Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 131
Văn bản gốc(Tây Tạng)
Trang 18 / 21 (50.000 ký tự/trang)
དེ་ཡང་ཚུལ་བཞིན་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་མི་ཤེས་ལ་དམ་པའི་ཆོས་མཉན་པ་ཚུལ་བཞིན་དེ་ཡང་ཚུལ་བཞིན་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །རབ་ཏུ་མི་ཤེས་པས་ཉེས་པར་བཤད་ཅིང་ཉེས་པར་བསྟན་པ་ནི་འཆིང་བར་འགྱུར་གྱི། གྲོལ་བར་མི་འགྱུར་བ་དང་། ཡིད་ལ་བྱ་བའི་འོས་མ་ཡིན་པའི་ ཆོས་གང་ཡིན་པ་དེ་དག་རབ་ཏུ་མི་ཤེས་ཏེ། དེ་དག་མི་ཤེས་ནས་ཡིད་ལ་བྱེད་དོ། །ཆོས་ལེགས་པར་གསུངས་ཤིང་། ལེགས་པར་བསྟན་པ་རྣམས་ནི་ཐར་པར་འགྱུར་བ་ཡིན་གྱི་འཆིང་བར་འགྱུར་བ་མ་ཡིན་ཏེ། འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ཞེས་ བྱ་བ་ནས་རྒྱས་པར་ཡིད་ལ་བྱ་བའི་འོས་སུ་གྱུར་པ་གང་ཡིན་པ་དེ་དག་ཀྱང་རབ་ཏུ་མི་ཤེས་ནས་ཡིད་ལ་མི་བྱེད་པ་དེ་ཡང་དེའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ནོ། །ཡིད་ལ་བྱེད་པ་དེ་ནི་ཞི་བ་དང་། དུལ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མ་ཡིན་ཏེ། དེ་བས་ ན་ཚུལ་བཞིན་མ་ཡིན་པ་ཞེས་བྱའོ། །དམ་པའི་ཆོས་མ་ཡིན་པ་མཉན་པ་དེ་ཡང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བདག་གི་ཕྱོགས་སྟོན་པའི་གཏམ་གྱི་གཞི་གསུམ་གྱི་དབང་དུ་བྱས་ཏེ། དེས་དེའི་དབང་དུ་བྱས་ནས་དུས་གསུམ་པོ་དེ་དག་ལ་ཚུལ་བཞིན་མ་ ཡིན་པར་ཡིད་ལ་བྱེད་དེ། དེ་འདས་པའི་དུས་ཀྱི་སྒོ་ནས་བག་ཡོད་པའམ་མེད་པར་རྟོག་གོ། །མ་འོངས་པ་དང་། ད་ལྟར་ཡང་དེ་དང་འདྲའོ། །དེ་དེ་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་གཟུང་བའི་དངོས་པོ་སྟེ། དམིགས་པ་གང་ཡིན་པ་དང་འཛིན་པའི་དངོས་པོ་གང་ ཡིན་པ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གང་ཡིན་པ་དེས་འདུ་བྱེད་རྣམས་སམ་འདུ་བྱེད་རྣམས་ལས་དོན་ཐ་དད་པའི་བདག་ཏུ་རྟོག་པར་བྱེད་དེ། ངེས་པར་གྱུར་པའི་ཚེ་གཟུང་བའི་དངོས་པོ་ལ་བདག་ཏུ་རྟོག་པ་དེས་ཡང་ན་ནི་རྟག་པའི་ལྟ་བ་འཐོབ་པར་འགྱུར་ཏེ། དེས་ན་དེ་ འདི་སྙམ་དུ་སེམས་ཏེ། བདག་གི་བདག་ནི་ཚེ་འདི་ལ་རྫས་དང་རྟག་པའི་སྒོ་ནས་ཡོད་དོ་སྙམ་མོ། །ཡང་ན་ནི་ཆད་པར་ལྟ་བར་འགྱུར་ཏེ། དེས་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བདག་ནི་ཚེ་འདི་ལ་རྫས་དང་རྟག་པའི་སྒོ་ནས་མེད་དོ་སྙམ་མོ། །བདག་ཡོད་པར་ལྟ་བ་ནི་འཛིན་ པའི་དངོས་པོ་ལ་བདག་ཏུ་རྟོག་པར་བྱེད་དོ། །དེ་ནི་བདག་གིས་བདག་མཐོང་ངོ་སྙམ་དུ་སེམས་པ་དང་། བདག་གིས་བདག་ཡོད་པར་གྱུར་པ་ལས་བདག་གིས་དེ་མེད་པས་ན་བདག་ཉིད་ཀྱིས་བདག་མེད་པར་མཐོང་ངོ་སྙམ་དུ་སེམས་པ་དང་། ཚེ་འདི་ལ་བདག་མེད་པར་ལྟ་བ་ནི་འཛིན་ པའི་དངོས་པོ་ཉིད་ལ་བདག་མེད་པར་རྟོག་པར་བྱེད་དེ། བདག་མེད་པས་སྔོན་བདག་མེད་པ་ལས་ཡང་བདག་འབྱུང་བར་འགྱུར་བ་ཡང་དག་པར་རྗེས་སུ་མཐོང་ངོ་སྙམ་དུ་སེམས་པ་སྟེ། དེ་ལྟར་ན་གཟུང་བ་དང་འཛིན་པའི་བྱེ་བྲག་གིས་ཚུལ་བཞིན་མ་ཡིན་པའི་ ཡིད་ལ་བྱེད་པ་རྣམ་པ་ལྔ་ལ་ཡང་། འདི་ལྟ་སྟེ། དུས་གསུམ་གྱི་འདུ་བྱེད་རྣམས་ལ་བདག་ཏུ་རྟོག་པའི་ལྟ་བའི་གནས་ལྔ་ཞེས་བྱའོ། །དེ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་རྗེས་སུ་དཔག་པའི་ཡིད་ལ་བྱེད་པས་འདུ་བྱེད་རྣམས་ལས་དོན་ཐ་དད་པའི་བདག་ཡོད་པར་རྟོག་ པར་བྱེད་དེ། འདི་ནི་བདག་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། གང་བདག་ཉིད་ཡང་སྲིད་པར་སྐྱེ་བའི་ལས་བྱེད་པའམ། ཡང་ན་གཞན་བྱེད་དུ་འཇུག་པའོ། །ཡང་ན་བདག་ཉིད་ཚེ་འདིའི་སྐྱེས་བུའི་བྱེད་པ་སློང་བར་བྱེད་པའམ་ཡང་ན་གཞན་དུ་སློང་དུ་འཇུག་པའོ། །ཡང་ན་ཡང་སྲིད་པར་ སྐྱེ་བའི་ལས་བྱས་སམ། བྱེད་དུ་བཅུག་ནས་དེའི་འབྲས་བུ་རྣམ་པར་སྨིན་པ་སྐྱེད་པ་པོ་ཡིན་ནོ། །སྐྱེས་བུའི་བྱེད་པ་ཡང་བསླང་བའམ། སློང་དུ་བཅུག་ནས་སྐྱེས་བུའི་བྱེད་པའི་འབྲས་བུ་ཡང་དག་པར་བསྐྱེད་པའོ། །ཡང་ན་གཞན་དག་གིས་འདི་དྲིས་པར་འགྱུར་ན་མཐོང་བའམ། ཐོས་པའམ། བྱེ་བྲག་ཕྱེད་པའམ། རྣམ་པར་ཤེས་པའི་ཐ་སྙད་ལ་བརྟེན་ནས། རྗེས་སུ་ཐ་སྙད་འདོགས་པའི་སྒོ་ནས་ནི་སྨྲ་བ་པོའོ། །ཡང་ན་བུ་དང་ཆུང་མ་དང་། བྲན་དང་བྲན་མོ་ལ་སོགས་པ་བུ་སྨད་ཀྱི་ཚོགས་རྣམས་ལ་ཅི་རིགས་པར་གནས་དང་གནས་མ་ཡིན་པའི་ཁྱད་པར་རྣམས་ ལས་མཆིད་སྩོལ་བ་ནི་སྨྲ་བ་པོ་ཡིན་ནོ། །ཡང་ན་ཕྱི་མ་ལ་ལས་ཀྱི་འབྲས་བུ་སྐྱེས་པ་ནི་ཚོར་བ་པོའོ། །ཚེ་འདི་ལ་སྐྱེས་བུའི་བྱེད་པའི་འབྲས་བུ་ཡང་དག་པར་སྐྱེས་པ་ནི་ཉམས་སུ་མྱོང་བ་པོའོ། །དེས་འདས་པའི་དུས་ནས་བཟུང་སྟེ་ཚེ་རབས་དེ་དང་དེར་དགེ་བ་དང་མི་དགེ་བའི་ལས་བྱས་ སོ་ཅོག་གི་རྣམ་པར་སྨིན་པ་ད་ལྟར་ཚེ་འདི་ལ་ཉམས་སུ་མྱོང་བ་དང་། དེས་ཚེའི་ཚད་ཇི་སྲིད་ཡོད་པ་ཟད་པར་བྱས་ནས་འཆི་བའི་དུས་བྱས་ཏེ། ཕུང་པོ་འདི་ཡང་འདོར་ལ་གཞན་ཡང་ཉིང་མཚམས་སྦྱོར་བར་བྱེད་དོ། །དེ་ལྟ་མ་ཡིན་ཏེ། བདག་མེད་དུ་ཟིན་ན་ཇི་སྐད་བསྟན་པ་འདི་དག་ ཐམས་ཅད་ག་ལས་འབྱུང་ཞེས་བྱ་བ་ནི་འདི་ནི་ཚུལ་མ་ཡིན་པ་ཡིད་ལ་བྱེད་པས་བསྡུས་པའི་ལྟ་བའི་གནས་དྲུག་པ་ཡིན་ནོ། །དེ་ཡང་རང་བཞིན་གྱིས་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ནོ། །དེ་མ་ཡིན་པའི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་རྣམས་སྐྱེ་བའི་ཕྱིར་ནི་ལྟ་ བའི་གནས་སོ། །དེ་ཁོ་ནར་འཛིན་པའི་ཤེས་རབ་ལ་སྒྲིབ་པས་ན་ལྟ་བ་ཚང་ཚིང་ངོ་། །དགེ་བའི་ཆོས་ལས་ཕོངས་པར་བྱེད་པས་ན་ལྟ་བའི་དགོན་པའོ། །གཞན་གྱི་དྲིང་འཇོག་པས་ན་ལྟ་བའི་འདའ་བའོ། །འདོད་པ་དང་སྲིད་པ་ཚོལ་བ་རྣམ་པར་སྤྱོད་པས་ན་ལྟ་བ་རྣམ་པར་སྤྱོད་པའོ། ། གཞན་གྱིས་ཀླན་ཀ་བཙལ་ཞིང་སྐུར་བ་འདེབས་པ་ལས་ཐར་པར་བསྐྱོད་པས་ན་ལྟ་བ་རྣམ་པར་བསྐྱོད་པའོ། །ཡང་སྲིད་པར་སྐྱེ་བའི་སྡུག་བསྔལ་ཀུན་དུ་སྦྱོར་བར་བྱེད་པས་ན་ལྟ་བའི་ཀུན་དུ་སྦྱོར་བའོ། །དེ་ལྟར་ལོག་པར་ཞུགས་པ་དེའི་ནི་ཚེ་འདི་ལ་ཟག་པ་མངོན་སུམ་དུ་མ་གྱུར་པ་ནི་མངོན་ སུམ་དུ་སྐྱེ་བར་འགྱུར་རོ། །མངོན་སུམ་དུ་གྱུར་པ་ཆུང་ངུ་ལ་བརྟེན་ནས་འབྲིང་དུ་འགྱུར་རོ། །འབྲིང་པོ་ལ་བརྟེན་ནས་ཆེན་པོར་འགྱུར་རོ། །དེའི་རྒྱུས་ཀྱང་ཕྱི་མ་ལ་རྒ་ཤི་མངོན་པར་འགྲུབ་པར་འགྱུར་ཏེ། དེ་ལྟར་ན་ཚུལ་བཞིན་དང་ཚུལ་བཞིན་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ མི་ཤེས་པས་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པ་ལས་གྱུར་པའི་ཀུན་ནས་ཉོན་མོངས་པ་འབྱུང་བར་རིག་པར་བྱའོ། །དེ་ལས་བཟློག་པ་དམ་པའི་ཆོས་མཉན་པ་ལ་མོས་ཤིང་ཚུལ་བཞིན་ལ་ཚུལ་བཞིན་དུ་ཕྱིན་ཅི་མ་ལོག་པར་འདུ་ཤེས་ཤིང་ཚུལ་བཞིན་དང་ཚུལ་བཞིན་ མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་ཡིད་ལ་བྱ་བར་འོས་པའི་ཆོས་རྣམས་ཡིད་ལ་བྱེད་པའི་རྒྱུས་དུས་གསུམ་གྱི་འདུ་བྱེད་རྣམས་གཟུང་བ་དང་། འཛིན་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བདག་མེད་པ་དང་། བདག་གི་མེད་པར་ཡང་དག་པར་མཐོང་ནས་བདེན་པ་ མངོན་པར་རྟོགས་པའི་མདོ་ལས་མཐོང་བས་སྤང་བར་བྱ་བའི་ཟག་པ་རྣམས་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་གྱུར་ནས་ཀྱང་གོང་དུ་བསྒོམ་པས་སྤང་བར་བྱ་བའི་ཟག་པ་རྣམས་མ་ལུས་པར་སྤང་བར་བྱ་བའི་ཕྱིར། རྒྱུ་བཞིས་སྦྱོར་བར་བྱེད་དེ། བཞི་གང་ཞེ་ན། ལུས་ལེགས་ པར་བསྲུངས་པ་དང་། དབང་པོ་ལེགས་པར་བསྡམས་པ་དང་། དྲན་པ་ལེགས་པར་གནས་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་གྱིས་འབྱུང་བ་དང་། མེད་པར་འགྱུར་བའི་ཤེས་རབ་ཇི་ལྟར་ཐོབ་པ་ལན་མང་དུ་བྱེད་པའོ། །དེ་ལ་ལུས་ལེགས་ པར་བསྲུངས་ཏེ། གནས་པ་ནི་གླང་པོ་ཆེ་ཁྲོ་བོ་རྒྱང་རིང་དུ་སྤོང་བ་ནས་རྒྱས་པར་ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་སྦྱར་ཏེ་ཡོངས་སུ་སྤངས་ན། ཟག་པ་ཟད་པར་བྱ་བ་ལ་བར་དུ་གཅོད་པར་མི་འགྱུར་རོ། །དབང་པོ་ལེགས་པར་བསྡམས་ཏེ། གནས་པ་ནི་ཆགས་པར་འགྱུར་བའི་ ཡུལ་མངོན་སུམ་དུ་གྱུར་པ་ལ་ཚུལ་བཞིན་མ་ཡིན་པའི་སྡུག་པའི་མཚན་མ་སྤངས་ནས་མི་སྡུག་པའི་མཚན་མ་ཡིད་ལ་བྱེད་དོ། །དྲན་པ་ལེགས་པར་གནས་པ་དེ་ནི་གནས་བཞི་ལ་གནས་པར་འགྱུར་ཏེ། འདི་ལྟ་སྟེ། ཆོས་གོས་ལ་སོགས་པ་བརྟགས་ཏེ་ཡོངས་སུ་ལོངས་སྤྱོད་པ་དང་། ལྐོག་ན་རྟོག་པ་ངན་པ་ཀུན་དུ་སྤྱོད་པ་སེལ་བར་བྱེད་པ་དང་། བརྩོན་འགྲུས་བརྩམས་པ་ལས་བྱུང་བའི་ངལ་བ་དང་། འཁྲུག་པ་དང་། ཡོངས་སུ་འཛག་པར་བྱེད་པའི་སྡུག་བསྔལ་དང་། གཞན་གྱི་ངག་རྩུབ་པོ་ལས་བྱུང་བ་དང་། ཁམས་མ་སྙོམས་པ་ལས་བྱུང་བའི་སྡུག་བསྔལ་ དང་དུ་ལེན་པའོ། །དེ་ལྟར་ལམ་བསྒོམ་པ་ལ་བག་ཡོད་པའི་སྒོ་ནས་མི་འདྲེ་བར་གནས་པ་ནི། དྲན་པས་ལེགས་པར་གནས་པར་འགྱུར་རོ། །དེ་དེ་ལྟར་ལུས་ལེགས་པར་བསྲུངས་པ་དང་། དབང་པོ་ལེགས་པར་བསྡམས་པ་དང་། དྲན་པ་ལེགས་པར་གནས་པ་དང་། ཇི་ ལྟར་ཐོབ་པའི་ལམ་བསྒོམ་པ་ལ་བརྟེན་ནས་བསྒོམ་པས་སྤང་བར་བྱ་བའི་ཟག་པ་རྣམས་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་ལ་གཏན་དུ་མཐར་ཐུག་པ་ཡང་ཐོབ་པར་འགྱུར་རོ། །ལ་ལ་འདི་སྐད་ཅེས་ཟེར་ཏེ། འདི་དག་ནི་འཕགས་པའི་བདེན་པ་བཞི་ཡིན་ཏེ། བདག་གམ་སེམས་ཅན་ གང་ཡང་རུང་བ་འདིས་ནི་བདེན་པ་འདི་རྣམས་ལ་དམིགས་པ་དང་བཅས་ནས་དགེ་བའི་ཆོས་རྣམས་སྒོམ་པར་བྱེད་དོ་ཞེས་ཟེར་བ་ལ། དེ་སྐད་མ་ཟེར་ཅིག་ཅེས་སྨྲ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་རྣམ་པ་དུ་མ་གང་ཅི་ཡང་རུང་བ་ སྐྱེ་བ་དེ་དག་ཐམས་ཅད་ནི་འཕགས་པའི་བདེན་པ་བཞི་པོ་འདི་དག་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ། །འདི་ནི་གཉིས་ཏེ། ཤེས་པ་དང་། ཤེས་བྱའོ། །ཤེས་པ་དེ་ཡང་ཤེས་བྱར་འགྱུར་ཏེ། དེ་བས་ན་དགེ་བའི་ཆོས་ཤེས་པ་དང་ལྡན་པ་དེ་དག་ནི་བདེན་པ་རྣམས་སུ་འདུ་བར་འགྱུར་ རོ། །དེ་དག་ཀྱང་ལུས་སུ་གཏོགས་པའི་དྲན་པ་བསྒོམ་པའི་ལྷག་མཐོང་གི་ཕྱོགས་དང་མཐུན་པ་རྣམས་དང་། ཞི་གནས་ཀྱི་ཕྱོགས་དང་མཐུན་པ་རྣམས་ནི་མདོར་ན་ཡོངས་སུ་སྦྱང་བའི་ས་དང་། བྱས་པ་བསྲུང་བའི་ས་ལ་སྐྱེ་བར་འགྱུར་རོ། །ལུས་སུ་གཏོགས་པའི་དྲན་པ་གང་ཞེ་ན། ཡོངས་སུ་སྦྱང་བའི་ས་ལ་ནང་དང་ཕྱི་རོལ་གྱི་འབྱུང་བ་ཆེན་པོའི་གཟུགས་ལ་དམིགས་པ་གང་ཡིན་པའམ། གཞན་དག་གིས་སྡུག་པ་དང་མི་སྡུག་པའི་ཚིག་བླ་དགས་དང་། ཐོགས་པ་དང་བཅས་པའི་འདུས་ཏེ་རེག་པ་དག་གིས་ཀུན་དུ་སྤྱོད་པ་ན་ཚུལ་བཞིན་གྱི་འདུས་ཏེ་རེག་པའི་ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་དམིགས་པ་དང་། བྱས་པ་བསྲུང་བའི་ས་ལ་རྒྱུ་ལས་བྱུང་བའི་གཟུགས་ལ་དམིགས་པའམ། ཡིད་ལ་བྱེད་པ་དང་བཅས་པའི་དེ་ལས་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་ པ་རྣམས་ལ་དམིགས་པ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་གཟུགས་ཀྱི་ལུས་ལ་དམིགས་པ་དང་། མིང་གི་ལུས་ལ་དམིགས་པའི་ལུས་སུ་གཏོགས་པའི་དྲན་པ་ཡིན་པར་རིག་པར་བྱའོ། །དེ་ལ་ལྷག་མཐོང་ནི་གང་ལྷག་མཐོང་གི་ཕྱོགས་དང་མཐུན་པའི་དགེ་བའི་ ཆོས་རྣམས་ནི་གང་ཞེ་ན། འབྱུང་བ་ཆེན་པོ་རྣམས་ཀྱི་ནང་དང་ཕྱི་རོལ་རྣམས་དང་དེ་མ་ཡིན་པའི་ཕུང་པོ་རྣམས་ཤེས་རབ་ཀྱིས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་འདི་ནི་ལྷག་མཐོང་ངོ་། །ཐོག་མ་ཁོ་ནར་རིལ་པོའི་འདུ་ཤེས་རྣམ་པར་དབྱེ་བ་གང་ཡིན་པ་དང་། ཕྱི་རོལ་གྱི་ འབྱུང་བ་ཆེན་པོ་རྣམས་ལ་འཇིག་པ་ལས་གྱུར་པའི་ཟག་པ་ཡང་དག་པར་མཐོང་བའི་སྒོ་ནས་མི་རྟག་པར་འདུ་ཤེས་པ་དང་། ནང་གི་འབྱུང་བ་ཆེན་པོའི་ལུས་ལ་ཁ་ཟས་རན་པས་ཁད་ཀྱིས་ཁད་ཀྱིས་གསོ་སྟེ། དེ་མི་གཙང་བར་ཡང་དག་པར་མཐོང་ནས་མི་སྡུག་པར་འདུ་ཤེས་པ་དང་། སྲེད་པ་ལས་བྱུང་བར་ཡང་དག་པར་མཐོང་བ་དང་། ཕྱི་མའི་མཐར་འཆི་བའི་ཆོས་ཅན་ཡིན་པས་མི་རྟག་པར་འདུ་ཤེས་པ་དང་། མི་རྟག་པ་ལ་ཡང་སྡུག་བསྔལ་བར་འདུ་ཤེས་པར་འགྱུར་རོ། །བྱིས་པ་མི་རྟག་པ་དང་སྡུག་བསྔལ་བ་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་མི་ཤེས་ནས་ལུས་གང་ལ་ངའོ་སྙམ་པའམ། བདག་གི་སྙམ་པའམ། བདག་སྙམ་དུ་སེམས་པའི་ལུས་དེ་ཉིད་ལ། ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི་རབ་ཏུ་ཤེས་པས་དེ་ལྟར་མི་འཛིན་ལ་དེའི་འདུ་ཤེས་དེ་ནི་སྡུག་བསྔལ་ལ་བདག་མེད་པར་འདུ་ཤེས་ པ་དང་། བདག་མ་ཡིན་པར་འདུ་ཤེས་པར་འགྱུར་ཏེ། ལུས་ལ་ཁམས་ཙམ་དུ་ཟད་པར་འདུ་ཤེས་པར་འགྱུར་རོ། །དེ་ལྟར་འདུ་ཤེས་པ་དེ་ནི་གཞན་དག་གིས་སྡུག་པ་དང་། མི་སྡུག་པའི་ཚིག་བླ་དགས་ཀྱི་འདུ་ཤེས་ཏེ། རེག་པ་དག་དང་། མི་སྡུག་པའི་ལག་པ་དང་། དབྱུག་པ་དང་། བོང་བའི་འདུས་ཏེ་རེག་པ་དག་གི་ཀུན་དུ་སྤྱོད་པ་བྱས་ཀྱང་དེ་ནི་རྒྱུ་དང་བཅས་པའི་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་འདུ་བྱེད་དེ་དག་ལ་ཡང་མི་རྟག་པར་ཡང་དག་པར་མཐོང་བས་རྗེས་སུ་ཆགས་པར་ཡང་མི་བྱེད་ཁོང་ཁྲོ་བར་ཡང་མི་བྱེད་དེ། ཁམས་ཙམ་ དུ་ཟད་པར་དམིགས་ཤིང་དེའི་སེམས་དེ་ལུས་དེ་ལ་ཡང་དག་པར་གནས་སོ། །དེ་ལྟར་ན་དེ་ནི་ཀུན་དུ་རྨོངས་པར་ཡང་མི་འགྱུར་ཏེ། དེ་ཕྱི་རོལ་པོ་རབ་ཏུ་དབྱེ་བའི་འདུ་ཤེས་གང་ཡིན་པ་དང་། ཕྱི་རོལ་གྱི་འབྱུང་བ་ཆེན་པོ་རྣམས་ལ་མི་རྟག་པར་འདུ་ཤེས་པ་གང་ཡིན་པ་དང་། ནང་གི་ རྣམས་ལ་མི་སྡུག་པར་འདུ་ཤེས་པ་དང་། མི་རྟག་པར་འདུ་ཤེས་པ་དང་། མི་རྟག་པ་ལ་སྡུག་བསྔལ་བར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་ཡང་བདག་མེད་པར་འདུ་ཤེས་པ་གང་ཡིན་པ་དང་། འབྱུང་བ་ཆེན་པོ་ལ་བརྟེན་པའི་ཚོར་བ་ལ་སོགས་པ་བྱུང་ངོ་ཅོག་ལ་མི་རྟག་པར་ འདུ་ཤེས་པ་ལ་ནི་ཀུན་དུ་འདོད་ཆགས་པ་ཡང་མེད་ཀུན་དུ་ཞེ་སྡང་བ་ཡང་མེད་ཀུན་དུ་གཏི་མུག་པ་ཡང་མེད་དོ། །འདི་དག་ནི་ཡོངས་སུ་སྦྱངས་པའི་ས་ལ་ལུས་སུ་གཏོགས་པའི་དྲན་པ་བསྒོམ་པའི་ལྷག་མཐོང་གི་ཕྱོགས་དགེ་བའི་ཆོས་རྣམ་པ་དུ་མ་སྐྱེ་བའོ། །དེ་ལ་ཞི་གནས་ནི་གང་ ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་ལུས་སུ་གཏོགས་པའི་དྲན་པ་བསྒོམས་པའི་དགེ་བའི་ཆོས་རྣམས་སྐྱེ་བ་ནི་གང་ཞེ་ན། དེས་ལྷག་མཐོང་དེ་ཉིད་ལ་བརྟེན་ནས་ཞི་གནས་ལ་བརྩོན་པར་བྱེད་པ་སྟེ། ཞི་གནས་དེ་ཡང་ནང་གི་སེམས་གནས་པ་གང་ཡིན་པའོ། །ཞི་གནས་ཀྱི་ཕྱོགས་ དང་མཐུན་པའི་དགེ་བའི་ཆོས་རྣམས་ནི་འདི་ལྟ་སྟེ། དེས་དེ་ལྟར་སོ་སོར་བརྟགས་པའི་སྟོབས་ཐོབ་པས་དགེ་སྦྱོང་ལ་གདམས་ངག་བསྟན་པ། སོག་ལེ་ལྟ་བུ་ཞེས་བྱ་བ་ལ་དམིགས་པ་བྱས་ནས་གཞན་དག་གིས་གནོད་པ་བྱས་པ་ཡང་བཟོད་ལ་དེ་ལ་དམིགས་པའི་བྱམས་པ་ཡང་ སྒོམ་པར་བྱེད་དེ་དེའི་བཟོད་པ་དང་བྱམས་པས་ཡོངས་སུ་ཟིན་པའི་ཚུལ་ཁྲིམས་ནི་རྣམ་པར་དག་པར་འགྱུར་རོ། །ཚུལ་ཁྲིམས་རྣམ་པར་དག་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་སྟོན་པའི་བསྟན་པ་བཞིན་བྱེད་པ་ཡིན་ནོ་སྙམ་ནས་འགྱོད་པ་མེད་པར་འགྱུར་ཏེ། འགྱོད་ པ་མེད་ན་མཆོག་ཏུ་དགའ་བ་ནས་རྒྱས་པར་ཏིང་ངེ་འཛིན་གྱི་བར་དུ་སྦྱར་བར་བྱའོ། །དེ་དེའི་ཚེ་སེམས་མཉམ་པར་གཞག་པས་བསམ་གཏན་བཞི་པའི་བར་དུ་ཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་དེ་ཡང་འདུ་བྱེད་ཀྱིས་ཡོངས་སུ་ཟིན་པ་ཡིན་ལ་ཟུང་དུ་འབྲེལ་པར་འབྱུང་བ་མ་ཡིན་ཞིང་ཡོངས་སུ་ དག་པ་མ་ཡིན་ནོ། །དེས་དེ་ཡོངས་སུ་དག་པར་བྱ་བའི་ཕྱིར་སྔ་མ་བཞིན་དུ་ཡན་ལག་བཞིས་ཡོངས་སུ་ཟིན་པའི་བག་ཡོད་པ་སྒོམ་པར་བྱེད་དེ། བརྩོན་འགྲུས་བརྩམས་པ་ལ་ཞུམ་པ་མེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕྱིས་དེའི་བསམ་གཏན་བཞི་པ་ཡོངས་སུ་དག་ཅིང་ཡོངས་སུ་ བྱང་བར་འགྱུར་རོ། །དེ་གལ་ཏེ་ཞི་བའི་སྙོམས་པར་འཇུག་པ་རོ་མྱང་བས་སེམས་འཕྲོག་པར་འགྱུར་ལ། སྙོམས་པར་འཇུག་པ་དེ་ལ་ཡང་བཏང་སྙོམས་སུ་ཡང་དག་པར་མི་གནས་ཤིང་འགོག་པ་མྱ་ངན་ལས་འདས་པ་ལ་ཡང་ཞི་བར་ལྟ་ན་ནི་དེ་སངས་རྒྱས་སམ་ཆོས་སམ་དགེ་འདུན་ལ་བརྟེན་ ནས་འདི་ལྟར་ཡིད་འབྱུང་ཞིང་སྐྱོ་བར་འགྱུར་ཏེ། གང་བདག་གི་སྟོན་པ་དེ་བཞིན་གཤེགས་པ་དང་། དེའི་ལེགས་པར་གསུངས་པའི་ཆོས་འདུལ་བ་དང་། དགེ་འདུན་ལེགས་པར་ཞུགས་པ་ལ་བརྟེན་ནས་འཇིག་ཚོགས་ལ་ཞེན་ཅིང་གནས་ཀྱི་མྱ་ངན་ལས་འདས་པ་ལ་ཞི་བར་མི་ལྟ་བ་ནི་བདག་ གི་ཐོབ་པ་མ་ཡིན་པ་དང་། རྙེད་པ་མ་ཡིན་པ་སྟེ། བདག་གིས་ཉེས་པ་རྙེད་པ་ཡིན་གྱི་ལེགས་པ་རྙེད་པ་མ་ཡིན་ནོ་སྙམ་མོ། །དེའི་སེམས་ལས་སུ་རུང་བའི་ཕྱིར་དེ་ལྟར་སྐྱོ་བ་སྐྱེས་མ་ཐག་ཏུ་དགེ་སྦྱོང་གི་ཚུལ་གྱི་དོན་དང་ལྡན་པར་བཏང་སྙོམས་སུ་ཡང་དག་པར་ གནས་ཤིང་མྱ་ངན་ལས་འདས་པ་ལ་ཡང་ཞི་བར་ལྟའོ། །འདི་དག་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པའི་དགེ་བའི་ཆོས་རྣམས་སྐྱེ་བ་ཡིན་ཏེ། འདི་ལྟ་སྟེ། བཟོད་པ་དང་། བྱམས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་། འགྱོད་པ་མེད་པ་དང་། མཆོག་ཏུ་དགའ་བ་ནས་ ཏིང་ངེ་འཛིན་དང་། ཡན་ལག་བཞིས་ཡོངས་སུ་ཟིན་པའི་བག་ཡོད་པ་དང་། བཏང་སྙོམས་དགེ་བའི་དོན་དང་ལྡན་པ་རྣམས་སོ། །དེས་དེའི་ཚེ་ཤེས་རབ་ཀྱིས་སྟོན་པའི་བསྟན་པ་ལ་རྒྱུ་རྣམ་པ་གཉིས་ཀྱི་སྒོ་ནས་བྱ་བ་མང་དུ་བྱས་པ་ཡིན་ཏེ། ཟག་པ་ཟད་པར་བྱ་བའི་ཕྱིར་བསམ་གཏན་ བཞི་པ་ཡོངས་སུ་དག་པར་བྱེད་པ་དང་། འཇིག་ཚོགས་ལས་སེམས་བཏང་སྙོམས་སུ་བྱེད་པའི་ཕྱིར་ཏེ། དེ་ཙམ་གྱིས་ན་དེའི་ཡོངས་སུ་སྦྱང་བའི་ས་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་དེ་ཙམ་གྱིས་ཀྱང་ཆོག་པར་མི་འཛིན་པས། དེའི་གོང་དུ་བྱས་པ་རྟོགས་པའི་ས་ལ་འཇུག་སྟེ། ཡང་ ལུས་སུ་གཏོགས་པའི་དྲན་པ་སྒོམ་པར་བྱེད་དེ། རྒྱུ་ལས་བྱུང་བའི་གཟུགས་ཀྱི་ལུས་ལ་རྩྭ་དང་། ཤིང་དང་། ས་དང་འདྲ་བར་མཐོང་ངོ་། །དེ་མ་ཡིན་པ་དེ་ལས་བྱུང་བའི་གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ པར་ཤེས་རབ་ཀྱིས་རྟོགས་ནས། ཡང་དག་པ་ཇི་ལྟ་བ་བཞིན་དུ་བདེན་པ་ཤེས་པ་ལ་རྗེས་སུ་འཇུག་གོ། །ཞུགས་ནས་ཀྱང་བསྒོམ་པའི་ལམ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དབང་པོ་དང་ཡུལ་རྣམས་ལས་སྐྱོ་བར་འགྱུར་བ་ནས་རྣམ་པར་གྲོལ་བའི་བར་དུ་ འགྱུར་ཏེ། བདག་ནི་རྣམ་པར་གྲོལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་དག་ནི་བྱས་པ་རྟོགས་པའི་ས་ལ་ལུས་སུ་གཏོགས་པའི་དྲན་པ་བསྒོམ་པའི་དགེ་བའི་ཆོས་རྣམས་སྐྱེ་བ་ཡིན་ཏེ། འདི་ལྟ་སྟེ། གཟུགས་ཀྱི་ལུས་དང་། དེ་བཞིན་དུ་གཟུགས་ཅན་ མ་ཡིན་པའི་ཆོས་རྣམས་ལ། རྩྭ་དང་། ཤིང་དང་། ས་དང་འདྲ་བར་འདུ་ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པར་ཁོང་དུ་ཆུད་པས་འཕགས་པའི་བདེན་པ་བཞི་ཤེས་པ་དང་། བསྒོམ་པའི་ལམ་ལ་སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་ གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་ཏེ། དེ་ཙམ་གྱིས་ན་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་སྟོན་པའི་བསྟན་པ་ལ་ཤེས་རབ་ཀྱིས་བྱ་བ་མང་དུ་བྱས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་གི་དོན་རྫོགས་པས་ན་དེའི་གོང་དུ་ལས་སུ་བྱ་བ་མེད་ལ་བྱས་པ་དེ་ ཡང་ཕྱིས་རབ་ཏུ་རྣམ་པར་དབྱེ་བ་མེད་དེ། བྱས་པ་འདི་ནི་དེ་མ་ཡིན་པའི་དུས་ན་ཡོངས་སུ་ཉམས་པར་འགྱུར་བས་ན་བྱས་པ་མ་ཡིན་ནོ་ཞེས་བྱ་བའམ། འདི་ནི་བྱས་སུ་ཟིན་ཀྱང་དཔེར་ན་སོ་སོའི་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་པའི་ལམ་གྱིས་རྣམ་པར་གྲོལ་བ་དང་འདྲ་བར་གཏན་དུ་བྱས་པ་མ་ ཡིན་ནོ་ཞེས་བྱ་བ་མེད་པའི་ཕྱིར་རོ། །དེ་ལ་སྔ་མའི་ཡོངས་སུ་སྦྱོང་བའི་སའི་དགེ་བའི་ཆོས་གང་ཡིན་པ་རྣམས་ནི་ཟག་པ་དང་བཅས་པའོ། །བྱས་པ་རྟོགས་པའི་སའི་གང་ཡིན་པ་རྣམས་ནི་ཟག་པ་མེད་པ་སྟེ། དེ་རྣམས་ཀྱང་འཕགས་པའི་བདེན་པ་བཞིར་ཅི་རིགས་པར་འདུ་བར་རིག་ པར་བྱའོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་བཅུ་དྲུག་པ། ཀུན་འབྱུང་བའི་བདེན་པས་བསྡུས་པའི་སྲིད་པའི་རྣམ་པར་སྤྱོད་པ་བརྒྱ་རྩ་བརྒྱད་ཀྱི་རྒྱུ་ནི་བཞིར་རིག་པར་བྱ་སྟེ། འདི་ལྟ་སྟེ། ནང་དང་ཕྱི་རོལ་གྱི་རབ་ཏུ་དབྱེ་བ་དང་། རྟེན་གྱི་རབ་ཏུ་དབྱེ་བ་དང་། རང་བཞིན་གྱི་རབ་ཏུ་དབྱེ་བ་དང་། དུས་ཀྱི་རབ་ཏུ་དབྱེ་བའོ། །དེ་ལ་ནང་དང་ཕྱི་རོལ་གྱི་རབ་ཏུ་དབྱེ་བ་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་གམ། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་ལ་བརྟེན་ནས་རྟེན་དང་བཅས་པའི་སྲེད་པ་རྣམ་པར་སྤྱོད་པའོ། །རྟེན་གྱི་རབ་ཏུ་དབྱེ་བ་གང་ཞེ་ན། ངའོ་སྙམ་པའི་ང་རྒྱལ་ རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ནང་ལ་བརྟེན་ནས་ངའོ་སྙམ་པའི་ང་རྒྱལ་མ་སྤངས་པའི་ཕྱིར་འདི་ལྟར་སྐྱེ་མཆེད་དྲུག་ལ་ངའོ་སྙམ་དུ་ཀུན་དུ་སྤྱོད་པར་འགྱུར་ལ། ཇི་སྲིད་དུ་དགའ་བས་མ་ནོན་པ་དེ་སྲིད་དུ་དེའི་འདུ་བྱེད་ཀྱི་རྒྱུད་ཀྱང་འདྲ་བར་འཇུག་ཅིང་དེ་འདི་སྙམ་དུ་སེམས་ཏེ། ང་ནི་འདི་ལྟ་བུ་སྟེ། སྔོན་བཞིན་ནོ་སྙམ་མོ། །དེ་ཕྱིས་དགའ་བས་ནོན་ནས་རེས་འགའ་ནི་ཁ་དོག་དང་ལྡན་ལ་རེས་འགའ་ནི་ཁ་དོག་ངན་པར་འགྱུར་བ་དང་། རེས་འགའ་ནི་སྟོབས་དང་ལྡན་པ་དང་། བདེ་བ་དང་སྤོབས་པ་དང་ལྡན་པར་འགྱུར་ལ་རེས་འགའ་ནི་སྤོབས་པ་མེད་པའི་ བར་དུ་འགྱུར་ཏེ། དེ་གང་གི་ཚེ་ཁ་དོག་དང་ལྡན་པ་ནས་སྤོབས་པ་དང་ལྡན་པའི་བར་དུ་འགྱུར་བ་དེའི་ཚེ་ནི་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་བཟང་ངོ་སྙམ་མོ། །དེ་ལས་བཟློག་པ་ལ་ནི་བདག་ནི་ངན་ནོ་སྙམ་དུ་སེམས་པར་འགྱུར་ལ། རྒ་བས་ནོན་པའི་ཚེ་ནི་གཞན་དུ་གྱུར་ཏོ་སྙམ་དུ་སེམས་ པའོ། །རང་བཞིན་གྱི་རབ་ཏུ་དབྱེ་བ་གང་ཞེ་ན། ངའོ་སྙམ་པའི་ང་རྒྱལ་རྣམ་པ་ལྔ་པོ་དེ་ལ་བརྟེན་ནས་འབྱུང་བ་ལ་སྲེད་པ་དང་། འཇིག་པ་ལ་སྲེད་པའོ། །འབྱུང་བ་ལ་སྲེད་པ་དེ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོར་འཇུག་གོ། །འཇིག་པ་ལ་ནི་སོ་སོར་བརྟགས་ནས་སྲེད་ པར་བྱེད་ཀྱི་སེམས་ཐག་པ་ནས་ཡང་དག་པར་གནས་པ་མ་ཡིན་ཏེ། དེ་བས་ན་དེ་ལ་ནི་རྣམ་པ་གསུམ་དུ་རྣམ་པར་གཞག་པ་མེད་དོ། །དེ་ལ་ཕྱི་མ་ལ་བདག་འབྱུང་བར་འགྱུར་རོ་སྙམ་པ་ནི་འབྱུང་བ་ལ་སྲེད་པ་ཆུང་ངུ་སྟེ། སྐྱེ་མཆེད་དྲུག་པོ་ཉིད་དུ་བདག་འགྱུར་རོ་སྙམ་པ་དང་། སྐྱེ་བ་མཐུན་ པར་མངོན་པར་འདོད་པའི་སྒོ་ནས་བདག་འདི་ལྟ་བུ་ཞིག་ཏུ་འགྱུར་རོ་སྙམ་པ་དང་། སྐྱེ་བ་མི་མཐུན་པ་མངོན་པར་མི་འདོད་པའི་སྒོ་ནས་བདག་ནི་གཞན་དུ་འགྱུར་རོ་སྙམ་པ་དང་། གལ་ཏེ་སྔོན་གྱི་ལུས་དེ་འདོད་པར་གྱུར་ལ་དེས་དེ་དང་མཚུངས་པར་ལྡན་པའི་དགེ་བའི་ལས་འབའ་ཞིག་ཀྱང་བྱས་ ན་ནི་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་འདི་ལྟ་བུ་ཞིག་ཏུ་འགྱུར་ཏེ། དཔེར་ན་ད་ལྟར་གྱི་བཞིན་ནོ་ཞེས་བྱ་བ་དང་། གལ་ཏེ་ཡང་མངོན་པར་མི་འདོད་ལ་དེས་དེ་དང་མི་མཐུན་པའི་དགེ་བའི་ལས་འགའ་ཞིག་ཀྱང་བྱས་ན་ནི་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་གཞན་དུ་འགྱུར་རོ་སྙམ་པའོ། ། འཇིག་པ་མི་འདོད་ནས་དེའི་གཉེན་པོར་བདག་འབྱུང་བར་གྱུར་ཅིག་སྙམ་པ་ནི་སྲེད་པ་འབྲིང་སྟེ། སྐྱེ་མཆེད་དྲུག་པོ་འདིར་བདག་གྱུར་ཅིག་སྙམ་པ་ནས་སྔ་མ་བཞིན་དུ་བདག་འདི་ལྟར་གྱུར་ཅིག་བདག་གཞན་དུ་གྱུར་ཅིག་སྙམ་པ་ཐམས་ཅད་ནི་སྲེད་པ་འབྲིང་ཡིན་པར་རིག་པར་བྱའོ། །རྣམ་པ་ འདི་རྣམས་ཉིད་ཀྱིས་བདག་གྱུར་ཅིག་སྙམ་སྟེ། འདོད་པ་དྲག་པོས་ཡོངས་སུ་ཟིན་པའི་སྲེད་པ་རྣམ་པ་བཞི་པོ་གང་ཡིན་པ་དེ་ནི་ཆེན་པོ་ཡིན་པར་རིག་པར་བྱའོ། །དེ་སྲེད་པ་རྣམ་པ་ལྔ་པོ་དེའི་རང་བཞིན་གྱི་རབ་ཏུ་དབྱེ་བ་ནང་གི་རྟེན་དང་བཅས་པ་ལ་བརྟེན་པ་ལ་ནི་སྲེད་པ་བཅོ་བརྒྱད་རྣམ་པར་སྤྱོད་ པ་ཞེས་བྱའོ། །དེ་ལ་ཕྱི་རོལ་གྱི་ཁྱད་པར་ནི་ཇི་ལྟར་ནང་གི་སྐྱེ་མཆེད་དྲུག་ལ་ངའོ་སྙམ་པ་དེ་བཞིན་དུ་གཟུགས་རྣམས་ནི་བདག་གི་སྟེ། གཟུགས་རྣམས་ལ་བདག་དབང་བྱེད་དོ། །དེ་བཞིན་དུ་ཆོས་རྣམས་ཀྱི་བར་དུ་བདག་དབང་བྱེད་དོ་སྙམ་དུ་འཛིན་པ་སྟེ། ལྷག་མ་ཡང་ཅི་རིགས་པར་ སྔ་མ་བཞིན་དུ་རིག་པར་བྱ་སྟེ། བཅོ་བརྒྱད་པོ་འདི་དག་དང་། སྔ་མ་རྣམ་པར་སྤྱོད་པ་རྣམས་བསྡམས་ན་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དུས་ཀྱིས་རབ་ཏུ་ཕྱེ་བ་གང་ཞེ་ན། རྣམ་པར་སྤྱོད་པ་སུམ་ཅུ་རྩ་དྲུག་པོ་དེ་དག་ཉིད་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ དུས་ཀྱི་སྒོ་ནས་འདི་ལྟ་སྟེ། རབ་ཏུ་དབྱེ་བ་བཞི་ལས་རྣམ་པར་སྤྱོད་པ་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །དེ་ལ་སྤྱིར་ན་འདོད་པ་ཉོན་མོངས་པ་ཅན་གང་ཡང་རུང་བ་དེ་ནི་སྲིད་པ་ཡིན་ཏེ། དེ་ཡང་ཀུན་འབྱུང་བའི་བདེན་པས་བསྡུས་པས་ན་རྒྱུའོ། །ཆགས་པའི་བདག་ཉིད་ཀྱིས་འཁོར་བའི་རྒྱུན་ ཕྱོགས་སུ་འཇུག་པས་ན་ཆུ་ཀླུང་ངོ་། །ཡུལ་རྣམས་ལ་མངོན་པར་ཆགས་པའི་བདག་ཉིད་ཡིན་པས་རྣམ་པར་ཆགས་པའོ། །ཕུང་པོ་ལྔ་གྲུབ་པ་ནད་ལ་སོགས་པ་འབྲས་ལྟ་བུའི་སྡུག་བསྔལ་གྱི་གཞིར་གྱུར་པས་ན་འབྲས་ཀྱི་རྩ་བའོ། །གཞིལ་བར་དཀའ་བས་ན་རྣམ་པར་འབབ་པའོ། ། བདུད་ཀྱི་འཆིང་བ་ཆ་ཕྲ་མོར་རྒྱུ་བས་ན་དྲ་བ་ཅན་ནོ། །སྲིད་པའི་རྩེ་མོ་མན་ཆད་དུ་གྱེན་དུ་མཐོ་བས་ན་འཁྲི་ཤིང་ངོ་། །མི་ངོམས་པར་བྱེད་པས་ན་སྐོམ་པའོ། །དེ་ལྟ་བུའི་མཚན་ཉིད་ཀྱི་སྲེད་པ་དེས་སྐྱེ་དགུ་འདི་ཀུན་ནས་དཀྲིས་པ་ནི་གཡོགས་པའོ། །བག་ལ་ཉལ་གྱི་སྒོ་ནས་ནི་བསྒྲིབས་ པའོ། །ཀུན་ནས་དཀྲིས་པ་དང་བག་ལ་ཉལ་དེ་ཉིད་ཤས་ཆེ་བའི་སྒོ་ནས་ནི་གྱེན་དུ་མཐོ་བའོ། །ཆུང་ངུ་དང་འབྲིང་གི་སྒོ་ནས་ནི་ཡོངས་སུ་མཐོ་བའོ། །འདོད་པའི་སྲེད་པས་ཤེས་བྱ་ལ་རྨོངས་པར་བྱས་པས་ན་བཀབ་པའོ། །གཟུགས་ཀྱི་སྲེད་པས་ཤེས་བྱ་ལ་རྨོངས་པར་བྱས་པས་ན་བསྐོར་ བའོ། །གཟུགས་མེད་པའི་སྲེད་པས་ཤེས་བྱ་ལ་རྨོངས་པར་བྱ་བས་ཀུན་ནས་བསྐོར་བ་སྟེ། དཔེར་ན་མི་གསུམ་ཞིག་ཡོད་ལ་གཅིག་ནི་ལོང་བ། གཉིས་པ་ནི་མིག་བཙུམས། གསུམ་པ་ནི་མིག་ཕྱེར་ཟིན་ཀྱང་རབ་རིབ་ཏུ་གྱུར་ཏེ། དེ་ལ་དང་པོས་ནི་ཐམས་ ཅད་ཀྱི་ཐམས་ཅད་དུ་ཆུང་ངུ་ཡང་ཅུང་ཟད་ཀྱང་མི་མཐོང་ངོ་། །གཉིས་པས་ནི་ཟླ་འོད་ཙམ་དུ་ཅུང་ཟད་མཐོང་ངོ་། །གསུམ་པས་ནི་གཟུགས་རྣམས་མཐོང་མོད་ཀྱི། དེའི་མིག་དྲི་མ་མེད་པ་མ་ཡིན་ཏེ། དེས་ན་ལེགས་པར་མི་མཐོང་བ་དེ་བཞིན་དུ་གོ་རིམས་བཞིན་དུ་བཀབ་པ་དང་། བསྐོར་ བ་དང་ཀུན་ནས་བསྐོར་བར་རིག་པར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་རྣམ་པ་ལྔས་ལེགས་པར་བསྐོར་བར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན་གང་ལ་དམིགས་ནས་བརྙེས་པར་བྱས་པས་བརྙེས་པ་དང་། ཐབས་གང་གིས་བརྙེས་ པ་དང་། བརྙེས་པར་བྱ་བ་གང་ཡིན་པ་དེ་དང་། བརྙེས་པར་བྱ་བ་དེ་ཡང་གཞན་གྱི་རྒྱུད་ལ་ངེས་པར་བསྐྱེད་པ་དང་། ཉིད་ཀྱིས་ཐུགས་སུ་ཆུད་པ་ལ་ཡིད་ཆེས་པ་སྐྱེས་པ་དང་། གཞན་དག་ཀྱང་གཞན་གྱིས་རྟོགས་པ་ལ་ཡིད་ཆེས་པ་བསྐྱེད་པའོ། །དེ་ལ་དམིགས་པ་ནི་འཕགས་པའི་བདེན་ པ་བཞི་ཡིན་ཏེ་འཕགས་པའི་བདེན་པ་བཞི་པོ་རྣམས་ནི་སྔ་མ་བཞིན་དུ་འདི་ལྟ་སྟེ་ཉན་ཐོས་ཀྱི་ས་ལས་མདོ་དང་རྒྱས་པར་རྣམ་པར་གཞག་པ་བཞིན་དུ་རིག་པར་བྱའོ། །དེ་ལ་ཐབས་ནི་འཕགས་པའི་བདེན་པ་དེ་དག་ལ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་ཀྱིས་ཡེ་ཤེས་ཏེ། མངོན་ པར་རྟོགས་པའི་ཚེ་བྱང་ཆུབ་སེམས་དཔའ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡིན་ནོ་ཞེས་བྱ་བའི་བར་དུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར། མངོན་སུམ་གྱི་ཡེ་ཤེས་གང་ཡིན་པ་དེ་ནི་འཕགས་པའི་ཤེས་རབ་ཀྱི་མིག་སྐྱེས་པ་ཡིན་ནོ། ། དེ་ཡང་འདས་པ་དང་ད་ལྟར་དང་མ་འོངས་པའི་བྱེ་བྲག་གིས་གོ་རིམས་བཞིན་དུ་ཤེས་པ་དང་རིག་པ་དང་བློ་ཞེས་བྱའོ། །དེ་ལྟར་གྱུར་པ་དེའི་སློབ་པའི་གོང་ན་བདག་གིས་ཡོངས་སུ་མ་ཤེས་པར་ཡོངས་སུ་ཤེས་པར་བྱ་བ་སྡུག་བསྔལ་གྱི་བདེན་པ་དང་། སྤང་བར་བྱ་བ་མ་སྤངས་པ་ཀུན་འབྱུང་བའི་བདེན་པ་དང་། མངོན་སུམ་དུ་བྱ་བ་མངོན་སུམ་དུ་མ་བྱས་པའི་འགོག་པའི་བདེན་པ་དང་། བསྒོམ་པར་བྱ་བ་མ་བསྒོམས་པའི་ལམ་གྱི་བདེན་པ་ཡོད་དོ་སྙམ་དུ་ཤེས་རབ་ཀྱིས་རྟོགས་པ་ནི་ལན་གཉིས་སུ་བཟླས་པ་སྟེ། སྔ་མ་བཞིན་དུ་རྣམ་པ་བཞིར་རིག་པར་བྱའོ། །མི་སློབ་པར་གྱུར་པའི་ནི་ཐམས་ཅད་བྱས་ཟིན་པ་ ཡིན་ཏེ་བདག་གིས་བྱས་ཟིན་ཏོ་སྙམ་ནས་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་བརྙེས་པ་ནི་ལན་གསུམ་དུ་བཟླས་པ་སྟེ། སྔ་མ་བཞིན་དུ་རྣམ་པ་བཞིར་རིག་པར་བྱའོ། །ཁྱད་པར་ནི་འདི་ཡོད་དེ། རྣམ་པ་བཞི་བཟླས་པ་སྔ་མ་གཉིས་ནི་སློབ་པའི་འཕགས་པའི་ཤེས་རབ་ཀྱི་མིག་གོ། ། ཕྱི་མ་ཤོས་ནི་མི་སློབ་པའོ། །བརྙེས་པར་བྱ་བ་བརྙེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་པར་རིག་པར་བྱའོ། །གཞན་གྱི་རྒྱུད་ལ་ངེས་པར་བསྐྱེད་པ་དང་། ཉིད་ཀྱིས་ཐུགས་སུ་ཆུད་པ་ལ་ཡིད་ཆེས་པ་བསྐྱེད་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་བཅོམ་ལྡན་ འདས་ལས་ཐོས་ནས་ཐོག་མར་འཕགས་པའི་བདེན་པ་བཞིའི་ཆོས་ཀུན་ཤེས་པར་གྱུར་ཏེ། དྲིས་ན་ཡང་བདག་གིས་ཆོས་ཀུན་འཚལ་ཏོ་ཞེས་སྨྲས་པ་དང་། དེའི་འོག་ཏུ་ཡང་སྔ་མ་བཞིན་དུ་མཐར་ཐུག་པའི་རྣམ་པ་དག་གི་ལྔ་ཆར་གྱིས་དགྲ་བཅོམ་པ་ཉིད་ཐོབ་སྟེ། རྣམ་པར་གྲོལ་བའི་ཡེ་ ཤེས་ཀྱང་བསྐྱེད་པ་ལྟ་བུའོ། །དེ་ལ་གཞན་དག་ཀྱང་གཞན་གྱིས་རྟོགས་པ་ལ་ཡིད་ཆེས་པ་བསྐྱེད་པ་ནི་འདི་ལྟ་སྟེ། བདག་གིས་ཆོས་ཀུན་ཤེས་སོ་ཞེས་ཀུན་ཤེས་ཀཽཎྜ་ནྱའི་འཇིག་རྟེན་པའི་སེམས་སྐྱེས་པ་ཡང་རིག་པ་ཀུན་ཤེས་ཀཽཎྜི་ནྱས་ཆོས་ཀུན་ཤེས་པར་གྱུར་ཏོ་སྙམ་དུ་དེ་བཞིན་ གཤེགས་པའི་འཇིག་རྟེན་པའི་དགོངས་པ་སྐྱེས་པ་ཡང་རིག་ནས་ས་ལ་གནས་པའི་གནོད་སྦྱིན་རྣམས་ཀྱིས་སྒྲ་བརྗོད་ནས་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ཉིད་ལ། ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲག་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་ཤེས་ཀཽཎྜི་ནྱའི་རྒྱུད་ལ་ཀུན་ཤེས་ པའི་ཆོས་ཉིད་མཐུན་པར་བསྐོར་ལ། དེ་ཡང་གཞན་དག་ལ་མཐུན་པར་བསྐོར་བར་འགྱུར་བ་དང་། དེ་དག་ཀྱང་གཞན་དག་ལ་མཐུན་པར་བསྐོར་བར་འགྱུར་ཏེ། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱི་འཁོར་ལོ་ཞེས་བྱའོ། །ཡང་དག་པའི་ལྟ་བ་ལ་སོགས་ པའི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་ཀྱི་འཁོར་ལོའོ། །འདི་ལྟ་སྟེ། འདི་ལྟར་ཚངས་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པའི་ཚིག་བླ་དགས་ཡིན་ཏེ། དེ་བས་ན་དེས་བསྐོར་བ་ལ་ཚངས་པའི་འཁོར་ལོ་ཞེས་བྱའོ། །འཕགས་པའི་ བདེན་པ་བཞི་མངོན་པར་མ་རྟོགས་པ་མངོན་པར་རྟོགས་པར་བྱ་བ་ལ་ནི་སྦྱོར་བ་རྣམ་པ་བཞི་ཡོད་པར་རིག་པར་བྱ་སྟེ། མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་དད་པ་དང་། དད་པའི་སྒོ་ནས་འདུན་པ་དང་། སྙིང་ཐག་པ་ནས་འདུན་པའི་སྒོ་ནས་བརྩོན་འགྲུས་བརྟུན་པ་དང་། བརྩོན་འགྲུས་ བརྩམས་པ་དེ་ཡང་ཐབས་དང་བཅས་པའོ། །དེ་ལ་དད་པ་ནི་མངོན་པར་ཡིད་ཆེས་པའོ། །འདུན་པ་ནི་ཐོབ་པར་འདོད་པའོ། །བརྩོན་འགྲུས་ནི་སྔ་མ་བཞིན་དུ་རྣམ་པ་ལྔ་སྟེ། མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། རྟུལ་ཕོད་པ་ བརྟན་པ་དང་། བརྩོན་པ་མི་འདོར་བའོ། །ཐབས་ནི་བག་ཡོད་པར་བྱ་བའི་ཕྱིར་བརྗེད་ངས་པ་མེད་པའི་མཚན་ཉིད་ཀྱི་དྲན་པ་དང་། བག་མེད་པ་ལ་ཉེས་དམིགས་སུ་ཤེས་ཤིང་ཡོངས་སུ་གཅོད་པའི་མཚན་ཉིད་ཀྱི་ཤེས་བཞིན་དང་། དེ་གཉིས་ཀྱིས་ཡོངས་སུ་ཟིན་པའི་བག་ཡོད་ པ་སྟེ། ཉོན་མོངས་པ་ཅན་གྱི་ཆོས་རྣམས་ལས་སེམས་ཀུན་དུ་སྲུང་བ་དང་། དགེ་བ་བསྒོམ་པ་ལ་རྟོག་པའོ། །ནད་ལྟ་བུ་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ནད་ཀུན་ནས་སློང་བ་ལྟ་བུ་ནི་ཀུན་འབྱུང་བའི་བདེན་པའོ། །ནད་བྱུང་བ་སྤངས་ནས་ནད་མེད་པར་གྱུར་པ་ལྟ་བུ་ནི་འགོག་ པའི་བདེན་པའོ། །ནད་སྤངས་ནས་ཕྱིས་མི་སྐྱེ་བ་ལྟ་བུ་ནི་ལམ་གྱི་བདེན་པ་སྟེ། ནད་པས་ནི་སྨན་པ་ལས་དེ་ཙམ་ཞིག་བཙལ་བར་བྱ་བར་ཟད་དོ། །སྨན་པས་ཀྱང་དེ་ཙམ་ཞིག་བསྟན་པར་བྱ་བར་ཟད་དོ། །དེ་བས་ན་འཕགས་པའི་བདེན་པ་ནི་ལྔར་མེད་དེ། དེ་བཞིན་གཤེགས་པ་སྲེད་པའི་ ཟུག་རྔུ་འབྱིན་པ་ཆེན་པོ་བླ་ན་མེད་པ་ཡང་དེ་ཙམ་ཞིག་སྟོན་པར་ཟད་དོ། །བདེན་པ་ཤེས་པ་ལ་མ་ཕྱོགས་པ་དང་། མངོན་པར་རྟོགས་པ་དང་། མི་ལྡན་པའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ལ་ནི་རྟགས་དང་ཉེས་དམིགས་བཅུ་ཡོད་པར་རིག་པར་བྱ་སྟེ། ཡང་དག་པའི་དགེ་སྦྱོང་རྣམས་ཀྱི་ ཡིད་ལ་དགེ་སྦྱོང་དུ་མི་འཛིན་པ་དང་། ཚིག་གིས་དགེ་སྦྱོང་ཞེས་མི་བགྲང་བ་དང་། ཡང་སྲིད་པར་སྐྱེ་བའི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མ་གྲོལ་བ་དང་། དེ་བཞིན་དུ་ངན་སོང་རྣམས་ལས་ཡོངས་སུ་མ་གྲོལ་བ་དང་། བསླབ་པ་འབུལ་བའི་ རྒྱུར་འགྱུར་བ་དང་། འཇིག་རྟེན་ལས་འདས་པའི་མིའི་ཆོས་འདི་ལྟ་སྟེ། ལམ་མམ། ལམ་གྱི་འབྲས་བུ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་སྐལ་བ་མེད་པ་དང་། བདེ་འགྲོར་འགྲོ་བའི་སྒོ་ནས་སློབ་པ་དང་མི་སློབ་པ་སྤངས་ཏེ། འདི་ལས་ཕྱི་རོལ་དུ་ཡོན་གནས་གཞན་ཚོལ་ བའི་རྒྱུར་གྱུར་པ་དང་། མྱ་ངན་ལས་འདའ་བར་འགྲོ་བའི་སྒོ་ནས་དེ་བཞིན་གཤེགས་པ་སྤངས་ཏེ། འདི་ལས་ཕྱི་རོལ་པའི་སྟོན་པ་ཚོལ་བའི་རྒྱུར་འགྱུར་བ་དང་། ཕྱིར་མི་འོང་བས་སྡུག་བསྔལ་བའི་ཡང་སྡུག་བསྔལ་བ་ལས་ཡང་དག་པར་འདའ་བ་དང་། ཚེ་འདི་ལ་ཀུན་ཤེས་པས་ཕུང་པོའི་ ལྷག་མ་དང་བཅས་པ་ནས། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་བའི་སྐལ་བ་མེད་དོ། །དེ་ལས་བཟློག་པ་ནི་བདེན་པ་ཤེས་པ་ལ་མངོན་དུ་ཕྱོགས་པ་དང་། མངོན་པར་རྟོགས་པ་དང་ལྡན་པ་རྣམས་ཀྱི་རྟགས་དང་ཕན་ཡོན་ཡིན་པར་རིག་པར་བྱའོ། །བདེན་པ་ཤེས་ པ་ལ་མངོན་དུ་ཕྱོགས་ཤིང་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཀྱི་ནི་འཕགས་པའི་བདེན་པ་བཞིའི་སྒོ་ནས་འཐོབ་པའི་གནས་དང་། འཐོབ་པ་དང་། འཐོབ་པའི་གནས་ཀྱང་རིག་པར་བྱ་སྟེ། དེ་ལ་དད་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ ནི་འཐོབ་པའི་གནས་སོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིས་བསྡུས་པ་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་བྱང་ཆུབ་གསུམ་པོ་འདི་དག་ནི་འཐོབ་པ་ཡིན་པར་རིག་པར་བྱའོ། །སྔ་མ་བཞིན་དུ་ལན་གསུམ་དུ་བཟླས་པའི་གོ་རིམས་བཞིན་དུ་ཤེས་པ་ དང་། མཐོང་བ་དང་། མངོན་པར་རྟོགས་པ་ནི་ཐབས་ཡིན་པར་རིག་པར་བྱའོ། །མངོན་པར་རྟོགས་པའི་ཚེ་འདི་ནི་བདེན་ནོ་སྙམ་པ་ནི་ཤེས་པའི་གནས་སྐབས་སོ། །བདེན་པ་དེའི་གོང་དུ་ཕྱིར་ཞིང་བདག་གིས་ཡོངས་སུ་ཤེས་པར་བྱ་བ་ནས་བསྒོམ་པར་བྱ་བའི་བར་དུ་མཐོང་བ་ནི་མཐོང་ བའི་གནས་སྐབས་སོ། །མི་སློབ་པའི་ས་ལ་བདག་གིས་ཡོངས་སུ་ཤེས་ཟིན་ཏོ་ཞེས་བྱ་བ་ནས་མངོན་སུམ་དུ་བྱས་ཟིན་ཏོ་ཞེས་བྱ་བའི་བར་དུ་ནི་མངོན་པར་རྟོགས་པའི་གནས་སྐབས་སོ། །རྣམ་གྲངས་གཞན་ཡང་མི་སློབ་པའི་ཟད་པ་དང་། མི་སྐྱེ་བའི་ཡེ་ཤེས་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱིས་བསྡུས་པ་ནི་ཤེས་པའི་གནས་སྐབས་སོ། །མི་སློབ་པ་དེ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཡེ་ཤེས་དང་ལྡན་པའི་ཡང་དག་པའི་ལྟ་བ་ནི་མཐོང་བའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནས་བཟུང་སྟེ། སློབ་པའི་ཤེས་རབ་ཐམས་ཅད་ནི་མངོན་པར་རྟོགས་ པ་ཡིན་པར་རིག་པར་བྱའོ། །བདེན་པ་ཤེས་པའི་ལས་དང་མཚན་ཉིད་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། སྡུག་བསྔལ་གང་བདེན་པ་མཐོང་བས་སྤངས་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བའི་ཐོག་མར་འགྲོ་བ་དང་། སྡུག་བསྔལ་གང་དགྲ་བཅོམ་པས་ སྤངས་པའི་སྡུག་བསྔལ་མཐར་ཐུག་པ་བྱ་བའི་ཐོག་མར་འགྲོ་བ་སྟེ། ཉི་མ་འཆར་བའི་སྐྱེ་རེངས་དང་པོ་དང་འདྲའོ། །དེ་བཞིན་དུ་འཇིག་རྟེན་ན་མ་རིག་པའི་མུན་པ་ཆེན་པོའི་གཉེན་པོའི་ཚུལ་གྱིས་སྣང་བ་ལྟ་བུར་སེལ་བར་བྱེད་དོ། །དེ་བཞིན་དུ་འདི་ན་ཁ་ཅིག་བདེན་པ་ཤེས་པ་ལ་བརྟེན་ནས། ཀུན་དུ་སྦྱོར་བ་གསུམ་སྤངས་ཏེ། དེའི་རྗེས་ལ་བརྗེད་ངས་པའི་ཕྱིར་འདོད་པའི་འདུན་པ་དང་། གནོད་སེམས་གཉིས་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་མོད་ཀྱི། འོན་ཀྱང་གང་གི་ཚེ་བག་ཡོད་པ་ལ་བརྟེན་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ན་དེ་བདེན་པ་ཤེས་པ་དེ་ཉིད་ ཀྱི་རྗེས་ཐོགས་སུ་ཕྱིར་མི་འོང་བར་འགྱུར་ཏེ། ཕྱི་རོལ་པའི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བས་ཁྱད་པར་དུ་འཕགས་ཏེ་ཕྱིར་མི་ལྡོག་པའི་ཆོས་ཅན་ཡིན་པའི་ཕྱིར། དེ་ལྟར་ན་བདེན་པ་ཤེས་པ་ནི་བྱེད་པ་རྒྱ་ཆེ་ཞིང་འབྲས་བུ་རྒྱ་ཆེ་བ་ཡིན་ནོ། །དེ་ལ་ འདས་པའི་འདུ་བྱེད་སྐྱེས་ཟིན་པ་གང་ཡིན་པ་རྣམས་དང་། ད་ལྟར་སྐྱེས་པ་གང་ཡིན་པ་རྣམས་དང་། མ་འོངས་པ་ན་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཀུན་འབྱུང་བའི་ཆོས་ཅན་ཞེས་བྱ་བ་སྟེ། དེ་དག་ཐམས་ཅད་ཀྱང་མི་རྟག་པ་ཉིད་ཀྱི་འགག་པས་འགོག་པའི་ཆོས་ ཀྱིས་འགགས་སོ། །འགག་ཏུ་ཆའོ་འགག་པར་འགྱུར་རོ། །གཞན་ཡང་བདེན་པ་ཤེས་པ་འཐོབ་པ་ནི་རྡོའི་མཆོད་སྡོང་ལེགས་པར་བཙུགས་པ་བཞིན་དུ་ཕ་རོལ་སྨྲ་བ་རྣམས་ཀྱིས་བསྐྱོད་པར་མི་ནུས་ཏེ། མི་འཕྲོགས་ཤིང་གཞན་གྱི་དྲིང་མི་འཇོག་ལ་གཞན་གྱིས་བཀྲི་བར་མི་འགྱུར་ཏེ། ཅི་ འདི་དག་ཇི་སྐད་ཟེར་བ་བཞིན་དུ་བདག་གིས་མཉན་པར་བྱའམ་སྙམ་དུ་གཞན་དག་གི་ངོར་ལྟ་བར་མི་འགྱུར་རོ། །ངོར་རྟོག་པར་ཡང་མི་འགྱུར་ཏེ། གང་དེ་དག་ལས་ཐོས་པ་དང་། ཁ་ནས་བྱུང་བ་དེ་སེམས་པ་དང་། འཇལ་བ་དང་ཉེ་བར་རྟོག་པར་མི་བྱེད་དོ། །གཞན་དག་ཅེས་ བྱ་བ་ནི་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཡིན་པར་རིག་པར་བྱའོ། །གཞན་ཡང་བདེན་པ་ཤེས་པ་རིམ་གྱིས་བྱུང་བ་བཞི་པོ་མཐའ་དག་གིས་བདེན་པ་མངོན་པར་རྟོགས་པར་འགྱུར་གྱི། གང་ཡང་རུང་བ་མ་ཚང་བས་ནི་མ་ཡིན་ནོ། །དེ་ལ་འཕགས་པ་ཉན་ཐོས་བླ་ན་མེད་ པའི་ཤེས་རབ་ཀྱི་འཚོ་བ་དང་ལྡན་པ་རྣམས་ནི་འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་གཡོས་སུ་བྱས་པ་ལྟ་བུར་མངོན་པར་རྟོགས་པ་ཡོངས་སུ་བྱས་པ་དང་འདྲ་བ་དེ་ལ་བརྟེན་ནས་འཚོ་བར་བྱེད་དོ། །སྡུག་བསྔལ་ལ་སོགས་པའི་ཤེས་པ་མ་ཚང་བའི་ཤེས་པ་གསུམ་པ་ནི་ལྡུམ་བུ་ཤ་མའི་ལོ་མ་ལྟ་ བུ་ཡིན་ནོ། །དེ་མ་ཡིན་པ་རིམ་གྱིས་ཡང་དག་པར་བསྒྲུབས་པ་ཤེས་པ་བཞི་པོ་ཐམས་ཅད་ཡོངས་སུ་རྫོགས་པ་ནི་ཤིང་སཱ་ལའི་འདབ་མ་ལྟ་བུ་ཡིན་པར་རིག་པར་བྱའོ། །གཞན་ཡང་བདེ་བ་དང་བཅས་ཤིང་ཡིད་བདེ་བ་དང་བཅས་པས་ཡང་དག་པའི་དོན་རྟོགས་པ་དང་། ལུས་དང་ སེམས་ཤིན་ཏུ་སྦྱངས་པའི་ཕྱིར་བདེན་པ་ཤེས་པ་རྣམས་ཀྱིས་བདེན་པ་མངོན་པར་རྟོགས་པར་འགྱུར་ཏེ། དེ་ལ་སེམས་ཅན་དམྱལ་བར་སྐྱེས་པ་རྣམས་ཀྱི་སྡུག་བསྔལ་བ་ནི་རྣམ་པ་གཉིས་ཏེ། མེས་སྲེག་པའི་སྡུག་བསྔལ་བ་དང་། གནོད་པའི་སྡུག་བསྔལ་བའོ། །དེ་གཉི་ག་དང་། ཚེ་རབས་དུ་མའི་མི་བཟད་པ་ཡང་བདེན་པ་ཤེས་པ་མེད་པའི་ཕྱིར་ཐོབ་པར་འགྱུར་རོ། །བདེན་པ་ཤེས་པས་ནི་ཡང་དག་པར་འདའ་བར་འགྱུར་རོ། །བདེན་པ་ཤེས་པ་དེ་ཡང་གལ་ཏེ་མེས་སྲེག་པའམ། གནོད་པས་ཉེན་པ་དྲག་པོ་དང་ཕྲད་ན་ནི། ཚེ་འདི་ལ་ལུས་གཅིག་ཆུད་ཟོས་པ་ ཙམ་གྱིས་ཐོབ་པར་འགྱུར་ཏེ། ལུས་བརྒྱ་ཆུད་ཟོས་ན་ཡང་ཡིད་དགའ་བར་གྱུར་པས་ཉམས་སུ་བླང་བར་བྱ་ན། གཅིག་ལྟ་ཅི་སྨོས། བདེན་པ་རྟོགས་པར་བྱ་བ་ལ་ནི་བར་དུ་གཅོད་པ་རྣམ་པ་བཞི་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། མ་དད་པ་དང་། མངོན་པའི་ང་རྒྱལ་ཅན་དང་། དུས་གཞན་དུ་ལྟོས་པ་དང་བག་མེད་པའོ། །དེ་ལ་མ་དད་པ་ནི་བདེན་པ་མངོན་པར་རྟོགས་པ་ལ་ཡིད་མི་ཆེས་པ་དང་། དགེ་འདུན་གྱི་ཤིན་ཏུ་ནན་ཏན་དུ་བསྒྲུབ་པ་དང་། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་ཡིད་མི་ཆེས་པའོ། །དེ་ལ་མ་དད་པ་དང་པོ་ སྤང་བར་བྱ་བའི་ཕྱིར་ནི་བཅོམ་ལྡན་འདས་ཉིད་ཀྱིས་བདེན་པ་མངོན་པར་རྟོགས་པ་མངོན་སུམ་དུ་གྱུར་པ་ལས་དཔེར་བླངས་ཏེ། ཉན་ཐོས་རྣམས་ལ། འདི་སྐད་དུ་ངས་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་སོ་ཞེས་གསུངས་སོ། །མ་དད་པ་གཉིས་པ་སྤང་བར་བྱ་བའི་ཕྱིར་ནི་འདི་སྐད་དུ་ང་དང་ཁྱེད་ཀྱིས་བདེན་པ་དེ་དག་མ་རྟོགས་པའི་ཕྱིར། ཡུན་རིང་པོ་ནས་འཁོར་བ་ནས་འཁོར་བར་གྱུར་ཏོ། །ད་ནི་ཁོ་བོ་དང་ནི་ཁྱེད་རྣམས་ཀྱིས་བདེན་པ་དེ་རྣམས་ཚུལ་བཞིན་དུ་ཡིད་ ལ་བྱེད་པས་རྟོགས་ཤིང་ཡང་དག་པའི་ལྟ་བས་ཁོང་དུ་ཆུད་དེ་ཁོང་དུ་ཆུད་པས་ན་རྒྱུ་ཟད་པའི་ཕྱིར། སྐྱེ་བའི་འཁོར་བ་རྣམ་པར་ཟད། །ཐ་མའི་ལུས་འཛིན་པས། ད་ནི་ཡང་སྲིད་པར་སྐྱེ་བ་མེད་དོ་ཞེས་གསུངས་སོ། །དེ་ལ་མ་དད་པ་གསུམ་པ་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་རྣམས་ པ་འདི་ལྟ་བུར་འཇུག་སྟེ། གལ་ཏེ་དགེ་སྦྱོང་གཽ་ཏ་མ་ཐམས་ཅད་མཁྱེན་པ་ཡིན་ན། ཅིའི་ཕྱིར་དྲིས་ན། ཁ་ཅིག་ནི་ལན་འདེབས་པར་བྱེད། ཁ་ཅིག་ནི་ལན་འདེབས་པར་མི་བྱེད་སྙམ་པའི་མ་དད་པ་དེ་སྤང་བར་བྱ་བའི་ཕྱིར་ནི་ཤིང་ཤ་པའི་ལོ་མ་ཕྱག་ན་འདུག་པ་དང་། ས་ལ་ལྷགས་པའི་ དཔེས་བསྟན་ཏེ། འདི་སྐད་དུ་ངས་ཆོས་མང་པོ་མངོན་པར་སངས་རྒྱས་མོད་ཀྱི་དོན་དང་མི་ལྡན་པ་ནི་མང་། དོན་དང་ལྡན་པ་ནི་ཉུང་བའི་ཕྱིར་གཞན་དག་ལ་ཉུང་ངུ་བསྟན་ཏོ་ཞེས་གསུངས་ཏེ། དེ་བས་ན་མི་མཁྱེན་པའི་ཕྱིར་ལན་མི་འདེབས་པ་མ་ཡིན་ཏེ། དོན་དང་མི་ལྡན་པའི་ཕྱིར་ཡིན་པར་ རིག་པར་བྱའོ། །དེ་ལ་བདེན་པ་མངོན་པར་རྟོགས་པ་ལ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་མངོན་པའི་ང་རྒྱལ་སྤང་བའི་ཕྱིར་ནི་འདི་སྐད་དུ། མདས་མདའི་ལྟོང་ནས་ལྟོང་དུ་ཕོག་པ་དང་། སྐྲ་དུམ་བུ་བརྒྱར་གཏུབས་པ་ལ་རྒྱང་རིང་པོ་ན་འདུག་པའི་མིས་རྩེ་མོས་རྩེ་མོར་ཕོག་པར་བྱ་བ་ནི་ཆེས་ཆ་ཕྲ་ བས་ན་ཤིན་ཏུ་དཀའོ་ཞེས་གསུངས་ཏེ། དེ་བས་ཀྱང་བདེན་པ་རྟོགས་པ་ནི་ཆེས་དཀའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཛིན་པའི་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་འཛིན་པ་དེ་ཉིད་རྟོགས་ཏེ། མགོ་མཉམ་ཁོ་ནར་དམིགས་པར་བྱ་བ་དང་། དམིགས་པ་པོའི་ཤེས་པ་བསྐྱེད་ནས་བདེན་པ་ རྟོགས་པར་འགྱུར་བའི་ཕྱིར་ཏེ། དེ་བས་ན་དེ་ནི་ཤིན་ཏུ་ཆ་ཕྲ་ཞིང་ཤིན་ཏུ་དཀའ་བ་ཡིན་གྱི་མདའ་གཞན་གྱིས་གཞན་དང་། སྐྲའི་རྩེ་མོ་གཞན་གྱིས་གཞན་ལ་ཕོག་པར་བྱ་བ་ནི་དེ་ལྟ་མ་ཡིན་ནོ། །དུས་གཞན་དུ་ལྟོས་པ་དང་། སྤང་བར་བྱ་བའི་ཕྱིར་ནི། བཅོམ་ལྡན་འདས་ཀྱིས་འདི་ སྐད་དུ། ལོག་པར་ལྟུང་བར་གྱུར་པ་ལས་མིར་འགྱུར་བ་དཀོན་ནོ་ཞེས་གསུངས་ཏེ། རུས་སྦལ་ཞར་བའི་དཔེ་ཡང་བསྟན་ཏོ། །དེ་ལ་བག་མེད་པ་གང་ཞེ་ན། མདོར་བསྡུ་ན་ལོག་པའི་སེམས་དང་། རྟོག་པ་དང་། གཏམ་མོ། །བསམ་པར་མི་བྱ་བའི་གནས་ལ་སེམས་པ་ནི་ལོག་པའི་ སེམས་ཡིན་པར་རིག་པར་བྱའོ། །དེ་ལ་བདག་ཉིད་ལས་སེམས་པ་ནི་འདས་པའི་དུས་ན་བདག་བྱུང་ངམ་མ་བྱུང་ཞིག་གུ་སྙམ་པ་ནས་མ་འོངས་པ་ན་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། ནང་དུ་ཐེ་ཚོམ་ཟ་ཞིང་། བདག་ཇི་ཞིག་ལས་ཇི་ཞིག་ཏུ་འགྱུར། སེམས་ཅན་འདི་ག་ལས་འོངས་ འདི་ནས་ཤི་འཕོས་ནས་ནི་གང་དུ་འགྲོ་བར་འགྱུར་ཞིག་གུ་སྙམ་པའོ། །འཇིག་རྟེན་ལ་སེམས་པ་ནི་འཇིག་རྟེན་རྟག་གོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ་དེ་བཞིན་དུ་འཇིག་རྟེན་ནི་མཐའ་དང་ལྡན་ནོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །སེམས་ཅན་ལ་སེམས་པ་ནི་སྲོག་ཀྱང་དེ་ཡིན་ལ་ལུས་ཀྱང་དེ་ཡིན་ ནོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སེམས་པ་ནི་དེ་ཉིད་བྱེད་ལ་དེ་ཉིད་ཀྱིས་ཉམས་སུ་མྱོང་ངོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །བསམ་གཏན་པ་རྣམས་དང་། སངས་རྒྱས་རྣམས་ཀྱིས་བསམ་གཏན་པའི་ཡུལ་དང་དེ་བཞིན་འོངས་པ་ ཤི་ཕན་ཆད་མེད་པར་འགྱུར་རོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དག་ནི་ཀུན་རྫོབ་དང་དོན་དམ་པ་ལ་མཁས་པ་ཡིན་ལ་དེ་དག་ཐམས་ཅད་ཀྱང་རྒྱུ་རྣམ་པ་གཉིས་ཀྱིས་བསམ་པར་བྱ་བ་མ་ཡིན་ཏེ། བསམ་པའི་ཡུལ་མ་ཡིན་པ་དང་། གཞི་ཡང་མེད་པའི་ཕྱིར་རོ། ། བསམ་པའི་ཡུལ་མ་ཡིན་པའི་གཞི་ལ་སེམས་ཀྱིས་ཡོངས་སུ་ཚོལ་བར་བྱེད་པའམ། ཐམས་ཅད་ཀྱི་ཐམས་ཅད་དུ་གཞི་མེད་པ་ཡོངས་སུ་ཚོལ་བས་ན་རྙེད་པར་མི་འགྱུར་ཏེ། སེམས་ཀུན་ནས་རྨོངས་པར་འགྱུར་བར་ཟད་དོ། །དེ་ལ་ཚུལ་བཞིན་མ་ཡིན་པའི་བསམ་པར་བྱ་བ་སེམས་ པ་ལ་ཞུགས་པ་ནི་བརྒྱ་ལ་འགའ་ཞིག་རྒྱུའི་སྟོབས་དང་ལྡན་ཏེ། སྐྱོ་བའམ་སྐྱོ་བ་དང་མཚུངས་པར་ལྡན་པ་ཡིད་ལ་བྱེད་པ་དང་། ཡང་དག་པ་ལ་དམིགས་པ་ནང་དུ་ཀུན་དུ་སྤྱོད་དུ་ཟིན་ཀྱང་། དེ་ནི་དེ་ལ་ཡང་ཉེས་པར་ལྟ་ཞིང་ཡང་དག་པ་མ་ཡིན་པར་འདུ་ཤེས་པར་འགྱུར་ཏེ། དེ་ལྟ་ན་ འཇིག་རྟེན་ལ་སེམས་པ་ནི་དོན་དང་ལྡན་པ་མ་ཡིན་ནོ། །ལོག་པའི་རྟོག་པ་ནི་འདོད་པའི་རྟོག་པ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་ལོག་པའི་གཏམ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཕྱིན་ཅི་ལོག་གི་གཏམ་དང་། དོན་མེད་པའི་གཏམ་དང་། ཉེས་ རྩོམ་གྱི་གཏམ་དང་། གཞན་དག་གི་བཟང་ངན་རྣམ་པར་འབྱེད་པའི་གཏམ་དང་། བཟོས་འཚོ་བ་རྣམ་པར་འབྱེད་པའི་གཏམ་དང་། ཟས་ལ་ཞེན་པའི་གཏམ་སྟེ་འདི་ནི་བག་མེད་པ་ཞེས་བྱའོ། །བག་མེད་པ་དེ་སྤང་བར་བྱ་བའི་ཕྱིར་ནི་གང་ཟག་ཤིན་ཏུ་སྐལ་བ་དང་ལྡན་པ་རྣམས་ལ་དེ་ བཞིན་གཤེགས་པ་ཉིད་ཡང་དག་པར་བསྐུལ་བར་མཛད་དེ་བག་མེད་པ་མྱུར་དུ་སྤོང་དུ་གཞུག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ནི་དེ་ལྟར་བདེན་པ་མངོན་པར་རྟོགས་པའི་བར་དུ་གཅོད་པ་བཞི་སྤངས་ནས། རྣམ་པ་གསུམ་གྱིས་འཕགས་པའི་བདེན་པ་རྣམས་འཆད་པར་བྱེད་ དེ། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་ཚིག་གི་སྒོ་ནས་སོ། །བསམས་པ་ལས་བྱུང་བས་ནི་དོན་གྱི་སྒོ་ནས་སོ། །བསྒོམས་པ་ལས་བྱུང་བས་ནི་རྟོགས་པའི་སྒོ་ནས་སོ། །དེ་ལ་ཐོས་པ་ལས་བྱུང་བས་ནི་ཇི་ལྟར་ཐོས་པ་བཞིན་དུ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ་འཆད་པར་བྱེད་དོ། །བསམས་པ་ལས་བྱུང་བས་ནི་དོན་གྱི་སྒོ་ནས་བདེན་པ་འདི་ནི་འཕགས་པ་རྣམས་ཀྱི་ཡིན་ཏེ་དེ་བས་ན་འཕགས་པའི་བདེན་པ་ཡིན་ན་སྙམ་ནས་འཆད་པར་བྱེད་དོ། །དེ་ལ་ཆོས་ཉིད་ཀྱིས་ཀྱང་དེ་ཁོ་ན་ཉིད་ཀྱི་དོན་དུ་བདེན་ལ། མོས་པའི་སྒོ་ནས་ ཀྱང་བདེན་ཏེ། གང་དེ་ཁོ་ནའི་དོན་དེ་ལ་བདེན་པར་མོས་པ་ཡིན་ནོ། །དེ་ལ་བྱིས་པ་རྣམས་ནི་ཆོས་ཉིད་ཁོ་ནའི་སྒོ་ནས་བདེན་པ་ཡིན་གྱི་མོས་པའི་སྒོ་ནས་ནི་མ་ཡིན་ནོ། །འཕགས་པ་རྣམས་ནི་གཉིས་ཀའི་སྒོ་ནས་བདེན་པ་ཡིན་ཏེ། དེ་བས་ན་འདི་ནི་འཕགས་པའི་བདེན་པ་ཞེས་བྱའོ། ། དེ་ལ་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་བདེན་པ་རྣམས་ལ་བདག་ཉིད་ཀྱིས་མངོན་སུམ་དུ་བདེན་པ་ཤེས་པ་ཐོབ་པ་ནས། ཤེས་ནས་དད་པ་ཐོབ་པ་ཡིན་ཏེ། དེ་བས་ན་བདེན་པ་རྣམས་དང་། དཀོན་མཆོག་རྣམས་ལ་སོམ་ཉི་མེད་དེ། བདེན་པ་ཤེས་པ་དང་། ཤེས་ནས་དད་ པས་གཅིག་ལ་གཅིག་བརྟེན་ཅིང་། གཅིག་གང་ན་ཡོད་པ་དེ་ན་ཅིག་ཤོས་ཀྱང་ཡོད་པའི་ཕྱིར་རོ། །བདེན་པ་ཤེས་པ་དང་བྲལ་ཞིང་བདེན་པ་རྣམས་མངོན་པར་རྟོགས་པ་དང་མི་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ནི་ཉེས་དམིགས་བཞི་ཡོད་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། འོག་མའི་ ཆར་འགྲོ་བའི་ངན་སོང་དུ་སྐྱེ་བའི་རྩ་བ་ལས་བྱུང་བའི་འདུ་བྱེད་རྣམས་ལ་མངོན་པར་དགའ་བ་དང་། དེ་དང་ལྡན་པའི་ལས་ཀྱང་བྱས་ནས་ངན་སོང་དག་ཏུ་སྐྱེ་བའི་གཡང་སར་ལྟུང་བ་དང་གཞན་ཡང་འདོད་པ་ན་སྤྱོད་པའི་ལྷ་དང་མི་རྣམས་ཀྱི་ནང་དུ་ཉོན་མོངས་པ་མང་པོས་ཡོངས་སུ་གདུངས་པའི་སྐྱེ་བའི་ རྩ་བ་ལས་བྱུང་བ་རྣམས་ལ་མངོན་པར་དགའ་ལ་དེ་དང་ལྡན་པའི་ལས་ཀྱིས་ཀྱང་དེར་སྐྱེས་ནས་སྐྱེ་བའི་ཡོངས་སུ་གདུང་བ་ཆེན་པོས་ཡོངས་སུ་གདུངས་པ་དང་། གཞན་ཡང་གཟུགས་དང་གཟུགས་མེད་པ་དང་མཚུངས་པར་ལྡན་པའི་མ་རིག་པའི་མུན་པའི་ཀུན་ནས་དཀྲིས་པ་རྣམས་སུ་ སྔ་མ་བཞིན་དུ་སྐྱེ་བའི་རྩ་བ་ལས་བྱུང་བ་ནས་རྒྱས་པར་སྐྱེ་བའི་མུན་པའི་བར་དུ་ཡང་ལྟུང་བར་འགྱུར་བ་དང་། གཞན་ཡང་ཡུལ་གྱི་ལོངས་སྤྱོད་ལས་ཀྱང་ཉམས་ལ། མྱ་ངན་ལས་འདས་པའི་ལམ་ལས་ཀྱང་ཉམས་ཏེ། བར་མ་དོར་འཇིག་རྟེན་གྱི་ལམ་གསུམ་དུ་ལྷུང་བ་བཞིན་དུ་ལྟ་ བའི་མུན་པ་འདི་ལྟ་སྟེ། རྟག་པར་ལྟ་བའམ། ཆད་པར་ལྟ་བའམ། ཚེ་འདི་ལ་མྱ་ངན་ལས་འདའ་བར་ལྟ་བར་ལྷུང་ནས་དེའི་རྒྱུ་དེ་དང་དེའི་རྐྱེན་དེས་ཁམས་གསུམ་གྱི་སྐྱེ་བའི་མུན་པར་ལྟུང་བར་འགྱུར་ཏེ། མ་རིག་པའི་མུན་པས་བསྒྲིབས་པའི་ཕྱིར་བདག་ ཉིད་ཀྱི་ལྟ་བ་བཟུང་བ་ལ་ལོག་པ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་མཐོང་ངོ་། །སྔ་མ་བཞིན་དུ་ཡན་ལག་ལྔས་ཡོངས་སུ་ཟིན་པའི་སྤོང་བ་ལ་ནི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྣང་བར་འགྱུར་བར་རིག་པར་བྱའོ། །བདེན་པ་རྣམས་ལ་མི་མཁས་པ་ཁ་ཅིག་ ནི་ལས་གནག་ལ་རྣམ་པར་སྨིན་པ་ཡང་གནག་པ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་སུ་སྐྱེ་བར་འགྱུར་བར་བྱེད་ཅིང་སོགས་ཏེ། དེ་དག་ལས་དེར་འཕངས་ནས་ཁར་བའི་དྲུང་ལྟ་བུའི་སེམས་ཅན་དམྱལ་བ་རྣམས་དང་། དབུས་ལྟ་བུའི་དུད་འགྲོ་རྣམས་དང་། ཐོར་ཐོ་ལྟ་ བུའི་ཡི་དགས་རྣམས་སུ་ལྟུང་བར་འགྱུར་རོ། །དེ་བཞིན་དུ་ལས་དཀར་ནག་འདྲེས་ལ་རྣམ་པར་སྨིན་པ་ཡང་དཀར་ནག་འདྲེས་པ་བྱས་ཤིང་བསགས་ནས། ལས་འདྲེས་མ་དེས་འཕངས་ཏེ། ཁར་བ་ལྟ་བུར་མི་གཙང་བ་དང་འདྲ་བའི་ངན་འགྲོའམ། གཙང་བ་དང་འདྲ་བའི་བདེ་འགྲོར་ སྐྱེ་བར་འགྱུར་བའམ། དེ་བཞིན་དུ་ལས་དཀར་ལ་རྣམ་པར་སྨིན་པ་ཡང་དཀར་བར་བྱས་ནས། ལས་དེས་འགྲོ་བ་ལྔ་དང་ལྡན་པའི་འཁོར་བའི་ལས་དང་འབྲེལ་པ་དེར་སྐྱེས་ཏེ། ཚེ་ཟད་ཅིང་ལས་ཟད་ནས་ཡང་གཟུགས་དང་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ཏེ། ཕྱིར་ ལོག་ནས་འགྲོ་བ་ལྔ་དང་ལྡན་པའི་འཁོར་བར་འཁོར་ལོ་དུམ་བུ་ལྔ་པ་ལྟ་བུར་ཡོངས་སུ་འཁོར་རོ། །ཁ་ཅིག་ནི་འཇིག་རྟེན་པའི་ལམ་གྱིས་སྲིད་པའི་རྩེ་མོའི་བར་དུ་ཁྱད་པར་དུ་འཕགས་པ་གཞན་དག་ཀྱང་སྟོན་པར་བྱེད་མོད་ཀྱི། འོན་ཀྱང་བསྟན་པ་དེ་ནི་ཡང་དག་པར་ཁྱད་པར་དུ་འཕགས་པར་ བྱེད་པ་མ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱད་པར་དུ་འཕགས་པ་དེ་ལ་ནི་གཅིག་ཏུ་ངེས་པ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་འཕགས་པའི་བདེན་པ་དང་ལྡན་པ་ནི་ཁྱད་པར་དུ་འཕགས་པར་གཅིག་ཏུ་ངེས་པའི་ཕྱིར་ཡང་དག་པར་ཁྱད་པར་དུ་འཕགས་ པར་བྱེད་པའི་བསྟན་པ་ཡིན་པར་རིག་པར་བྱའོ། །ཁ་ཅིག་འཇིག་རྟེན་པའི་སྲིད་པའི་རྩེ་མོ་མན་ཆད་ཀྱི་ཤེས་པས་མཁས་པ་དེ་དག་ནི་ཡང་དག་པར་མཁས་པ་མ་ཡིན་ཏེ། སྔ་མ་བཞིན་ནོ། །བདེན་པ་ཤེས་པས་མཁས་པ་གང་ཡིན་པ་དེ་དག་ནི་ཡང་དག་པའི་མཁས་པ་ཡིན་ཏེ། བདེན་པ་ཤེས་པ་ བཞི་ལས་བདེན་པ་ཤེས་པ་དང་པོ་ནི་བདེན་པ་རྣམས་རིམ་གྱིས་མངོན་པར་རྟོགས་པར་བྱ་བ་ལ་རྩིག་རྨང་ལྟ་བུའོ། །གཉིས་པ་ནི་རྩིག་པ་ལྟ་བུའོ། །གསུམ་པ་ནི་བླ་གབ་ལྟ་བུའོ། །བཞི་པ་ནི་བླ་གབ་ཕྱུར་པོ་ལྟ་བུའོ། །བཞི་པོ་དེ་དག་ནི་ཤེས་རབ་ཀྱི་ཁང་བཟངས་ཆེན་པོའི་སྟེང་དུ་འགྲོ་བ་ལ་ ཐེམ་སྐས་ཀྱི་ཐེམ་པ་བཞི་ལྟ་བུ་ཡང་ཡིན་ནོ། །རྣམ་པར་གྲོལ་བའི་མྱ་ངན་ལས་འདས་པའི་སྐས་རྣམས་ཀྱི་སྐས་ཀྱི་ཐེམ་པ་ནི་ཤེས་པ་དེ་དག་ཉིད་ཡིན་པར་རིག་པར་བྱའོ། །སྲེད་པ་གསུམ་ནི་བདུད་སྡིག་ཅན་གྱི་འཁོར་བའི་རྒྱ་མཚོ་ཆེན་པོར་སྐྱེས་པའི་སྲོག་ཆགས་རྣམས་བཟུང་བའི་རྩོལ་བ་ལྟ་ བུ་ཡིན་ཏེ། བདུད་ཀྱི་རྩོལ་བ་དེ་དག་གིས་ཀྱང་སེམས་ཅན་རྣམ་པ་གསུམ་ནི་གཟུང་བར་མི་ནུས་ཏེ། དེ་དག་ཀྱང་ཆུང་ངུའི་ནི་རྒྱུན་དུ་ཞུགས་པ་རྣམས་སོ། །འབྲིང་ནི་དེ་མ་ཡིན་པའི་སློབ་པ་རྣམས་སོ། །ཆེན་པོའི་ནི་མི་སློབ་པ་རྣམས་སོ། །རྒྱུན་ལས་བཟློག་པའི་ལམ་ལ་ཞུགས་པ་ དང་། ཅི་དགའ་མགུར་བྱར་མེད་པའི་ཕྱིར་རོ། །བདེན་པ་མཐོང་བའི་གང་ཟག་སློབ་པ་དང་དགྲ་བཅོམ་པའི་ནི་ང་རྒྱལ་ལས་གྱུར་པ་དང་། ང་རྒྱལ་ལས་བྱུང་བའི་སྡུག་བསྔལ་སྤངས་པའི་ཕྱིར་སྡུག་བསྔལ་ཉུང་ངུ་ནི་ལུས་ཕལ་ཆེར་ནི་སྤངས་སོ། །ང་རྒྱལ་ལས་བྱུང་བ་ཇི་ལྟ་བ་དེ་བཞིན་དུ་ སྲེད་པས་བསྐྱེད་པ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྐྱེད་པའི་སྡུག་བསྔལ་ཡང་ཉུང་ངུ་ནི་ལུས་ཕལ་ཆེར་ནི་སྤངས་ཏེ། དཔེར་ན་རྡོའི་གསེག་མ་དང་གངས་རི་བཞིན་ཏེ། ང་རྒྱལ་ལས་བྱུང་བ་ནི་དེ་ཙམ་ཞིག་ལུས་པ་ དང་སྤངས་པར་རིག་པར་བྱའོ། །དཔེར་ན་རྫིང་གི་ནང་ནས་ཆུའི་ཐིགས་པ་གཉིས་སམ་གསུམ་ཕྱོགས་གཅིག་ཏུ་བོར་བ་དང་། རྫིང་ཆེན་པོའི་ནང་ན་འདུག་པའི་ཆུ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པའི་སྲེད་པས་བསྐྱེད་པའི་སྡུག་བསྔལ་ལུས་པ་དང་སྤངས་པ་ཡང་དེ་དང་འདྲ་བར་རིག་པར་ བྱའོ། །དཔེར་ན་མཚོ་ཆེན་པོ་དང་ལྟེང་ཀའི་དཔེས་ནི་སྔ་མ་བཞིན་དུ་གཟུགས་ཀྱི་སྲིད་པས་བསྐྱེད་པའི་སྡུག་བསྔལ་ལུས་པ་དང་སྤངས་པར་རིག་པར་བྱའོ། །རྒྱ་མཚོ་ཆེན་པོའི་དཔེས་ནི་སྔ་མ་བཞིན་དུ་འདོད་པ་ན་སྤྱོད་པའི་སྲེད་པས་བསྐྱེད་པའི་སྡུག་བསྔལ་ལུས་པ་དང་ སྤངས་པར་རིག་པར་བྱའོ། །གངས་རི་དང་། གསེར་གྱི་རི་དང་། རི་རབ་དང་། ས་ཆེན་པོའི་དཔེ་དང་། གསེག་མའི་དཔེ་དྲུག་དང་། འཇི་བའི་གོང་བུའི་དཔེས་ནི་ལུས་དང་། ངག་དང་། ཡིད་ཀྱི་ལས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྐྱེད་པའི་ སྡུག་བསྔལ་སྔ་མ་བཞིན་དུ་ལུས་པ་དང་སྤངས་པར་རིག་པར་བྱའོ། །དེ་ལྟར་ན་བདེན་པ་མངོན་པར་རྟོགས་པ་ནི་སྡུག་བསྔལ་ཕལ་ཆེར་དང་བྲལ་ལ་ཉུང་ངུ་ལུས་པའི་ཕྱིར་དོན་ཆེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་སློབ་པའི་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་དེ་ལྟར་ཐོགས་ན་སྐྱེ་བ་བདུན་གྱི་སྡུག་ བསྔལ་ལུས་ཏེ། ངན་སོང་གི་ནི་ཐམས་ཅད་ལས་འདས་སོ། །མི་སློབ་པའི་ནི་ཚེ་འདིའི་ཕུང་པོ་ཙམ་ཞིག་ལུས་ཏེ་གཞན་ཐམས་ཅད་ལས་འདས་སོ། །ལུས་གང་ལ་གནས་པས་བདེན་པ་རྣམས་མངོན་པར་རྟོགས་པར་འགྱུར་བའི་ལུས་དེ་ཡང་དཀོན་ནོ། །མིག་དང་ལྡན་ཞིང་ བདེན་པ་མཐོང་བའི་སློབ་པ་དེ་དག་ཀྱང་དཀོན་ནོ། །ཐོས་པ་ལས་བྱུང་བ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱང་དཀོན་ཏེ། དེས་ན་ཆོས་འདུལ་བ་འདི་གོ་རིམས་བཞིན་དུ་ཀུན་དུ་ཤེས་ཤིང་། རྣམ་པར་ཤེས་ལ་རབ་ཏུ་ཤེས་ཏེ། ཀུན་ཤེས་པས་ནི་ཡིད་ཆེས་ པར་འགྱུར་རོ། །རྣམ་པར་ཤེས་པས་ནི་མོས་པར་བྱེད་དོ། །རབ་ཏུ་ཤེས་པས་ནི་ཆོས་རྣམས་མངོན་པར་རྟོགས་པར་འགྱུར་རོ། །བདེན་པ་མངོན་པར་རྟོགས་པའི་ཚོགས་སུ་གྱུར་པའི་དགེ་བ་ཟག་པ་དང་བཅས་པའི་ཆོས་འདི་ལྟ་སྟེ། མར་འཛིན་པ་ལ་སོགས་པ་དང་། དགེ་ བ་བཅུའི་ལས་ཀྱི་ལམ་དེ་དག་ཀྱང་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ཡང་དཀོན་ནོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་སོགས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ལ་ཐུག་པ་མན་ཆད་ཀྱི་ཆོས་བཅུ་པོ་དེ་དག་ཀྱང་དཀོན་ནོ། །སློབ་པ་དེ་དག་ཉིད་དང་མི་སློབ་པ་དེ་དག་ ཉིད་ཀྱང་དེ་དང་འདྲའོ། །དེ་ལ་བྱས་པ་གཟོ་བའི་སྐྱེས་བུའི་གང་ཟག་ནི་ཕ་མ་ལ་བསྙེན་བཀུར་བྱ་བའི་རིགས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་བསྙེན་བཀུར་བྱེད་དེ། དེ་ལྟར་ན་ཕར་འཛིན་པ་དང་། མར་འཛིན་པ་ཡིན་ནོ། །བདག་ལ་ཕན་པར་འདོད་པའི་སྐྱེས་བུ་གང་ཟག་ནི་ དགེ་སྦྱོང་དང་བྲམ་ཟེ་ཡོན་ཏན་ཅན་གཞན་དག་ལ་ཡོན་གནས་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་ཅི་རིགས་པར་རི་མོ་བྱེད་པ་འདི་ནི་དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་ཡིན་ནོ། །བརྐམ་ཆགས་མེད་པ་དང་། ལེ་ལོ་མེད་པའི་སྐྱེས་བུ་གང་ཟག་ནི་བུ་དང་ ཆུང་མ་དང་བྲན་དང་བྲན་མོ་ལ་སོགས་པ་བུ་སྨད་ཀྱི་འཁོར་ལ་འདི་དག་ནི་བདག་ལ་བརྟེན་པ་སྟེ། བདག་དཔུང་གཉེན་ཡིན་པས་ན་བདག་གི་བདེ་བས་ནི་བདེ་ལ་བདག་གི་སྡུག་པས་ནི་སྡུག་པར་འགྱུར་བ་ཡིན་ནོ་སྙམ་དུ་རིག་ནས། དུས་དུས་སུ་ལེགས་པར་ཟས་དང་གོས་སྦྱིན་པ་དང་། ནད་ཀྱི་གསོས་སྨན་གྱིས་སྡུད་པར་བྱེད་དོ། །དེ་དག་གི་དོན་གྱི་ཕྱིར་བདག་ཉིད་ཀྱང་སྤྲོ་བར་བྱེད་ཅིང་ཉམས་སུ་ལེན་པར་བྱེད་དེ། ཐམས་ཅད་གཞན་ལ་ཡོངས་སུ་མི་ཚོལ་ལོ། །བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡང་ཡིན་ནོ། །དོན་མེད་པར་ཡང་ལོངས་སྤྱོད་རྣམས་ཆུད་ གཟོན་པར་མི་བྱེད་དོ། །གནས་མ་ཡིན་པར་ཡང་སྐོ་བར་མི་བྱེད་དོ། །གནས་མ་ཡིན་པར་ཡང་ཁྲོ་བར་མི་བྱེད་དོ། །ཆེས་རྒན་ཞིང་བླ་མ་ལྟ་བུར་གྱུར་པ་རྣམས་ལ་ཡང་རྗེས་སུ་མཐུན་པར་བྱེད་དོ། །འདི་ནི་རིགས་ཀྱི་རྒན་རབས་ལ་རིམ་གྲོ་བྱེད་པའོ། །བདག་དང་གཞན་རྣམས་ཀྱི་ དོན་ཡང་བྱེད་དེ་ཆོས་བཞིན་དུ་བྱེད་ཀྱི་ཆོས་མ་ཡིན་པས་ནི་མ་ཡིན་ཏེ། དེ་ལྟར་ན་དོན་བྱེད་པ་དང་། བྱ་བ་བྱེད་པ་ཡིན་ནོ། །ཚེ་འདི་ལ་སྡིག་པའི་ལས་བྱས་ན་གཞན་གྱི་ཉེས་པ་འདི་ལྟ་སྟེ། གསོད་པའམ་འཆིང་བའམ་ཆད་པས་གཅོད་པའམ། དམས་པའམ། སྨད་པ་ཡང་ དག་པར་མཐོང་ན་སོ་སོར་བརྟགས་ནས་མི་བྱེད་པ་འདི་ནི་འཇིག་རྟེན་འདིའི་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟའོ། །སྡིག་པའི་ཀུན་དུ་སྤྱོད་པ་བྱས་ན་འཇིག་རྟེན་ཕྱི་མ་ལ་ངན་སོང་གི་སྡུག་བསྔལ་དང་། གཞན་ཡང་ཕོངས་པའི་སྡུག་བསྔལ་མྱོང་བར་འགྱུར་བ་ཡང་དག་པར་མཐོང་ནས་སོ་ སོར་བརྟགས་ཏེ་མི་བྱེད་པ་འདི་ནི་འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བའོ། །དུས་དུས་སུ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡང་དག་པར་བླངས་ཏེ་འདུག་གོ། །བསོད་ནམས་རྣམ་པ་སྣ་ཚོགས་ཀྱང་བྱེད་དེ། འདི་ལྟ་ སྟེ། ནད་གཡོག་བྱ་བ་དང་། དུས་ལ་བབ་ན་ཞལ་ཏ་བྱེད་པ་དང་། དེ་ལྟ་བུ་དང་མཐུན་པའི་བསོད་ནམས་བྱེད་དོ། །ཉིན་ཞག་གཅིག་དང་ཇི་སྲིད་འཚོའི་བར་དུ་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །དེ་བས་ན་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་ལ་བསྙེན་ གནས་ལ་གནས་ཤིང་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་པ་ཞེས་བྱའོ། །ལས་ཀྱི་ལམ་བཅུ་ལས་ཟུང་དང་སུམ་ཕྲུགས་ལ་སོགས་པའི་བྱེ་བྲག་གིས་སྤེལ་མར་སྟོན་ཏེ། འདི་ལྟ་སྟེ། ཐོས་པ་དང་བསམ་པ་གཉིས་ཀྱིས་དེ་དང་ལྡན་པའི་ཡིད་ལ་བྱེད་པའམ་མང་དུ་བྱ་བའི་ ཕྱིར་རོ། །སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་དེ་ནས་ཐར་བར་དཀའ་བ་དང་། བདེ་འགྲོར་སྐྱེས་པ་རྣམས་མྱུར་བ་མྱུར་བར་དེ་དང་བྲལ་བར་འགྱུར་བའི་ཕྱིར་ནི་དལ་བ་ཕུན་སུམ་ཚོགས་པ་དཀོན་པར་རིག་པར་བྱའོ། །དེ་ལ་བདེན་པ་མཐོང་བས་ནི་སྤྱིར་ན་ཡང་དག་པའི་ལྟ་བ་སྐྱེ་བར་ འགྱུར་ཏེ། འདས་པའི་དུས་ན་ནི་སྐྱེས་ཟིན་ཏོ། །དེ་ལྟར་བྱུང་བའི་དུས་ལ་བབ་པ་ན་ནི་སྐྱེས་སོ། །མ་འོངས་པའི་དུས་ན་ནི་ཕྱིས་བསྐྱེད་པར་བྱ་བ་ཡིན་ནོ། །ཀུན་དུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པའི་དོན་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །འཇིག་རྟེན་པའི་གང་ཡིན་པ་དེ་ནི་རྗེས་སུ་ བསྲུང་བར་བྱ་བ་ཡིན་ནོ། །སློབ་པའི་གང་ཡིན་པ་དེ་ནི་ཉོན་མོངས་པ་སྤངས་པའི་འབྲས་བུ་དང་བཅས་ཏེ་རིག་པར་བྱ་བ་ཡིན་ནོ། །མི་སློབ་པའི་གང་ཡིན་པ་དེ་ནི་རང་གི་ཉོན་མོངས་པ་དང་བྲལ་བའི་འབྲས་བུ་དང་བཅས་ཏེ་མངོན་སུམ་དུ་བྱ་བ་ཡིན་ནོ། །ཡང་དག་པའི་ལྟ་བ་ཇི་ལྟ་བ་བཞིན་ དུ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་བར་དུ་ཡང་དེ་དང་འདྲ་བར་རིག་པར་བྱའོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་བཅུ་བདུན་པ། སྤྱི་སྡོམ་ནི། བསྡུས་པའི་དོན་དང་གསུམ་བདུན་བསྡུས། །རང་བཞིན་ཚོར་བ་ཐ་མ་ཡིན། །སྡོམ་ནི། བསྡུས་པ་ཡི་ནི་ དོན་རྣམས་དང་། །རང་གི་རིགས་ཀྱི་དབྱེ་བ་དང་། །འདྲ་བའི་རྗེས་སུ་འཇུག་པ་དང་། །ཆོལ་བ་གསུམ་ནི་ཐ་མ་ཡིན། །མདོར་བསྡུ་ན་ཁམས་ནི་གཉིས་ཡོད་དེ། རང་བཞིན་གྱིས་གནས་པ་དང་། གོམས་པས་ཡོངས་སུ་བརྟས་པའོ། །དེ་ལ་རང་བཞིན་གྱིས་གནས་པ་ནི་ཇི་ལྟར་ ཁམས་བཅོ་བརྒྱད་པོ་འདི་དག་སོ་སོར་ངེས་པར་རྒྱུད་ལ་ཡོད་པའི་ས་བོན་ནོ། །དེ་ལ་གོམས་པས་ཡོངས་སུ་བརྟས་པའི་ཁམས་ནི་དགེ་བའམ་མི་དགེ་བའི་ཆོས་སྔོན་གྱི་སྐྱེ་བ་གཞན་དག་ཏུ་ཀུན་དུ་བརྟེན་པ་གང་ཡིན་པ་དེ་དག་ཡང་དག་པར་གྲུབ་པར་བྱ་བའི་ཕྱིར། ད་ལྟ་ས་བོན་ཡོངས་སུ་བརྟས་ པ་རྟེན་ལ་གནས་པ་ཡིན་ཏེ། དེས་ན་དེ་རྐྱེན་ཆུང་ངུ་ཙམ་ལ་ཡང་དམིགས་ནས་དེས་བཀྲི་ཞིང་དེས་འགྲོ་བར་འགྱུར་རོ། །མདོར་བསྡུ་ན་ཁམས་བཅོ་བརྒྱད་པོ་དམིགས་པ་འདི་དག་ནི་འདིར་ཁམས་རེ་རེ་ཞིང་ཡང་ལས་དང་འགྲོ་བ་དང་སེམས་ཅན་སྣ་ཚོགས་ཀྱི་རྣམ་པའི་བྱེ་བྲག་གིས་ཚད་མེད་ པར་རིག་པར་བྱ་སྟེ། དཔེར་ན་ཆོ་ལོ་རྣམས་ཀྱི་ཆོ་ལོའི་ཕུང་པོ་ཆེན་པོ་ནི་རིགས་གཅིག་པའི་ཕྱིར་ཕུང་པོར་གཏོགས་པའི་ཆོ་ལོ་རྣམས་ལ་གཅིག་ཏུ་བརྗོད་མོད་ཀྱི། ཆོ་ལོ་དེ་དག་ནི་ཚད་མེད་པ་དེ་བཞིན་དུ། ཁམས་རེ་རེ་ཞིང་ཡང་ཚད་མེད་མོད་ཀྱི་རིགས་གཅིག་པའི་ཕྱིར་རེ་རེར་བསྟན་པར་ མཛད་དོ། །ཁམས་དེ་ཡང་མོས་པའི་སྟོབས་ཀྱིས་ཡང་དག་པར་འགྲུབ་པར་འགྱུར་ཏེ། སྔོན་སྡིག་པ་ལ་མོས་པ་ནི་སྡིག་པ་ཅན་ཡིན་ནོ། །དགེ་བ་ལ་མོས་པ་ནི་དགེ་བ་ཡིན་ནོ། །དེ་ཅི་འདྲ་བར་ཡང་དག་པར་འགྲུབ་པར་གྱུར་པ་དེ་ནི། དེ་དང་ཆོས་མཐུན་པ་པའི་སེམས་ཅན་རྣམས་འབའ་ ཞིག་དང་ལྷན་ཅིག་ཏུ་སྤྱོད་ཅིང་དགའ་ལ་གནས་པར་བྱེད་པ་དང་། ལྟ་བ་མཐུན་པར་འཛིན་པ་དང་། དེ་ལ་མོས་པར་བྱེད་དེ། དེ་བས་ན་ཁམས་ཀྱི་སྒོ་ནས་སེམས་ཅན་རྣམས་འདུ་བར་འགྱུར་ཞེས་བྱའོ། །དེ་ལ་ཚངས་པར་སྤྱོད་པ་ཚོལ་བའི་དབང་དུ་བྱས་ནས་དད་པ་ནི་དང་པོར་བརྗོད་ དོ། །དེའི་འོག་ཏུ་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །དེ་ནས་བདག་དང་གཞན་ལ་བརྟེན་ཏེ། ཁ་ན་མ་ཐོ་བ་ཀུན་དུ་སྤྱོད་པས་ངོ་ཚ་བར་འགྱུར་རོ། །དེ་ནས་དགེ་བའི་ཆོས་རྣམས་རྟག་ཏུ་བསྒོམ་པ་ལ་བརྩོན་འགྲུས་རྩོམ་མོ། །བྱས་ནས་ཡུན་རིང་དུ་ལོན་པ་དང་སྨྲས་ནས་ཡུན་ རིང་དུ་ལོན་པ་ཡང་མི་བརྗེད་དོ། །དེ་གཉིས་ལ་བརྟེན་ནས་སེམས་མཉམ་པར་གཞག་གོ། །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདི་ནི་དད་པའི་སྒོ་ནས་གོ་རིམས་བཞིན་དུ་བསླབ་པ་གསུམ་པོ་ལྷག་པའི་ཚུལ་ཁྲིམས་ དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱི་ཚོགས་ཀྱི་ལམ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། གཏོང་བ་དང་། གསོ་སླ་བ་དང་། དགང་སླ་བ་དང་། འདོད་པ་ཉུང་བ་དང་། ཆོག་ཤེས་པ་དང་། བསྡུ་བའི་དངོས་པོ་ བཞིའོ། །གསོ་སླ་བ་ལ་སོགས་པའི་དོན་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ཏེ། དེ་ནི་ཚངས་པར་སྤྱོད་པ་ཚོལ་བ་ཡོངས་སུ་རྫོགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཚངས་པར་སྤྱོད་པ་ཚོལ་བའི་ཁམས་དེ་དང་ལྡན་པའི་སེམས་ཅན་རྣམས་ནི་དེ་དང་མཐུན་པ་རྣམས་ འབའ་ཞིག་དང་འདྲི་བར་བྱེད་ཀྱི། དེ་དང་མི་མཐུན་པའི་ཁམས་དང་ལྡན་པ་རྣམས་དང་ནི་མ་ཡིན་ནོ། །འབྲས་བུ་ནི་རྒྱུ་ལ་རག་ལས་ཀྱི། རྒྱུ་ནི་འབྲས་བུ་ལ་རག་ལས་པ་མ་ཡིན་ཏེ། དེ་བས་ན་མ་རིག་པའི་ཁམས་དང་འབྲེལ་པའི་སྐྱེ་མཆེད་དྲུག་གི་ཁམས་ལ་བརྟེན་ནས་རྟེན་གྱི་བྱེ་ བྲག་གིས་མ་རིག་པའི་འདུས་ཏེ་རེག་པ་རྣམ་པ་སྣ་ཚོགས་འབྱུང་ངོ་། །མ་རིག་པའི་འདུས་ཏེ་རེག་པ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པ་སྣ་ཚོགས་འབྱུང་ངོ་། །མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པ་སྣ་ཚོགས་ ལ་བརྟེན་ནས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ་ནས་རྒྱས་པར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོའི་བར་དུ་ཀུན་འབྱུང་བར་འགྱུར་ཏེ། འདི་ནི་སྲིད་པ་ཚོལ་བའི་སྒོ་ནས་ཁམས་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །མ་ རིག་པའི་ཁམས་དང་འབྲེལ་པའི་སྐྱེ་མཆེད་དྲུག་གི་ཁམས་ཉིད་ལ་བརྟེན་ནས་མ་རིག་པའི་འདུས་ཏེ་རེག་པ་འབྱུང་ངོ་། །མ་རིག་པའི་འདུས་ཏེ་རེག་པ་ལ་བརྟེན་ནས་ཡུལ་ལ་ཚུལ་བཞིན་མ་ཡིན་པའི་མཚན་མ་དང་རྟགས་འཛིན་པའི་འདུ་ཤེས་འབྱུང་ངོ་། །འདུ་ཤེས་དེ་ལ་བརྟེན་ནས་ཡུལ་དེ་ལ་ འདོད་པ་སྐྱེའོ། །འདོད་པ་ལ་བརྟེན་ནས་དེའི་རྗེས་སུ་མཐུན་པའི་ཆོས་ལ་མང་དུ་རྗེས་སུ་རྟོག་པ་འབྱུང་ངོ་། །དེའི་རྗེས་སུ་མཐུན་པའི་ཆོས་ལ་མང་དུ་རྗེས་སུ་རྟོག་པ་ལ་བརྟེན་ནས། གདུང་བ་དང་། མི་དགའ་བ་དང་། ཡིད་མི་བདེ་བ་ལས་གྱུར་པའི་ལུས་དང་སེམས་ཡོངས་སུ་གདུང་བ་ འབྱུང་ངོ་། །དེ་ལ་བརྟེན་ནས་ཡུལ་ཡོངས་སུ་ཚོལ་བ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་ཏེ། འདི་ནི་འདོད་པ་ཚོལ་བའི་སྒོ་ནས་ཁམས་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ།། །།སྡོམ་ནི། གསུམ་དང་བདུན་ནི་བསྡུས་པ་དང་། །འདུ་ཤེས་འཕགས་པ་སྣ་ཚོགས་གཞག ། ནང་དུ་ཡང་དག་འཇོག་པ་དང་། །བྱིས་པ་རྣམས་ནི་ཐ་མ་ཡིན། །ཁམས་ནི་གསུམ་སྟེ། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འགོག་པའི་ཁམས་སོ། །གཞན་ཡང་ཁམས་ནི་བདུན་ཏེ། འོད་དང་། དགེ་བ་དང་། གཟུགས་མེད་པ་བཞི་དང་། འགོག་པའོ། །དེ་ལ་གཟུགས་ཀྱི་ཁམས་ཀྱིས་ནི་འོད་དང་དགེ་བ་བསྡུས་སོ། །གཟུགས་མེད་པའི་ཁམས་ཀྱིས་ནི་གཟུགས་མེད་པ་བཞི་བསྡུས་སོ། །འགོག་པས་ནི་འགོག་པ་ཉིད་བསྡུས་སོ། །དེ་ལ་གཟུགས་ཀྱི་འདོད་ཆགས་ནི་མཐོང་བ་དང་མྱོང་བས་རབ་ཏུ་ཕྱེ་བའི་ཕྱིར་ གཟུགས་ཀྱི་ཁམས་ཐམས་ཅད་དུ་འོད་དང་དགེ་བའི་ཁམས་རྣམ་པར་གཞག་པར་མཛད་དོ། །ཁམས་བདུན་པོ་འདི་རྣམས་ཀྱི་ཡོངས་སུ་ཤེས་པ་ཡང་རིག་པར་བྱའོ། །ཐོབ་པར་བྱ་བའི་ཐབས་ཀྱང་རིག་པར་བྱའོ། །ཐོབ་པ་ཡང་རིག་པར་བྱའོ། །གང་གི་ཕྱིར་ཐོབ་པ་དེ་ཡང་རིག་པར་ བྱའོ། །དེ་ལ་ཁམས་དེ་རྣམས་ནི་རྒྱུ་བཞི་ལས་ཡོངས་སུ་ཤེས་ཏེ། མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་སྒོ་ནས་དགྲ་ཟླ་ཡོད་པ་དང་། ཆུང་ངུ་དང་། ཚད་མེད་པ་དང་། ཡོད་པ་དང་། མེད་པ་དང་། བླ་ན་ཡོད་པ་དང་། བླ་ན་མེད་པའི་ཕྱིར་རོ། །དེ་ལ་མུན་པ་ ལ་བརྟེན་ནས་འོད་ཡོད་དོ། །མི་དགེ་བ་ལ་བརྟེན་ནས་དགེ་བ་དང་། གཟུགས་ཀྱི་རྣམ་པ་ལ་བརྟེན་ནས་ནམ་མཁའ་ཡོད་དེ། འདི་དག་ནི་དགྲ་ཟླ་དང་བཅས་པའི་མི་མཐུན་པའི་ཕྱོགས་ལ་ལྟོས་ནས་འདོགས་ཏེ། དེ་ལ་ལྟོས་ནས་དེ་དག་ཏུ་བློ་འཇུག་པར་འགྱུར་བའི་ཕྱིར་རོ། ། རྣམ་ཤེས་མཐའ་ཡས་ནི་མཐའི་རྣམ་པ་ཆུང་ངུ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་བརྟེན་ནས་ཡོད་དོ། །ཅི་ཡང་མེད་པ་ནི་དངོས་པོ་མེད་པ་ཙམ་གྱི་ཕྱིར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་སྲིད་པ་བླ་ན་མེད་པ། སྲིད་པ་ཐམས་ཅད་ཀྱི་རྩེ་མོ་ལ་ བརྟེན་ནས་ཡོད་དོ། །འགོག་པའི་ཁམས་ནི་འཇིག་ཚོགས་དང་ལྡན་པའི་ཉོན་མོངས་པ་ཐམས་ཅད་སྤངས་པ་ལ་བརྟེན་ནས་ཡོད་དོ། །སྲིད་པའི་རྩེ་མོ་ནི་སྲིད་པའི་ནང་ན་བླ་ན་མེད་པའི་ཕྱིར་རོ། །འགོག་པའི་ཆོས་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པའི་ཕྱིར་རོ། །འདུ་ཤེས་ཀྱི་སྙོམས་པར་ འཇུག་པ་ནི་འདུ་བྱེད་ཅེས་བྱའོ། །དེ་ལ་ཁམས་ལྔ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་འདུ་ཤེས་ཀྱི་སྙོམས་པར་འཇུག་པའི་ཕྱིར། འདུ་བྱེད་ཀྱི་སྙོམས་པར་འཇུག་པས་ཐོབ་པར་བྱ་བ་ཡིན་ཏེ། འདི་ལྟ་སྟེ། འོད་ཀྱི་མཚན་མ་བཟུང་ནས་འོད་དང་བཅས་པའི་འདུ་ཤེས་དང་ལྡན་ པའི་ཏིང་ངེ་འཛིན་སྒོམ་པར་བྱེད་དོ། །དགེ་བ་དང་། ནམ་མཁའ་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་ཡང་དེ་དང་འདྲའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་འདུ་ཤེས་ཆ་ཕྲ་བའི་ཕྱིར་སྲིད་པའི་ནང་ན་ཞི་བ་འདི་དག་ནི་མཆོག་ཡིན་ནོ་སྙམ་པས་མོས་པ་ནི་ མཚན་མ་མེད་པ་ཡིད་ལ་བྱེད་པས་སྙོམས་པར་འཇུག་སྟེ། དེ་བས་ན་དེ་ནི་སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པས་ཐོབ་པར་བྱ་བ་ཡིན་ནོ། །འགོག་པའི་ཁམས་ཀྱང་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང་། མཚན་མ་མེད་པའི་ཁམས་ཡིད་ལ་བྱེད་པས་ན་འཇིག་ཚོགས་ལ་ འགོག་པའི་སྙོམས་པར་འཇུག་པ་མཚན་མ་མེད་པས་ཐོབ་པར་བྱ་བ་ཡིན་གྱི་འདུ་བྱེད་ཀྱི་སྙོམས་པར་འཇུག་པས་ནི་མ་ཡིན་ཏེ། དེ་ལྟར་ན་འདི་དག་ནི་ཐོབ་པར་བྱ་བ་ཡིན་ནོ། །སྙོམས་པར་འཇུག་པ་དེ་དག་ནི་གཟུགས་དང་གཟུགས་མེད་པའི་འདོད་ཆགས་ཡང་དག་པར་བཅོམ་པ་དང་། རྗེས་སུ་ཆགས་པ་མེད་པ་དང་། ཁོང་ཁྲོ་བ་མེད་པ་དང་། རྣམ་པར་གྲོལ་བས་གནས་པ་དང་། གནས་པས་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་ཇི་ལྟར་དགའ་བ་བཞིན་ཐོབ་པ་དང་། ལས་སུ་རུང་བ་དང་། དབང་བྱེད་པ་ཡིན་ཏེ། འདི་ནི་ཁམས་དེ་རྣམས་ཀྱི་ཐོབ་པ་ཡིན་ནོ། །ཐོབ་པ་ ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པར་འགྱུར་བར་བྱེད་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཁམས་དང་པོ་ཐོབ་པས་ནི་རྣམ་པར་ཐར་པ་དང་པོ་དང་གཉིས་པ་ལ་བསམ་གཏན་པར་འགྱུར་རོ། །གཉིས་པས་ནི་རྣམ་པར་ཐར་པ་གསུམ་པ་ལ་བསམ་གཏན་པར་འགྱུར་རོ། །ལྷག་མ་ ལྔས་ནི་གོ་རིམས་བཞིན་དུ་རྣམ་པར་ཐར་པ་ལྔ་ལ་བསམ་གཏན་པར་འགྱུར་རོ། །འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན་རྣམས་ནི་གནས་གསུམ་དུ་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར་སློབ་མ་རྣམས་ལ་ཆོས་སྟོན་ཏེ། ཁ་ཅིག་ལ་ནི་ངན་པ་སྟེ། འདོད་པའི་ཁམས་སུ་མི་སྐལ་བ་ཅན་ཡན་ ཆད་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་མན་ཆད་དུ་སྐྱེ་བར་འགྱུར་བའི་ལམ་སྟོན་པར་བྱེད་དོ། །ཁ་ཅིག་ལ་ནི་འབྲིང་སྟེ། གཟུགས་ཀྱི་ཁམས་སུ་ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པ་ལྟ་བུ་དང་། ཁ་ཅིག་ལ་ནི་གྱ་ནོམ་པས་ཏེ། གཟུགས་མེད་པའི་ཁམས་སུ་འདུ་ཤེས་མེད་འདུ་ ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་སྐྱེ་བར་འགྱུར་བའི་ལམ་སྟོན་པར་བྱེད་དོ། །དེ་དག་གི་ཁམས་ངན་པ་ལ་བརྟེན་པ་དེ་ནི་ངག་ངན་པ་ཡིན་ནོ། །འབྲིང་ལ་བརྟེན་པ་ནི་འབྲིང་ངོ་། །གྱ་ནོམ་པ་ལ་བརྟེན་པ་ནི་གྱ་ནོམ་པའོ། །དེ་དག་གི་སློབ་མ་ཆོས་དེ་ཐོས་ནས་དེ་བཞིན་དུ་འཛིན་པ་གང་ཡིན་ པ་དེ་ནི་དེ་དག་གི་འདུ་ཤེས་ངན་པ་དང་འབྲིང་དང་གྱ་ནོམ་པའོ། །ཇི་ཙམ་དུ་འཛིན་པ་དེ་ཙམ་དུ་དེ་དག་གིས་བཟོད་པ་དང་། འདོད་པ་གང་ཡིན་པ་དེ་ནི་དེ་དག་གི་ལྟ་བ་ངན་པ་དང་འབྲིང་དང་གྱ་ནོམ་པའོ། །དེ་དག་དེ་ལྟར་བཟོད་པར་གྱུར་ཅིང་དེ་ལྟར་ལྟ་བར་གྱུར་པས་སྐྱེ་བའི་གནས་དེ་དང་དེ་དག་ཏུ་ བདེ་བ་དང་མཆོག་ཡིན་པར་མོས་ནས། དེ་དང་ལྡན་པའི་ལས་བྱེད་པ་དེ་ནི་དེ་དག་གི་སེམས་པ་ངན་པ་དང་འབྲིང་དང་གྱ་ནོམ་པའོ། །དེ་དག་གིས་ལས་དེ་བྱས་ནས་སྐྱེ་བ་དེ་དོན་དུ་གཉེར་བར་བྱེད་དོ། །དེ་ནི་དེ་དག་གི་དོན་དུ་གཉེར་བ་ངན་པ་དང་འབྲིང་དང་གྱ་ནོམ་པའོ། །དེ་དག་གིས་དེ་ དོན་དུ་གཉེར་བ་ན་ཚངས་པར་སྤྱོད་པ་ལ་གནས་པ་དེ་དེར་ཡོངས་སུ་སྔོ་བར་བྱེད་དེ། དེ་ནི་དེ་དག་གི་སྨོན་ལམ་ངན་པ་དང་འབྲིང་དང་གྱ་ནོམ་པའོ། །སྟོན་པ་པོ་གང་ཡིན་པ་དང་། ནན་ཏན་དུ་སྒྲུབ་པ་པོ་གང་ཡིན་པའི་གང་ཟག་དེ་གཉིས་ཀྱང་ངན་པ་དང་འབྲིང་དང་གྱ་ནོམ་པར་རིག་པར་བྱའོ། །སྟོན་ པ་པོ་དེ་དང་། ནན་ཏན་དུ་སྒྲུབ་པ་པོ་དེ་དག་ཀྱང་གཞན་རྣམས་ལ་ངན་པ་དང་འབྲིང་དང་གྱ་ནོམ་པ་རྗོད་པར་བྱེད་དེ། དེ་དག་ཀྱང་དེ་དང་འདྲ་བ་ཉིད་དུ་སྐྱེ་བར་འགྱུར་རོ། །གོང་ནས་གོང་དུ་སྐྱེ་བའི་ཁྱད་པར་ལ་ལྟོས་ནས་དེ་དག་གི་ཁམས་ངན་པ་དང་འབྲིང་དང་གྱ་ནོམ་པ་རྣམ་ པར་གཞག་གི་མྱ་ངན་ལས་འདས་པ་ལས་ལྟོས་ན་ནི་ཁམས་རྣམ་པ་གསུམ་ཆར་ཡང་ངན་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་ནི་ཡང་དག་པའི་གྱ་ནོམ་པའི་ཁམས་ལ་བརྟེན་ནས་གསུང་བ་ཡང་གྱ་ནོམ་པ་ཁོ་ནའོ། །དེ་མ་ཡིན་པའི་ཆོས་རྣམས་ཀྱང་ཅི་རིགས་པར་རིག་པར་བྱའོ། ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེ་ལ་ནན་ཏན་དུ་སྒྲུབ་ཅིང་མངོན་པར་རྟོགས་པར་བྱེད་པ་གང་ཡིན་པ་དེ་དག་གི་བགྲོད་པ་གང་ཡིན་པ་དེ་དག་ནི་འཕགས་པ་རྣམས་ཀྱི་ཡིན་ཏེ། འདི་ལྟ་སྟེ། ཚེ་འདི་ལ་མྱ་ངན་ལས་འདའ་བའོ། །དེ་ལ་སྔོན་མུ་སྟེགས་ཅན་དུ་གྱུར་ པ་ལས་འཆི་བའི་དུས་བྱས་ནས་འདིར་སྐྱེས་ཏེ་ནར་སོན་པའི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་གང་ཡིན་པ་དེ་ནི་སྔོན་གྱི་མུ་སྟེགས་ཅན་གྱི་ལྟ་བ་དེ་ཉིད་ཀྱིས་ཀུན་དུ་རྨོངས་པས་ད་