Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 131

Văn bản gốc(Tây Tạng)

Trang 15 / 21 (50.000 ký tự/trang)
་པ་ཐོབ་པར་འགྱུར་ཏེ། གནས་པ་ཐམས་ཅད་ལས་ཀྱང་ཡོངས་སུ་ཐར་བར་འགྱུར་ལ་དེ་ལ་གནས་ན་མཐར་ཐུག་ཅིང་སྡུག་བསྔལ་གྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་
ལ་རབ་ཏུ་བྱུང་བ་ནི་རྒྱུ་བདུན་གྱིས་བསླབ་པ་ཕུལ་ནས་ཉམས་པར་འགྱུར་བའི་རྒྱུར་འགྱུར་ཏེ། བདུན་གང་ཞེ་ན། སོ་སོའི་སྐྱེ་བོ་ཡིན་ལ་སོ་སོའི་སྐྱེ་བོའི་ས་ལས་མ་འདས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་ཆོས་ཅན་ལན་ལྔར་བསྒྱུར་བ་ཡང་དག་པར་མི་ཤེས་པ་དང་།
སོ་སོའི་སྐྱེ་བོར་གྱུར་པ་འདོད་པ་རྣམས་ལ་ཉེས་དམིགས་ཆེན་པོར་མ་མཐོང་བ་དང་། རྒྱུ་ཞིང་འགྲོ་བ་དང་གནས་ཤིང་འདུག་པ་ན་བག་མེད་པར་བྱེད་དེ་ཆགས་པར་འགྱུར་བའི་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་མཚན་མ་འཛིན་པར་བྱེད་པ་དང་། དྲན་པ་མི་གནས་པའི་ཕྱིར་
དགེ་བའི་ཕྱོགས་ཀྱི་ཚེར་མ་ལྟ་བུའི་རྟོགས་པ་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་པ་དང་། སྙིང་སྟོབས་ཅན་མ་ཡིན་ཏེ། དེ་རྒྱལ་པོའམ་དབང་ཡོད་པ་འགའ་ཞིག་གིས་བཀུག་ན་འཇིགས་པས་འགྲོ་བ་དང་། སྲེད་པའི་ངང་ཅན་ཉེ་དུ་ལ་ལྟ་བ་ཡིན་ཏེ། དེ་བོས་ན་སྲེད་པས་
འགྲོ་བ་དང་ཆགས་པར་འགྱུར་བ་དང་། ཞེ་སྡང་བར་འགྱུར་བ་དང་། གཏི་མུག་པར་འགྱུར་བའི་ཡུལ་ལ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དྲག་པོ་སྐྱེད་པར་བྱེད་པ་དང་། སེམས་ཀྱི་རྒྱུད་དེ་ལ་རྗེས་སུ་འབྲེལ་པ་དང་དམའ་བ་ལ་མོས་པ་ཡིན་ཏེ། འདི་ལྟ་སྟེ། ངེས་པར་
འབྱུང་བ་དང་། དབེན་པ་དང་། མྱ་ངན་ལས་འདས་པ་རྒྱ་ཆེན་པོ་ལ་མ་དད་པའོ། །དེ་ཡང་དམའ་བ་ལ་མོས་པས་སེམས་ཡུལ་ལ་གཞོལ་བར་འགྱུར་རོ། །ཕ་མ་ལ་སོགས་པའི་རྫས་ཐམས་ཅད་ལ་མི་ལྟ་བས་དབེན་པ་ལ་གཞོལ་བར་མི་བྱེད་དོ། །འཕགས་པའི་ལམ་
ཡན་ལག་བརྒྱད་ལ་མོས་པས་ངེས་པར་འབྱུང་བ་ལ་གཞོལ་བར་མི་བྱེད་དོ། །དེའི་འབྲས་བུ་ཉོན་མོངས་པ་སྤོང་བ་ལ་མོས་པས་མྱ་ངན་ལས་འདས་པ་ལ་གཞོལ་བར་མི་བྱེད་དོ། །ཟག་པ་ཐམས་ཅད་ནི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་

གནས་གཉིས་ཀྱིས་བསྡུས་ཏེ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། དམིགས་པ་ནི་ཟག་པའི་གནས་ཀྱི་ཆོས་ཞེས་བྱའོ། །དེ་ལ་སློབ་པའི་བསྒོམ་པས་སྤང་བར་བྱ་བའི་ཟག་པ་ཀུན་ནས་སློང་བར་བྱེད་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་
བྱེད་པ་དང་དམིགས་པ་ཤེས་རབ་ཀྱིས་རྟོགས་ལ་སྤངས་པ་ནི་མ་སྤངས་པའི་ཕྱིར་ཟག་པའི་གནས་ཀྱི་ཆོས་དེ་ལ་སེམས་ཞི་བར་འགྱུར་རོ། །བརྗེད་ངས་པའི་དབང་ལས་གྱུར་པའི་ཀུན་ནས་དཀྲིས་པ་ཞན་པའི་ཕྱིར་ནི་བསིལ་བར་མ་གྱུར་ཅིང་ཚངས་པར་མ་གྱུར་ཏོ། །མཐོང་བས་
སྤང་བར་བྱ་བ་ཀུན་ནས་སློང་བའི་ཟག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པས་ནི་བསིལ་བར་གྱུར་པ་ཡིན་ནོ། །ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་ནི་ཚངས་པར་གྱུར་པ་ནི་མ་ཡིན་ནོ། །དམའ་བ་ལ་མོས་པ་སོ་སོའི་སྐྱེ་བོ་དེ་ནི་ཟག་པའི་གནས་ཀྱི་ཆོས་རྣམས་ལ་
ཞི་བ་ཉིད་དུ་མ་གྱུར་པས་བསིལ་བར་མ་གྱུར་ཅིང་ཚངས་པར་མ་གྱུར་ཏེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནི་རྒྱུ་བདུན་པོ་འདི་དག་གིས་བསླབ་པ་ཕུལ་ནས་ཉམས་པར་འགྱུར་བའི་རྒྱུར་འགྱུར་རོ། །དེ་ལས་བཟློག་པ་དཀར་པོའི་ཕྱོགས་ཀྱི་རྒྱུ་བདུན་
པོ་དེ་དག་གིས་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་བསླབ་པ་ཕུལ་ནས་ཉམས་པར་འགྱུར་བའི་རྒྱུར་མི་འགྱུར་རོ། །ཀུན་དུ་ཆགས་པའི་གནས་ནི་བཞི་ཡོད་དོ། །དགེ་སློང་གིས་དེ་དག་ལ་བརྟེན་ན་ལོག་པར་བསྒྲུབ་པ་རྣམ་པ་བཞིར་འགྱུར་བར་རིག་པར་
བྱ་སྟེ། བཞི་གང་ཞེ་ན། འདི་ལ་དགེ་སློང་ནང་གི་སྐྱེ་མཆེད་ལ་སྲེད་པས་ཡང་སྲིད་པར་སྐྱེ་བ་ལ་མངོན་པར་དགའ་ལ་ཚེ་འདི་ལ་མྱ་ངན་ལས་འདའ་བར་འགྱུར་བ་ལ་ནི་མངོན་པར་མི་དགའ་བ་འདི་ནི་ཀུན་དུ་ཆགས་པའི་གནས་དང་པོའོ། །གཞན་ཡང་དགེ་སློང་ཕ་མ་ལ་སོགས་
པ་ཕྱི་རོལ་གྱི་རྫས་སྔར་སྤངས་པ་རྣམས་ལ་ལྟ་ཞིང་སེམས་ཐོགས་པ་འདི་ནི་ཀུན་དུ་ཆགས་པའི་གནས་གཉིས་པའོ། །གཞན་ཡང་འདི་ན་ཁ་ཅིག་ཚེ་འདི་ལ་རྙེད་པ་དང་བཀུར་སྟིས་དགའ་ཞིང་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པ་འདི་ནི་ཀུན་དུ་ཆགས་པའི་གནས་

གསུམ་པའོ། །གཞན་ཡང་འདི་ནི་ཁ་ཅིག་སློབ་པ་གཞི་མཐོང་བ་ཡིན་ཏེ། དེ་ངའོ་སྙམ་པའི་ང་རྒྱལ་ཙམ་ཞིག་ལུས་ལ་ཅུང་ཟད་སྲེད་པ་དང་ལྡན་པ་ལྷག་པར་བཏང་སྙོམས་སུ་བྱས་པས་བག་མེད་པར་གནས་པ་འདི་ནི་ཀུན་དུ་ཆགས་པའི་གནས་བཞི་པའོ། །ལོག་པར་སྒྲུབ་
པ་བཞི་གང་ཞེ་ན། དང་པོ་སྟེ་ཡང་སྲིད་པར་སྐྱེ་བར་འདོད་ཀྱི་ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མི་འདོད་པའི་གང་ཟག་གང་ཡིན་པ་དང་། སློབ་པའི་བག་མེད་པ་གང་ཡིན་པ་སྟེ། དེ་ལྟར་ཀུན་དུ་ཆགས་པའི་གནས་དེ་ནི་དབང་དུ་བྱས་ནས་ཁྱིམ་ན་གནས་པ་
དང་རབ་ཏུ་བྱུང་བ་རྣམས་དང་འདྲེ་བར་གནས་པ་འདི་ནི་ལོག་པར་སྒྲུབ་པ་དང་པོའོ། །ཡང་སྲིད་པར་སྐྱེ་བར་འདོད་པའི་གང་ཟག་ཉིད་ཀྱི་ཡང་སྲིད་པར་སྐྱེ་བར་འདོད་པའི་དབང་དུ་བྱས་ཏེ་སྨོན་ནས་ཚངས་པར་སྤྱད་པ་སྤྱོད་པ་འདི་ནི་ལོག་པར་བསྒྲུབ་པ་གཉིས་པའོ། །ཕྱི་རོལ་གྱི་
རྫས་སྔར་སྤངས་པ་རྣམས་ལ་ལྟ་བ་དང་བཅས་པས་ཀུན་ཏུ་ཆགས་པའི་གནས་དེའི་དབང་དུ་བྱས་ཏེ། བསླབ་པ་ཕུལ་ནས་ཉམས་པར་འགྱུར་བ་འདི་ནི་ལོག་པར་སྒྲུབ་པ་གསུམ་པའོ། །ད་ལྟར་གྱི་དུས་ཀྱི་སྒོ་ནས་རྙེད་པ་དང་། བཀུར་སྟིས་དགའ་བར་འགྱུར་ལ་རྙེད་པ་དང་།
བཀུར་སྟི་ལ་ལྷག་པར་ཞེན་པའི་གང་ཟག་ནི་ཀུན་ཏུ་ཆགས་པའི་གནས་དེའི་དབང་དུ་བྱས་ནས་ཚུལ་ཁྲིམས་འཆལ་བར་འགྱུར་བ་ནས་རྒྱས་པར་ལུང་གོང་ལྟར་ཀུན་དུ་སྤྱོད་པའི་བར་དུ་སྦྱར་ཏེ། དེ་ནི་རྙེད་པ་དང་བཀུར་སྟི་ལ་ལྟ་བ་དེས་བསླབ་པ་ཡང་འབུལ་བར་མི་བྱེད་ལ་གང་གིས་འཆལ་
བའི་ཚུལ་ཁྲིམས་འཆགས་པར་བྱེད་པའི་ཁ་ན་མ་ཐོབ་ལ་ཡང་མི་ལྟ་བ་འདི་ནི་ལོག་པར་སྒྲུབ་པ་བཞི་པའོ། །དགེ་སློང་དོན་ལ་མི་མཁས་པ་ནི་དོན་གཅིག་ལ་ཚིག་གི་རྣམ་པ་སྣ་ཚོགས་སུ་འདུག་པའི་གཏམ་གཞན་དག་ལས་ཐོས་ན་འདི་ལ་གང་བདེན་ཞིག་གུ་སྙམ་དུ་ཡིད་གཉིས་ཟ་ཞིང་མ་
རངས་པར་འགྱུར་རོ། །བཞི་པོ་འདི་དག་ནི་ཡེ་ཤེས་གཟིགས་པ་རྣམ་པར་དག་པས་བརྟག་པའི་སྒོ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་གསུམ་བརྟག་པ་ལ་བརྩོན་པའི་ཚོར་བ་རྣམས་འབྱུང་བའི་རྒྱུ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། རྟེན་དང་། གཞི་

དང་། གནས་ཀྱི་རྒྱུ་ཡང་དག་པར་ཤེས་པ་དང་། དེ་བཞིན་དུ་གནས་པའི་རྒྱུ་ཡང་དག་པར་ཤེས་པ་དང་། དེ་བཞིན་དུ་རྟེན་དང་། དམིགས་པ་དང་། རང་བཞིན་དང་། གྲོགས་ཐམས་ཅད་དང་། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་
ཡིན་བདེ་བ་ཡང་མ་ཡིན་པའི་གནས་ཀྱི་འདུ་བྱེད་རྣམས་ལ་ཡང་དག་པའི་ཤེས་པའོ། །དེ་བཞིན་གཤེགས་པ་ནི་རྒྱུ་གཉིས་ཀྱིས་གང་ཟག་དོན་ལ་མི་མཁས་པ་དང་། ཡིད་གཉིས་ཟ་བ་འདུལ་བར་མཛད་དེ། འདི་ལྟ་སྟེ། ཡིད་གཉིས་སྤངས་པའི་ཕྱིར་ཚིག་དང་། ངེས་པའི་
ཚིག་ཐ་དད་པ་སྟོན་པར་མཛད་ཀྱི་དོན་ཐ་དད་པ་ནི་མ་ཡིན་ནོ། །བསྟན་པའི་དོན་རྒྱས་པར་ཡང་གླེང་བར་མཛད་དེ་དེས་ན་དེས་དོན་མངོན་པར་ཤེས་པར་འགྱུར་རོ། །བསྟན་པ་འདིའི་དོན་རྒྱས་པ་གང་ཞེ་ན། ཚོགས་ཀྱི་ས་ཡན་ཆད་ཟག་པ་ཟད་པ་མན་ཆད་ལ་ནི་བསྟན་པའི་དོན་རྒྱས་པ་
ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་འདུལ་བ་ཐ་མའི་དབང་པོ་ཡོངས་སུ་སྨིན་པ་ལ་གནས་པ་ནི་ཆོས་བདག་མེད་པ་དང་ལྡན་པ་དང་ལེགས་པར་བཟུང་ཞིང་བརྟན་པོར་གྱུར་པ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཡང་དག་པའི་ལྟ་བ་དང་ལྡན་ཏེ། དེ་ལ་བརྟེན་ཅིང་དེ་ལ་
གནས་ནས་གཅིག་པུ་དབེན་པ་ན་འདུག་སྟེ། ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ལ་དམིགས་པ་བཅས་ནས་རྣམ་པར་ཤེས་པའི་གནས་བཞི་པོ་རྣམས་ཀྱི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་སྤང་བའི་ཕྱིར་ལུས་སུ་གཏོགས་པའི་དྲན་པ་ཞི་གནས་དང་ལྷག་མཐོང་
གིས་ཡོངས་སུ་ཟིན་པ་སྒོམ་པར་བྱེད་དེ་ཀུན་དུ་བརྟེན་པའི་རྒྱུས་རྣམ་པར་ཤེས་པའི་གནས་དང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་ཤིང་མངོན་པར་རྟོགས་པ་ཉེ་བར་གྱུར་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་བདེན་པ་རྣམས་ཀྱང་ཁོང་དུ་ཆུད་
པར་འགྱུར་ལ་ཇི་ལྟར་ཐོབ་པའི་ལམ་བསྒོམ་པའི་སྒོ་ནས་ཀྱང་རྗེས་སུ་འགྲོ་ཞིང་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། །རྣམ་པར་ཤེས་པའི་གནས་དང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་པ་དེ་བཞིན་དུ་རྣམ་པར་ཤེས་པའི་གནས་བཞི་པའི་བར་དུ་ཡང་དེ་དང་འདྲ་བར་རིག་པར་

བྱའོ། །སྔ་མ་བཞིན་དུ་དབང་པོའི་སྒོ་མ་བསྡམས་པའི་གང་ཟག་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ལ་མངོན་དུ་ཕྱོགས་པ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་སོ་སོར་བརྟགས་པ་དང་། བསྒོམས་པའི་སྟོབས་དང་། གཉེན་པོ་མེད་པ་ཉོན་མོངས་པ་བྱུང་བ་
དང་དུ་ལེན་པའི་ངང་ཚུལ་ཅན་ལ་ནི་བདུད་ཀྱིས་འདི་ནི་དང་དུ་ལེན་པའི་ངང་ཚུལ་ཅན་ཡིན་ནོ་སྙམ་དུ་རིག་ནས་ཡུལ་རྙེད་པའི་ཚུལ་གྱིས་འོང་བར་འགྱུར་ཏེ། དེས་དེ་ལྟར་ཉོན་མོངས་པ་དང་དུ་ལེན་པའི་ངང་ཚུལ་ཅན་གྱི་གང་ཟག་ལ་འཇུག་པའི་གླགས་དང་དེའི་རྒྱུད་ལ་གནས་པར་འགྱུར་བའི་
དམིགས་པ་རྙེད་པར་འགྱུར་རོ། །དབང་པོའི་སྒོ་མ་བསྡམས་པའི་གང་ཟག་དེ་ཡང་མྱ་ངན་ལས་འདས་པ་ལ་འདུན་པའི་ཤས་ཆུང་ཞིང་འདོད་པའི་ཤས་ཆུང་བས་འདམ་བུ་དང་། རྩྭ་སྐམ་པོའི་ཁྱིམ་དང་འདྲ་སྟེ་དེར་བདུད་ཀྱིས་ཆགས་པར་འགྱུར་བའི་ཡུལ་གྱི་མེའི་རྩྭའི་མགྱོགས་
མེ་བཏང་ན་གནས་ཐོབ་པར་འགྱུར་ཏེ། དེ་ནི་ཀུན་ནས་དཀྲིས་པ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་པ་རྒྱུན་དུ་གནས་པར་བྱེད་པའི་རྒྱུ་གཉིས་ཀྱིས་ཡུལ་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་རོ། །དེ་ཡུལ་གྱི་སྲེད་པ་དེས་ཟིལ་གྱིས་ནོན་ནས་ཡུལ་ཡོངས་སུ་ཚོལ་བར་
བྱེད་ཅིང་མི་དགེ་བ་ལྷག་པར་སྤྱོད་ལ་ལོག་པར་བསྒྲུབ་པ་ན་སྔ་མ་བཞིན་དུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་རོ། །ལོག་པར་བསྒྲུབ་པ་ནི་ལམ་ལོག་པར་འགྲོ་བ་ཡིན་ཏེ། རྒྱུན་ལོག་པར་ཞུགས་པ་ལ་ནི་རྒྱུན་ལོག་པ་ཞེས་བྱའོ། །དེ་ལས་
བཟློག་པའི་དཀར་པོའི་ཕྱོགས་ནི་རྒྱུན་མ་ལོག་པར་རིག་པར་བྱའོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་བཅུ་གཅིག་པ། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའི་ཡང་དག་པར་ནན་ཏན་དུ་བསྒྲུབ་པའི་ལམ་དང་། འབྲས་བུའི་ལམ་ནི་རྣམ་
པ་བརྒྱད་ཀྱིས་བསྡུས་ཏེ། ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་ཤིང་གོང་ན་མེད་པར་རིག་པར་བྱའོ། །བརྒྱད་གང་ཞེ་ན། སྙིང་བརྩེ་བ་དང་། བདག་ཉིད་མངོན་པར་སྤྲོ་བ་དང་། ཆོས་སྤྱོད་པ་བཟོད་པ་དང་། ངེས་པར་འབྱུང་བ་དང་། བདག་ཉིད་ཀྱིས་བདེན་པ་སྤྱོད་པ་

ཡང་དག་པར་རྩོམ་པ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་རྒྱ་ཆེན་པོ་ལེགས་པར་བསྒོམས་པ་མངོན་སུམ་དུ་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཟག་པ་མེད་པ་རྣམས་འཐོབ་པ་ལ་བརྟེན་ནས་བསིལ་བའི་རང་བཞིན་ཐོབ་པ་དང་། བྱང་ཆུབ་ཀྱི་ཡན་
ལག་བསྒོམ་པ་རྣམ་པར་དག་པ་དང་ལྡན་པའི་བསྒོམ་པའི་ལམ་དང་། གནས་དྲུག་བསྒོམ་པ་ཡོངས་སུ་རྫོགས་པ་ལ་བརྟེན་ནས་བླ་ན་མེད་པའི་ཕུན་སུམ་ཚོགས་པ་རྣམ་པ་དྲུག་ཐོབ་པའོ། །དེ་ལ་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་སེམས་ཅན་ལ་སྙིང་
བརྩེ་བས་སེམས་ཡོངས་སུ་བསྒོམས་པས་སྲིད་པའི་ཆུ་ཀླུང་གི་རྒྱུན་ཕྱོགས་སུ་ཁྱེར་ཞིང་བྱིས་པ་རྣམས་རྣམ་པ་ལྔས་སྡུག་བསྔལ་བ་མཐོང་ནས་སྙིང་རྗེ་བར་བྱེད་དོ། །ལྔ་གང་ཞེ་ན། དེས་སྲིད་པའི་ཆུ་ཀླུང་རྟོག་པ་ངན་པའི་མི་སྡུག་པའི་ཆུས་འདུས་ཏེ་རེག་པ་དང་ལྡན་པ་དེ་མཐོང་
སྟེ། ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེའི་མེ་མ་མུར་གྱི་འགྲམ་གཉིས་དང་ལྡན་ལ་ཞབས་སུ་ནི་འདོད་པའི་ཁམས་ཀྱི་སྡུག་བསྔལ་མང་པོ་དང་། གནོད་པ་མང་པོ་དང་ཚེར་མ་སྣ་ཚོགས་བཏིང་བ་དང་། བར་ན་ནི་གཟུགས་ཀྱི་འཇིག་
རྟེན་པའི་ཤེས་རབ་ཀྱི་མིག་མེད་པས་ལྡོངས་པ་དང་། སྟེང་ན་ནི་འཇིག་རྟེན་པའི་ཤེས་རབ་ཀྱི་མིག་ཡོངས་སུ་རྫོགས་ཀྱང་འཕགས་པའི་ཤེས་རབ་ཀྱི་མིག་མེད་པས་མུན་པ་མུན་ནག་ཏུ་གྱུར་པར་ཡང་དག་པར་མཐོང་སྟེ། དེ་ལྟར་སྲིད་པའི་ཆུ་ཀླུང་དེ་རེག་པ་དང་འགྲམ་དང་
ཞབས་དང་བར་དང་སྟེང་གང་གི་སྒོ་ནས་ཀྱང་རབ་ཏུ་མ་ཞི་བར་མཐོང་ནས་དེར་སེམས་ཅན་ལྷུང་བ་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ་བ་གང་ཡིན་པ་འདི་ནི་སྙིང་བརྩེ་བ་ཞེས་བྱའོ། །སྙིང་བརྩེ་བ་དེ་དང་ལྡན་པ་དེ་ནི་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་པའི་ཁྱིམ་དུ་སྐྱེས་ཏེ། ཁྱིམ་པར་འདུག་
བཞིན་དུ་བདག་ཉིད་མངོན་པར་སྤྲོ་བ་སྐྱེས་ནས་གོ་འཕང་གི་མཆོག་རྟོགས་པར་བྱ་སྟེ། བདག་ནི་ཕྱིར་ལྡོག་པར་མི་བྱའོ། །ཚངས་པར་སྤྱོད་པའི་མཆོག་ཏུ་འགྲོའོ་སྙམ་པ་འདི་ནི་དེའི་བདག་ཉིད་ཀྱི་མངོན་པར་སྤྲོ་བ་ཡིན་ནོ། །དེ་ཡང་ཁྱིམ་ནས་མ་བྱུང་བཞིན་དུ་གཅིག་པུ་ལྐོག་དབེན་པར་

སོང་སྟེ་ཤིང་འཛམ་བུའི་གྲིབ་མ་ལ་འདུག་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། དེ་བདག་དང་གཞན་ལ་ཡང་རྒ་བ་དང་། ན་བ་དང་། འཆི་བའི་ཆོས་ཅན་ཡིན་པར་ཡང་དག་པར་རྟོག་ཅིང་བཟོད་པ་འདི་ནི་དེའི་བདག་ཉིད་ཀྱིས་ཆོས་སྤྱོད་པ་བཟོད་པ་ཡིན་ནོ། །དེ་
སྔོན་གྱི་དགེ་བའི་རྩ་བས་བསྐུལ་བ་དང་། ཆོས་སྤྱོད་པ་བཟོད་པ་ལ་མངོན་པར་སྤྲོ་བ་དེའི་དབང་དུ་བྱས་ནས་འདོད་པ་རྒྱ་ཆེན་པོ་སྤངས་ཏེ་ངེས་པར་བྱུང་ནས་ཚངས་པར་སྤྱོད་པ་བཅས་པ་མེད་བཞིན་དུ་རང་ཉིད་ཀྱིས་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཚུལ་ཁྲིམས་དེ་དག་ལ་
བརྟེན་ནས་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་སྙོམས་པར་འཇུག་པ་འདི་ནི་དེའི་ངེས་པར་འབྱུང་བ་ཞེས་བྱའོ། །དེ་མོས་པར་མ་གྱུར་ནས་འཇིག་རྟེན་པའི་ལམ་དེ་བོར་ཏེ། ངེས་པར་འབྱུང་བའི་ཕྱིར་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་བླ་
ན་མེད་པའི་ངེས་པར་འབྱུང་བ་ཐོས་ནས་མོས་པར་རྒྱུད་ཡོངས་སུ་བསྒོམ་པའི་ཕྱིར་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་ནས། སྔ་མའི་རྒ་བ་དང་། ན་བ་དང་། འཆི་བའི་བརྟགས་པ་དེ་འབའ་ཞིག་ལམ་ཡིན་པར་འཛིན་ཅིང་དེ་ཉིད་ལ་བདེན་པའི་རྣམ་པར་བརྟག་པ་རྩོམ་སྟེ། ཀྱེ་མ་འཇིག་
རྟེན་འདི་ནི་ཉམ་ང་བར་ཞུགས་པ་ཡིན་ཏེ། འདི་ལྟ་སྟེ། སྐྱེ་ཡང་སྐྱེ། རྒ་ཡང་རྒ། འཆི་ཡང་འཆི་མོད་ཀྱི་འོན་ཀྱང་སེམས་ཅན་འདི་དག་ནི་རྒ་བ་དང་། འཆི་བའི་གོང་དུ་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ་སྙམ་ནས། དེ་མཐར་གྱིས་རྒ་བ་
དང་། འཆི་བ་ཀུན་འབྱུང་བ་དང་། རྒ་བ་དང་། འཆི་བ་འགག་པ་དང་། རྒ་བ་དང་འཆི་བ་འགག་པར་འགྱུར་བའི་ལམ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་པ་དང་། ཚོགས་ཆེན་པོ་ཡང་དག་པར་བསྒྲུབས་པས་ལྷན་ཅིག་སྐྱེས་པའི་བློས་ཆོས་རྣམས་གནས་པའི་དབྱིངས་
ཡོང་གི་གནས་པ་ལས་བརྩམས་པ་འདི་ནི་དེའི་བདག་ཉིད་ཀྱིས་བདེན་པ་སྤྱོད་པ་ཡང་དག་པར་རྩོམ་པ་ཞེས་བྱའོ། །དེ་གོང་དུ་ཟག་པ་ཟད་པར་བྱ་བ་ལ་སྦྱོར་བར་འདོད་ནས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཟག་པ་ཟད་པར་བྱ་བའི་ལམ་ཐོས་པ་དང་། བསམས་

པས་ཡུན་རིང་པོ་ནས་འདྲིས་པར་བྱས་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་གང་ཡིན་པ་དེ་བསྒོམས་ནས་དེ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པས་མངོན་སུམ་དུ་བྱེད་དེ། དེ་ནི་དེའི་མན་ངག་ལྟ་བུ་ཡིན་ཏེ། དེ་ལ་བརྟེན་ཅིང་དེའི་རྗེས་སུ་སོང་ན་སྟན་
གཅིག་ལ་འདུག་བཞིན་པས་ཟག་པ་ཟད་པ་མན་ཆད་འཐོབ་པར་འགྱུར་ཏེ། འདི་ནི་དེའི་ཡང་དག་པའི་ལྟ་བ་རྒྱ་ཆེན་པོ་ལེགས་པར་བསྒོམས་པ་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །དེ་ཡང་དག་པའི་ལྟ་བ་གདམས་ངག་ལྟ་བུ་དེ་ཉིད་ཀྱི་རྗེས་སུ་སོང་བས་ཐོག་མ་ཁོ་ནར་ཅི་ཡང་མེད་པའི་
སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ཏེ་བདེན་པ་མངོན་པར་རྟོགས་པའི་མོད་ལ་ཟག་པ་མེད་པ་བྱང་ཆུབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པ་མན་ཆད་ཁོང་དུ་ཆུད་པར་འགྱུར་རོ། །མན་ཆད་སྨོས་པས་ནི་སྔ་མ་
ཐམས་ཅད་ཀྱང་རྟོགས་པར་བྱས་པ་ཡིན་ནོ། །དེས་དེ་དག་ཐོབ་པས་ཕྱིར་མི་འོང་བར་འགྱུར་ཏེ། འདི་ནི་ཟག་པ་མེད་པ་བྱང་ཆུབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ཐོབ་པའི་ཕྱིར་དེའི་བསིལ་བའི་རང་བཞིན་ཐོབ་པ་ཞེས་བྱའོ། །དེས་དེ་ལྟར་འཇིག་རྟེན་པའི་བདེ་བ་ཁྱད་པར་དུ་
འཕགས་པ་ཐོབ་ནས་ཟག་པ་མེད་པའི་བདེ་བ་ཐོབ་ཅིང་བསིལ་བའི་རང་བཞིན་ཐོབ་པས་ནི་རིམས་ནད་མེད་པའོ། །འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་དང་ལྡན་པའི་ཉོན་མོངས་པ་དང་བྲལ་བ་དང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་
བས་ན་ཡོངས་སུ་གདུང་བ་མེད་པའོ། །སྲིད་པའི་རྩེ་མོ་དང་ལྡན་པའི་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་ཡང་གཅིག་ཏུ་ངེས་པར་ཟག་པ་མེད་པའི་ལམ་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་གོང་ན་མེད་པས་སྦྱོར་བར་བྱེད་དེ། འདི་ནི་དེའི་བསྒོམ་པའི་ལམ་ཡང་
དག་པར་རྩོམ་པ་བླ་ན་མེད་པ་ཞེས་བྱའོ། །བསྒོམ་པ་དེས་ན་མི་སློབ་པའི་ས་ལ་དེའི་ཆོས་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ལྟ་སྟེ། འཕགས་པའི་རྫུ་འཕྲུལ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། དབང་པོ་ལྔ་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཉོན་

མོངས་པའི་བག་ཆགས་དང་བཅས་པ་མ་ལུས་པ་དང་བྲལ་བ་འཐོབ་པ་དང་། ཚེ་འདི་ལ་བདེ་བར་གནས་པ་བཞི་དང་། འཇིག་རྟེན་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་དང་། ཆོས་བསྟན་པ་ལ་མིང་གི་ཚོགས་དང་།
ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་ལ་ཅི་འདོད་པ་ཐོབ་པ་དང་། དཀའ་བ་མེད་པ་ཐོབ་པའོ། །དེ་ལ་མྱ་ངན་ལས་འདས་པ་ལ་བསམ་པ་རྣམ་པར་དག་པ་ཐོབ་པའི་ཕྱིར་ནི་དད་པའི་དབང་པོ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སེམས་ཅན་གྱི་དོན་བྱ་བ་ལ་མངོན་
པར་སྤྲོ་བ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ་ལ་བརྗེད་ངས་པ་མེད་པའི་ཆོས་ཉིད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ནི་དྲན་པའི་དབང་པོའོ། །འཕགས་པ་དང་ལྷ་དང་ཚངས་པའི་གནས་པ་ཤིན་ཏུ་རྣམ་པར་དག་པའི་
ཕྱིར་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ཤེས་པ་བཅུའི་སྟོབས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ནི་ཤེས་རབ་ཀྱི་དབང་པོ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་གནས་དྲུག་པོ་དེ་དག་བསྒོམ་པ་ཡོངས་སུ་རྫོགས་པར་གྱུར་པའི་རྒྱུས་ཆོས་ཀྱི་རྒྱལ་པོ་ཕུན་སུམ་ཚོགས་པ་རྣམ་པ་
དྲུག་བརྙེས་པའི་རྒྱལ་པོར་འགྱུར་ཏེ། འཕགས་པའི་རྫུ་འཕྲུལ་གྱི་སྒོ་ནས་ནི་ནོར་གྱི་དབང་ཕྱུག་རྒྱ་ཆེན་པོ་ཕུན་སུམ་ཚོགས་པ་བརྙེས་སོ། །དབང་པོ་དག་པའི་སྒོ་ནས་ནི་གནས་པ་ཆེན་པོ་ཕུན་སུམ་ཚོགས་པ་བརྙེས་སོ། །ཉོན་མོངས་པ་སྤངས་པའི་སྒོ་ནས་ནི་རེག་ན་བདེ་བའི་
མལ་སྟན་ཕུན་སུམ་ཚོགས་པ་བརྙེས་སོ། །ཚེ་འདི་ལ་བདེ་བར་གནས་པའི་སྒོ་ནས་ནི་གནས་དང་མལ་སྟན་ལ་གནས་པ་མཆོག་ཏུ་གནོད་པ་མེད་ཅིང་བདེ་བར་གནས་པ་ཕུན་སུམ་ཚོགས་པ་བརྙེས་སོ། །བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་
པར་འཇུག་པའི་སྒོ་ནས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་རྩེ་ཞིང་དགའ་བ་ཕུན་སུམ་ཚོགས་པ་བརྙེས་སོ། །མིང་དང་། ཚིག་དང་། ཡི་གེའི་ཚོགས་ལ་ཅི་འདོད་པ་ཐོབ་པའི་སྒོ་ནས་ནི་གཞན་དག་ལ་ཆོས་ཀྱི་དབང་ཕྱུག་གི་བགོ་བཤའ་བྱ་བ་ཕུན་སུམ་ཚོགས་པ་

བརྙེས་ཏེ། འདི་ནི་དེའི་གནས་དྲུག་བསྒོམ་པ་ཡོངས་སུ་རྫོགས་པ་ལ་བརྟེན་ནས་ཕུན་སུམ་ཚོགས་པ་རྣམ་པ་དྲུག་བརྙེས་པ་ཞེས་བྱའོ། །བཞི་པོ་འདི་དག་ནི་བདག་ཡོངས་སུ་ཚོལ་བར་སྨྲ་བ་སྟེ། སྨྲ་བ་དེ་དག་གིས་འཇིག་ཚོགས་ལ་ལྟ་བ་མ་སྤངས་པ་
རྣམས་བདག་ཡོངས་སུ་ཚོལ་བའི་རྟོག་པ་ཀུན་དུ་སྤྱོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། བདག་གི་བདག་གིས་རང་བཞིན་གང་ཡིན་ཞེས་བྱ་བ་དང་། ཅི་བདག་གི་བདག་རྟག་གམ་མི་རྟག་གམ་ཞེས་བྱ་བ་དང་། ཇི་ལྟར་ནི་རྟག་ཇི་ལྟར་ནི་མི་རྟག་ཅེས་བྱ་བ་དང་། བདག་གི་བདག་
གང་ན་གནས་ཞེས་བྱ་བའོ། །དེ་ཡང་མདོར་བསྡུ་ན་བདག་གི་རྣམ་པ་བཞི་ཡོངས་སུ་ཚོལ་བ་སྟེ། རང་བཞིན་དང་། ཚུལ་དང་། རྒྱུ་དང་། གནས་ཡིན་པར་རིག་པར་བྱའོ། །དེ་ལ་རྣམ་པ་གསུམ་གྱིས་ནི་འདུ་བྱེད་རྣམས་གདགས་སུ་རུང་སྟེ། གདགས་པ་དེ་ཡང་ཕྱིན་ཅི་མ་ལོག་པ་
ཡིན་ནོ། །རྣམ་པ་གཅིག་གིས་ནི་གདགས་སུ་ཡེ་མི་རུང་ངོ་། །དེ་ལ་བདག་གི་རང་བཞིན་གདགས་པ་ནི་སྐྱེ་མཆེད་བཅུ་གཉིས་ལས་བྱུང་བའི་རྣམ་པར་ཤེས་པ་རྣམ་པ་དྲུག་ཚོར་བ་དང་། འདུ་ཤེས་དང་། སེམས་པ་རྣམས་དང་བཅས་པ་སྟེ། དེ་ལས་གུད་ན་མེད་དོ། །བདག་དེ་ནི་
མི་རྟག་སྟེ་སྐྱེ་བ་དང་། རྒ་བ་དང་། འཆི་བའི་ཕྱིར་རོ། །འདུ་བྱེད་དེ་རྣམས་ཀྱང་གང་གི་ཕྱིར་འགྲོ་བ་རྣམས་སུ་ལུས་མངོན་པར་འགྲུབ་པ་ཡོངས་སུ་མ་གྲུབ་པས་ན་སྒྱུ་མ་ལྟ་བུའོ། །འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་སྟེ། རྨོངས་པར་བྱེད་པའི་བདག་ཉིད་ཡིན་པས་ན། སྨིག་
རྒྱུ་ལྟ་བུའི་ཆོས་ཅན་ནོ། །སྐྱེ་བ་དང་། འཇིག་པའི་ཆོས་ཅན་ཡིན་པས་ན་འོང་བ་དང་འགྲོ་བའོ། །སྐད་ཅིག་པ་ཡིན་པས་ན་རེ་ཞིག་པའོ། །ཞིག་གོ་ཅོག་ནི་མྱུར་དུ་དེ་ལས་གཞན་དུ་མཚམས་སྦྱོར་བས་གནས་པ་ཡུན་ཐུང་བའོ། །གང་ནས་ཀྱང་མི་འོང་ལ་གང་དུ་ཡང་མི་འགྲོ་བས་ན་མེད་པ་
ལས་འབྱུང་བ་དང་། ཡོད་པ་ལས་ཕྱིར་འགྲོ་བའོ། །དེ་ཡང་མདོར་བསྡུ་ན་རྣམ་པ་འདི་རྣམས་ཀྱིས་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མི་རྟག་པ་ཉིད་དང་རྒྱུ་དང་བཅས་པ་དང་། སྐད་ཅིག་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མི་རྟག་པ་ཉིད་དང་རྒྱུ་དང་བཅས་པ་བསྟན་ཏེ། དེ་ལྟར་

ན་རྣམ་པ་གསུམ་པོ་འདི་དག་གིས་ནི་བདག་གིས་རང་བཞིན་དང་། ཚུལ་དང་རྒྱུ་ཚུལ་བཞིན་དུ་གདགས་པར་བྱས་པ་ཡིན་ནོ། །འདུ་བྱེད་རྣམས་ལ་བདག་གིས་གནས་གདགས་སུ་ནི་མི་རུང་སྟེ། དེ་ལས་གཞན་པའི་འདུ་བྱེད་པ་མེད་པ་དང་། དེས་ན་བདག་གི་དོན་གཞན་དུ་གྱུར་པ་
མེད་པའི་ཕྱིར་རོ། །དེ་བས་ན་འདུ་བྱེད་རྣམས་ནི་ཀུན་རྫོབ་ཏུ་ཡང་སྟོང་པ་ཡིན་ཏེ། གདགས་སུ་མི་རུང་ན་དོན་དམ་པར་ལྟ་ཅི་སྨོས་ཏེ། དེ་བས་ན་གཅིག་ཏུ་ངེས་པར་སྟོང་པ་རྣམས་ལ་སྟོང་ངོ་སྙམ་པ་ཁོ་ནར་སེམས་ལ་ཚུལ་བཞིན་དུ་ཐོས་པས་བརྡ་སྤྲད་པ་དང་། བསམས་པས་
འཛིན་དུ་གཞུག་པ་དང་། བསྒོམས་པས་ངེས་པར་རྟོག་ཏུ་གཞུག་པས་གོ་རིམས་བཞིན་དུ་མགུ་བར་བྱ་ཞིང་ཡང་དག་པར་མགུ་བར་བྱ་སྟེ་ཡོངས་སུ་མགུ་བར་བྱའོ། །སྡོམ་ནི། འདོད་ཆགས་ཤས་ནི་ཆེ་བ་དང་། །གདམས་ངག་དང་ནི་སྡུག་བསྔལ་གནས། །དཔྱོད་པ་དང་ནི་ང་
རྒྱལ་མེད། །བཀུར་སྟི་བྱ་བའི་འོས་མིན་དང་། །རིག་པ་རྣམ་གྲོལ་བསྒོམ་པ་དང་། །བདག་མེད་པར་ནི་སྨྲ་བ་དང་། །མཉམ་པར་གཞག་དང་ཆོས་མཐོང་དང་། །སྡུག་བསྔལ་བ་ནི་ཐ་མ་ཡིན། །གང་ཟག་ནི་རྒྱུ་གསུམ་གྱིས་འདོད་ཆགས་ཆེན་པོས་ཡུལ་ལ་ཀུན་དུ་སྤྱོད་དེ།
གསུམ་གང་ཞེ་ན། ཉམས་སྟོབས་དང་ལྡན་པ་ཡིན་ཏེ་ཉམ་ཆུང་བ་མ་ཡིན་པ་དང་། བྱད་བཟང་བ་ཡིན་ཏེ་བྱད་ངན་པ་མ་ཡིན་པ་དང་། འདོད་ཆགས་ཀུན་དུ་བསྟེན་པ་ཡིན་ཏེ་འདོད་ཆགས་བཏང་སྙོམས་སུ་བྱས་པ་མ་ཡིན་པའོ། །དེ་ལྟར་གང་ཟག་འདོད་ཆགས་ཤས་ཆེན་པོ་ཡང་གཉེན་པོ་
གསུམ་གྱིས་ཡོངས་སུ་ཟིན་ན་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚངས་པར་སྤྱོད་ཅིང་གནས་པས་སེམས་དུལ་ཞིང་རྣམ་པར་ཞི་བར་འགྱུར་ན། འདོད་ཆགས་ཆུང་ངུ་དང་འབྲིང་ངམ་ཉོན་མོངས་པའི་ཤས་ཆུང་བ་ལྟ་ཅི་སྨོས། གསུམ་གང་ཞེ་ན། དབང་པོའི་སྒོ་བསྡམས་
པ་ལ་བརྟེན་ནས་འདོད་པའི་བསོད་ནམས་ཀྱི་མཐའ་རྣམ་པར་སྤོང་བ་དང་། ཁ་ཟས་ཀྱི་ཚོད་ཟིན་པ་དང་སྲོད་དང་ཐོ་རངས་ལ་མི་ཉལ་བ་ལ་བརྟེན་ནས་བདག་ཉིད་ངལ་བར་བྱེད་པའི་མཐའ་རྣམ་པར་སྤོང་བ་དང་། དྲན་པ་དང་ཤེས་བཞིན་དམ་པ་ལ་བརྟེན་ནས་དབུ་མའི་ལམ་གྱིས་ངེས་པར་

འགྱུར་བའོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཤིན་ཏུ་གནས་པ་ནི་རྒྱུ་ཞིང་འགྲོ་བ་ན་ཡུལ་མངོན་སུམ་དུ་གྱུར་པའི་མཚན་མ་དང་རྟགས་ཉེ་བར་བཟུང་བའི་ཚེ་ཚོར་བ་སྐྱེ་བ་དང་། གནས་པ་དང་། འགག་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཡིན་
པའམ། མཚན་མ་དང་རྟགས་ཉེ་བར་བཟུང་བས་འདུ་ཤེས་རྣམས་སྐྱེ་བ་དང་། གནས་པ་དང་། འགག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཡིན་པ་དང་། དེའི་རྒྱུས་གནས་ན་འདུག་པའི་རྟོག་པ་སྐྱེ་བ་དང་། གནས་པ་དང་། འགག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་
པ་དེ་ལྟ་བུའི་དྲན་པ་དང་ཤེས་བཞིན་གྱི་དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་ཡུལ་ལས་སེམས་ཀུན་དུ་སྲུང་བར་བྱེད་པ་འདི་ནི་དྲན་པ་དང་། ཤེས་བཞིན་དམ་པ་ཞེས་བྱའོ། །གཞན་ཡང་དྲན་པ་དང་ཤེས་བཞིན་དམ་པ་ནི་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དང་། མཚན་
མ་མེད་པ་ཐོབ་པ་དང་། རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ཐོབ་པས་འཕགས་པ་དང་། ལྷའི་གནས་ལ་བརྟེན་ནས་དྲན་པ་དང་ཤེས་བཞིན་དམ་པ་ཡིན་པར་རིག་པར་བྱ་སྟེ། དྲན་པ་དང་ཤེས་བཞིན་དམ་པའི་གནས་དེ་ལས་ཆེས་འདས་པ་གུད་ན་མེད་དོ། །དེ་ལ་འགོག་པའི་
སྙོམས་པར་འཇུག་པ་ལས་ལྡང་བའི་ཚེ་དང་། ལངས་ཏེ་གནས་པ་དང་། སྙོམས་པར་གཞུག་པའི་ཚོར་བ་རྣམས་སྐྱེ་བ་དང་། གནས་པ་དང་། འགག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་དྲན་པ་དང་ཤེས་བཞིན་དམ་པ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པའི་ཚོར་བ་
རྣམས་ཇི་ལྟ་བ་བཞིན་དུ་མཚན་མ་མེད་པའི་སྙོམས་པར་འཇུག་པའི་འདུ་ཤེས་རྣམས་དང་། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་སྙོམས་པར་འཇུག་པའི་རྟོག་པ་རྣམས་དེ་དང་འདྲའོ། །དེ་ལ་ཆོས་ཙམ་འཛིན་པས་ན་དྲན་པ་ཞེས་བྱ་སྟེ། ཚོར་བ་དང་། འདུ་ཤེས་དང་། རྟོག་པ་རྣམས་ལ་
བདག་གམ་བདག་གིར་རྟོག་པ་མེད་དོ། །བྱིས་པ་ནི་ཚོར་བའི་རིག་པ་དང་འདུ་ཤེས་དང་། རྟོག་པ་སྐྱེ་བ་ན་ཡང་། བྱིས་པ་ནི་ཚོར་བ་ལ་སོགས་པའི་ཆོས་དེ་དག་ལ་ཆོས་ཙམ་དུ་འདུ་ཤེས་པར་མི་འགྱུར་ཏེ། དེ་ནི་འདི་ལྟར་བདག་གིས་ཚོར་རོ་སྙམ་དུ་འཛིན་པར་ཟད་དེ་རྒྱས་པར་སྦྱར་རོ། །དེ་བས་ན་དེའི་

དེ་ནི་དྲན་པ་དང་ཤེས་བཞིན་པར་ཡང་མི་འགྱུར་ན་དམ་པར་ལྟ་ག་ལ་འགྱུར། དེ་ལ་དྲན་པ་དང་ཤེས་བཞིན་དམ་པ་ཕྱི་མ་ཤོས་ནི་ཕྱིར་མི་འོང་བའམ་དགྲ་བཅོམ་པའི་ཡིན་པར་རིག་པར་བྱའོ། །སྔ་མ་ཤོས་ནི་ཡིད་ལ་བྱེད་པ་ཐོབ་པའི་སོ་སོའི་སྐྱེ་བོ་བག་མེད་པ་ཡན་ཆད་ལན་ཅིག་ཕྱིར་འོང་བ་མན་
ཆད་ཀྱིའོ། །དེ་བཞིན་གཤེགས་པ་ནི་རྒྱུ་གཉིས་ཀྱིས་ཉིད་ཀྱི་སྐུ་བགྲེས་པ་དང་། བསྙེལ་བ་བརྗོད་པའི་སྒོ་ནས་ལང་ཚོའི་རྒྱགས་པས་མྱོས་ཤིང་བག་མེད་པར་གནས་པ་རྣམས་སྐྱོ་བ་བསྐྱེད་པ་དང་། མ་འོངས་པའི་དུས་ན་དགེ་སློང་འཁོགས་ཤིང་རྒས་པ་དང་། མཐུ་མེད་པ་འབྱུང་བ་
གང་ཡིན་པ་དེ་དག་ཀྱང་ཡིད་ལ་གཅགས་པ་མེད་པར་དགེ་སློང་གསར་བུ་རྣམས་ལ་འཆོལ་བར་འགྱུར་བ་དང་། དགེ་སློང་གསར་བུ་རྣམས་ཀྱང་ཡིད་ལ་གཅགས་པ་མེད་པ་དང་། བག་ཚ་བ་མེད་པར་གཞན་དག་ལ་ཆོས་སྟོན་པར་འགྱུར་བར་བྱ་བའི་ཕྱིར་ཉན་ཐོས་རྣམས་གཞན་དག་ལ་
ཆོས་སྟོན་པར་ཡང་དག་པར་འཛུད་པ་མཛད་དོ། །འདུས་ཤིང་འཁོད་པ་རྣམས་ཀྱི་ཆོས་ཀྱི་གཏམ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། རྣམ་པར་གཏན་ལ་འབེབས་པའི་གཏམ་དང་། བསྟན་པའི་གཏམ་མོ། །དེ་ལ་རྣམ་པར་གཏན་ལ་འབེབས་པའི་གཏམ་ནི་འདྲི་བའི་ཚུལ་གྱིས་ཐེ་
ཚོམ་བསལ་བ་གང་ཡིན་པའོ། །བསྟན་པའི་གཏམ་ནི་ཆོས་ཉན་པ་མི་སྨྲ་བར་འཁོད་པ་རྣམས་ལ་ཆོས་སྟོན་པ་གང་ཡིན་པའོ། །གདམས་ངག་རྗེས་སུ་བསྟན་པ་ནི་རྣམ་པ་བཞིས་མཐུན་པར་བྱེད་པ་ཞེས་བྱ་སྟེ། སྐྱེ་མཆེད་ཀྱི་བྱེ་བྲག་གིས་འདུ་བྱེད་རྣམས་ལ་བདག་མེད་པར་ཤེས་པའི་
ལྟ་བ་རྣམ་པར་དག་པ་དང་། གནས་དང་བཅས་པའི་ཚོར་བ་འགག་པ་ལ་མངོན་པའི་ང་རྒྱལ་མེད་ཅིང་ཞི་བ་ཉིད་དུ་ལྟ་བ་རྣམ་པར་དག་པ་དང་། མ་འོངས་པའི་སྡུག་བསྔལ་ལས་ཡང་དག་པར་འདའ་བར་བྱ་བའི་ལྟ་བ་རྣམ་པར་དག་པ་དང་། ད་ལྟར་བྱུང་བའི་སྡུག་བསྔལ་ལས་ཡང་དག་
པར་འདའ་བར་བྱ་བའི་ལྟ་བ་རྣམ་པར་དག་པའོ། །དེ་ལ་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་དང་། རྣམ་པར་ཤེས་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། སྲེད་པའི་ཚོགས་ཀྱི་བྱེ་བྲག་གིས་བདག་མེད་པར་ཡང་དག་པར་མཐོང་བས་ནི་རྟེན་ཅིང་འབྲེལ་པར་

འབྱུང་བའི་ཚུལ་གྱིས་ལྟ་བ་རྣམ་པར་དག་པ་དང་པོ་སྐྱེད་པར་བྱེད་དོ། །མར་མེ་ལ་བརྟེན་པའི་འོད་དམ། ཤིང་ལ་བརྟེན་པའི་གྲིབ་མ་མེད་ན། དེ་ཡང་མེད་པ་བཞིན་དུ་ནང་དང་། ཕྱི་རོལ་གྱི་སྐྱེ་མཆེད་ཀྱི་རྒྱུ་ལས་བྱུང་བའི་ཚོར་བ་རྣམས་སྐྱེ་མཆེད་རྣམས་མ་ལུས་
པར་འགགས་ན་དེ་དག་ཀྱང་འགག་པར་ཡང་དག་པར་མཐོང་བས་ནི་མངོན་པའི་ང་རྒྱལ་མེད་པའི་མྱ་ངན་ལས་འདས་པ་ལ་ཞི་བར་ལྟ་བ་རྣམ་པར་དག་པ་སྐྱེད་པར་བྱེད་དོ། །ཚེ་འདི་ལ་ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པ་ཐམས་ཅད་སྤོང་བར་ཡང་དག་པར་མཐོང་བས་ནི་ཚེ་ཕྱི་མའི་སྡུག་བསྔལ་
མ་ལུས་པ་ལས་ཡང་དག་པར་འདའ་བར་བྱ་བའི་ལྟ་བ་རྣམ་པར་དག་པ་སྐྱེད་པར་བྱེད་དོ། །བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་གནས་ཀྱི་ཆོས་རྣམས་ལ་ཀུན་དུ་ཆགས་པ་མེད་པ་དང་། ཀུན་དུ་ཞེ་སྡང་བ་མེད་པ་དང་། ཀུན་དུ་གཏི་མུག་
པ་མེད་པར་ཡང་དག་པར་མཐོང་བ་དང་། མཐོང་བའི་ལམ་ལ་དྲན་པ་ཉེ་བར་གཞག་པའི་སེམས་ཤིན་ཏུ་གནས་པར་ཡང་དག་པར་མཐོང་བ་དང་། བསྒོམ་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡང་དག་པར་མཐོང་བ་ནི་འདི་ལྟ་སྟེ། ཟག་པ་ཟད་པར་བྱ་བ་དང་། ཚེ་འདི་ལ་ཀུན་ནས་
ཉོན་མོངས་པ་ཅན་དང་། སྡུག་བསྔལ་བར་གནས་པ་ལས་ཡང་དག་པར་འདའ་བར་བྱ་བའི་ལྟ་བ་རྣམ་པར་དག་པ་སྐྱེད་པར་བྱེད་དོ། །དགེ་སློང་དབང་པོ་རྣམས་མ་བསྡམས་པར་གནས་པ་ནི་ཡུལ་རྣམས་ལ་ཀུན་དུ་ཆགས་པའི་སེམས་དང་། རྣམ་པར་གཡེངས་པའི་སེམས་སུ་འགྱུར་ཏེ།
གནས་ངན་ལེན་ལས་གྱུར་པ་དང་། ཆོས་ལ་ཐེ་ཚོམ་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམ་པ་གཉིས་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ལུས་བསྒོམ་པ་གང་ལ་བརྟེན་ན། ཞི་གནས་ཀྱི་ཡན་ལག་གི་ཚུལ་ཁྲིམས་བསྒོམ་པར་འགྱུར་བའི་ལུས་བསྒོམ་པ་ལ་
བརྩོན་པར་མི་བྱེད་པའི་ཕྱིར་རོ། །ཞི་གནས་ཀྱི་ཡན་ལག་གི་ཚུལ་ཁྲིམས་མ་བསྒོམ་པའི་རྒྱུས་ནི་ལུས་དང་། སེམས་ཤིན་ཏུ་སྦྱངས་པར་མི་འགྱུར་ཏེ། དེས་ན་གནས་ངན་ལེན་གྱི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །ཤིན་ཏུ་སྦྱངས་པ་མེད་ན་ནི་གང་གིས་ཡང་དག་པ་ཇི་ལྟ་

བ་བཞིན་དུ་ཤེས་པར་འགྱུར་བའི་ཏིང་ངེ་འཛིན་ལ་ཡང་རེག་པར་མི་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ན་ནི་སོམ་ཉི་ཅན་དང་། ཐེ་ཚོམ་ཅན་དུ་འགྱུར་རོ། །དེ་སྡུག་བསྔལ་བར་གནས་པ་འདི་གཉིས་ཀྱིས་དབང་པོ་མ་བསྡམས་པའི་ཕྱིར་སྡུག་བསྔལ་བ་དང་བདེ་བ་མེད་པར་གནས་
པ་འདི་ནི་ཚེ་འདི་ལ་དབང་པོ་མ་བསྡམས་པའི་ཉེས་དམིགས་ཡིན་ནོ། །དེ་ལས་བཟློག་པ་ནི་ཕན་ཡོན་ཡིན་པར་རིག་པར་བྱའོ། །དགེ་སློང་འདོད་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་བརྩོན་ཏོ། །ཡང་དག་པའི་སྦྱོར་བའི་ལམ་གྱིས་ཉོན་མོངས་པ་བཀག་པ་ནི་ཅི་བདག་འདོད་པ་
རྣམས་ལ་འདོད་པའི་འདུན་པ་ཡོད་བཞིན་དུ་མ་ཚོར་རམ། འོན་ཏེ་མེད་པ་ཡིན་སྙམ་སྟེ། སྤངས་སམ། མ་སྤངས་སམ། སྡུག་པའི་མཚན་མ་ཡིད་ལ་བྱེད་པས་ངེས་པར་བྱེད་ཅིང་དཔྱོད་པ་ཡིད་ལ་བྱེད་པ་ལ་བརྟེན་ནས་རྟོགས་པར་འདོད་པ་ལས་ཉོན་མོངས་པ་མ་སྤངས་པའི་
ཕྱིར་འདོད་པའི་ཀུན་དུ་རྟོག་པ་ཉོན་མོངས་པའི་གཞི་དང་གནས་སུ་གྱུར་པ་རྣམས་སྐྱེ་བར་འགྱུར་ཏེ། དེ་དག་གིས་འཕྲོག་པ་ལྟར་ན་འདི་དག་ནི་ཉམས་པར་འགྱུར་བར་བྱེད་པ་ཡིན་ནོ་སྙམ་དུ་རིག་ནས་གཏོད་པར་མི་བྱེད་དོ། །གལ་ཏེ་གཏད་པར་གྱུར་ན་ནི་ཏིང་ངེ་འཛིན་ཙམ་ཞིག་ཐོབ་པ་དེ་ལས་ཀྱང་
ཡོངས་སུ་ཉམས་པར་འགྱུར་ན་ཁྱད་པར་དུ་འགྲོ་བར་ལྟ་ག་ལ་འགྱུར། གཏད་ན་ནི་ཉམས་པར་ཡང་མི་འགྱུར་ལ་ཁྱད་པར་དུ་ཡང་འགྲོ་བར་འགྱུར་རོ། །གལ་ཏེ་བརྟག་པ་ཡང་མ་བྱས་ན་ནི་དེ་ལྟར་ན་ཡང་མངོན་པའི་ང་རྒྱལ་དང་བཅས་པའི་ཕྱིར་ཉམས་པར་འགྱུར་རོ། །གང་གི་ཕྱིར་བརྟག་
པ་བྱས་ན་ངེས་པར་རྟོགས་པར་ཡང་འགྱུར་ལ་སེམས་འཕྲོག་ཅིང་འདུས་པ་ཡང་། ཡང་དག་པར་ཡོངས་སུ་ཤེས་ནས་གཏོད་པར་བྱེད་དེ་དེ་བས་ན་ཡོངས་སུ་ཉམས་པར་མི་འགྱུར་རོ། །འདོད་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་བརྩོན་པ་ཇི་ལྟ་བ་བཞིན་དུ་གོང་མ་ཡང་དེ་བཞིན་དུ་རིག་
པར་བྱའོ། །གལ་ཏེ་ལྟ་བ་དྲག་པོས་ཇི་ལྟར་བརྟགས་ཀྱང་འདོད་པ་ཀུན་དུ་རྟོག་པ་རྣམས་མི་སྐྱེ་ན་ནི་དེས་གང་ལ་དམིགས་ན་ཉོན་མོངས་པ་སྐྱེ་བར་འགྱུར་བའི་སྐྱེ་མཆེད་དེ་ཟིལ་གྱིས་ནོན་ཏོ་སྙམ་དུ་ངེས་པར་ཐོབ་པར་འགྱུར་རོ། །དེས་སྐྱེ་མཆེད་དེ་ཟིལ་གྱིས་ནོན་པས་ན་སློབ་པའི་ས་ལས་ཡང་

དག་པར་འདས་ནས། རང་གི་སེམས་ལ་དབང་ཡོད་པས་ན་རྒྱལ་པོ་ལྟ་བུའོ། །བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བས་ན་གཡུལ་ལས་རྣམ་པར་རྒྱལ་བའོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཀྱིས་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཐོབ་པར་འགྱུར་
རོ། །དབང་པོ་དྲུག་པོ་རྣམས་སྔ་མ་བཞིན་དུ་རྣམ་པར་ཞི་བ་རྣམ་པ་ལྔས་རྣམ་པར་མ་ཞི་བའི་སྡུག་བསྔལ་རྣམ་པ་གསུམ་ཡོངས་སུ་འཛིན་པའི་འབྲས་བུ་ཅན་དུ་རིག་པར་བྱའོ། །ཚེ་འདི་ལ་དབང་པོའི་དབང་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་དང་། དེ་བཞིན་
དུ་མི་དགེ་བ་ཀུན་ཏུ་སྤྱོད་པའི་རྒྱུ་ལས་བྱུང་བའི་གཞན་གྱིས་ཉམས་པར་བྱས་པའམ། སྨད་པའམ། གསད་པའམ། བཅིང་བའམ། དེ་ལ་སོགས་པ་ཚེ་འདིའི་སྡུག་བསྔལ་དང་། ཚེ་ཕྱི་མའི་སྐྱེ་བ་དང་། རྒ་བ་དང་། ན་བའི་སྡུག་བསྔལ་དང་། ཚེ་ཕྱི་མའི་སྔོན་བསྒོམས་པ་
ལས་བྱུང་བའི་རྒྱུ་དང་མཐུན་པའི་དབང་པོ་མ་བསྡམས་པ་སྟེ། དེ་ཡང་ཀུན་ནས་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ནོ། །དེ་ལས་བཟློག་པ་ནི་རྣམ་པ་ལྔས་དབང་པོ་རྣམས་རྣམ་པར་ཞི་བར་འགྱུར་ཏེ། སྡུག་བསྔལ་རྣམ་པ་གསུམ་མེད་པར་གྱུར་པའི་འབྲས་བུ་ཅན་
ཡིན་པར་རིག་པར་བྱའོ། །འདི་གཉིས་ནི་ཀུན་རྫོབ་ཀྱི་བྲམ་ཟེ་ཡོན་གནས་ཀྱི་མངོན་པའི་ང་རྒྱལ་ཅན་ཡོན་གནས་སུ་ཁས་འཆེ་བ་རྣམས་ཀྱི་ཡོན་གནས་མ་ཡིན་པའི་རྟགས་ཡིན་ཏེ། དེ་གཉིས་དང་ལྡན་ན་བཀུར་སྟི་བྱ་བའི་འོས་མ་ཡིན་པར་རིག་པར་བྱ་སྟེ། གཞན་ལས་རྙེད་པའམ་
བཀུར་སྟི་བྱུང་ནས་དམ་པོར་ལྷག་པར་ཞེན་པར་འགྱུར་ལ། དབང་པོ་རྒོད་པར་འགྱུར་བ་དང་། དྲོད་མི་ཐུབ་པར་སྣང་བ་གང་ཡིན་པ་དེ་དག་ནི་འདོད་ཆགས་དང་བྲལ་བར་འགྱུར་བའི་སྤྱོད་པས་ཉེ་བར་གནས་པ་མ་ཡིན་ནོ། །ཁྱིམ་དང་བུ་སྨད་ཀྱི་ཚོགས་ཡོངས་སུ་འཛིན་པའི་འདུ་འཛི་ཡོངས་
སུ་ཉོན་མོངས་པ་ཅན་དུ་འགྱུར་བས་བདག་ཉིད་འཚོ་བར་བྱེད་པ་གང་ཡིན་པ་སྟེ། དེ་དག་ནི་དེ་ལྟར་ལོག་པར་ཞུགས་པས་བདག་དང་གཞན་གྱི་དོན་གྱི་སྤྱོད་པ་ཡང་མ་ཡིན་ལ་ཚུལ་ཁྲིམས་དང་ཆོས་སྤྱོད་པ་ཡང་མེད། མཐོ་རིས་སུ་འགྲོ་བའི་དགེ་བ་སྤྱོད་པ་ཡང་མེད། མྱ་ངན་ལས་

འདའ་བར་འགྱུར་བའི་དགེ་བའི་སྤྱོད་པ་ཡང་མེད་དེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཡང་ཁྱད་པར་མེད་པར་རིག་པར་བྱའོ། །དེ་ལས་བཟློག་པས་ནི་ཆོས་འདི་པ་རྣམས་དོན་དམ་པའི་བྲམ་ཟེ་ཡིན་པར་རིག་པར་བྱའོ། །འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་
ནི་སློབ་མ་རྣམས་ལ་ཆོས་བསྟན་པ་ཕལ་ཆེར་ཀླན་ཀ་ཚོལ་བའི་ཕན་ཡོན་ཅན་དང་། གལ་ཏེ་འཛིན་པ་ལས་ཐར་བའི་ཕན་ཡོན་ཅན་ཡིན་ཏེ། དེ་ཡང་ཡང་དག་པར་ན་དོན་མེད་པ་དང་ཕན་ཡོན་མེད་པར་རིག་པར་བྱ་སྟེ། བདག་ལ་ཕན་པར་འགྱུར་བ་ཡང་མ་ཡིན་གཞན་ལ་ཕན་པར་
འགྱུར་བ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ཉན་ཐོས་རྣམས་ལ་ཆོས་བསྟན་པ་རིག་པ་དང་རྣམ་པར་གྲོལ་བའི་འབྲས་བུའི་ཕན་ཡོན་ཅན་ཡིན་ཏེ། འབྲས་བུ་ཆེ་ཞིང་ཕན་ཡོན་ཆེ་ལ་བདག་དང་གཞན་ལ་ཕན་པ་ཡིན་པར་རིག་པར་བྱའོ། །དེ་ལ་དུས་གསུམ་དུ་མཆོག་ཏུ་ཀུན་ཏུ་
རྨོངས་པ་མེད་པར་གནས་པའི་དོན་གྱིས་དམིགས་པ་རྣམ་པ་གསུམ་གྱི་བྱེ་བྲག་གིས་ན་རིག་པ་གསུམ་ལ་རིག་པ་ཞེས་བྱའོ། །དེ་ལ་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ནི་སྲིད་པ་དང་། མ་རིག་པའི་རྩ་བ་ཅན་གྱི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་
རྣམ་པར་གྲོལ་བ་ཞེས་བྱའོ། །རིག་པ་དང་རྣམ་པར་གྲོལ་བ་མ་ཐོབ་པ་དེ་ཐོབ་པར་བྱ་བའི་ཕྱིར་ནི་ལམ་རྣམ་པ་བཞི་བསྒོམ་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། དབང་པོ་བསྒོམས་པས་ལུས་བསྒོམ་པ་དང་། ལུས་བསྒོམས་པས་དྲངས་པའི་ལེགས་པར་སྤྱོད་པ་སྟེ། ཚུལ་ཁྲིམས་བསྒོམ་
པ་གང་ཡིན་པ་དང་། ཚུལ་ཁྲིམས་བསྒོམས་པས་དྲངས་པའི་དྲན་པ་ཉེ་བར་གཞག་པའི་བྱང་ཆུབ་ཀྱི་ཡན་ལག་བསྒོམས་པས་སེམས་དང་། ཤེས་རབ་བསྒོམ་པ་གང་ཡིན་པའོ། དེ་ལ་དབང་པོ་བསྒོམ་པ་ནི་རྣམ་པ་གསུམ་སྟེ། འཇིག་རྟེན་པའི་དང་། སློབ་པའི་དང་། མི་སློབ་
པའི་སྟེ། གལ་ཏེ་སོ་སོར་བརྟགས་པའི་སྟོབས་ལ་བརྟེན་ཏེ་སྡུག་པ་དང་མི་སྡུག་པའི་ཡུལ་ལས་ཚུལ་བཞིན་མ་ཡིན་པའི་མཚན་མ་བཟུང་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་མི་བསྐྱེད་པའམ་སྐྱེས་ཟིན་པ་སེལ་བར་བྱེད་པ་འདི་ནི་འཇིག་རྟེན་པའི་བསྒོམ་པའོ། །བདེན་པ་རྟོགས་པ་དེའི་

བརྗེད་ངས་པ་ལས་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། གཉི་ག་སྐྱེ་བས་སེམས་ཡོངས་སུ་གཏུགས་ཏེ་མི་འདུག་ལ། མྱུར་བ་ཁོ་ནར་ཀུན་ནས་ཉོན་མོངས་པ་དེ་ལས་རྣམ་པར་གྲོལ་བར་འགྱུར་བ་གང་ཡིན་པ་འདི་ནི་སློབ་པའི་བསྒོམ་པའོ། །གང་གི་
ཚེ་དེའི་སེམས་དེ་གནས་པ་ཁོ་ནར་འགྱུར་ཏེ། སྔ་མ་བཞིན་དུ་ནང་རྒྱ་མི་ཆུང་ཞིང་ཤིན་ཏུ་རྣམ་པར་གྲོལ་ལ་ལེགས་པར་བསྒོམས་ཉེ། ཐམས་ཅད་ཀྱི་ཐམས་ཅད་དུ་བརྗེད་ངས་པ་ཙམ་གྱིས་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ལ་སོགས་པ་དེ་དག་ལ་བརྟེན་པའི་རྣམ་པས་མཐུན་པར་ཡིད་
མི་འཇུག་པ་འདི་ནི་མི་སློབ་པའི་དབང་པོ་བསྒོམ་པ་ཤིན་ཏུ་ཡོངས་སུ་དག་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་བསྒོམ་པ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དང་པོ་ནི་དབང་པོ་བསྒོམ་པ་དང་པོས་དྲངས་སོ། །གཉིས་པ་ནི་གཉིས་
པས་དྲངས་སོ། །གསུམ་པ་ནི་གསུམ་པས་དྲངས་སོ། །དེ་བཞིན་དུ་ཚུལ་ཁྲིམས་བསྒོམ་པ་དང་། སེམས་དང་ཤེས་རབ་བསྒོམ་པ་ལ་ཡང་རྣམ་པ་གསུམ་གྱིས་འདྲེན་པར་རིག་པར་བྱའོ། །དེ་ལ་ཡུལ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་དང་། སེམས་ཅན་ཕན་
འདོགས་པ་དང་། གནོད་པ་བྱེད་པའི་བྱེ་བྲག་དང་། སེམས་ཅན་ཡོན་ཏན་དང་། སྐྱོན་དང་ལྡན་པའི་བྱེ་བྲག་དང་། སེམས་ཅན་སྙིང་དུ་སྡུག་པ་དང་སྙིང་དུ་མི་སྡུག་པའི་བྱེ་བྲག་གིས་གཅིག་ཏུ་ངེས་པར་ཡིད་དུ་འོང་བ་དང་། གཅིག་ཏུ་ངེས་པར་ཡིད་དུ་མི་འོང་བ་དང་། འདྲེན་མ་ལས་
ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བར་འགྱུར་བར་རིག་པར་བྱའོ། །དེ་ལ་ཡུལ་གྱི་བྱེ་བྲག་གིས་ནི་ཡུལ་གཅིག་ཏུ་ངེས་པར་ཡིད་དུ་འོང་བ་ཡང་ཡོད། གཅིག་ཏུ་ངེས་པར་ཡིད་དུ་མི་འོང་བ་ཡང་ཡོད། འདྲེན་མ་སྟེ། ཆུང་ཟད་དེའི་ཡིད་དུ་འོང་བ་དང་། ཆུང་ཟད་ཡིད་དུ་མི་འོང་
བ་ཡང་ཡོད་དོ། །དེ་བཞིན་དུ་སེམས་ཅན་ཁ་ཅིག་ནི་གཅིག་ཏུ་ངེས་པར་ཕན་འདོགས་སོ། །ཁ་ཅིག་ནི་གཅིག་ཏུ་ངེས་པར་གནོད་པ་བྱེད་དོ། །ཁ་ཅིག་ནི་ཕན་ཡང་འདོགས་ལ་གནོད་པ་ཡང་བྱེད་དོ། །སེམས་ཅན་ཁ་ཅིག་ནི་གཅིག་ཏུ་ངེས་པར་ཡོན་ཏན་དང་ལྡན་ནོ། །ཁ་ཅིག་ནི་

གཅིག་ཏུ་ངེས་པར་སྐྱོན་དང་ལྡན་ནོ། །ཁ་ཅིག་ནི་ཡོན་ཏན་དང་སྐྱོན་གཉིས་ཀ་དང་ཡང་ལྡན་ཏེ། སེམས་ཅན་གང་དག་ལ་བྱམས་པ་ལས་བྱམས་པ་སྐྱེ་བ་དེ་ནི་གཅིག་ཏུ་ངེས་པར་འདོད་ཅིང་ཡིད་དུ་འོང་བའོ། །གང་དག་ལ་ཞེ་སྡང་བ་ལས་ཞེ་སྡང་སྐྱེ་བ་དེ་ནི་གཅིག་ཏུ་ངེས་པར་ཡིད་དུ་མི་འོང་
བའོ། །གང་དག་ལ་བྱམས་པ་ལས་ཞེ་སྡང་སྐྱེ་བ་དང་། གང་དག་ལ་ཞེ་སྡང་བ་ལས་བྱམས་པ་སྐྱེ་བ་དེ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ཞེས་བྱའོ། །དེ་ལ་ཉེས་པར་སྤྱོད་པའི་ཚེ་འདི་དང་ཕྱི་མའི་ཉེས་དམིགས་ཡང་དག་པར་མཐོང་ན་དེ་ཡོངས་སུ་སྤངས་ནས་ལེགས་པར་
སྤྱོད་པ་སྒོམ་པར་བྱེད་དེ། གནས་དྲུག་དང་ལྡན་པའི་ཐམས་ཅད་ཀྱི་སྒོ་ནས་གཞན་གྱིས་སྨད་པར་འགྱུར་བ་ནི་ཚེ་འདིའི་ཉེས་དམིགས་སོ། །ངན་འགྲོར་འགྲོ་བ་ནི་ཚེ་ཕྱི་མའིའོ། །དེ་ལ་གཞན་གྱིས་སྨད་པ་ནི་མུ་སྟེགས་ཅན་རྣམས་དང་། འཇིག་རྟེན་དང་འཁོར་རྣམས་ལས་སྡིག་ཅན་
དང་། མི་སྙན་པ་དང་། གྲགས་པ་མ་ཡིན་པ་དང་། ཚིགས་སུ་བཅད་པ་མ་ཡིན་པ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་འབྱུང་བ་ཡིན་པར་རིག་པར་བྱའོ། །ལྷག་མ་ནི་ཇི་སྐད་གསུངས་པ་བཞིན་ནོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ན་སོ་སོའི་སྐྱེ་བོའི་ས་ལ་ནི་དྲན་པ་
ཡང་དག་བྱང་ཆུབ་སེམས་ཀྱི་ཡན་ལག་བརྩམས་སོ། །སློབ་པའི་ས་ལ་ནི་སྒོམ་པར་བྱེད་དོ། །མི་སློབ་པའི་ས་ལ་ནི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ན་སྤོང་བའི་ཁམས་མ་ཐོབ་པས་སྤོང་བའི་ཁམས་འདོད་པའི་ཚེ་ནི་དབེན་པ་ལ་བརྟེན་པའོ། །
འདོད་ཆགས་དང་བྲལ་བའི་ཁམས་མ་ཐོབ་པས་དེ་འདོད་པའི་ཚེ་ནི་འདོད་ཆགས་དང་བྲལ་བ་ལ་བརྟེན་པའོ། །འགོག་པའི་ཁམས་མ་ཐོབ་པས་དེ་འདོད་པའི་ཚེ་ནི་འགོག་པ་ལ་བརྟེན་པའོ། །བྱང་ཆུབ་ཀྱི་ཡན་ལག་ཆེས་དམའ་བ་སྒོམ་པ་སྤངས་ནས་གོང་ནས་གོང་དུ་ཆེས་བཟང་བར་བསྒྱུར་
བ་ནི་སྤོང་བས་ཡོངས་སུ་བསྒྱུར་བའོ། །དེ་ལ་དགེ་སློང་དབང་པོ་བསྡམས་པས་ནི་ངོ་ཚ་ཤེས་པ་དང་ལྡན་ཞིང་། ཁྲེལ་ཡོད་པ་དང་ལྡན་ཏེ། དེས་ན་ཉེས་པར་སྤྱོད་པ་འཛེམ་ཞིང་ལེགས་པར་སྤྱོད་པ་སྒོམ་པར་བྱེད་དོ། །དེ་ལྟར་ལེགས་པར་སྤྱད་པ་སྤྱོད་པ་དེ་ནི་འགྱོད་པ་མེད་དོ། །འགྱོད་པ་

མེད་ན་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་དུ་འགྱུར་རོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་གོ་རིམས་འདི་བཞིན་དུ་རིག་པ་དང་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་
འགྱུར་བར་རིག་པར་བྱའོ། །དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་བདག་ཉིད་ཀྱིས་དབང་པོ་མ་བསྒོམས་པར་ཡུལ་ལ་མི་ཕྱོགས་པ་ཙམ་གྱིས་དབང་པོ་རྣམས་བསྡམས་པར་མཐོང་ནས་གཞན་དག་ལ་ཚུལ་བཞིན་མ་ཡིན་པར་དབང་པོ་བསྒོམ་པ་བརྡ་སྤྲོད་པར་བྱེད་དེ། དེ་དག་ཀྱང་རང་གི་སློབ་མ་ལ་
ལྷག་པར་ཞེན་ནས་ཁ་ཅིག་ལ་ནི་རྗེས་སུ་ཆགས་ལ་ཁ་ཅིག་ལ་ནི་ཁོང་ཁྲོ་བར་འགྱུར་ཏེ། འདི་ལྟ་སྟེ། བསྒོམ་པ་ཉམས་སུ་ལེན་པ་དང་། ཉམས་སུ་མི་ལེན་པ་ལས་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་ཀུན་དུ་སྤྱོད་པའི་ཕྱིར་རོ། །བདག་ཉིད་ཀྱི་ཀུན་ནས་ཉོན་མོངས་པའི་ཆ་ཕྲ་བ་དེ་ཡང་
ཤེས་རབ་ཀྱིས་མི་རྟོགས་ཏེ། དེས་ན་བདག་ནི་དབང་པོ་བསྒོམས་པ་ཡིན་ནོ་སྙམ་དུ་རློམ་སེམས་སུ་བྱེད་དོ། །དེ་དག་གི་ལྟ་བ་རུང་བར་འཛིན་པ་གང་ཡིན་པ་དེ་དག་ཀྱང་དབང་པོ་རྣམས་ཡུལ་ལ་ཕྱེ་ནས་གཅིག་པུ་གནས་ཏེ། དམིགས་པ་དེ་ལ་བདག་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་
དང་བྲལ་བ་ཁོང་དུ་མི་ཆུད་དེ། དེ་དག་ནི་དབང་པོ་བསྒོམ་པ་ཡང་མ་ཡིན་ལ་དབང་པོ་བསྒོམ་པའི་ཕྱིར་ཡང་དག་པར་བརྩོན་པ་ཡང་མ་ཡིན་ཏེ། གཞན་གྱི་ཚིག་ལ་མངོན་པར་དད་པ་ཙམ་གྱིས་ལོག་པར་མོས་ཤིང་ལོག་པར་ང་རྒྱལ་བྱེད་པ་ཙམ་དུ་ཟད་དོ། །དེ་བཞིན་གཤེགས་པ་ནི་ཉན་ཐོས་
རྣམས་ལ་ཚུལ་བཞིན་དུ་ཉོན་མོངས་པ་སྤང་བའི་ཕྱིར་དབང་པོ་བསྒོམ་པ་བརྡ་སྤྲོད་པར་མཛད་དེ། གཅིག་ཏུ་ངེས་པར་ཡུལ་ལ་མི་ཕྱོགས་པར་མཛད་པ་མ་ཡིན་ལ། དེ་བཞིན་གཤེགས་པའི་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་ཐུགས་ཤིན་ཏུ་བརྟན་པར་གནས་ཏེ། དེས་ན་ཉན་ཐོས་
རྣམས་ལ་ལྷག་པར་ཞེན་པ་མེད་པས་ཡང་དག་པར་སྒྲུབ་པ་ཡིད་དུ་འོང་བ་ཀུན་དུ་སྤྱོད་པ་དང་། ལོག་པར་སྒྲུབ་པ་ཡིད་དུ་མི་འོང་བ་ཀུན་དུ་སྤྱོད་པའི་སྒོ་ནས་རྗེས་སུ་ཆགས་པའི་ཀུན་ནས་ཉོན་མོངས་པ་དང་། ཀུན་ནས་མནར་སེམས་ཀྱི་ཀུན་ནས་ཉོན་མོངས་པ་འབྱུང་བར་མི་འགྱུར་ཏེ། དེས་

ན་དེ་ནི་ཉན་ཐོས་རྣམས་དང་ཉོན་མོངས་པ་སྤངས་པར་འདྲ་ཡང་དབང་པོ་བསྒོམས་པ་བླ་ན་མེད་པ་ཡིན་ནོ། །དབང་པོ་བསྒོམས་པ་དེ་ཡང་འཁོར་རྣམ་པ་ལྔའི་བྱེ་བྲག་གིས་རྣམ་པ་ལྔར་བསྒྱུར་བར་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ནི་གཅིག་ཏུ་ངེས་པར་ཡང་དག་པར་ཞུགས་པ་
དང་གཏན་དུ་ཡང་དག་པར་ཞུགས་པ་ཡང་ཡོད་དོ། །ཁ་ཅིག་ནི་གཅིག་ཏུ་ངེས་པར་ལོག་པར་ཞུགས་པ་དང་། གཏན་དུ་ལོག་པར་ཞུགས་པ་ཡང་ཡོད་དོ། །ཡང་དག་པར་ཞུགས་ལ་གཏན་དུ་མ་ཡིན་པ་ཡང་ཡོད་དོ། །ལོག་པར་ཞུགས་ལ་གཏན་དུ་མ་ཡིན་པ་ཡང་ཡོད་དོ། །སྣ་མང་
པོ་ཡང་ཡོད་དེ། དེའི་ནང་ནས་ཁ་ཅིག་ནི་ཡང་དག་པར་ཞུགས། ཁ་ཅིག་ནི་བག་མེད་ཁ་ཅིག་ཏུ་བག་མེད་པ་ལ་ཁ་ཅིག་ཏུ་བག་ཡོད་དེ་ཕྱོགས་གཅིག་བྱེད་པ་འདི་ནི་འཁོར་ལྔ་པའོ། །དེ་ལ་དེ་བཞིན་གཤེགས་པའི་ཐུགས་སུ་བྱོན་པ་ནི་འདི་ཡིན་ཏེ། ཉན་ཐོས་ལེགས་པར་གསུངས་
པའི་ཆོས་འདི་ལྟ་སྟེ། དབང་པོ་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་ལ་ཡང་དག་པར་ནན་ཏན་དུ་སྒྲུབ་པར་བྱེད་པ་གང་ཡིན་པ་རྣམས་སོ། །ཐུགས་སུ་མི་བྱོན་པ་ནི་འདི་ཡིན་ཏེ། ལོག་པར་སྒྲུབ་པའམ། ཡང་ནན་ཏན་དུ་མི་སྒྲུབ་པའོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་འཁོར་
སྔ་མ་གཟིགས་ན་ནི་ཐུགས་སུ་བྱོན་པ་སྐྱེ་ལ། གཉིས་པ་གཟིགས་ན་ནི་ཐུགས་སུ་མི་བྱོན་པ་སྐྱེའོ། །གསུམ་པ་གཟིགས་ན་ནི་ཐུགས་སུ་བྱོན་པ་དང་། ཐུགས་སུ་མི་བྱོན་པ་སྐྱེའོ། །བཞི་པ་གཟིགས་ན་ནི་ཐུགས་སུ་མི་བྱོན་པ་དང་། ཐུགས་སུ་བྱོན་པ་སྐྱེའོ། །ལྔ་པ་གཟིགས་ན་ནི་
ཐུགས་སུ་བྱོན་པ་ཡང་སྐྱེ། ཐུགས་སུ་མི་བྱོན་པ་ཡང་སྐྱེ། ཐུགས་སུ་བྱོན་པ་དང་། ཐུགས་སུ་མི་བྱོན་པ་ཡང་སྐྱེའོ། །དེ་བཞིན་གཤེགས་པ་ནི་དེ་ལྟར་རྣམ་པ་ལྔར་བསྒྱུར་བའི་སྒོ་ནས་ཐུགས་སུ་བྱོན་པ་དང་། ཐུགས་སུ་མི་བྱོན་པ་སྐྱེ་མོད་ཀྱི་འོན་ཀྱང་དེ་བཞིན་གཤེགས་པ་ནི་བག་
ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བ་ལ་དབང་པོ་བསྒོམས་པས་ན་རྗེས་སུ་ཆགས་པའི་རྣམ་པ་དང་། ཁོང་ཁྲོ་བའི་རྣམ་པས་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་བ་དང་། དེ་བས་ན་དེ་བཞིན་གཤེགས་པ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པ་དང་།

དེ་ཉིད་ལ་བརྟེན་ནས་དགོངས་པ་ལེགས་པར་གནས་པས་རྣམ་པ་ལྔར་བསྒྱུར་བའི་སྒོ་ནས་ཉན་ཐོས་རྣམས་ལ་ཀུན་ནས་ཉོན་མོངས་པ་མི་འབྱུང་བའི་ཕྱིར་དབང་པོ་བསྒོམ་པ་བླ་ན་མེད་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པ་ནི་རྣམ་པ་ལྔར་བསྒྱུར་བ་ཐམས་
ཅད་དུ་ཅི་རིགས་པར་གཉེན་པོ་རྣམ་པ་གསུམ་ཐུགས་ལ་དགོངས་ཏེ། འདི་ལྟ་སྟེ། མི་རྟག་པའི་འདུ་ཤེས་དང་། བྱམས་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ། དེ་ཡང་ཅི་རིགས་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་དོན་བྱས་པ་མི་སློབ་པ་ནི་དབང་པོ་
བསྒོམ་པ་ཞེས་བྱ་བ་ཡིན་ཏེ། དེ་ནི་ཡུན་རིང་པོ་ནས་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བའི་ཕྱིར་སྔ་མ་བཞིན་དུ་སེམས་ཅན་ནམ་སེམས་ཅན་མ་ཡིན་པའི་ཡུལ་གཅིག་ཏུ་ངེས་པར་འདོད་པའམ། གཅིག་ཏུ་ངེས་པར་འདོད་པ་མ་ཡིན་པའམ། དེ་བཞིན་དུ་འདོད་པ་དང་མི་འདོད་
པའི་སྣང་བ་དང་ཕྲད་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་སྒོ་ནས་མྱུར་བ་མྱུར་བར་མཚན་མ་མེད་པས་དེ་ལས་སེམས་ལྷག་པར་བཏང་སྙོམས་སུ་བྱེད་དེ། སེམས་ཐག་པ་ནས་ཡུལ་ལ་ནི་མི་
མཐུན་པར་འདུ་ཤེས་ལ་མྱ་ངན་ལས་འདས་པ་ལ་ནི་ཞི་བར་ལྟའོ། །གང་དེ་ལྟར་མྱུར་དུ་བཏང་སྙོམས་སུ་གནས་ཤིང་གང་སྐད་ཅིག་ཀྱང་བརྗེད་ངས་པ་ལས་གྱུར་པའི་ཀུན་ནས་ཉོན་མོངས་པའི་སེམས་མི་སྐྱེ་བ་དེ་ཙམ་གྱིས་ན་དབང་པོ་ལེགས་པར་བསྒོམས་པ་ཡིན་པར་རིག་པར་བྱའོ། །སློབ་
པའི་རྒྱུད་ནི་ཉོན་མོངས་པས་འདྲེས་པས་ན་མྱུར་དུ་བཏང་སྙོམས་སུ་གནས་པ་མ་ཡིན་ནོ། །རྣམ་པ་གསུམ་དུ་བསྒྱུར་བ་ཐམས་ཅད་དུ་ཡང་ཉོན་མོངས་པ་ལ་སྡང་བའི་ཕྱིར། ཉོན་མོངས་པ་ཀུན་དུ་སྤྱོད་པས་འཛེམ་ཞིང་མི་མཐུན་པའི་འདུ་ཤེས་དང་ཉེས་དམིགས་ཀྱི་འདུ་ཤེས་ཀྱིས་གནས་ཏེ།
དེ་ལྟར་ཞུགས་པའི་དབང་པོ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་བས་ན་ཡང་དག་པར་ཞུགས་པ་ཞེས་བྱའོ། །དེ་ལྟར་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ནི་སྟོན་པའི་སྒོ་ནས་ཀྱང་མཛེས་ལ་ཉན་ཐོས་རྣམས་ཀྱིས་ཐོབ་པར་བྱ་བའི་དོན་འཐོབ་པ་དང་། ཡང་

དག་པར་ནན་ཏན་དུ་སྒྲུབ་པའི་སྒོ་ནས་ཀྱང་མཛེས་སོ། །བདག་མེད་པར་སྨྲ་བ་སྟོན་པའི་སྒོ་ནས་ཡང་དག་པའི་ལས་སུ་བྱ་བ་གསུམ་བྱེད་པ་ཡིན་ཏེ། གསུམ་གང་ཞེ་ན། སྡུག་བསྔལ་བ་དང་ཀུན་འབྱུང་བའི་བདེན་པས་བསྡུས་པའི་འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་
ཡང་དག་པར་གླེང་བས་བདག་མེད་པར་རྣམ་པར་གཞག་པ་སྟེ། དེ་ལ་སྣ་ཚོགས་མང་པོའི་བདག་ཉིད་ཀྱིས་ནི་རང་གི་མཚན་ཉིད་བརྟག་པ་དང་། སྐྱེ་བ་དང་འཇིག་པ་བརྟག་པས་ནི་སྤྱིའི་མཚན་ཉིད་བརྟག་པ་སྟེ། འདི་ནི་ཡང་དག་པའི་ལས་སུ་བྱ་བ་དང་པོའོ། །གཞན་ཡང་བདག་ནི་
མེད་ལ་རྒྱུ་དང་བཅས་པའི་འདུ་བྱེད་ཙམ་ཞིག་ཡོད་པ་ལ་ཅི་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་བ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གླེང་བ་འདི་ནི་ཡང་དག་པའི་ལས་སུ་བྱ་བ་གཉིས་པ་སྟེ། དེ་ལ་ཚོར་བ་རྣམ་པ་གསུམ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཉོན་མོངས་པའི་བག་
ལ་ཉལ་རྣམ་པ་གསུམ་མ་སྤངས་ཏེ་མཐོང་བའི་ལམ་ལ་ངའོ་སྙམ་པའི་ལྟ་བའི་བག་ལ་ཉལ་ཡང་དག་པར་མ་བཅོམ་པ་དང་བསྒོམ་པའི་ལམ་ལ་ངའོ་སྙམ་པའི་ང་རྒྱལ་གྱི་བག་ལ་ཉལ་ཡང་དག་པར་མ་བཅོམ་པ་དང་ལྟ་བ་དང་ང་རྒྱལ་གྱི་ཕྱོགས་དང་མཐུན་པ་དེ་ཀུན་ནས་སློང་བར་བྱེད་པའི་མ་
རིག་པ་ཡང་མ་སྤངས་ལ་དེའི་གཉེན་པོ་རིག་པ་ཡང་མ་སྐྱེས་པས་ན་སྡུག་བསྔལ་མཐར་བྱེད་པར་མི་འགྱུར་བ་འདི་ནི་ཀུན་ནས་ཉོན་མོངས་པ་ཡང་དག་པར་མཐོང་བ་ཡིན་ནོ། །དེ་ལས་བཟློག་པ་ནི་རྣམ་པར་བྱང་བ་ཡང་དག་པར་མཐོང་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་འདུ་བྱེད་
རྣམས་ལ་བདག་ཏུ་སྒྲོ་འདོགས་པའི་བདག་ཏུ་ལྟ་བ་ཡང་སྤངས་ལ་བདེན་པ་འཛིན་པའི་བདག་མེད་པར་ལྟ་བ་ལ་བརྟེན་ནས་ཇི་ལྟར་རྣམ་པར་བྱང་བར་འགྱུར་བ་དེ་གླེང་བར་བྱའོ། །བདག་མེད་པར་ལྟ་བ་དེ་ཡང་སོ་སོའི་སྐྱེ་བོར་གྱུར་པ་ཁོ་ནས་ལེགས་པར་བཟུང་ན་སློབ་པར་གྱུར་པའི་བདེན་པ་
མངོན་པར་རྟོགས་པའི་འཕགས་པའི་ཤེས་རབ་ཀྱི་མིག་ཐོབ་པར་འགྱུར་རོ། །དེའི་གོང་དུ་མི་སློབ་པར་གྱུར་པའི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཀྱང་ཐོབ་པར་འགྱུར་རོ། །སློབ་པ་དང་མི་སློབ་པའི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤོང་བར་འགྱུར་

རོ། །དེ་བས་འདི་ནི་བདག་མེད་པར་ལྟ་བ་དེའི་རྣམ་པར་བྱང་བར་འགྱུར་བ་གླེང་བ་ཡིན་པར་རིག་པར་བྱའོ། །ཆོས་འདི་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལྡན་པ་མང་དུ་ཐོས་པ་མཉམ་པར་གཞག་པ་ལས་ནི་ཆོས་འདི་པ་འཇིག་རྟེན་པའི་ཡང་དག་པར་ལྟ་བ་
དང་ལྡན་པ་མང་དུ་ཐོས་པ་མཉམ་པར་གཞག་པ་ཡང་དག་པའི་སྦྱོར་བའི་འབྲས་བུའི་ཕན་ཡོན་རྣམ་པ་ལྔས་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཆོས་འདི་པ་སྔ་མ་ཤོས་ནི་ཐོག་མ་ཁོ་ནར་སེམས་མཉམ་པར་མ་བཞག་པའི་ཕྱིར་ཞི་གནས་ཀྱི་ཡན་ལག་གི་ཚུལ་
ཁྲིམས་ཡོངས་སུ་མ་དག་ཅིང་ཡོངས་སུ་མ་བྱང་བ་ཡིན་ལ་ཅིག་ཤོས་སེམས་མཉམ་པར་བཞག་པ་ནི་ཡོངས་སུ་དག་ཅིང་ཡོངས་སུ་བྱང་སྟེ། འདི་ནི་ཡང་དག་པའི་སྦྱོར་བའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང་པོ་ཡིན་པར་རིག་པར་བྱའོ། །གཞན་ཡང་མཉམ་པར་མ་བཞག་
པའི་གང་ཟག་སྔ་མ་ཤོས་ཀྱིས་ནི་ཚོར་བ་རྟེན་དང་བཅས་དམིགས་པ་དང་བཅས་གྲོགས་དང་བཅས་འགྱུར་བ་དང་བཅས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། མི་ཤེས་པས་ནི་མི་ཤེས་པའི་རྒྱུ་ལས་བྱུང་བའི་ཉེས་དམིགས་རྣམ་པ་གསུམ་སྟེ། ཚོར་བའི་ཀུན་ནས་ཉོན་མོངས་པ་
ལས་གྱུར་པ་དང་། དུས་ཀྱི་ཀུན་ནས་ཉོན་མོངས་པ་ལས་གྱུར་པ་དང་། ཚེ་འདི་དང་ཚེ་ཕྱི་མའི་ཀུན་ནས་ཉོན་མོངས་པ་ལས་གྱུར་པས་གོས་པར་འགྱུར་རོ། །དེ་ལ་ཚོར་བའི་ཀུན་ནས་ཉོན་མོངས་པས་ཀུན་དུ་རྨོངས་ནས་བདེ་བའི་ཚོར་བ་འགྱུར་བ་དང་བཅས་པའི་བར་ལ་ཀུན་དུ་ཆགས་པ་
ནི་དེར་ཀུན་དུ་ཆགས་པར་འགྱུར་བ་སྡུག་བསྔལ་བ་ལ་ནི་ཁོང་ཁྲོ་བ་དང་ལྡན་ནོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་ནི་ཀུན་དུ་རྨོངས་ཏེ། ཀུན་ནས་དཀྲིས་པ་དང་བག་ལ་ཉལ་གྱི་སྒོ་ནས་ནི་ཆགས་སོ། །བག་ལ་ཉལ་གྱི་སྒོ་ནས་ནི་ལྡན་པ་དང་ཀུན་དུ་རྨོངས་སོ། །
དེ་ལ་དུས་ཀྱི་སྒོ་ནས་ཀུན་ནས་ཉོན་མོངས་པ་ནི་ད་ལྟར་གྱི་དུས་ན་ནི་ཆགས་ཤིང་སྡང་ལ་ཀུན་དུ་རྨོངས་སོ། །འདས་པའི་དུས་ན་ནི་ལྟ་བ་དང་ལྡན་ནོ། །མ་འོངས་པའི་དུས་ན་ནི་སེམས་འདོགས་སོ། །དེ་ལ་ཚེ་འདི་དང་ཚེ་ཕྱི་མའི་ཀུན་ནས་ཉོན་མོངས་པ་ནི་དེ་དེ་ལྟར་སེམས་ཀུན་ནས་ཉོན་མོངས་པ་

ཅན་དུ་གྱུར་བའི་ཕྱིར་ཚོར་བ་དང་དུས་ཀྱི་ཀུན་ནས་ཉོན་མོངས་པས་ཡང་སྲིད་པར་སྐྱེ་བའི་ལས་བསགས་པས་འདི་ལྟ་སྟེ། སྐྱེ་བར་འགྱུར་བའི་ཕྱིར་ཡང་སྲིད་པར་སྐྱེ་བའི་ཕུང་པོ་ཡང་ཉེ་བར་སོགས་ལ་སྲིད་པ་སྟེ་ཡང་སྲིད་པར་སྐྱེ་བའི་སྲིད་པ་དང་། ལོངས་སྤྱོད་ཀྱི་སྲེད་པ་ཡང་འཕེལ་
བར་བྱེད་དོ། །ཡང་སྲིད་པར་སྐྱེ་བའི་སྲེད་པས་ནི་ཕྱི་མ་ལ་ལུས་མངོན་པར་འགྲུབ་པར་བྱེད་དོ། །ལོངས་སྤྱོད་ཀྱི་སྲེད་པས་ནི་ཡོངས་སུ་ཚོལ་བ་ལ་ཞུགས་པ་ན་ངལ་བར་འགྱུར་རོ། །ཡུལ་ཐོབ་ཏུ་ཟིན་ཀྱང་ཉོན་མོངས་པས་གོས་པར་འགྱུར་ལ་མ་ཐོབ་ན་ཡང་འདོད་པ་མི་རྙེད་
པས་གདུངས་པར་འགྱུར་རོ། །ཐོབ་པ་ལས་ཉམས་ན་ཡང་མྱ་ངན་དང་འཁྲུག་པ་རྣམས་ཀྱིས་གཟིར་བར་འགྱུར་ཏེ། འདི་ནི་དེའི་ཚེ་འདིའི་ཉེས་དམིགས་སོ། །ཡང་སྲིད་པར་སྐྱེ་བའི་ལས་དང་ཉོན་མོངས་པ་གང་ཡིན་པ་དེ་བྱས་ཤིང་བསགས་པའི་ཕྱིར་ཕྱི་མ་ལ་སྐྱེ་བ་དང་རྒ་
ཤི་ལ་སོགས་པའི་སྡུག་བསྔལ་གྱི་ཁྱད་པར་རྣམས་སྐྱེ་བར་འགྱུར་བ་འདི་ནི་ཚེ་ཕྱི་མའོ། །སེམས་མཉམ་པར་གཞག་པའི་གང་ཟག་ཅིག་ཤོས་ནི་དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །འདི་ནི་གཉིས་པ་ཡིན་ཏེ་སྔ་མ་བཞིན་ནོ། །གཞན་ཡང་གང་ཟག་སྔ་མ་ཤོས་ནི་
སེམས་མཉམ་པར་མ་བཞག་པས་བདག་དང་གཞན་རྣམས་ཀྱི་མི་ཤེས་པ་ལས་གྱུར་པའི་ཉེས་དམིགས་ཏེ། དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ལ། ཅིག་ཤོས་ནི་སེམས་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་གསུམ་པ་སྟེ། སྔ་མ་
བཞིན་ནོ། །གཞན་ཡང་སེམས་མཉམ་པར་གཞག་པའི་གང་ཟག་ཉེས་དམིགས་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་བསྒོམ་པའི་ས་ལ་ཞུགས་པ་ཅིག་ཤོས་ཀྱིས་ནི་བདག་མེད་པ་དང་ལྡན་པའི་ཡང་དག་པའི་ལྟ་བ་སྔར་ཐོབ་པ་དེ་བསྒོམ་པ་དེས་སྤོང་བའི་ཁམས་དང་།
འདོད་ཆགས་དང་བྲལ་བའི་ཁམས་ཀྱིས་དུས་གཉིས་སུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་དང་བཅས་པར་ཡོངས་སུ་རྫོགས་པར་འགྱུར་ལ་སེམས་མཉམ་པར་མ་བཞག་པའི་གང་ཟག་སྔ་མ་ཤོས་ཀྱིས་ནི་ཡོངས་སུ་རྫོགས་པར་མི་འགྱུར་རོ། །འདི་ནི་བཞི་པ་སྟེ་

སྔ་མ་བཞིན་ནོ། །གཞན་ཡང་སེམས་མཉམ་པར་གཞག་པའི་གང་ཟག་གི་ནི་མང་དུ་ཐོས་པ་ལྷག་མཐོང་གི་ཡན་ལག་གང་ཡིན་པ་དེ་ཏིང་ངེ་འཛིན་གྱིས་ཡོངས་སུ་ཟིན་པས་ལྷག་མཐོང་ཡོངས་སུ་དག་པར་འགྱུར་ཏེ། དེ་བས་ན་དེའི་ཞི་གནས་དང་ལྷག་
མཐོང་གཉི་ག་ལ་མཉམ་དུ་ཟུང་དུ་འབྲེལ་པར་འགྱུར་ལ་སེམས་མཉམ་པར་མ་བཞག་པའི་གང་ཟག་གིས་ནི་མང་དུ་ཐོས་པ་དང་བཅས་པར་གཉི་ག་མེད་པར་རིག་པར་བྱ་སྟེ། ཡང་དག་པའི་སྦྱོར་བའི་འབྲས་བུའི་ཕན་ཡོན་འདི་ནི་ཆོས་འདི་པ་ཡང་དག་པའི་ལྟ་བ་དང་ལྡན་པ་མང་དུ་ཐོས་པ་
སེམས་མཉམ་པར་མ་བཞག་པའི་གང་ཟག་ལས་ཆོས་འདི་པ་ཡང་དག་པའི་ལྟ་བ་དང་ལྡན་པ་མང་དུ་ཐོས་པ་སེམས་མཉམ་པར་གཞག་པའི་ཁྱད་པར་དུ་འཕགས་པ་ལྔ་པ་ཡིན་པར་རིག་པར་བྱ་སྟེ། དེས་དེ་ལྟར་ཞི་གནས་དང་ལྷག་མཐོང་ཐོབ་པ་དེས་སྤོང་བའི་ཁམས་སུ་ཡོངས་སུ་
ཤེས་པར་བྱ་བ་ནི་ཡོངས་སུ་ཤེས། སྤང་བར་བྱ་བ་ནི་སྤོང་བར་བྱེད། མངོན་སུམ་དུ་བྱ་བ་ནི་མངོན་སུམ་དུ་བྱེད། བསྒོམ་པར་བྱ་བ་ནི་སྒོམ་པར་བྱེད་དོ། །འདོད་ཆགས་དང་བྲལ་བའི་ཁམས་སུ་ནི་ཡོངས་སུ་ཤེས་པ་དང་། སྤངས་པ་དང་། མངོན་སུམ་དུ་བྱས་པ་དང་།
བསྒོམས་ཟིན་པར་གྱུར་ཏེ་གཟུགས་ཏེ་རྟེན་དང་། མིང་སྟེ་བརྟེན་པ་ཡང་ཡོངས་སུ་ཤེས་སོ། །ཡོངས་སུ་ཤེས་པར་འགྱུར་རོ། །མ་རིག་པ་སྟེ་རྟེན་དང་། སྲིད་པའི་སྲེད་པ་སྟེ་བརྟེན་པ་ཡང་སྤོང་ངོ་། །སྤངས་པར་གྱུར་ཏོ། །རིག་པ་རྣམ་པར་དག་པའི་ཤེས་པ་སྟེ་རྟེན་དང་།
རྣམ་པར་གྲོལ་བ་ཉོན་མོངས་པ་སྤང་བ་སྟེ། བརྟེན་པ་ཡང་མངོན་སུམ་དུ་བྱེད་དོ། །མངོན་སུམ་དུ་བྱས་པར་གྱུར་ཏོ། །ཞི་གནས་ཏེ་རྟེན་དང་། ལྷག་མཐོང་སྟེ་བརྟེན་པ་ཡང་སྒོམ་མོ། །བསྒོམས་པར་གྱུར་ཏོ། །ཆོས་མཐོང་བ་ནི་གཉིས་ཏེ། འདུས་བྱས་ཀྱི་ཆོས་མཐོང་
བ་དང་འདུས་མ་བྱས་ཀྱི་ཆོས་མཐོང་བའོ། །དེ་ལ་འདུས་བྱས་ཀྱི་ཆོས་མཐོང་བ་ནི་ཇི་ལྟར་འདི་ན་ཁ་ཅིག་བདེན་པའི་གནས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ་བདེན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། བདེན་པའི་གནས་གང་ཞེ་ན། མིང་དང་གཟུགས་

ནི་མིའི་རང་བཞིན་ཞེས་བྱ་བའོ། །བདེན་པ་གང་ཞེ་ན། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། བདེན་པའི་གནས་དེ་ཉིད་ལ་བདག་གམ། སེམས་ཅན་ནམ། སྲོག་དང་སྐྱེ་བ་པོའི་བར་དུ་འདུ་ཤེས་པ་གང་ཡིན་པ་དང་།
བདག་གིས་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་བྱ་བ་ནས་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་སོ་ཞེས་བྱ་བའི་བར་དུ་ཁས་འཆེ་བ་དང་། འདི་ལྟར་དེའི་མིང་འདི་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཚེའི་ཚད་ནི་འདི་ཙམ་མོ་ཞེས་བྱ་བའི་བར་དུ་ཐ་སྙད་འདོགས་སོ། །དེའི་འདུ་ཤེས་
ཤིང་ཁས་འཆེ་ལ་ཐ་སྙད་འདོགས་པ་ཙམ་གང་ཡིན་པ་འདི་ནི་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་གང་ཞེ་ན། བདེན་པའི་གནས་དེ་ནི་མི་རྟག་པ་ནས་སྔ་མ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་བར་དུ་སྦྱར་ཏེ། མི་རྟག་པ་ཉིད་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བ་ཉིད་
ཀྱང་དེ་དང་འདྲའོ་སྙམ་ནས་གང་དེ་ལྟར་ཀུན་རྫོབ་དང་། དོན་དམ་པའི་བདེན་པའི་གནས་ལ་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་པ་དང་། དོན་དམ་པའི་བདེན་པ་ལ་ཡང་དོན་དམ་པའི་བདེན་པ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་དགེ་
སློང་དེ་ལ་ནི་འདུས་བྱས་ཀྱི་ཆོས་མཐོང་བ་དང་ལྡན་པ་ཞེས་བརྗོད་པར་འོས་སོ། །འདུས་མ་བྱས་ཀྱི་ཆོས་མཐོང་བ་གང་ཞེ་ན། བདེན་པའི་གནས་ལ་བདེན་པ་རྣམ་པ་གཉིས་ལ་མཁས་པའི་མཁས་པ་དེ་ཉིད་ལ་བརྟེན་ནས་ཕུང་པོ་ཐམས་ཅད་ཡང་དག་པར་ཟད་པའི་མྱ་ངན་
ལས་འདས་པ་ལ་ཞི་བར་ལྟ་བའི་སེམས་འཇུག་པ་གང་ཡིན་པ་ནས་སྔ་མ་བཞིན་དུ་རྣམ་པར་གྲོལ་བར་འགྱུར་བའི་བར་དུ་སྦྱར་བ་འདི་ནི་འདུས་མ་བྱས་ཀྱི་ཆོས་མཐོང་བ་ཞེས་བྱ་སྟེ། དེ་དང་ལྡན་པའི་དགེ་སློང་དེ་ནི་འདུས་མ་བྱས་ཀྱི་ཆོས་མཐོང་བ་ཞེས་བརྗོད་པར་འོས་སོ། །ཆོས་མཐོང་བ་
དེ་ཡང་གང་ཟག་གསུམ་ལ་ཡོད་པར་རིག་པར་བྱ་སྟེ། སོ་སོའི་སྐྱེ་བོ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ། སེམས་མཉམ་པར་གཞག་པ་མཁས་ཤིང་ཡིད་གཞུངས་ལ་ཚུལ་བཞིན་དུ་ཆོས་ལ་སྤྱོད་པར་བྱེད་པ་དང་། དེ་བཞིན་དུ་སློབ་པ་བཞི་མཐོང་བ་དང་། མི་སློབ་པ་ཟག་

པ་ཟད་པ་ལ་ཡང་ཡོད་དོ། །ལྷ་དང་མིའི་ཕུན་སུམ་ཚོགས་པ་མངོན་པར་འདོད་པའི་ཕྱིར་སྨོན་ནས་ཚངས་པར་སྤྱད་པ་སྤྱོད་པ་ལ་ནི་ལྷ་དང་མིའི་ཉེས་དམིགས་གཉིས་སུ་འགྱུར་བར་ཤེས་པར་བྱའོ། །གཉིས་གང་ཞེ་ན། ཉོན་མོངས་པས་བསྐྱེད་པའི་སྡུག་བསྔལ་དང་མི་
རྟག་པ་ཉིད་ཀྱིས་བསྐྱེད་པའི་སྡུག་བསྔལ་ལོ། །ཉོན་མོངས་པས་བསྐྱེད་པའི་སྡུག་བསྔལ་གང་ཞེ་ན། ལྷ་དང་མི་རྣམས་ནི་ད་ལྟར་གྱི་དུས་ཀྱི་སྒོ་ནས་ཡུལ་ལ་ཀུན་ཏུ་དགའ་བར་གནས་ལ། འདས་པའི་དུས་ཀྱི་སྒོ་ནས་ནི་ཡུལ་ལ་དགའོ། །ད་ལྟར་གྱི་དུས་སུ་འདས་པའི་ཡུལ་གྱི་དགའ་
བ་ལ་བརྟེན་པས་ནི་ཡུལ་ལ་ཀུན་ནས་དགའོ། །མ་འོངས་པའི་དུས་སུ་ད་ལྟར་བྱུང་བའི་ཡུལ་གྱི་དགའ་བ་ལ་བརྟེན་པས་ནི་ཡུལ་ལ་མངོན་པར་དགའོ། །དེ་ལྟར་དུས་གསུམ་དུ་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་དེ་དག་ལ་ནི་འདོད་པ་མི་རྙེད་པ་ལས་བྱུང་བའི་སྡུག་བསྔལ་དང་། སྐྱེ་བ་དང་
རྒ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་ཤེས་པར་བྱ་སྟེ། འདི་ནི་ཀུན་ནས་ཉོན་མོངས་པ་ལས་གྱུར་པའི་སྡུག་བསྔལ་སྐྱེ་བར་བྱེད་པའི་ཉེས་དམིགས་སོ། །མི་རྟག་པ་ཉིད་ལས་གྱུར་པའི་སྡུག་བསྔལ་གང་ཞེ་ན། བདེ་བ་དང་མཐུན་པ་རྣམས་དང་འབྲལ་ཞིང་འགྱུར་བ་ལས་འགྱུར་བའི་
སྡུག་བསྔལ་འབྱུང་བ་དང་། སྡུག་བསྔལ་བ་དང་མཐུན་པ་རྣམས་དང་ཕྲད་པ་ལས་སྐྱོ་བའི་སྡུག་བསྔལ་འབྱུང་བ་དང་། ལུས་ཐམས་ཅད་འཆི་བའི་ཚེ་འགག་པར་འགྱུར་བ་ལས་འགག་པའི་སྡུག་བསྔལ་འབྱུང་བ་དང་། རྣམ་པ་གསུམ་པོ་འདི་དག་ནི་མི་རྟག་པ་ཉིད་ལས་གྱུར་པའི་སྡུག་
བསྔལ་ཡིན་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་ནི་ཉེས་དམིགས་དེ་གཉིས་ལས་འདའ་བས་ན་གཅིག་ཏུ་ངེས་པར་བདེ་བ་ལ་གནས་པ་ཡིན་ནོ། །དེ་ལ་བདེ་བ་དེ་ཡང་རིག་པར་བྱ་སྟེ། གང་གིས་བདེ་བར་འགྱུར་བ་དང་། བདེ་བ་དེའི་ཐབས་ཀྱང་རིག་པར་བྱའོ། །བདེ་བ་
གང་ཞེ་ན། ཡུལ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་རྣམས་ཟད་ནས་བླ་ན་མེད་པའི་གྲུབ་པ་དང་། བདེ་བ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདའ་བར་འགྱུར་བའོ། །ཐབས་གང་ཞེ་ན། སྔ་མ་བཞིན་དུ་ཚོར་བ་རྣམ་པ་ལྔ་ཡང་དག་པ་ཇི་ལྟ་བ་བཞིན་དུ་

སྔར་བསྒྱུར་བའི་ཤས་པའོ། །དེ་ལ་ཉན་ཐོས་གང་སྟོན་པའི་བདེ་བ་ལྷ་དང་མིའི་ལས་ཡང་དག་པར་འདས་པ་བོར་ཏེ། ལྷ་དང་མིའི་བདེ་བ་ངན་པ་འདོད་པ་དེ་ནི་དམ་པ་རྣམས་ཀྱིས་ཀྱང་སྨད་པར་འགྱུར་ལ། བདག་ཉིད་ཀྱང་བསླུས་པར་འགྱུར་རོ།། །།རྣལ་འབྱོར་
སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་བཅུ་གཉིས་པ། སྡོམ་ནི། གཉིས་དང་གནས་ནི་གཅིག་པ་དང་། །མྱ་ངན་འདས་ལས་རིང་བ་དང་། །མདོར་བསྟན་སོ་སོ་རང་རིག་དང་། །ཀུན་མཁྱེན་དང་ནི་དེ་མཚན་དབྱེ། །བསླབ་པ་འབུལ་བར་བྱེད་པ་དང་། །ལས་དང་
སྟོང་པ་ཉིད་དང་ནི། །ཉེ་བར་སྤྱོད་དང་རྟག་པ་དང་། །སྟོན་པ་དང་ནི་ཉན་ཐོས་གཉིས། །རྒྱུ་གཉིས་ཀྱིས་ཟླ་དང་བཅས་ཏེ་གནས་པར་རིག་པར་བྱ་སྟེ། སྲེད་པ་དང་བཅས་པའི་ལུས་གཉིས་པ་སྐྱེ་བའི་རྒྱུ་ཡང་བླངས་ཏེ་གནས་པ་དང་། ལུས་འདི་འགགས་པ་ལས་ཀྱང་ལུས་
གཉིས་པ་མངོན་པར་འགྲུབ་པར་འགྱུར་རོ། །སྲེད་པ་དང་བཅས་པ་ཇི་ལྟ་བུ་ཡིན་ཞེ་ན། ཆགས་པར་འགྱུར་བའི་ཡུལ་འཐོབ་ཏུ་ཆ་བར་ཤེས་ནས་ཐོག་མ་ཉོན་མོངས་པ་ཅན་གྱི་ཀུན་ནས་དགའ་བ་ནི་ཀུན་དུ་དགའ་བ་ཡིན་ནོ། །དེའི་འོག་ཏུ་ནམ་མ་ཐོབ་ཀྱི་བར་དུ་དེ་ཡིད་ལ་བྱེད་པས་
ཤས་ཆེར་གནས་པ་དང་། ཐོབ་ལ་ཉེ་བར་མ་སྤྱོད་པའི་བར་མ་དོའི་དགའ་བ་དེ་ཁོ་ན་ལ་བརྟེན་ནས་ཡིད་བདེ་བར་གྱུར་པས་གནས་པ་དང་། ཉེ་བར་སྤྱོད་པའི་ཚེ་ཡང་ལྷག་པར་ཞེན་ཅིང་ཀུན་དུ་ཆགས་པར་འགྱུར་ཏེ་དེ་བས་ན་སྲེད་པ་དང་བཅས་པ་ཞེས་བྱའོ། །མ་འོངས་པའི་འདོད་
པ་དེ་འཐོབ་པ་ཡང་ཡོད་པ་ནི་ཀུན་དུ་དགའ་བའོ། །འདས་པ་རྗེས་སུ་དྲན་པ་ནི་དགའ་ཞིང་ཡིད་བདེ་བའོ། །ཐོབ་པ་སྤྱོད་པ་ལ་ནི་ཀུན་དུ་ཆགས་པ་སྟེ། འདི་ཡང་རྣམ་གྲངས་གཅིག་གོ། །ལུས་གཉིས་པ་ཇི་ལྟར་མངོན་པར་འགྲུབ་ཅེ་ན། དགའ་བ་དེའི་རྒྱུ་ལས་ཕྱི་མ་ལ་སྐྱེ་
བ་དང་རྒ་བའི་རྩ་བ་ལས་བྱུང་བའི་སྡུག་བསྔལ་སྐྱེ་བར་འགྱུར་རོ། །དེ་ལས་བཟློག་པ་ནི་ཟླ་མེད་པར་གནས་པ་ཡིན་པར་རིག་པར་བྱའོ། །ཉོན་མོངས་པ་རྣམས་དང་མྱ་ངན་ལས་འདས་པ་འདི་གཉིས་ནི་ཕན་ཚུན་མི་མཐུན་པའི་ཆོས་ཅན་ཡིན་ཏེ། དེ་བས་ན་ཀུན་ནས་ཉོན་

མོངས་པ་ཅན་དུ་གནས་པ་ནི་ཡང་སྲིད་པར་སྐྱེ་བ་དང་། མཐུན་པར་འདུག་ལ་ཡང་སྲིད་པར་སྐྱེ་བ་དང་མཐུན་པར་འདུག་པ་ནི་མྱ་ངན་ལས་འདས་པ་ལས་རིང་བ་ཞེས་བྱའོ། །དྲུག་པོ་འདི་དག་ནི་སྐྱེས་བུ་གང་ཟག་མི་སྲུན་པ་རྣམས་ཀྱིས་མི་སྲུན་པའི་རྣམ་
པ་ཡིན་ཏེ། རང་བཞིན་གྱིས་ཁྲོ་བ་དང་། མ་བརྟགས་པར་བྱེད་པ་དང་། གཞན་ལ་གནོད་པའི་ངང་ཚུལ་ཅན་སྡུག་བསྔལ་གྱིས་རེག་པར་བྱེད་པ་དང་། མི་བདེན་པའི་ཚིག་རྩུབ་པོ་སྨྲ་བ་དང་། བདེན་ན་ཡང་གནོད་པ་དང་ལྡན་པའི་ཚིག་རྩུབ་པོ་སྨྲ་བ་དང་། དེ་ཡང་རྣམ་གྲངས་དུ་མར་ཚིག་
རྩུབ་པོ་སྨྲ་ཞིང་ཉང་ཉུང་ཙམ་གྱིས་སྙིང་མི་ཚིམ་པའོ། །རབ་ཏུ་བྱུང་བའི་སྟོབས་ཡང་དག་པར་བླངས་ཏེ་འདུག་པ་ན་བཟོད་པ་དང་ངེས་པའི་རྒྱུ་གཉིས་ཀྱིས་དགེ་སྦྱོང་གི་ཚུལ་གྱི་དོན་ཀྱང་མྱུར་དུ་འཐོབ་ལ་མ་དད་པ་རྣམས་ནི་དད་པར་བྱ་བ་དང་། དད་པ་རྣམས་ནི་ཕྱིར་ཞིང་དད་པར་བྱ་བ་ལ་
ཞུགས་པ་ཡིན་ནོ། །དེ་ལ་བཟོད་པ་ནི་གཞན་དག་ལ་ལན་དུ་གནོད་པར་བྱེད་པས་ཉེ་བར་མི་གནས་པའོ། །དེས་པ་ནི་བསམ་པ་མི་འཁྲུག་ཅིང་གཞན་ལ་མི་འཚེ་བའི་ངང་ཚུལ་ཅན་ནོ། །མདོར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཐར་ཐུག་པ་ནི་མདོར་བསྡུ་ན་གནས་གཉིས་ཀྱིས་
བསྟན་ཏེ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་བསྟན་པའོ། །དེ་ལ་ཉོན་མོངས་པ་སྤངས་པ་གང་གིས་གང་ཟག་དེ་སྤངས་པ་དང་ལྡན་ལ་ཉོན་མོངས་པ་དང་ལྡན་པ་མ་ཡིན་པ་དེའི་ཕྱིར། དེ་
དེའི་འབྲས་བུ་ཡང་སྲིད་པར་སྐྱེ་བའི་སྡུག་བསྔལ་ལ་མི་གནས་པར་རིག་པར་བྱ་སྟེ། འདི་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་བསྟན་པ་ཡིན་ནོ། །གང་གི་ཕྱིར་དེ་ཡང་སྲིད་པར་སྐྱེ་བའི་ཉོན་མོངས་པའི་འབྲས་བུའི་སྡུག་བསྔལ་ལ་མི་གནས་པ་དེའི་ཕྱིར་དེ་
ཚེའི་ཚད་ཇི་ཙམ་ཡོད་པ་ཟད་པར་བྱས་ནས་འཆི་བའི་དུས་བྱེད་དེ། ཐམས་ཅད་ཀྱི་ཐམས་ཅད་དུ་ཕུང་པོའི་ལྷག་མས་འདི་དང་གཞན་དུ་ལུས་འབྱུང་བར་མི་འགྱུར་ཞིང་བར་མདོའི་སྲིད་པ་འབྱུང་བར་མི་འགྱུར་རོ། །དེ་བས་ན་སྡུག་བསྔལ་ཐམས་ཅད་ཀྱི་མཐར་གྱུར་པ་ཐོབ་པ་ཡིན། འདི་ནི་ཕུང་

པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་བསྟན་པ་ཡིན་ནོ། །དྲན་པའི་སྟོབས་དང་ལྡན་པའི་རྒྱུ་ནི་གསུམ་ཡོད་དེ། ན་གཞོན་པ་དང་། སྔོན་གྱི་ཚེ་རབས་ནས་གོམས་པ་དང་། ཚེ་འདི་ལ་གོམས་པའོ། །མྱ་ངན་ལས་འདས་པའི་ཆོས་སོ་སོ་རང་གིས་རིག་པ་ནི་རྣམ་པ་
ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྔ་མ་བཞིན་དུ་དད་པ་ནས་ལྟ་བ་ལ་རྟོག་པ་བཟོད་པའི་བར་རྣམས་མ་ཡིན་པར་ནང་གི་རང་གི་ནད་དང་ཕྱི་རོལ་གྱི་དབང་གིས་བྱུང་བའི་ཀུན་ནས་ཉོན་མོངས་པ་ཡོད་པ་དང་མེད་པ་འདི་ལྟ་སྟེ། ཚེ་འདི་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་
ཤེས་པའོ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཤེས་བྱ་ཐམས་ཅད་རྟོགས་པ་དང་། ཡོད་པ་དང་མེད་པའི་དངོས་པོ་བདེན་པར་རྟོགས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་རྟོགས་པའི་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་
བ་ཡིན་ཏེ་དེ་བས་ན་གནས་གསུམ་པོ་དག་ཏུ་གཞན་རྣམས་བཅོམ་ལྡན་འདས་ལ་ཞུ་བ་ཞུ་བར་བྱེད་དོ། །འདུས་བྱས་ཀྱི་ཆོས་ལྷན་ཅིག་འབྱུང་བ་ཐམས་ཅད་ནི་སེམས་རྨོངས་ཤིང་མཚན་ཉིད་ལ་ལོག་པར་འཛིན་པའི་རྟོག་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་
ཉན་ཐོས་རྣམས་མཚན་ཉིད་ངེས་པ་ལ་འཇུག་པར་མཛད་པའི་ཕྱིར་རྣམ་པར་དབྱེ་བར་མཛད་དེ། མཚན་ཉིད་ཀྱི་དེ་ཉིད་ཤེས་པ་རྣམས་ནི་བདག་ཀྱང་བསླུས་པར་མི་འགྱུར་ལ། གཞན་དག་ལ་ཡང་བག་ཚ་བ་མེད་པར་སྟོན་པར་འགྱུར་རོ། །རབ་ཏུ་བྱུང་བའི་བསླབ་པ་འབུལ་
བའི་སྒོ་ནས་ནི་ཡུལ་ལ་ལྟ་བ་རྣམ་པར་གཞག་པར་རིག་པར་བྱའོ། །རབ་ཏུ་བྱུང་བ་ཉིད་ཀྱི་འཆལ་བའི་ཚུལ་ཁྲིམས་ཀྱི་སྒོ་ནས་ནི་རབ་ཏུ་བྱུང་བ་ཉིད་ཀྱི་འཇུག་པ་མི་ཕྱོགས་པ་སེམས་ཀྱི་ཐབ་འཆབ་པའི་གཞི་རྣམ་པར་གཞག་པར་རིག་པར་བྱའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་
བྲལ་བས་གཅིག་ཏུ་ངེས་པར་རོ་མྱང་བས་བཟུང་ཞིང་དམིགས་པའི་ཡུལ་གང་ཡིན་པ་དེ་ནི་རོ་མྱང་བ་ལྷུར་ལེན་པ་ཞེས་བྱའོ། །དེས་ཀྱང་དགེ་བའི་ཕྱོགས་ཆེན་པོ་བྱ་བ་ལ་ལས་སུ་མི་རུང་བའི་ཚུལ་གྱིས་སེམས་ཐ་བར་བྱེད་དོ། །དེའི་སྒོ་ནས་ཀྱང་ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་པར་

འགྱུར་ལ་སྡིག་པའི་བསམ་པ་ཡང་མཁྱུད་པར་འགྱུར་ཞིང་འཆབ་པ་བསྐྱེད་དོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རོ་མྱང་བ་ལྷུར་ལེན་པའི་ཡུལ་སེམས་ཀྱི་ཐབ་འཆབ་པའི་གཞི་ཞེས་བྱའོ། །དབང་པོའི་སྒོ་མ་བསྡམས་པར་སྤྱོད་པ་ནི་དམ་པའི་
ཆོས་མ་ཡིན་པ་ཐོས་པ་ལ་བརྟེན་ནས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཉོན་མོངས་པ་ཅན་གྱི་ཡིད་ལ་བྱེད་པ་སྐྱེ་བར་འགྱུར་ཏེ། དེའི་སྒོ་ནས་ཕྱི་མ་ལ་སྐྱེ་མཆེད་མངོན་པར་འགྲུབ་པའི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་
དུ་མི་ཤེས་ན་འདོད་པར་འགྱུར་རོ། །འདོད་པར་གྱུར་ན་དེ་དང་ལྡན་པའི་ལས་བྱེད་ཅིང་སོགས་སོ། །དེ་དང་ལྡན་པའི་ལས་བྱས་ཤིང་བསགས་ན་ཕྱི་མ་ལ་སྐྱེ་མཆེད་དྲུག་མངོན་པར་འགྲུབ་སྟེ་གོ་རིམས་འདི་བཞིན་དུ་མི་མཐུན་པའི་ཚུལ་གྱིས་སྐྱེ་མཆེད་དྲུག་ནི་ལས་ཀྱི་རྒྱུ་ལས་བྱུང་ངོ་། །
ལས་ནི་སྲིད་པའི་རྒྱུ་ལས་བྱུང་ངོ་། །སྲེད་པ་ནི་མ་རིག་པའི་རྒྱུ་ལས་བྱུང་ངོ་། །མ་རིག་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་ངོ་། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་མ་རིག་པའི་འདུས་ཏེ་རེག་པའི་རྒྱུ་ལས་བྱུང་བའོ། །དེ་ལ་སྔོན་གྱི་ལས་གང་ཡིན་པ་དེ་ནི་
ཚེ་འདི་ལ་མྱོང་བར་འགྱུར་བའི་སྐྱེ་མཆེད་དྲུག་གི་རྐྱེན་ཏོ། །ཚེ་འདིའི་ལས་གང་ཡིན་པ་དེ་ནི་སྐྱེས་ནས་མྱོང་བར་འགྱུར་བའི་སྐྱེ་མཆེད་དྲུག་གི་རྐྱེན་ཏོ། །ཡང་ན་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་གཞིའོ། །དེ་བཞིན་དུ་སྲེད་པ་ལ་སོགས་པ་ཡང་ལས་ལ་སོགས་པ་དང་ཅི་རིགས་
པར་སྦྱར་བར་རིག་པར་བྱའོ། །ཡང་སྲིད་པར་སྐྱེ་བ་ནི་ཡང་སྲིད་པར་སྐྱེ་བའི་ལས་དང་། ཡང་སྲིད་པར་སྐྱེ་བའི་སྲེད་པ་རྣམ་པ་གཉིས་ཀྱིས་མངོན་པར་འགྲུབ་པར་འགྱུར་ཏེ། སེམས་ཅན་འདི་དག་ནི་ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་ཞེས་བྱའོ། །སྲེད་པ་ཇི་ལྟ་བ་བཞིན་དུ་འགྲོ་བ་ཞེས་ནི་
མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྲེད་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པའོ། །དེ་ལ་འདོད་པའི་སྲེད་པ་གང་ཡིན་པ་དེ་ནི་མི་དགེ་བ་ཡིན་ཏེ། རྣམ་པར་སྨིན་པ་དང་བཅས་པ་ཡིན་མོད་ཀྱི་སྡིག་པའི་

ལས་ཀུན་ནས་མ་བསླངས་པར་ངན་སོང་རྣམས་སུ་རྣམ་པར་སྨིན་པ་སྨིན་པར་མི་བྱེད་དོ། །གང་གི་ཚེ་འདོད་པའི་ཁམས་སུ་སྲེད་པ་དང་བཅས་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདོད་པར་གྱུར་ནས་ཆགས་པར་འགྱུར་བའི་ཡུལ་ལ་འདོད་ཆགས་པ་དང་། ཞེ་སྡང་
བར་འགྱུར་བ་ལ་ཞེ་སྡང་བ་དང་། གཏི་མུག་པར་འབྱུང་བ་ལ་གཏི་མུག་པའི་སྒོ་ནས་མི་དགེ་བའི་ལས་ཀུན་དུ་སྤྱོད་དེ། དེའི་ཕྱིར་ལས་དེས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་གྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་དཀྲིས་པ་ཙམ་གྱིས་ནི་མ་ཡིན་ནོ། །སྲེད་པ་ནི་
ལས་དེའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཚེ་ངེས་པ་ཁོ་ནར་གྲོགས་ཀྱི་བྱ་བ་བྱེད་པར་ཟད་དོ། །སྡུག་པའི་ཡུལ་འདོད་པའི་སྒོ་ནས་ནི་ལུས་དང་ངག་དང་ཡིད་ཀྱིས་དགེ་བ་ཀ