆོས་འདི་པའི་འཇིག་རྟེན་པའི་སྙོམས་པར་འཇུག་པ་ཡང་དག་པའི་ལྟ་བ་ནས་ཡང་དག་པའི་རྣམ་

པར་གྲོལ་བ་ཤེས་པ་དང་ལྡན་པའི་བར་རྣམས་དང་། ཆོས་འདི་པ་འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་རྣམས་ཏེ། རིས་བརྒྱད་པོ་འདི་རྣམས་ཀྱིས་ཚོར་བ་ཡོངས་སུ་ཤེས་པ་ཉམས་སུ་མྱོང་བའི་སྒོ་ནས་སེམས་ཅན་གྱི་རིས་ཐམས་ཅད་བསྡུ་བར་རིག་པར་བྱའོ། །
དེ་ལ་ཁྱིམ་པ་དང་རབ་ཏུ་བྱུང་བ་འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བའི་ཉོན་མོངས་པ་ཅན་གྱི་ཚོར་བ་ནི་རྒྱུ་གསུམ་གྱིས་སྐྱེ་བར་འགྱུར་ཏེ། ལྷག་པར་ཞེན་པའི་སྟོབས་དང་། ཡིད་ལ་བྱེད་པའི་སྟོབས་དང་། ཡུལ་གྱི་སྟོབས་སོ། །དེ་ལ་ཁྱིམ་པ་འདོད་པ་ཡོངས་སུ་
ཚོལ་ཞིང་ལོངས་སྤྱོད་པའི་ཕྱིར་འདུན་པ་སྐྱེས་པ་ནི་ལྷག་པར་ཞེན་པའི་སྟོབས་དང་། དེ་ཉིད་སྔོན་མྱོང་བའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་སྟོབས་དང་། ཡུལ་མངོན་སུམ་དུ་གྱུར་པ་ན་ཡོངས་སུ་ལོངས་སྤྱོད་པར་བྱེད་པའི་ཡུལ་གྱི་སྟོབས་ཀྱིས་གང་ཟག་དེའི་འདུན་པ་དང་
རྟོག་པ་དང་རེག་པ་རྣམས་ནི་ཀུན་དུ་སྤྱོད་པའི་སྒོ་ནས་རྣམ་པར་མ་ཞི་བ་ཡིན་ནོ། །དེའི་རྐྱེན་གྱིས་ཀྱང་དེའི་ཚོར་བ་རྣམ་པ་གསུམ་སྐྱེ་བར་འགྱུར་རོ། །དེ་ཐོག་མར་ཉོན་མོངས་པ་ཅན་གྱི་འདུན་པ་དང་རྟོག་པ་དང་རེག་པ་ཀུན་དུ་སྤྱོད་པའི་ཕྱིར་དེའི་རྐྱེན་ལས་བྱུང་བའི་ཚོར་བ་ཉམས་སུ་མྱོང་
བར་འགྱུར་རོ། །གལ་ཏེ་སྐྱེས་ཟིན་པ་དང་དུ་ལེན་ཏེ་སྤོང་བར་མི་བྱེད་ཅིང་། སེལ་བར་མི་བྱེད་ན་ནི་དེ་ལྟར་དེའི་ཚོར་བ་རྒྱུན་དུ་གནས་པ་རྒྱུད་དང་འབྲེལ་པས་རྣམ་པར་ཞི་བར་མི་འགྱུར་རོ། །དེ་རྣམ་པར་མ་ཞི་བའི་རྐྱེན་གྱིས་རྒྱུན་དུ་གནས་པའི་ཚོར་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཐོག་
མར་འདུན་པ་ལ་སོགས་པ་རྒྱུན་དུ་གནས་པ་རྣམས་ཀུན་དུ་སྤྱོད་པའི་ཕྱིར་དེའི་རྐྱེན་གྱིས་ཚོར་བ་ཉམས་སུ་མྱོང་བར་འགྱུར་བ་དང་། དེའི་ཕྱོགས་དང་མཐུན་པའི་ཀུན་ནས་ཉོན་མོངས་པ་རྒྱུད་ལ་ཡོད་པ་རྣམས་མ་སྤངས་པའི་ཕྱིར་དེ་རྣམ་པར་མ་ཞི་བའི་རྐྱེན་དུ་འགྱུར་བ་འདི་ནི་རྣམ་གྲངས་
གཉིས་པའོ། །དེ་ལ་རབ་ཏུ་བྱུང་བ་འདོད་ཆགས་དང་མ་བྲལ་བ་ནི་འདོད་པ་ཡོངས་སུ་བཏང་བའི་ཕྱིར་ལྷག་པར་ཞེན་པའི་སྟོབས་ཀྱིས་བསྡུས་པའི་འདུན་པ་ནི་རྣམ་པར་ཞི་བ་ཡིན་ནོ། །ཡིད་ལ་བྱེད་པ་དང་ཡུལ་གྱི་སྟོབས་ཀྱིས་བསྡུས་པའི་རྟོག་པ་རྣམས་དང་། རེག་པ་ནི་རྣམ་པར་མ་ཞི་བ་

ཡིན་ཏེ། དེས་ན་དེ་གཅིག་པུར་འདུག་ཅིང་རྟོག་པ་རྣམས་ཀྱི་གཉེན་པོ་མ་བསྒོམས་པ་དང་། ཐམས་ཅད་ཀྱི་ཐམས་ཅད་དུ་སྐྱོ་བར་ཡང་མ་བྱས་པས་སྔོན་མྱོང་བའི་ཡུལ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྟོག་པ་རྣམས་ཀུན་དུ་སྤྱོད་དོ། །ཡུལ་ལ་རགས་
པ་མངོན་སུམ་དུ་གྱུར་པ་ལ་ཡང་རེག་པ་ཀུན་དུ་སྤྱོད་པར་བྱེད་དོ། །རྟོག་པ་ལ་ཉེས་པར་ལྟ་བའི་ནི་དེའི་གཉེན་པོ་བསྒོམས་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་འདོད་ཆགས་དང་བྲལ་བ་ནི་མ་ཡིན་པའི་ཕྱིར་རྟོག་པ་རྣམས་རྣམ་པར་ཞི་བར་གྱུར་པ་ཡིན་ནོ། །འདུན་པ་ནི་སྔ་ནས་ཀྱང་རྣམ་པར་ཞི་
བའོ། །རེག་པ་གཅིག་པུ་ནི་ཡུལ་རགས་པ་མངོན་སུམ་དུ་གྱུར་པ་ལ་ཉོན་མོངས་པ་ཅན་གྱི་རེག་པ་སྐྱེ་བའི་ཕྱིར་རྣམ་པར་ཞི་བ་མ་ཡིན་ནོ། །འདོད་པའི་འདོད་ཆགས་དང་བྲལ་བ་ཡིན་ན་ནི་ཐམས་ཅད་ཀྱང་རྣམ་པར་ཞི་བར་རིག་པར་བྱ་སྟེ། འདི་ནི་རྣམ་གྲངས་གཅིག་གོ། །གཞན་ཡང་འདོད་
པ་རྣམས་ལ་འདོད་ཆགས་དང་མ་བྲལ་བ་ཁ་ཅིག་ནི་འདོད་པ་རྣམས་ལ་འདོད་པའི་འདུན་པ་མ་སྤངས་པ་དང་། རྟོག་པ་རྣམས་ཀྱི་ཉོན་མོངས་པ་ཅན་གྱི་རེག་པ་མ་སྤངས་པའི་ཕྱིར་ཐམས་ཅད་རྣམ་པར་མ་ཞི་བ་ཡིན་ནོ། །འདོད་པ་རྣམས་ལ་འདོད་པའི་འདུན་པ་སྤངས་ནས་བསམ་གཏན་དང་པོ་ལ་
སྙོམས་པར་ཞུགས་པའི་འདུན་པ་ནི་རྣམ་པར་ཞི་ལ་རྟོག་པ་རྣམས་ནི་རྣམ་པར་མ་ཞི་བའོ། །བསམ་གཏན་དང་པོ་ཡན་ཆད་ཀྱི་འདོད་ཆགས་དང་ནི་བྲལ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདོད་ཆགས་དང་ནི་མ་བྲལ་བ་ནི་གཉིས་ནི་རྣམ་པར་ཞི་ལ། རེག་པ་ནི་རྣམ་པར་མ་
ཞི་བའོ། །སྲིད་པ་ལས་ཡང་དག་པར་འདས་པས་ནི་ཐམས་ཅད་རྣམ་པར་ཞི་བར་འགྱུར་ཏེ་འདི་ནི་རྣམ་གྲངས་གཉིས་པའོ། །དེ་ལ་ཕྱི་རོལ་པ་འཇིག་རྟེན་པའི་སྙོམས་པར་འཇུག་པ་ལོག་པར་ལྟ་བ་ནས། ལོག་པའི་རྣམ་པར་གྲོལ་བའི་ཤེས་པ་ཅན་གྱི་བར་གང་ཡིན་པ་དེ་དག་གི་ནི་དེའི་རྐྱེན་
གྱིས་ཚོར་བ་སྐྱེ་བར་འགྱུར་རོ། །དེ་ཡང་དང་ཡང་དུ་ལེན་པ་དེའི་ཕྱོགས་དང་མཐུན་པའི་ཉོན་མོངས་པ་དང་ཡང་འབྲེལ་པ་རྣམས་ཀྱི་ནི་དེ་རྣམ་པར་མ་ཞི་བའི་རྐྱེན་གྱིས་ཚོར་བ་སྐྱེ་བར་འགྱུར་རོ། །ཆོས་འདི་པ་འཇིག་རྟེན་པའི་སྙོམས་པར་འཇུག་པ་ནས་རྣམ་པར་གྲོལ་བ་དང་། ཡང་དག་པའི་རྣམ་

པར་གྲོལ་བའི་ཤེས་པ་དང་ལྡན་པ་དེའི་རྐྱེན་དང་དུ་ལེན་ཅིང་། དེའི་ཕྱོགས་ཀྱི་ཉོན་མོངས་པ་དང་འབྲེལ་བ་རྣམས་ཀྱི་ནི་དེ་རྣམ་པར་མ་ཞི་བའི་རྐྱེན་གྱིས་ཚོར་བ་སྐྱེ་བར་འགྱུར་རོ། །ཆོས་འདི་པ་འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པར་ཞུགས་པའི་ལམ་ལ་གནས་ལ་དོན་མ་རྫོགས་པ་
རྣམས་ཀྱིས་མ་ཐོབ་པ་དང་། མ་རྟོགས་པ་དང་། མངོན་སུམ་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་ནམ་ཞིག་བདག་གིས་གནས་དེ་ཐོབ་པར་གྱུར་ཞིག་གུ་སྙམ་པའི་འདུན་པ་གང་ཡིན་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་ཏེ། དེ་ནི་རྣམ་པར་མ་ཞི་བ་ཡིན་ཏེ། དེའི་རྐྱེན་གྱིས་དེའི་ཚེ་
ཚོར་བ་སྐྱེ་བར་འགྱུར་རོ། །དོན་ཡོངས་སུ་རྫོགས་པའི་འདུན་པ་ནི་རྣམ་པར་ཞི་བ་ཡིན་ཏེ། དེའི་རྣམ་པར་ཞི་བའི་རྐྱེན་དེས་ན་མཆོག་ཏུ་རབ་ཏུ་ཞི་བ་བླ་ན་མེད་པའི་ཚོར་བ་སྐྱེ་བར་འགྱུར་རོ། །དེས་ཚོར་བ་དེ་དག་ཐམས་ཅད་ངེས་པར་འབྱུང་བ་དང་བཅས་པ་ངེས་པར་འབྱུང་བའི་ཐབས་དང་བཅས་
པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་བས་ན་སྔ་མ་བཞིན་དུ་ཡང་དག་པའི་དགེ་སྦྱོང་རྣམས་ཀྱི་ནང་དུ་དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེ་རྣམས་ཀྱི་ནང་དུ་བྲམ་ཟེར་འཛིན་པར་འགྱུར་རོ། །རབ་ཏུ་མི་ཤེས་པ་གང་ཡིན་པ་དེ་དག་ནི་འཛིན་པར་མི་འགྱུར་རོ། །དེ་ལ་ཚོར་བ་ཐམས་ཅད་
ནི་སྤྱིར་ན་རེག་པའི་རྐྱེན་ཅན་ཡིན་ནོ། །རྐྱེན་དེའི་རྐྱེན་ནི་འདུན་པ་ཡང་ཡིན་ནོ། །རྟོག་པ་ཡང་ཡིན་ནོ། །ཡུལ་ལ་རྨོངས་པས་བསྡུས་པའི་མ་རིག་པ་ཡང་ཡིན་ནོ། །དེ་དག་ཐམས་ཅད་ཀྱི་ཀུན་འབྱུང་བའི་གནས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། དེའི་ཕྱོགས་དང་མཐུན་པ་རྒྱུད་
ལ་ཡོད་པའི་ཉོན་མོངས་པ་ཡིན་ནོ། །དེ་འགགས་ན་ཡང་དེ་རྣམས་འགག་པར་འགྱུར་རོ། །ཡང་དག་པའི་ལྟ་བ་ལ་སོགས་པའི་ལམ་ནི་འགོག་པར་འགྱུར་བའི་ལམ་ཡིན་པར་རིག་པར་བྱའོ། །འཕགས་པ་ཉན་ཐོས་རབ་ཏུ་དབེན་པའི་དགའ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། གནས་པ་ནི་
ཆོས་ལྔ་ནི་སྤོང་ལ། ཆོས་ལྔ་བསྒོམ་པ་ནི་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ལྟ་སྟེ། མཉམ་པར་གཞག་པའི་ས་ལས་རྒྱས་པར་འབྱུང་བ་བཞིན་དུ་རིག་པར་བྱའོ། །དགའ་བ་དང་བདེ་བ་དང་བཏང་སྙོམས་རྣམས་ཀྱི་ཐ་མ་དང་། འབྲིང་དང་མཆོག་ནི་འདོད་པའི་ཁམས་དང་བསམ་གཏན་

བཞི་པོ་རྣམས་ལ་ཅི་རིགས་པར་རིག་པར་བྱའོ། །བསམ་གཏན་བཞི་པའི་ས་པའི་བཏང་སྙོམས་ནི་སྐྱོན་ཐམས་ཅད་དང་བྲལ་བ་དང་། ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་ཟང་ཟིང་མེད་པའོ། །དེ་ཡན་ཆད་ཀྱི་བཏང་སྙོམས་དེ་ནི་ཆོས་ཟང་ཟིང་མེད་པ་ཡིན་པར་རྣམ་པར་གཞག་
གོ། །ཚོར་བ་རྣམས་ཀྱི་བྱེ་བྲག་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། ཡང་དག་པའི་བྱེ་བྲག་དང་། འཇུག་པའི་རྟེན་གྱི་བྱེ་བྲག་དང་། རང་གི་མཚན་ཉིད་ཀྱི་བྱེ་བྲག་དང་། ཇི་སྙེད་ཡོད་པའི་བྱེ་བྲག་དང་། རང་གི་མཚན་ཉིད་ཀྱི་རྣམ་པའི་བྱེ་བྲག་དང་། འཇུག་པའི་སྒོའི་བྱེ་བྲག་དང་། ཀུན་
ནས་ཉོན་མོངས་པའི་སྒོའི་བྱེ་བྲག་དང་། མི་མཐུན་པའི་ཕྱོགས་དང་གཉེན་པོའི་བྱེ་བྲག་དང་། དུས་ཀྱི་བྱེ་བྲག་དང་། སྐད་ཅིག་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཇུག་པའི་བྱེ་བྲག་གོ། །དེ་ལ་ཁ་ཅིག་བློ་མ་རྫོགས་པའི་ཕྱིར་འདི་སྙམ་དུ་སེམས་ཏེ། ཚོར་བ་ནི་གཉིས་ཁོ་ནར་ཟད་དེ།
བདེ་བ་དང་། སྡུག་བསྔལ་བའོ། །སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ནི་བདེ་བ་དང་སྡུག་བསྔལ་བ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བར་ཟད་པའི་ཕྱིར་བདེ་བ་དང་། སྡུག་བསྔལ་བ་ཉེ་བར་ཞི་བ་ཁོ་ནའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་
བཏགས་པ་ཡིན་ནོ་སྙམ་སྟེ། དེ་ལ་བརྡ་སྤྲད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བདེ་བ་ནི་གཉིས་ཏེ། འདོད་པའི་བདེ་བ་དང་། དབེན་པའི་བདེ་བའོ་ཞེས་གསུངས་ཏེ། དབེན་པའི་བདེ་བ་དེ་ཡང་ཐ་མ་དང་། འབྲིང་དང་། གོང་ན་མེད་པ་སྟེ། ཐ་མ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་དོ། །
འབྲིང་ནི་སྲིད་པའི་རྩེ་མོའོ། །མཆོག་ནི་འདུ་ཤེས་དང་ཚོར་བ་འགོག་པའོ། །དེ་ལྟར་ཡིན་པས་ན་ཞི་བའི་བདེ་བ་ཡང་ཚོར་བ་ཡིན་པར་གསུངས་ཏེ། དཔེར་ན། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་རྣམས་ཀྱི་ལྟ་བུའོ། །སྡུག་བསྔལ་བ་ཡང་མ་ཡིན། བདེ་
བ་ཡང་མ་ཡིན་པ་ཡང་ཚོར་བ་ཡིན་ཏེ། དཔེར་ན་བསམ་གཏན་བཞི་པ་ཡན་ཆད། སྲིད་པའི་རྩེ་མོ་མན་ཆད་ཀྱི་ལྟ་བུའོ། །ཞི་བའི་ཚོར་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་ཡང་གསུངས་ཏེ། དཔེར་ན་འགོག་པའི་སྙོམས་པར་འཇུག་པའི་ལྟ་བུའོ། །ཡང་དག་པར་ན་བཅོམ་ལྡན་

འདས་ཀྱིས་ཞི་བའི་བདེ་བ་ནི་རྣམ་པ་གསུམ་དུ་གསུངས་ཏེ། འདི་ལ་དགེ་སློང་གི་སེམས་འདོད་ཆགས་ལས་འདོད་ཆགས་མེད་པ་དང་། རྣམ་པར་གྲོལ་བར་འགྱུར་རོ། །འདོད་ཆགས་ལས་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་གཏི་མུག་ལས་ཀྱང་དེ་དང་འདྲ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་
བསྡུས་ན་བདེ་བ་གསུམ་དུ་འགྱུར་ཏེ། ཡོངས་སུ་སྤང་བར་བྱ་བའི་བདེ་བ་དང་། བསྟེན་པར་བྱ་བའི་གནས་པའི་བདེ་བ་གོང་ན་ཡོད་པ་དང་གོང་ན་མེད་པ་དང་། གཏན་དུ་མཐར་ཐུག་པ་སྟེ་རྣམ་པར་གྲོལ་བའི་བདེ་བའོ། །དེ་ལ་འདོད་པའི་བདེ་བ་ནི་ཡོངས་སུ་སྤང་བར་བྱ་བའོ། །བསམ་
གཏན་དང་པོ་ནས་སྲིད་པའི་རྩེ་མོའི་བར་དུ་ནི་བསྟེན་པར་བྱ་བ་གོང་ན་ཡོད་པའི་གནས་པའི་བདེ་བའོ། །འགོག་པའི་སྙོམས་པར་འཇུག་པ་ནི་བསྟེན་པར་བྱ་བ་གོང་ན་མེད་པའི་གནས་པའི་བདེ་བའོ། །སྔ་མ་བཞིན་དུ་བདེ་བ་གསུམ་པོ་རྣམས་ནི་གཏན་དུ་མཐར་ཐུག་པའི་རྣམ་པར་གྲོལ་བའི་བདེ་
བའོ། །ཚོར་བའི་བདེ་བ་ལས་དགོངས་ཏེ་འགོག་པའི་སྙོམས་པར་འཇུག་པ་བདེ་བའོ་ཞེས་གསུངས་པ་ནི་མ་ཡིན་གྱི། བདེ་བའི་ཚོར་བ་ཆད་པའི་བདེ་བ་གང་ཡིན་པ་དེ་དང་། བདེ་བ་དེ་ཇི་ལྟ་བའི་མཆོག་གི་གནས་པའི་བདེ་བ་དང་། བདེ་བ་ཉམས་སུ་མྱོང་བ་གང་ཡིན་པ་ལས་དགོངས་ཏེ།
ཇི་ལྟར་ཁ་ཅིག་སྙོམས་པར་འཇུག་པ་དེ་ལས་ལངས་ནས་བདག་ནི་འདི་དང་འདི་ལྟ་བུར་མཆོག་ཏུ་རབ་ཏུ་ཞི་བའི་གནས་པས་རིང་དུ་གནས་པར་གྱུར་ཏོ་སྙམ་དུ་ཉམས་སུ་ཚོར་བ་འདི་ནི་དགོངས་ནས་བདེ་བ་ཞེས་གསུངས་སོ། །དགེ་སློང་གིས་མཐོང་བ་དང་། ཐོས་པ་དང་། བདེ་བ་དང་། འདུ་
ཤེས་དང་། སྲིད་པ་ཇི་ལྟ་བུ་ལ་བརྟེན་ནས་དེའི་རྗེས་ལ་ཟག་པ་ཟད་པ་འཐོབ་པ་དེ་ནི་དེའི་བདེ་བའི་མཆོག་ཡིན་པ་ནས། སྲིད་པ་རྣམས་ཀྱི་བར་གྱི་མཆོག་ཡིན་ནོ། །དེ་ལ་བདག་མེད་པར་མཐོང་བའི་གོང་དུ་མཐོང་བ་གཞན་ཚོལ་བར་མི་བྱེད་དེ། འདི་ལྟ་སྟེ། མི་རྟག་པར་མཐོང་བ་ལས་ནི་དེའི་
རྗེས་ལ་ཟག་པ་ཟད་པ་ཐོབ་པར་འགྱུར་ཏེ། དེ་བས་ན་མཐོང་བ་རྣམས་ཀྱི་མཆོག་ཡིན་ནོ། །དེས་མཐོང་བ་དེ་ལ་བརྟེན་ནས་སྒོ་བཞིས་ཟག་པ་མེད་པ་ཐོབ་པར་འགྱུར་ཏེ། གཞན་ལས་དམ་པའི་ཆོས་ཐོས་པའམ། ཚེ་འདི་ལ་བདེ་བར་གནས་པ་བཞི་ལ་བརྟེན་པའམ། འདུ་ཤེས་ཀྱི་

སྙོམས་པར་འཇུག་པ་རྣམ་པ་གསུམ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཡན་ཆད་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་དམ། ལྷར་གྱུར་པ་དང་། མིར་གྱུར་པའོ། །དེ་བས་ན་ཐོས་པ་དང་། བདེ་བ་དེ་དང་། འདུ་ཤེས་དེ་དང་། སྲིད་པ་དེ་ནི་ཐོས་པ་
རྣམས་དང་། བདེ་བ་རྣམས་དང་། འདུ་ཤེས་རྣམས་དང་། སྲིད་པ་རྣམས་ཀྱི་ནང་ན་མཆོག་ཏུ་གསུངས་སོ། །ཡོངས་སུ་ཤེས་པར་བྱ་བའི་གཞི་ཡོངས་སུ་ཤེས་པ་ནི་སྡུག་བསྔལ་གྱི་བདེན་པ་ལས་ཀྱང་ཡོངས་སུ་གྲོལ་བར་འགྱུར་རོ། །ཀུན་འབྱུང་བའི་བདེན་པ་ལས་ཀྱང་རྣམ་པར་
གྲོལ་བར་འགྱུར་རོ། །འགོག་པའི་བདེན་པ་ཡང་མངོན་སུམ་དུ་བྱེད་དོ། །ལམ་གྱི་བདེན་པ་ཡང་སྒོམ་པར་བྱེད་དོ། །དེ་ལ་ཡང་དག་པ་ཁོ་ནར་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་བས་ན་སྡུག་བསྔལ་གྱི་བདེན་པ་ལས་ཡོངས་སུ་གྲོལ་བའོ། །ཟག་པ་རྣམས་ཟད་པ་ཐོབ་པར་འགྱུར་
བས་ན་ཀུན་འབྱུང་བའི་བདེན་པ་ལས་རྣམ་པར་གྲོལ་བའོ། །སྐྱོ་ཞིང་མ་ཆགས་ལ་རྣམ་པར་གྲོལ་བས་ན་འགོག་པའི་བདེན་པ་མངོན་སུམ་དུ་བྱེད་དོ། །མི་རྟག་པ་ལ་སོགས་པ་རྗེས་སུ་མཐོང་བས་གནས་པས་ན་ལམ་གྱི་བདེན་པ་སྒོམ་མོ། །ཤེས་བྱའི་གཞིའི་བྱེ་བྲག་ནི་རྣམ་པ་བཅུར་རིག་
པར་བྱ་སྟེ། སྲོག་གི་དབང་པོ་དང་འབྲེལ་པའི་འདུ་བྱེད་སྐྱེས་པ་རྣམས་གནས་པའི་རྒྱུའི་བྱེ་བྲག་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་འདུ་བྱེད་རྣམས་གཅིག་ལ་གཅིག་བརྟེན་ཅིང་འཇུག་པའི་བྱེ་བྲག་དང་། གཟུགས་ཅན་མ་ཡིན་པའི་འདུ་ཤེས་རྣམས་མི་རྟག་པ་ལ་འཇུག་
པའི་སྒོའི་བྱེ་བྲག་དང་། སེམས་ཀྱི་ཀུན་ནས་ཉོན་མོངས་པའི་གཞི་དང་གནས་ཀྱི་བྱེ་བྲག་དང་། འདུ་བྱེད་རྣམ་པ་ཐམས་ཅད་དུ་བསྡུས་པའི་སྡུག་བསྔལ་གྱི་བྱེ་བྲག་དང་། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པའི་སྒོའི་བྱེ་བྲག་དང་། མངོན་པར་དགའ་བ་དང་བཅས་པའི་
རྣམ་པར་ཤེས་པ་རྒྱུ་བའི་མཐའི་བྱེ་བྲག་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་གནས་ཀྱི་བྱེ་བྲག་དང་། སེམས་ཅན་མངོན་པར་དགའ་བ་དང་། ཞེན་པ་རྣམས་ཀྱི་སྐྱེ་བའི་གནས་ན་གནས་པའི་མཐའི་བྱེ་བྲག་དང་། བག་མེད་པ་རྣམས་ངན་འགྲོར་འགྲོ་བའི་གནས་ཀྱི་མཐའི་བྱེ་བྲག་གོ། །གཞན་

ཡང་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པ་ཐོབ་པར་བྱ་བ་དང་། བསྟེན་པར་བྱ་བའི་གཞིའི་སྒོ་ནས་བྱེ་བྲག་བཅུར་ཡོད་པར་རིག་པར་བྱ་སྟེ། དགེ་བའི་ཆོས་རྣམས་བསྒོམ་པ་རྟག་ཏུ་བྱེད་པའི་སྒོ་ནས་བག་ཡོད་པའི་བྱེ་བྲག་དང་། སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་
བའི་གནས་ཀྱི་བྱེ་བྲག་དང་། ཏིང་ངེ་འཛིན་གྱི་མཐའི་བྱེ་བྲག་དང་། དམིགས་པ་ཐམས་ཅད་ལ་སེམས་འདོགས་པའི་མཐའི་བྱེ་བྲག་དང་། རྣམ་པར་ཐར་པའི་ཐབས་ཀྱི་བྱེ་བྲག་དང་། རྣམ་པར་ཐར་པའི་བྱེ་བྲག་དང་། དེ་ཁོ་ནའི་དོན་ཡང་དག་པར་རྟོགས་པའི་བྱེ་བྲག་དང་། དེ་ཁོ་ན་མངོན་
པར་རྫོགས་པར་སངས་རྒྱས་པའི་འོག་ཏུ་བསླབ་པ་གསུམ་ལ་སློབ་པའི་བྱེ་བྲག་དང་། སློབ་ཅིང་འདུག་པ་དང་། བསླབས་ཟིན་པ་ཚེ་འདི་ལ་བདེ་བར་གནས་པའི་བྱེ་བྲག་དང་། འཕགས་པའི་རྫུ་འཕྲུལ་རྒྱ་ཆེན་པོའི་དབང་ཕྱུག་གི་བྱེ་བྲག་གོ། །ཇི་སྐད་བསྟན་པའི་བྱེ་བྲག་འདི་རྣམས་
ལས་བརྩམས་ཏེ། འདྲི་བ་ཡང་ཡོད་དོ། །ངེས་པའི་དོན་མ་ཡིན་པའི་ཚུལ་གྱིས་བསྟན་པ་ཡང་ཡོད་དོ། །ངེས་པའི་དོན་གྱི་ཚུལ་གྱིས་ལན་གདབ་པ་ཡང་ཡོད་དོ། །དེ་ལ་འདྲི་བའི་གང་ཟག་ལ་རྒྱུ་བཞིས་ལན་མི་གླན་པ་ཡང་ཡོད་དོ། །ལན་འདེབས་པར་བྱེད་པས་ལན་མི་འདེབས་པ་
ཡང་བཞི་ཡོད་དོ། །གཏན་ཚིགས་ཡོད་པ་དང་གཏན་ཚིགས་མེད་པ་མངོན་སུམ་གྱི་ཚད་མ་དང་ལྡན་ཞིང་རིགས་པར་གྱུར་པ་ལེགས་པར་བསྟེན་ཀྱང་མི་ཉན་པ་དང་། རྗེས་སུ་དཔག་པ་དང་། ལྡན་པའི་ཡོངས་སུ་བརྟག་པ་བྱེད་ན་ཡང་མི་ཉན་པ་དང་། ནན་ཏན་དུ་སྒྲུབས་ཤིག་དང་། བདག་ཉིད་
ཀྱིས་ཤེས་པར་འགྱུར་རོ་ཞེས་བྱས་ན་ཡང་མི་ཉན་པ་དང་། ཤེས་པས་སྨྲ་བ་ཡིད་ཆེས་སུ་རུང་བས་འདི་སྐད་གསུངས་སོ་ཞེས་བྱས་ཀྱང་ཡིད་ཆེས་པའི་ལུང་ཡང་མི་ཉན་པ་སྟེ། དེ་བས་ན་འདྲི་བ་པོ་ལ་ལན་མི་གླན་པ་ཡིན་ནོ། །མགོ་གཅིག་ཏུ་ལན་གདབ་པ་ནི་རྣམ་པ་བཞི་སྟེ། འདུ་བྱེད་ཐམས་
ཅད་མི་རྟག་པའོ། །ཆོས་ཐམས་ཅད་བདག་མེད་པའོ། །སྐྱེ་བའི་གནས་ཐམས་ཅད་ལ་དགའ་བར་མི་བྱའོ། །དགེ་བ་དང་མི་དགེ་བའི་ལས་རྣམས་ཆུད་མི་ཟའོ་ཞེས་བྱའོ། །ཆེད་དུ་བསམས་ཏེ་ལས་བྱས་ན་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་མགོ་གཅིག་ཏུ་ཆད་

པ་མེད་དོ། །བཏང་སྙོམས་ཐོབ་པ་ནི་ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་འདི་ལ་ཡང་མགོ་གཅིག་ཏུ་ཆད་པ་མེད་དོ། །ལས་བྱས་ན་བདེ་འགྲོར་འགྲོའོ་ཞེས་ཟེར་བ་ལ་ནི་ལས་གང་ཞེས་དེ་ཉིད་ལ་དྲི་བར་བྱའོ། །ལམ་བསྒོམས་ན་མྱ་ངན་ལས་འདའ་
བར་འགྱུར་རོ་ཞེས་ཟེར་བ་ལ་ནི་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའི་ལམ་གང་ཞེས་འདྲི་བར་བྱའོ། །གཞག་པར་བྱ་བ་ནི་ལྟ་བར་གྱུར་པ་དེ་དག་ཐམས་ཅད་དེ་རྣམ་པ་བཞི་པོ་དེ་དག་གི་ལེགས་པར་འདྲི་བ་ལ་ལན་འདེབས་པ་ན་ལན་འདེབས་པར་བྱེད་པས་ལན་གླན་པར་བྱ་བ་ཡིན་
ནོ། །དེ་ལས་བཟློག་པ་ནི་ལན་མི་འདེབས་པ་ཡིན་ནོ། །འདི་གཉིས་ནི་དེ་བཞིན་གཤེགས་པའི་ལུང་བསྟན་པ་ཡིན་ཏེ། མུ་སྟེགས་ཅན་རྣམས་དང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །དེ་ལ་ཐུན་མོང་བ་ནི་སློབ་མ་སྐྱེ་བ་ལུང་བསྟན་པའོ། །ཐུན་མོང་མ་ཡིན་པ་ནི་སྐྱེ་བར་ལུང་
བསྟན་དུ་མེད་པའོ། །འདི་གཉིས་ནི་རྣམ་པར་ཤེས་པའི་མེ་འབར་བར་འགྱུར་བའི་རྒྱུ་ཡིན་ཏེ། སྲེད་པ་ཆ་ཕྲ་མོ་དང་། མིང་དང་གཟུགས་རགས་པའོ། །དེ་ལ་འདོད་པ་དང་གཟུགས་ཀྱི་ཁམས་གཉིས་སུ་ནི་སྲིད་པས་བསྐྱེད་པའི་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་རྒྱུས་ཚེའི་ཚད་ཇི་སྲིད་
ཀྱི་བར་དུ་གནས་ཏེ། སྲིད་པ་མེད་པར་གྱུར་པ་ན་ཡང་རྣམ་པར་ཤེས་པའི་རྒྱུད་རྗེས་སུ་འབྲེལ་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་སུ་ཡང་སྲིད་པ་ཉིད་ཀྱིས་བསྐྱེད་པའི་རྣམ་པར་ཤེས་པ་མིང་ཉི་ཚེ་ལ་དམིགས་པས་ཚེའི་ཚད་ཇི་སྲིད་པའི་བར་དུ་གནས་ཏེ། སྲིད་པ་སྤངས་པ་ན་ཡང་རྣམ་པར་
ཤེས་པའི་རྒྱུད་རྗེས་སུ་འབྲེལ་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་བར་མ་དོའི་སྲིད་པའི་རྣམ་པར་ཤེས་པ་ཡང་སྲེད་པ་ཉིད་ཀྱིས་མངོན་པར་འགྲུབ་པ་ལ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་སྲིད་པའི་རྒྱུ་ཁོ་ནར་གནས་ཏེ། དེ་སྤངས་པ་དང་མགོ་མཉམ་ཁོ་ནར་དེར་རྣམ་པར་ཤེས་པ་
འགག་པར་འགྱུར་བའི་ཕྱིར་རོ། །གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་འདི་གཉིས་ནི་ཡིད་ལས་སྐྱེས་པའི་ལུས་ཡིན་ཏེ་མཉམ་པར་གཞག་པའི་ས་པའི་ཡིད་ཀྱི་སྒོའི་སྦྱོར་བས་གཟུགས་དང་སྙོམས་པར་འཇུག་པའི་ལུས་དེ་གཉིས་གྲུབ་པའི་ཕྱིར་རོ། །འདི་གཉིས་ནི་དེ་

བཞིན་གཤེགས་པའི་ཕ་རོལ་སྨྲ་བའི་ལན་གདབ་པ་ཡིན་ཏེ། མགོ་གཅིག་ཏུ་ལན་གདབ་ཏུ་མེད་པ་ལ་མགོ་གཅིག་ཏུ་ཆད་པ་མེད་པར་བྱ་བ་སྨྲ་བས་ལན་གདབ་པ་དང་། མགོ་གཅིག་ཏུ་ཆད་པར་ལན་གདབ་པ་ལ་མགོ་གཅིག་ཏུ་བྱ་བ་སྨྲ་བས་ལན་གདབ་པའོ། །ཉེ་བར་ལེན་པ་ལ་ཀུན་དུ་
དགའ་བ་ལ་སོགས་པའི་དོན་ནི་གཟུགས་ལ་ཀུན་དུ་དགའ་བ་ལ་སོགས་པ་བཞིན་དུ་རིག་པར་བྱའོ། །གཞི་བསྡུ་བ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ཟས་དང་བདེན་པ་དང་ཁམས་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་བསྡུ་བ་གསུམ་པ་རྫོགས་སོ།། །།སྤྱི་སྡོམ་ནི། དྲན་པ་ཉེར་
གཞག་ཡང་དག་སྤོང་། །རྫུ་འཕྲུལ་རྐང་པ་དབང་པོ་སྟོབས། །བྱང་ཆུབ་ཡན་ལག་ལམ་ཡན་ལག །དབུགས་རྔུབ་དབུགས་རྒྱུ་དྲན་པ་དང་། །བསླབ་དང་ཤེས་ནས་དད་པའོ། །སྡོམ་ནི། དགེ་སྦྱོང་དང་ནི་དགེ་སྦྱོང་དོན། །བདེ་དང་ཡིད་བདེ་ཆོས་ཀུན་དང་། །ཚངས་པར་སྤྱོད་
དང་གང་ཟག་དང་། །གསལ་བ་དང་ནི་འདོད་པ་དང་། །ཡང་སྲིད་ཀུན་ནས་ཉོན་མོངས་པ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའི་སྒོ་ནས་རྒྱུ་བཞིས་འདི་པའི་དགེ་སྦྱོང་དང་། འདི་པའི་ལམ་དང་། འདི་པའི་མཐར་ཐུག་པ་ལྟ་བུ་འདི་ལས་ཕྱི་རོལ་པ་ལ་དགེ་སྦྱོང་དང་ལམ་དང་མཐར་
ཐུག་པ་མེད་དོ། །ཕྱི་རོལ་སྨྲ་བ་རྣམས་དགེ་སྦྱོང་དང་ལམ་དང་མཐར་ཐུག་པས་སྟོང་པ་ཉིད་རིག་པར་བྱའོ། །རྒྱུ་བཞི་གང་ཞེ་ན། གནས་བཞི་ལ་བརྟེན་ནས་རྟོགས་ནས་ཤེས་པ་རྣམ་པ་བཞི་ཐོབ་པ་དང་། ཕྱི་རོལ་པའི་ཉེ་བའི་ཉོན་མོངས་པ་རྣམ་པ་བཞི་ལས་རྣམ་པར་ཐར་པ་དང་།
ཆོས་འདི་པའི་ཉན་ཐོས་རྣམས་འདི་ལས་ཕྱི་རོལ་པའི་སློབ་མ་རྣམས་དང་མི་མཚུངས་པ་དང་། ཆོས་འདི་པའི་སྟོན་པ་འདི་ལས་ཕྱི་རོལ་པའི་སྟོན་པ་རྣམས་དང་མི་མཚུངས་པའོ། །འདི་པའི་དགེ་སྦྱོང་ཞེས་བྱ་བ་ལ་དགེ་སྦྱོང་གང་ཞེ་ན། དགེ་སྦྱོང་བཞི་སྟེ། ལམ་གྱིས་རྒྱལ་བ་དང་།
ལམ་སྟོན་པ་དང་། ལམ་གྱི་ཕྱིར་འཚོ་བ་དང་། ལམ་སུན་འབྱིན་པ་སྟེ། མདོ་དང་རྒྱས་པར་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །འདི་པའི་ལམ་ཞེས་བྱ་བ་ལ་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། གང་ལ་འཕགས་པའི་

ལམ་ཡན་ལག་བརྒྱད་པ་ཡོད་པ་དེ་ལ་ནི་ལམ་སུན་འབྱིན་པ་ཡན་ཆད་ཀྱི་དགེ་སྦྱོང་བཞི་པོ་དེ་དག་ཡོད་དེ། ལམ་ཡོད་པ་དང་རང་གིས་ལོག་པར་སྒྲུབ་པ་བྱས་པས་དེ་ལས་བྱུང་བའི་སྣོད་དུ་མ་གྱུར་པའི་ལམ་སུན་འབྱིན་པ་ཡོད་པར་རུང་སྟེ། དེ་བས་ན་འདི་ལས་ཕྱི་རོལ་
པ་ལ་ནི་ལམ་སུན་འབྱིན་པ་ཡང་མེད་ན་གཞན་ལྟ་ག་ལ་ཡོད། འདི་པའི་མཐར་ཐུག་པ་ཞེས་བྱ་བ་ལ་མཐར་ཐུག་པ་གང་ཞེ་ན། ཉེ་བར་ལེན་པ་ཐམས་ཅད་སྤོང་བ་དང་སྤངས་ནས་ཀྱང་གཏན་དུ་ཉིང་མཚམས་སྦྱོར་བ་མེད་པ་གང་ཡིན་པའོ། །དེ་ལ་གནས་བཞི་ལ་བརྟེན་པ་ནི་གང་ཡིན། རྟོགས་ནས་
ཤེས་པ་རྣམ་པ་བཞི་ནི་གང་ཡིན་ཞེ་ན། ཀུན་དུ་སྦྱོར་བ་གསུམ་སྤངས་པ་དབུགས་ཕྱིན་པའི་གནས་དང་། ལོག་པར་ལྟུང་བ་མེད་པའི་ཆོས་ཅན་སྟོབས་ཀྱི་གནས་དང་། རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྲོ་བ་རྒྱུའི་གནས་དང་། དེ་ལྟར་ཐོགས་ན་ཡང་སྲིད་པ་ལན་བདུན་པ་རྗེས་སུ་འགྲོ་
བའི་གནས་ཏེ། གནས་བཞི་པོ་འདི་དག་ལ་བརྟེན་ནས། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་རྣམས་ལ་རྟོགས་ནས་ཤེས་པའོ། །ཕྱི་རོལ་པའི་ཉེ་བའི་ཉོན་མོངས་པ་རྣམ་པ་བཞི་ལས་རྣམ་པར་ཐར་པ་གང་ཞེ་ན། ཚེ་འདིའི་ཉེ་བའི་ཉོན་མོངས་པ་དང་། ཚེ་ཕྱི་མའི་ཉེ་
བའི་ཉོན་མོངས་པ་དང་། ཕན་ཚུན་མི་མཐུན་པ་དང་ཕྱིར་མི་མཐུན་པ་ལས་གྱུར་པ་དང་། བདེན་པ་རྣམས་བསྟན་པ་མེད་པས་རྟོགས་པ་མེད་པ་ལས་གྱུར་པ་ལས་རྣམ་པར་ཐར་པའོ། །འདི་ལས་ཕྱི་རོལ་པ་རྣམས་ལ་ནི་དྲན་པ་ཉེ་བར་གཞག་པ་མེད་པས་ན། བརྗེད་ངས་པ་དང་ཤེས་བཞིན་
མེད་པས་གནས་ཏེ། བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་འགའ་མྱོང་བ་ན་དེ་དག་བདེ་བ་ལ་ནི་ཆགས་པར་འགྱུར་རོ། །སྡུག་བསྔལ་བ་ལ་ནི་ཞེ་སྡང་བར་འགྱུར་རོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་རྨོངས་
པར་འགྱུར་ཏེ། འདི་ནི་ཚེ་འདིའི་ཉེ་བའི་ཉོན་མོངས་པ་སྟེ་དང་པོའོ། །དེ་ལྟར་ཆགས་པ་དང་། སྡང་བ་དང་། རྨོངས་པ་དེ་དག་གིས་ནི་ཚོར་བའི་རྐྱེན་གྱིས་ཡང་སྲིད་པར་སྐྱེ་བའི་སྲེད་པ་འབྱུང་ལ། སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་སྟེ། སྲེད་པ་དང་བཅས་པ་ལེན་པ་དང་བཅས་པ་དེ་དག་གིས་ནི་

ལེན་པའི་རྐྱེན་གྱིས་སྲེད་པ་འབྱུང་བ་ནས། རྒྱས་པར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་གི་བར་དུ་འབྱུང་བར་འགྱུར་བ་འདི་ནི་ཚེ་ཕྱི་མའི་ཉེ་བའི་ཉོན་མོངས་པ་སྟེ་གཉིས་པའོ། །འདི་ལས་ཕྱི་རོལ་པ་དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་རྣམ་པ་སྣ་ཚོགས་
ཀྱིས་བློ་ཐ་དད་པར་གྱུར་པའི་ཕྱིར་གཞན་དག་ནི་གཞན་དག་དང་མི་མཐུན་ལ། དེ་དག་ཀྱང་དེ་དག་དང་ཕྱིར་མི་མཐུན་པ་འདི་ནི་ཉེ་བའི་ཉོན་མོངས་པ་གསུམ་པའོ། །དེ་དག་ལ་ནི་འཕགས་པའི་བདེན་པ་བསྟན་པ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ན་རྟོག་པ་ལྟ་ག་ལ་ཡོད་དེ། དེ་བས་ན་དེ་དག་ནི་
རང་གི་སློབ་དཔོན་གྱི་ཤེས་པ་ཁྱད་པར་དུ་གྱུར་པ་ཐོབ་ཏུ་ཟིན་ཀྱང་མཁས་པ་མ་ཡིན་ཞིང་མ་རིག་པར་འགྱུར་བ་འདི་ནི་ཉེ་བའི་ཉོན་མོངས་པ་བཞི་པས་ཏེ། དེ་ལས་ཆོས་འདི་པ་རྣམ་པར་གྲོལ་ལོ། །འདི་ལས་ཕྱི་རོལ་པའི་སློབ་མ་རྣམས་དང་ཆོས་འདི་བའི་ཉན་ཐོས་རྣམས་མི་མཚུངས་པ་གང་ཞེ་ན། འདི་
ལས་ཕྱི་རོལ་པའི་སློབ་མ་རྣམས་འབྱུང་བར་ལྟ་བ་རྟག་པའི་མཐར་གྱུར་པའམ་མེད་པར་ལྟ་བ་ཆད་པའི་མཐར་གྱུར་པ་ལ་ཡུན་རིང་པོར་འདྲིས་པར་བྱས་པས་ན་ཞེན་པར་འགྱུར་བ་དང་། ཐོས་པ་ལས་བྱུང་བས་ཁས་ལེན་པ་དང་། བསམས་པ་ལས་བྱུང་བས་ལྷག་པར་ཞེན་པ་དང་། བསྒོམས་པ་
ལས་བྱུང་བས་ལྷག་པར་ཞེན་པར་འགྱུར་བའོ། །ཆོས་འདི་པ་རྣམས་ནི་དབུ་མའི་ལམ་མཐའ་གཉིས་སྤངས་པ་ལ་ཞུགས་པ་ཡིན་ནོ། །འདི་ལས་ཕྱི་རོལ་པའི་སྟོན་པ་རྣམས་དང་ཆོས་འདི་པའི་སྟོན་པ་མི་མཚུངས་པ་གང་ཞེ་ན། འདི་ལས་ཕྱི་རོལ་པའི་སྟོན་པ་རྣམས་ནི་ཉེ་བར་ལེན་པ་ཐམས་ཅད་
སྤོང་བ་ཡོངས་སུ་ཤེས་པར་སྨྲ་བ་ཙམ་དུ་ཟད་པས་ན་ཡང་དག་པར་ཉེ་བར་ལེན་པ་ཐམས་ཅད་སྤོང་བ་ཡོངས་སུ་ཤེས་པ་སྟོན་པ་མ་ཡིན་ནོ། །དེ་དག་ནི་ཐོག་མ་ཁོ་ནར་འདོད་པ་རྣམས་སྤངས་ནས་རབ་ཏུ་བྱུང་བ་ཡིན་ཏེ། དེ་བས་ན་འདོད་པའི་ཉེ་བར་ལེན་པ་སྤོང་བ་ཡོངས་སུ་ཤེས་པ་སྟོན་དུ་ཟིན་ཀྱང་
རང་གི་ལྟ་བ་དང་། རང་གི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་སྤོང་བ་ཡོངས་སུ་ཤེས་པ་སྟོན་པ་ནི་མ་ཡིན་ནོ། །དེ་ལ་དགེ་སྦྱོང་དང་བྲམ་ཟེ་གཞན་གང་ཡིན་པ་དེ་དག་དང་ལྟ་བ་མི་མཚུངས་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མི་མཚུངས་པ་ནི་དེར་ལྟ་བའི་ཉེ་བར་ལེན་པ་སྤོང་བ་

ཡོངས་སུ་ཤེས་པ་སྟོན་དུ་ཟིན་ཀྱང་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་གཉིས་སྤོང་བ་ཡོངས་སུ་ཤེས་པ་སྟོན་པ་མ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མི་མཚུངས་པ་གང་ཡིན་པ་ད་ནི་དེར་ཚུལ་ཁྲིམས་དང་། བརྟུལ་ཞུགས་ཉེ་
བར་ལེན་པ་སྤོང་བ་ཡོངས་སུ་ཤེས་པ་སྟོན་དུ་ཟིན་ཀྱང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ནི་དུས་ཐམས་ཅད་དུ་ཕྱི་རོལ་པ་ཐམས་ཅད་དང་། ཐུན་མོང་བ་ཡིན་ཏེ། དེ་བས་ན་དེ་དག་ནི་བདག་དང་གཞན་གྱི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྤོང་བ་ཡོངས་སུ་ཤེས་པ་སྟོན་པ་མ་ཡིན་ནོ། །དེ་དག་ནི་ཉེ་བར་ལེན་པ་དེ་
རྣམས་སྤངས་སུ་ཟིན་ཀྱང་ཟད་པར་མ་སྤངས་པའི་ཕྱིར་ཕྱི་མ་ལ་ཉེ་བར་ལེན་པར་འགྱུར་བའི་རྒྱུར་འགྱུར་རོ། །དེ་ལྟར་ན་དེ་དག་གིས་ཉེ་བར་ལེན་པར་ཟད་པར་མ་སྤངས་པ་དང་གཏན་དུ་མ་སྤངས་པའི་ཕྱིར་མཐར་ཐུག་པ་ཐོབ་པ་མ་ཡིན་ནོ། །ཆོས་འདི་པའི་སྟོན་པ་ནི་དེ་ལས་བཟློག་པ་ཡིན་པར་རིག་པར་
བྱ་སྟེ། འདི་ལས་ཕྱི་རོལ་པའི་སྟོན་པ་རྣམས་དང་། ཆོས་འདི་པའི་སྟོན་པ་མི་མཚུངས་པ་ནི་དེ་ཡིན་པར་རིག་པར་བྱའོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་བཅུ་དགུ་པ། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའི་སྒོ་ནས་མདོར་བསྡུ་ན་གནས་གསུམ་དང་།
ས་གསུམ་དང་། གང་ཟག་གསུམ་གྱིས་དགེ་སྦྱོང་གྱི་ཚུལ་གྱི་དོན་ཐམས་ཅད་བསྡུས་པར་རིག་པར་བྱ་སྟེ། གནས་གསུམ་གང་ཞེ་ན། ཤེས་བྱ་དང་། ཤེས་པ་དང་། རྟོགས་པའོ། །ས་གསུམ་གང་ཞེ་ན། ཡང་དག་པའི་སྦྱོར་བས་བསྡུས་པའི་སོ་སོའི་སྐྱེ་བོའི་ས་དང་། སློབ་པའི་ས་དང་།
མི་སློབ་པའི་སའོ། །གང་ཟག་གསུམ་གང་ཞེ་ན། ཡང་དག་པར་བརྩོན་པའི་སོ་སོའི་སྐྱེ་བོ་དང་། སློབ་པ་དང་། མི་སློབ་པའོ། །དེ་ལ་ཤེས་བྱ་གང་ཞེ་ན། རེག་པའི་སྐྱེ་མཆེད་དྲུག་པོ་རྣམས་ཀྱི་རྟེན་གྱི་ཚུལ་གྱིས་ས་ལ་སོགས་པའི་ཁམས་དྲུག་དང་། ཡིད་འཇུག་པའི་བྱེད་པ་བཅོ་བརྒྱད་ཀྱི་
རྟེན་གྱི་ཚུལ་གྱིས་རེག་པའི་སྐྱེ་མཆེད་དྲུག་དང་། སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་ཡིད་འཇུག་པར་བྱེད་པ་བཅོ་བརྒྱད་དོ། །དེ་ལ་ཤེས་པ་གང་ཞེ་ན། སེམས་རྣམ་པར་དག་པའི་ཕྱིར་ཤེས་རབ་ཀྱི་གནས་སོ། །རྟོགས་པ་གང་ཞེ་ན། ཤེས་རབ་ཀྱི་གནས་ཉིད་ཀྱི་ཕྱིར་བདེན་པའི་གནས་

དང་། གཏོང་བའི་གནས་དང་། ཉེ་བར་ཞི་བའི་གནས་སོ། །དེ་ལ་ཤེས་རབ་ཀྱི་གནས་ནི་སོ་སོའི་སྐྱེ་བོས་ཤེས་རབ་གང་ལ་གནས་ནས་ཡང་དག་པར་བརྩོན་པ་བྱས་པ་སོ་སོའི་སྐྱེ་བོའི་ས་ལ་དགེ་བའི་ཆོས་ལེགས་པར་བསྒོམས་པའི་རྒྱུས་བག་ཡོད་པར་བྱས་ན། སློབ་པའི་ས་ལ་འཇུག་པའམ།
ཡང་ན་ཤེས་རབ་གང་ལ་གནས་ནས་དགྲ་བཅོམ་པ་མི་སློབ་པའི་ས་ལས་ཟད་པ་ཤེས་པ་ཐོབ་པའི་ཕྱིར་བདག་གི་ནི་ཟད་དོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སློབ་པ་དང་མི་སློབ་པ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཤེས་པའི་ཕྱི་ནས་བྱུང་བའི་འཇིག་རྟེན་པའི་ཤེས་རབ་
གང་ཡིན་པའོ། །བདེན་པའི་གནས་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པའི་ཉོན་མོངས་པ་སྤང་བ་གང་ཡིན་པ་སྟེ། གང་ལ་གནས་ནས་ཕྱི་མ་ལ་གཏན་དུ་སྡུག་བསྔལ་འབྱུང་བར་མི་འགྱུར་རོ། །དེ་བས་ན་དེ་ནི་གཏན་དུ་བརྗེད་ངས་པ་མེད་པའི་ཕྱིར་བདེན་པའི་
གནས་ཞེས་བྱའོ། །གཏོང་བའི་གནས་གང་ཞེ་ན། གང་གིས་དངོས་པོ་སྤངས་པ་སྟེ། གང་ལ་གནས་ནས་སྤངས་པའི་དངོས་པོ་ལ་སྤྱོད་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་བར་ཚེ་འདི་ལ་ཡིད་བདེ་བར་གནས་པའོ། །ཉེ་བར་ཞི་བའི་གནས་གང་ཞེ་ན། ལམ་ཇི་ལྟར་ཐོབ་པའི་ཀུན་དུ་
སྦྱོར་བའི་དངོས་པོའི་ལྷག་མ་སྤང་བར་བྱ་བའི་ཕྱིར་བསྒོམ་པ་སྟེ། གང་ལ་གནས་ནས་ཀུན་དུ་སྦྱོར་བའི་ལྷག་མ་རྣམས་དང་དངོས་པོའི་ལྷག་མ་མ་ལུས་པར་སྤོང་བའོ། །དེ་དག་ཐམས་ཅད་བསྡུས་པ་ནི་རྟོགས་པར་བྱ་བའི་ཤེས་པ་ཡིན་ནོ། །རྟོགས་པར་གྱུར་ན་ཉོན་མོངས་པ་དང་དངོས་པོ་
སྤངས་པའི་འབྲས་བུ་གཉིས་ཀྱི་སྒོ་ནས་འཕགས་པའི་ལམ་འབྲས་བུ་དང་བཅས་པ་ཡིན་ནོ། །དེ་ལ་གཅིག་གིས་ནི་མ་རྟོགས་པ་རྟོགས་པར་འགྱུར་རོ། །གནས་གཉིས་པས་ནི་མ་འོངས་པ་ན་སྡུག་བསྔལ་སྤོང་བར་འགྱུར་རོ། །གསུམ་པས་ནི་ཚེ་འདི་ལ་བདེ་བར་གནས་པ་དང་ལྡན་
པར་འགྱུར་རོ། །བཞི་པས་ནི་སྤོང་བ་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ཙམ་གྱིས་ན་རྣལ་འབྱོར་པའི་རྣལ་འབྱོར་དུ་བྱ་བ་ཐམས་ཅད་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ། མ་རྟོགས་པ་དང་པོ་རྟོགས་པའམ། མ་འོངས་པ་ན་སྡུག་བསྔལ་སྤོང་བར་འགྱུར་བའམ།

ཚེ་འདིའི་བདེ་བ་ལ་གནས་པའམ་གོང་དུ་སྤོང་བ་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་འགྱུར་བ་སྟེ། དེ་དག་ཐམས་ཅད་ཀྱང་གནས་བཞི་ལས་འབྱུང་བར་རིག་པར་བྱའོ། །དེ་ལ་འཕགས་པའི་ལམ་ཐོབ་པ་ནི་ཞི་བའི་ལམ་ཞེས་བྱའོ། །དེའི་གོང་དུ་ཉོན་
མོངས་པ་དང་། དངོས་པོ་སྤང་བའི་ཕྱིར་བསྟེན་པ་ན་དངོས་པོ་སྤོང་བའི་ཕྱིར་ཞིང་རྒྱས་པར་འཐོབ་པར་བྱ་བའི་ཕྱིར་འཕེལ་བར་འགྱུར་བ་དང་། ཉོན་མོངས་པ་སྤང་བ་ཡང་མ་ཐོབ་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བར་སྲུང་བར་བྱེད་པའོ། །དེ་ལ་ཇི་ལྟར་ན་ཤེས་པས་ཤེས་བྱ་ལ་ཉེ་
བར་རྟོགས་པ་ན། རྟོགས་པར་བྱ་བ་རྟོགས་པར་འགྱུར་ཞེ་ན། སོ་སོའི་སྐྱེ་བོ་ཡང་དག་པར་བརྩོན་པས་སོ་སོའི་སྐྱེ་བོའི་ས་ལས་ཁམས་ལྔ་ལ་ཉེ་བར་རྟོག་པ་ན། ནང་དང་ཕྱི་རོལ་གྱི་བྱེ་བྲག་གིས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བས་གནས་ཏེ། འདི་ལྟ་སྟེ། སེམས་རྣམ་པར་གྲོལ་བ་དང་། ཤེས་
རབ་རྣམ་པར་གྲོལ་བའི་དོན་དུ་དེ་ལྟར་ཚུལ་བཞིན་དུ་བརྩོན་པ་དེ་ཁམས་རྣམས་ལ་ཁམས་ཙམ་དུ་འདུ་ཤེས་པས་གནས་ལ་ཁམས་ཙམ་ལ་བདག་མེད་པར་མཐོང་བས། སོ་སོར་བརྟགས་པའི་སྟོབས་ལ་བརྟེན་ནས་གཟུགས་ཀྱི་ཁམས་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་འགྱུར་ཏེ།
དམིགས་པ་དེ་ཡན་ཆད་པ་ནི་མ་ཡིན་ནོ། །མ་འོངས་པ་ལ་མི་འདོད་པ་དང་། ད་ལྟར་ལ་ལྷག་པར་ཞེན་པ་མེད་པའི་སྒོ་ནས་ཀྱང་བྲལ་བར་འགྱུར་ཏེ། བག་ལ་ཉལ་བཅོམ་པའི་ཕྱིར་ནི་མ་ཡིན་ནོ། །དེ་འདོད་ཆགས་དང་བྲལ་བས་སེམས་རྣམ་པར་གྲོལ་བའི་ཕྱིར་འདོད་ཆགས་དང་བྲལ་བའི་སེམས་
རྣམ་པར་དག་པར་འགྱུར་རོ། །དམིགས་པ་མ་ཆད་པས་ནི་བག་ལ་ཉལ་མ་སྤངས་པའི་ལྷག་མ་ཡོད་དོ། །གོང་དུ་རྣམ་པར་དག་པར་བྱ་དགོས་སོ། །དེ་གོང་དུ་རེག་པའི་སྐྱེ་མཆེད་དྲུག་གིས་བསྡུས་པའི་ཤེས་བྱ་ལ་ཉེ་བར་རྟོག་པ་ན་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བས་གནས་སོ། །དེ་སྔ་མ་
བཞིན་དུ་སོ་སོར་རྟོག་པའི་སྟོབས་ལ་བརྟེན་ནས། ཚོར་བའི་ཁམས་ལ་འདོད་ཆགས་དང་བྲལ་བར་འགྱུར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བས་མི་རྟག་པར་བརྟགས་ནས། སྔ་མ་བཞིན་དུ་དེའི་དམིགས་པ་དེ་མ་ཆད་པར་འགྱུར་རོ། །དེ་མ་རིག་པ་དང་བྲལ་བས་ཤེས་རབ་རྣམ་པར་གྲོལ་བའི་ཕྱིར་རིག་

པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་ལྡན་པའི་དགེ་བའི་ཚོར་བ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པའི་ལྷག་པའི་བཏང་སྙོམས་ཉེ་བར་གནས་པ་གང་ཡིན་པ་དེ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྐྱེན་ལས་བྱུང་བའི་འདོད་ཆགས་དང་བྲལ་བའི་
ཕྱིར་ཡོངས་སུ་དག་པ་ཡིན་ནོ། །བག་ལ་ཉལ་མ་སྤངས་པའི་ཕྱིར་ནི་ལྷག་མ་ཡོད་དེ་གོང་དུ་རྣམ་པར་དག་པར་བྱ་དགོས་སོ། །དེ་དེའི་གོང་དུ་ཡིད་འཇུག་པར་བྱེད་པ་བཅོ་བརྒྱད་ལ་ཉེ་བར་རྟོག་པ་ན་ཅིག་ཅར་སེམས་དང་ཆོས་རྣམས་ལ་སེམས་དང་ཆོས་ཀྱི་རྗེས་སུ་ལྟ་བས་གནས་སོ། །དེ་
འདི་སྙམ་དུ་སེམས་ཏེ། ཡིད་འཇུག་པར་བྱེད་པ་བཅོ་བརྒྱད་པོ་འདི་རྣམས་ཀྱི་ནང་ན་ནི། འདི་ལྟ་སྟེ། གཟུགས་རྣམས་ལས་འདས་པ་གཟུགས་མེད་པའི་ཞི་བ་དང་། རྣམ་པར་གྲོལ་བ་གང་ཡིན་པ་དེ་དག་མཆོག་ཡིན་ནོ། །བཏང་སྙོམས་དང་མཐུན་པའི་ཆོས་དེ་དག་ལ་ནི་ཡིད་འཇུག་པར་
བྱེད་པ་ཡོད་དེ། དེ་ལྟར་འཇུག་པར་བྱེད་པ་གྱ་ནོམ་པ་དེ་ལ་ཡང་། བདག་གིས་སྙོམས་པར་འཇུག་པ་དང་། སྐྱེ་བའི་བཏང་སྙོམས་ཡོངས་སུ་དག་པ་འདི་གཏད་པར་བྱས་ན་ནི་དེའི་རྒྱུས་ཀྱང་བདག་གི་སེམས་ཀུན་ནས་ཉོན་མོངས་པ་ཁོ་ནར་འགྱུར་རོ་སྙམ་དུ་རིག་ནས་གཏོད་པར་མི་བྱེད་དེ།
དེ་ནི་དེའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་ཡིན་ནོ། །དེ་སྐྱེ་མཆེད་དེ་དག་ལ་ཡང་མི་རྟག་པར་ཡང་དག་པར་རྗེས་སུ་ལྟ་བ་དེ་ནི་དེའི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཡིན་ནོ། །དེ་དེའི་ཚེ་འདུ་ཤེས་ཀྱི་སྙོམས་པར་འཇུག་པ་གསུམ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་འདུ་བྱེད་ཀྱི་ལྷག་མ་
སྲིད་པའི་རྩེ་མོའི་འདོད་ཆགས་དང་ཡང་བྲལ་བས་ན། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་ཀྱི་འདོད་ཆགས་དང་བྲལ་བར་འགྱུར་ཏེ། སྔ་མ་བཞིན་ནོ། །དེ་ཉིད་ཀྱིས་ཡང་དག་པའི་སྦྱོར་བས་བསྡུས་པའི་སོ་སོའི་སྐྱེ་བོའི་ས་ལ་སེམས་རྣམ་པར་དག་པར་བྱས་ནས་སློབ་པའི་སེམས་
རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བར་འདོད་དེ། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་རྣམས་ལ་ཆོས་ཙམ་དུ་ཟད་དེ། བདག་མེད་པར་མངོན་ནས་སྲིད་པ་ཐམས་ཅད་ལས་སེམས་ལྷག་པར་བཏང་སྙོམས་སུ་བྱ་སྟེ། བདག་ནི་ཡོད་པར་འགྱུར་རོ་ཞེའམ། མེད་པར་འགྱུར་

རོ་སྙམ་དུ་མངོན་པར་འདུ་མི་བྱེད་དོ། །འདི་ལ་གང་སུ་ཡང་ཡོད་པར་འགྱུར་བའམ། མེད་པར་འགྱུར་བ་མེད་དོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏ