Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 131

Văn bản gốc(Tây Tạng)

Trang 14 / 21 (50.000 ký tự/trang)
མ་པར་ཤེས་པ་མི་རྟག་པ་དང་། དེའི་རྒྱུ་དང་རྐྱེན་མི་རྟག་པ་དང་། དེའི་གྲོགས་མི་རྟག་པའི་ཕྱིར་རོ། །ཆོས་འདུལ་བ་འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆོས་དང་། དེའི་འབྲས་བུས་ཕྱེ་བ་ཡིན་ནོ། །
འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆོས་དེ་ཡང་རྣམ་པ་ལྔས་མཆོག་དང་ཁ་ན་མ་ཐོ་བ་མེད་པར་རིག་པར་བྱ་སྟེ། ཚེ་འདི་ལ་ཉོན་མོངས་པ་ཡོད་པ་དང་མེད་པ་ཡོངས་སུ་གཅོད་པའི་ཕྱིར་ཚེ་འདི་ལ་མྱོང་བ་དང་། ཉོན་མོངས་པ་དང་བྲལ་བའི་ཕྱིར་རིམས་ནད་མེད་པ་དང་། འགྲོ་
བ་ན་ཡང་བསྒོམ་པ་དང་། འགྲེང་བ་དང་འདུག་པ་དང་ཉལ་བ་དང་། དུས་ཐམས་ཅད་དུ་ཡང་བསྒོམ་པར་བླ་བས་ན། དེའི་ཕྱིར་དུས་ངེས་པ་མེད་པ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་འཐོབ་པར་བྱེད་པ་དང་། འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་
ཡིན་པའི་ཕྱིར་འདི་པས་མཐོང་བ་དང་། གཞན་གྱི་དད་པ་དང་འདོད་པ་དང་རྣམ་པ་དང་ཡོངས་སུ་རྟོགས་པ་དང་ཉིང་ཐོར་ཐོས་པ་དང་། ལྟ་བ་དཔྱོད་པའི་བཟོད་པ་མ་ཡིན་པར་རང་གིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་སོ་སོ་རང་རིག་པའོ། །ལམ་གྱི་འབྲས་བུའི་ཆོས་ནི་མཚན་ཉིད་རྣམ་པ་
ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། རྣམ་གྲངས་བསྡུ་བ་ལས་འབྱུང་བ་བཞིན་ནོ། །རྒྱ་མཚོ་ནི་འདི་གཉིས་ཡིན་ཏེ། ཆུའི་རྒྱ་མཚོ་དང་འཁོར་བའི་རྒྱ་མཚོའོ། །དེ་ལ་འཁོར་བའི་རྒྱ་མཚོ་ནི་ཆུའི་རྒྱ་མཚོ་ལས་རྣམ་པ་གསུམ་གྱིས་མི་མཚུངས་པར་རིག་པར་བྱ་སྟེ། གསུམ་གང་ཞེ་ན།
རང་བཞིན་མི་མཚུངས་པ་དང་། འབྱིང་བ་མི་མཚུངས་པ་དང་། རྒལ་བ་མི་མཚུངས་པའོ། །དེ་ལ་རང་བཞིན་མི་མཚུངས་པ་ནི་ཆུའི་རྒྱ་མཚོ་ནི་གཟུགས་ཀྱི་ཕྱོགས་གཅིག་གི་རང་བཞིན་དུ་ཟད་པའི་ཕྱིར་ཚད་ངེས་པ་ཡིན་ལ། འཁོར་བའི་རྒྱ་མཚོ་ནི་འདུ་བྱེད་ཐམས་ཅད་ཀྱི་རང་བཞིན་ཡིན་

པའི་ཕྱིར་ཚད་མེད་དོ། །དེ་ལ་འབྱིང་བ་མི་མཚུངས་པ་ནི་གང་དག་འབྱིང་བ་དང་། གང་གིས་འབྱིང་བ་དང་། ཇི་ལྟར་འབྱིང་བ་སྟེ། ཆུའི་རྒྱ་མཚོར་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཁ་ཅིག་དང་། མི་ཁ་ཅིག་འབྱིང་བར་ཟད་ལ། འཁོར་བའི་རྒྱ་མཚོར་ནི་ལྷར་
བཅས་པའི་འཇིག་རྟེན་འབྱིང་སྟེ། དེ་དག་ཀྱང་ལུས་ཙམ་ཞིག་གིས་འབྱིང་བར་ཟད་ཀྱི། ངག་གིས་མ་ཡིན། ཡིད་ཀྱིས་མ་ཡིན། འདོད་ཆགས་ཀྱིས་མ་ཡིན། ཞེ་སྡང་གིས་མ་ཡིན། གཏི་མུག་གིས་མ་ཡིན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མ་ཡིན་ནོ། །དེ་ཡང་ལས་
དང་ཉོན་མོངས་པ་དང་། དེའི་འབྲས་བུ་བརྟན་པའི་ཆ་གསུམ་དུ་གོ་རིམས་བཞིན་དུ་རིག་པར་བྱའོ། །འཁོར་བའི་རྒྱ་མཚོར་ནི་ལུས་ནས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་བར་རྣམས་ཀྱིས་ཀྱང་འབྱིང་ངོ་། །དེ་ལ་རབ་ཏུ་བྱུང་བ་རྟོག་གེ་བ་དཔྱོད་པ་ཅན་རྣམས་ནི་རང་གིས་ལོག་
པར་བརྟགས་པའི་རྟོག་པ་ངན་པ་རྣམས་ཀྱིས་དཀྲུགས་པས་འཁོར་བའི་རྒྱ་མཚོར་འབྱིང་ངོ་། །ཕྱི་རོལ་པ་གཞན་དག་ནི་མདུད་པས་བཅིངས་པའི་ཕྱིར་རོ། །ཁྱིམ་པ་རྣམས་ནི་རྟག་ཏུ་རྒྱུན་མི་འཆད་པར་ཡང་སྡུག་བསྔལ་རྣམས་ཀྱིས་ཀུན་ནས་བཅོམ་ཞིང་ཉོན་མོངས་པ་རྣམས་ཀྱིས་
སྲེག་བཞིན་དུ་སྐྱོ་བར་མི་བྱེད་པའི་ཕྱིར་རོ། །དེ་མ་ཡིན་པའི་སྐྱེ་གནས་སུ་སྐྱེས་པ་རྣམས་ནི་འགྲོ་བ་དང་འོང་བ་ལ་ལས་དང་ཉོན་མོངས་པ་ལ་བརྟེན་པའི་ཕྱིར་རོ། །ཆུའི་རྒྱ་མཚོར་ནི་གྲུ་བུབ་པ་ཙམ་ལས་གྱུར་པར་ཟད་ལ། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེར་སྐྱེས་པ་རྣམས་ཀྱང་ལས་
དང་ཉོན་མོངས་པའི་ཕྱོགས་གཅིག་ཙམ་གྱིས་འབྱིང་བར་ཟད་དེ། དེ་ཡང་གཏན་དུ་མ་ཡིན་པ་འདི་ནི་འབྱིང་བ་མི་མཚུངས་པར་རིག་པར་བྱའོ། །དེ་ལ་རྒལ་བ་མི་མཚུངས་པ་ནི་ཆུའི་རྒྱ་མཚོ་ལ་ནི་འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བའི་སོ་སོའི་སྐྱེ་བོ་རྣམས་ཀྱང་རྒལ་ན་དེ་མ་ཡིན་པ་
དག་ལྟ་ཅི་སྨོས། འཁོར་བའི་རྒྱ་མཚོ་ནི་ཆ་གསུམ་དུ་འདུག་སྟེ། འདོད་པའི་འདོད་ཆགས་དང་མ་བྲལ་བའི་ཆགས་པར་འགྱུར་བའི་ཡུལ་ལྔའི་བྱེ་བྲག་དང་། འདོད་ཆགས་དང་བྲལ་བའི་ཡིད་ཀྱིས་ཤེས་པར་བྱ་བ་ཆགས་པར་འགྱུར་བའི་ཆོས་ཀྱི་བྱེ་བྲག་དང་། སློབ་པའི་ནང་གི་སྐྱེ་མཆེད་

དྲུག་གི་བྱེ་བྲག་གོ། །དེ་ལ་འདོད་ཆགས་པ་དང་མ་བྲལ་བའི་སོ་སོའི་སྐྱེ་བོ་ནི་ཡུལ་རྣམ་པ་ལྔའི་རྒྱ་མཚོ་ལས་རྒལ་བར་མི་ནུས་སོ། །འདོད་ཆགས་དང་བྲལ་བའི་སོ་སོའི་སྐྱེ་བོ་ནི་ནང་གི་སྐྱེ་མཆེད་དྲུག་གི་རྒྱ་མཚོ་ལས་རྒལ་མི་ནུས་ཏེ། དེ་ལས་རྒལ་མི་ནུས་པས་ན་ཡུལ་རྣམ་པ་གཉིས་ཀྱིས་
རྒྱ་མཚོ་ལས་ཀྱང་མ་རྒལ་བ་ཡིན་ནོ། །སློབ་པ་ནི་སྡུག་བསྔལ་གྱི་སྒོ་ནས་སྐྱེ་མཆེད་དྲུག་ཡོངས་སུ་ཤེས་ནས་དེ་ལ་དམིགས་པའི་ལམ་ཉིད་སྒོམ་པར་བྱེད་དེ། དེ་ནི་གནས་པ་དེ་རྣམས་ཀྱིས་གནས་པས་ལྟ་བ་དྲག་པོ་དང་། ཡང་དག་པའི་དྲན་པ་ཅན་གྱི་ནི་དཔྱོད་པ་ཡིད་ལ་བྱེད་པས་འདོད་
ཆགས་དང་མ་བྲལ་བ་དང་། འདོད་ཆགས་དང་བྲལ་བའི་ས་པའི་ཡུལ་རྣམ་པ་གཉིས་ལས་ཡུལ་དེ་ཉིད་ལ་སྣང་བར་འགྱུར་ཏེ། དེས་ནི་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས་སྤོང་བར་བྱེད་དོ། །དེས་ནི་སྐྱེ་མཆེད་དྲུག་གི་རྒྱ་མཚོ་ཡང་རྒལ་ཏེ། དེ་ལས་རྒལ་བས་ཡུལ་རྣམ་པ་
གཉིས་པས་རྒྱ་མཚོ་བསླབ་པ་འབུལ་བ་ཀུན་ནས་སློང་བའི་ཉོན་མོངས་པ་དང་བཅས། རྟོག་པ་དང་སེམས་ཀུན་དུ་འཁྲུག་པ་ཀུན་ནས་སློང་བའི་ཉོན་མོངས་པ་དང་བཅས། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པ་ཀུན་ནས་སློང་བའི་ཉོན་མོངས་པ་དང་བཅས། ངན་པར་སྤྱོད་པ་ཀུན་ནས་
སློང་བའི་ཉོན་མོངས་པ་དང་བཅས་པ་ལས་གཏན་རྒལ་བ་ཡིན་ནོ། །སྡོམ་ནི། ལམ་ལ་མཚུངས་པ་མེད་པ་དང་། །སྟོན་པ་ལ་ནི་མཚུངས་པ་མེད། །ཡུལ་འཁོར་རྒྱལ་པོར་བཅས་པ་དང་། །འཇིག་རྟེན་རྣམ་པ་གཉིས་པོ་དང་། །འདུས་བྱས་དང་ནི་འདུས་མ་བྱས། །འགྲོ་བ་དང་
ནི་དགག་པ་དང་། །དང་དུ་ལེན་དང་སྟོང་ཉིད་གསུམ། །ལམ་མཚུངས་པ་མེད་པ་ནི་རྣམ་པ་གཉིས་ཏེ། རང་བཞིན་མི་མཚུངས་པ་དང་། རྣམ་པ་མི་མཚུངས་པའོ། །དེ་ལ་སྡུག་བསྔལ་ཀུན་འབྱུང་བར་འགྱུར་བའི་ལམ་གང་ཡིན་པ་དང་། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་
གང་ཡིན་པ་འདི་ནི་རང་བཞིན་མི་མཚུངས་པ་སྟེ། གཅིག་ནི་ཀུན་ནས་ཉོན་མོངས་པར་འགྱུར་བའོ། །གཉིས་པ་ནི་རྣམ་པར་བྱང་བར་འགྱུར་བ་སྟེ། འདི་ནི་འདིར་མི་མཚུངས་པའོ། །སྡུག་བསྔལ་འགོག་པར་འགྱུར་བའི་ལམ་དེ་ཉིད་ལ་ཡང་འདུས་བྱས་ཀྱི་སྤྱིའི་མཚན་ཉིད་ལ་འཇུག་པ་

ཡང་ཡོད་ལ་འདུས་བྱས་དང་འདུས་མ་བྱས་པའི་སྤྱིའི་མཚན་ཉིད་ཀྱི་རྣམ་པར་འཇུག་པ་ཡང་ཡོད་དེ། འདི་ནི་རྣམ་པ་མི་མཚུངས་པའོ། །དེ་ལ་འདུས་བྱས་ཀྱི་སྤྱིའི་མཚན་ཉིད་ཀྱི་རྣམ་པ་གང་ཡིན་པ་དེ་ནི་དེའི་འབྲས་བུ་དང་མི་མཚུངས་པར་རིག་པར་བྱའོ། །འདུས་བྱས་དང་
འདུས་མ་བྱས་ཀྱི་སྤྱིའི་མཚན་ཉིད་ཀྱི་རྣམ་པ་གང་ཡིན་པ་དེ་ནི་དེའི་འབྲས་བུ་དང་མཚུངས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་འབྲས་བུ་མྱ་ངན་ལས་འདས་པ་ནི་རྟག་པ་དང་བདག་མེད་པ་ཡིན་པའི་ཕྱིར་རོ། །ལྔ་པོ་འདི་དག་ནི་ཆོས་འདི་པའི་སྟོན་པར་གདགས་པའི་གནས་ཡིན་ཏེ།
དེ་དག་ནི་འདི་ལས་ཕྱི་རོལ་པའི་སྟོན་པ་ལ་མེད་དེ། འདི་ལྟ་སྟེ། ཉེ་བར་ལེན་པ་ཐམས་ཅད་དུ་འགྲོ་བའི་ལམ་དང་། ཉེ་བར་ལེན་པ་ཐམས་ཅད་ཟད་པར་འགྲོ་བའི་ལམ་དང་ཆོས་ཐམས་ཅད་ཡོངས་སུ་ཤེས་ནས་སྤངས་པའི་ཕྱིར་སྡུག་བསྔལ་མཐར་བྱེད་པ་དང་། ཚོར་བ་རྣམ་པར་གཞག་
པ་རྣམ་པ་ལྔ་ལ་རྣམ་པ་རེ་རེ་ཞིང་ཡང་འཇིག་ཚོགས་ལ་ལྟ་བ་རྣམ་པ་བཞི་བཞི་ལ་བརྟེན་ནས། །དེ་ལ་བརྟེན་པས་རློམ་སེམས་རྣམ་པ་བཞི་ཡང་དག་པར་བཅོམ་པ་དང་། ང་རྒྱལ་གྱི་རྒྱུ་ལས་བྱུང་བའི་ཉེས་དམིགས་རྣམ་པ་གསུམ་དང་། ང་རྒྱལ་མེད་པའི་རྒྱུ་ལས་བྱུང་བའི་ཕན་ཡོན་
གསུམ་མོ། །དེ་ལ་རློམ་སེམས་སུ་བྱེད་པས་ཡོངས་སུ་མི་འཆད་པའི་ཕྱིར་མྱ་ངན་ལས་འདས་པ་ལས་སེམས་ཕྱིར་ལྡོག་པར་འགྱུར་ཏེ། འདི་ནི་ཉེས་དམིགས་དང་པོའོ། །ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་པ་དང་། ཆགས་པར་འགྱུར་བ་ཀུན་ནས་ཉོན་མོངས་པ་ཅན་གྱི་དངོས་པོ་
ལ་གཞོལ་བ་འདི་ནི་ཉེས་དམིགས་གཉིས་པའོ། །དེའི་མྱ་ངན་ལས་འདས་པ་ལ་ཡོངས་སུ་ཡི་འཆད་པའི་ཕྱིར་ཕྱི་མ་ལ་སྐྱེ་བ་ལ་སོགས་པའི་ནད་འབྱུང་བར་འགྱུར་བའི་རྒྱུར་ཤིན་ཏུ་འགྱུར་བ་དང་། ཡོངས་སུ་ཡི་འཆད་པའི་ཕྱིར་ཇི་ལྟ་བ་བཞིན་དུ་ཉེས་པར་སྤྱོད་པ་དང་། ཀུན་
ནས་ཉོན་མོངས་པ་ཅན་ཆགས་པར་འགྱུར་བའི་ཡུལ་ལ་ཡང་དེ་དང་འདྲའོ། །སྐྱེ་བ་ལ་སོགས་པའི་ནད་ཇི་ལྟ་བ་བཞིན་དུ་མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་འབྲས་བུ་རྣམས་དང་། འདོད་ཆགས་ལ་སོགས་པའི་ཟུག་རྔུ་རྣམས་ཀྱང་དེ་དང་འདྲ་སྟེ། འདི་ནི་ཉེས་དམིགས་གསུམ་པའོ། །

དེ་ལས་བཟློག་པ་ནི་ང་རྒྱལ་མེད་པའི་རྒྱུ་ལས་བྱུང་བའི་ཕན་ཡོན་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་དུ་བྱས་ནས་ཚེ་འདི་ལ་ཡང་སྲིད་པར་སྐྱེ་བའི་ས་བོན་འཕེལ་བ་དང་འགྲིབ་པ་དང་། དེའི་རྒྱུས་ཀྱང་ཕྱི་མ་ལ་ཡང་སྲིད་པར་སྐྱེ་བ་དང་མི་སྐྱེ་བ་དང་། དེའི་
ས་བོན་ཡོངས་སུ་འཛིན་པའི་ཉོན་མོངས་པ་ཀུན་འབྱུང་བ་དང་ནུབ་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་བརྟན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་གཞག་པ་ཡང་དེ་དང་འདྲ་སྟེ་སྟོན་པར་གདགས་པའི་གནས་འདི་དག་ནི་ཆོས་འདི་པའི་སྟོན་པ་འབའ་ཞིག་ལ་
ཡོད་ཀྱི། འདི་ལས་ཕྱི་རོལ་པ་ལ་ནི་མེད་དོ། །འདོད་པའི་ཁམས་ན་སྣོད་ཀྱི་འཇིག་རྟེན་ནི་ཡུལ་འཁོར་ཇི་ལྟ་བུ་ཡིན་པར་རིག་པར་བྱའོ། །སེམས་ཅན་གྱི་འཇིག་རྟེན་ནི་བཀའ་བཞིན་དུ་བྱེད་པའི་མི་ལྟ་བུའོ། །བདུད་ནི་རྒྱལ་པོ་ལྟ་བུའོ། །འཇིག་རྟེན་ནི་གཉིས་ཏེ། སེམས་ཅན་གྱི་
འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ནོ། །དེ་ལ་སྣོད་ཀྱི་འཇིག་རྟེན་ནི་མེ་ལ་སོགས་པས་འཇིག་གོ། །སེམས་ཅན་གྱི་འཇིག་རྟེན་ནི་སོ་སོར་རང་དང་། སྐད་ཅིག་པ་དང་སོ་སོ་རང་གི་ལུས་འཇིག་གོ། །འདུས་བྱས་དང་འདུས་མ་བྱས་ནི་འདི་གཉིས་ཡིན་ཏེ། དེ་ལ་འདུས་བྱས་ནི་རྟག་པ་དང་
བརྟན་པ་དང་། ཐེར་ཟུག་པ་དང་། མི་འགྱུར་བའི་ཆོས་ཅན་དང་། བདག་དང་བདག་གིས་སྟོང་ངོ་། །འདུས་མ་བྱས་ནི་བདག་དང་བདག་གིས་སྟོང་ངོ་། །སྟོང་པ་ཉིད་དེ་ཡང་རྒྱུ་མེད་པའི་ཆོས་ཉིད་ཀྱིས་བསྡུས་ཏེ། ཆོས་ཉིད་ཀྱི་རིགས་པ་ལ་བརྟེན་ཏོ། །དེ་ནི་འདི་ལྟ་བུའི་ཡིན་གྱི་གཞན་
དུ་ནི་མ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་དུ་ཡང་ཆོས་ཉིད་ཀྱི་རིགས་པ་འབའ་ཞིག་ལ་བརྟེན་ཏོ། །དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་མཐར་ཐུག་པ་དགག་པར་མི་མཛད་མོད་ཀྱི་འོན་ཀྱང་ལུས་དང་འབྲེལ་པའི་འགྲོ་བའི་སྒོ་ནས་ནི་འཇིག་རྟེན་གྱི་མཐར་ཐུག་པ་དགག་པར་མཛད་དོ། །དེ་
དེ་ལ་དོན་དམ་པའི་ཚུལ་གྱིས་ནི་འཇིག་རྟེན་དང་། འཇིག་རྟེན་གྱི་མཐར་ཐུག་པའི་ཐབས་དང་། འཇིག་རྟེན་གྱི་མཐའ་ཡང་རིག་པར་བྱའོ། །དེ་ལ་སྐྱེ་མཆེད་དྲུག་ལ་ནི་མིང་དུ་གདགས་པའི་དབང་གིས་བྱུང་བའི་འཇིག་རྟེན་གྱི་འདུ་ཤེས་བྱུང་ངོ་། །འཇིག་རྟེན་གྱི་འདུ་ཤེས་ནི་འདུ་ཤེས་

ཀྱི་དབང་གིས་བྱུང་བའོ། །འཇིག་རྟེན་ཞེས་བྱ་བ་ནི་འདུ་ཤེས་དང་ཤེས་པའི་དབང་གིས་བྱུང་བའོ། །འཇིག་རྟེན་གྱི་ཐ་སྙད་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་རྣམ་པར་རིག་པའི་དབང་དུ་བྱ་བའོ། །རེག་པའི་སྐྱེ་མཆེད་དྲུག་པོ་རྣམས་རྣམ་པ་ལྔར་ཡོངས་
སུ་བསྒྱུར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་འཇིག་རྟེན་གྱི་མཐར་ཐུག་པའི་ཐབས་སོ། །མ་འོངས་པའི་འདུ་བྱེད་ཀྱི་རྒྱུ་ཡང་དག་པར་ཟད་པའི་ཕྱིར་ནི་འཇིག་རྟེན་གྱི་མཐར་ཐུག་པར་འགྲོ་བའོ། །རྒྱུ་དང་འབྲས་བུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་ནི་འཇིག་རྟེན་རིག་པའོ། །
ལུས་ཀྱི་ཐ་མ་འཛིན་པའི་ཕྱིར་ནི་འཇིག་རྟེན་གྱི་ཐ་མ་འཛིན་པའོ། །ཚེ་འདི་ལ་ཡུལ་ཐམས་ཅད་ལ་སྲེད་པ་ཟད་པས་རྟག་པར་གནས་པའི་ཕྱིར་ནི་འཇིག་རྟེན་ན་སྲེད་པ་ལས་རྒལ་བ་སྟེ། རྣམ་པ་འདི་དག་གིས་ནི་འཇིག་རྟེན་གྱི་མཐར་ཐུག་པར་རིག་པར་བྱའོ། །ལེགས་པར་གསུངས་པའི་
ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ལ་སྡིག་པ་མི་དགེ་བའི་རྟོག་པ་གང་ཡང་རུང་བ་མ་བྱུང་བ་ལས་བྱུང་བ་ནི་བྱུང་བ་དང་དུ་ལེན་པ་ཙམ་དུ་གཅིག་ཏུ་ངེས་པར་ཚངས་པར་སྤྱོད་པའི་བར་དུ་གཅོད་པར་མི་བྱེད་དེ། དེ་ལ་ཀུན་དུ་མི་སྤྱོད་པ་འབའ་ཞིག་ནི་ལེགས་སོ། །ཀུན་དུ་སྤྱོད་པར་གྱུར་ན་ཡང་དང་དུ་
མི་ལེན་པས་རྒྱུད་དེ་ལ་གནས་པའི་ཚུལ་གྱིས་རྟེན་གྱི་སྐབས་དབྱེ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་སྐད་ཅིག་པས་ནི་ཚངས་པར་སྤྱོད་པའི་གནས་ལས་ཉམས་པར་བྱེད་མི་ནུས་ལ་རྒྱུན་གྱིས་ནི་ནུས་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་གནས་པ་ནི་གཉིས་ཏེ། གནས་བརྟན་སྟོང་
པ་ཉིད་ཀྱིས་གནས་པ་དང་། དེས་བསྐྱེད་པའི་སྟོང་པ་ཉིད་ཀྱིས་གནས་པའོ། །དེ་ལ་དགྲ་བཅོམ་པའི་བདག་མེད་པའི་གནས་པ་གང་ཡིན་པ་དེ་ནི་གནས་བརྟན་སྟོང་པ་ཉིད་ཀྱིས་གནས་པ་ཞེས་བྱ་སྟེ། འདི་ལྟར་དགྲ་བཅོམ་པ་ནི་ཆོས་ཉིད་ཀྱིས་གནས་བརྟན་ཡིན་པའི་ཕྱིར་རོ། །བདག་མེད་
པའི་གནས་པ་ཡང་གནས་པ་གཞན་རྣམས་ཀྱི་གནས་བརྟན་ཐུ་བོ་ཡིན་ཏེ། དེ་བས་ན་གནས་བརྟན་གྱིས་གནས་པ་དང་། གནས་པ་ཉིད་གནས་བརྟན་ཡིན་པས་ན་དེའི་ཕྱིར་གནས་བརྟན་གྱིས་གནས་པ་ཞེས་བྱའོ། །དེས་བསྐྱེད་པའི་གནས་པ་གང་ཞེ་ན། ཇི་ལྟར་འདི་ན་ཁ་ཅིག་རྒྱུ་

ཞིང་འགྲོ་བ་དང་གནས་པ་ལ་ཉོན་མོངས་པ་ཡོད་པ་དང་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་ཡོད་ན་ནི་སྤོང་བའི་ཕྱིར། ནན་ཏན་དུ་སྒྲུབ་པར་བྱེད་དོ། །མེད་ན་ནི་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་དོ། །དེའི་མཆོག་ཏུ་དགའ་བ་དེ་ཡང་སེམས་ཀྱི་ཏིང་ངེ་འཛིན་གྱི་བར་དུ་འགྱུར་ཏེ།
ཏིང་ངེ་འཛིན་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བདག་མེད་པའི་ཆོས་རྣམས་མཐོང་སྟེ། ཉིན་མཚན་དུ་རྗེས་སུ་སློབ་པ་འདི་ནི་དེས་བསྐྱེད་པའི་སྟོང་པ་ཉིད་ཀྱིས་གནས་པ་ཡིན་ནོ། །དེ་ལ་གང་དེས་ནང་ན་ཉོན་མོངས་པ་ཡོད་ན་ཡོད་པ་དང་མེད་ན་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་
པ་འདི་ནི་འདིར་སྟོང་པ་ཉིད་ཡིན་ནོ། །འདི་ལ་འཕགས་པ་ཉན་ཐོས་ལྟ་བ་ཕུན་སུམ་ཚོགས་པ་བཞི་མཐོང་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོང་པ་ཉིད་ལ་ཞུགས་ནས་འཇིག་རྟེན་པའི་ལམ་གྱིས་ཀྱང་སྟོང་པ་ཉིད་སྒོམ་པར་བྱེད་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་སྒོམ་པར་བྱེད་
དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོང་པ་ཉིད་ལ་ཞུགས་པ་གང་ཞེ་ན། གང་ན་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་མཐོང་ལ་གང་ན་ཡོད་པ་དེ་ནི་ཡོད་དེ་འདི་ན་ཡོད་དོ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་དཔེར་ན་སྡོང་བུ་སའི་ཁང་པ་ནི་རེས་འགའ་སྐྱེ་བོའི་ཚོགས་ཁ་
ཅིག་གིས་སྟོང་ལ་རེས་འགའ་ནི་མི་སྟོང་པ་དང་། ཁང་པ་དེ་ཉིད་ནས་གདུང་རྟེན་ནམ། དགབ་པའམ། སྒོའམ། གཏན་པའམ། ཡན་ལག་གང་ཡང་རུང་བ་ཁ་ཅིག་གིས་སྟོང་དུ་ཟིན་ཀྱང་ཁང་པ་ཉིད་ཁང་པས་སྟོང་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལུས་དང་གནས་ནི་ཚོར་བའི་རྣམ་
པ་ཞེས་ཀྱང་བྱ། འདུ་ཤེས་ཀྱི་རྣམ་པ་དང་། སེམས་པའི་རྣམ་པ་ཞེས་ཀྱང་བྱ་སྟེ། ལུས་དང་གནས་དེ་ཡང་རེས་འགའ་ཚོར་བ་དང་། འདུ་ཤེས་དང་། སེམས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཁ་ཅིག་གིས་ནི་སྟོང་ལ། ཁ་ཅིག་གིས་ནི་མི་སྟོང་པ་དང་། ལུས་
དང་གནས་དེ་ཉིད་ནས་རེས་འགའ་མིག་གམ། རྣ་བའམ། སྣའམ། ལྕེའམ། ལུས་ཀྱི་ཕྱོགས་གཅིག་གམ། ཡིད་ཀྱི་ཕྱོགས་གཅིག་གམ། ཁ་ཅིག་གིས་སྟོང་དུ་ཟིན་ཀྱང་ལུས་དང་གནས་ཐམས་ཅད་ཐམས་ཅད་ཀྱིས་སྟོང་པ་ནི་མ་ཡིན་ནོ། །དེ་ལ་དོན་གྱི་མདོ་ནི་འདི་ཡིན་ཏེ་གལ་ཏེ་ཆོས་

རྣམས་ཀྱི་རང་བཞིན་རང་བཞིན་གྱིས་སྟོང་པར་མཐོང་ན་ནི་ཕྱིན་ཅི་ལོག་གི་སྟོང་པ་ཉིད་ལ་ཞུགས་པ་ཡིན་པར་བསྟན་ཏེ། ཆོས་འདུལ་བ་འདི་ལས་འདས་ཏེ་ཐལ་བར་འགྱུར་རོ། །གལ་ཏེ་ཁ་ཅིག་ནི་རང་གི་མཚན་ཉིད་ཀྱིས་ཡོད་པར་མཐོང་ལ་ཁ་ཅིག་ནི་མེད་པར་མཐོང་བ་
དང་། ཡོད་པ་དེ་ཡང་མེད་པ་དང་། གཏན་བྲལ་བ་དང་། ཡོད་པར་ཡང་རེས་འགའ་ཁ་ཅིག་དང་བྲལ་ལ་རེས་འགའ་ནི་ཁ་ཅིག་དང་མ་བྲལ་བར་མཐོང་བ་འདི་ནི་ཡང་དག་པ་ཇི་ལྟ་བ་དང་། ཕྱིན་ཅི་མ་ལོག་པར་སྟོང་པ་ཉིད་ལ་ཞུགས་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་པའི་ལམ་གྱིས་བསྒོམ་པ་
ནི་འདི་ལྟ་སྟེ། འཕགས་པ་ཉན་ཐོས་རབ་ཏུ་དབེན་པ་ན་གནས་པས་གྲོང་དང་མིའི་འདུ་ཤེས་མ་བྱས་ནས་དེའི་འོག་ཏུ་དགོན་པའི་འདུ་ཤེས་ཡིད་ལ་བྱེད་དེ་དེ་ནི་རང་གི་ལུས་ལ་འདི་སྙམ་དུ་སེམས་ཏེ་འདུ་ཤེས་ཀྱི་རྣམ་པ་འདི་ནི་མིང་དང་གྲོང་གི་འདུ་ཤེས་ཀྱིས་སྟོང་ངོ་། །འདི་ལ་མི་སྟོང་པ་ཡང་ཡོད་
དེ་འདི་ལྟ་སྟེ། དགོན་པའི་འདུ་ཤེས་ཀྱི་རྐྱེན་གྱིས་དགོན་པའི་འདུ་ཤེས་དང་། མཚུངས་པར་ལྡན་པའི་ཚོར་བ་དང་སེམས་པས་མི་སྟོང་ངོ་སྙམ་མོ། །འདུ་ཤེས་ཀྱི་རྣམ་པ་དེ་ཉིད་ལས་ཀྱང་རགས་པ་མ་ཞི་བར་གནས་པའི་རིམས་ནད་ལྟ་བུ་ཁ་ཅིག་གིས་སྟོང་ལ་ཆེས་ཆ་ཕྲ་བས་ནི་མི་སྟོང་པར་མཐོང་
ངོ་། །དེས་ཤིང་དང་། རྩྭ་དང་། ནགས་ཚལ་དང་། རི་དང་། རི་དགས་དང་བྱ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་འཛིན་པའི་ཚུལ་གྱིས་དགོན་པའི་འདུ་ཤེས་ཡིད་ལ་མ་བྱས་ནས་སའི་འདུ་ཤེས་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་མ་ཡིན་པ་ཡིད་ལ་བྱེད་དོ། །གཞན་ཡང་སའི་འདུ་ཤེས་མི་མཉམ་པ་དང་། མཐོན་
དམན་ཅན་དང་། ཚེར་མ་དང་། གསེག་མ་དང་། གྱོ་མོ་མང་པོ་འཛིན་པའི་རྣམ་པ་ཡིད་ལ་མ་བྱས་ནས། འཇམ་ཞིང་མཉམ་ལ་ལག་མཐིལ་གྱི་རྣམ་པ་ལྟ་བུར་འདུག་པ་ཡིད་ལ་བྱེད་དོ། །དེའི་འོག་ཏུ་གཟུགས་ཀྱི་འདུ་ཤེས་སྤངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་དང་།
རྣམ་པར་ཤེས་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ཡིད་ལ་བྱེད་དོ། །དེའི་འོག་ཏུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མཚན་མ་མེད་པ་ཡིད་ལ་བྱེད་དེ། ཐམས་ཅད་དུ་ཡང་སྔ་མ་བཞིན་དུ་སྟོང་པ་ཉིད་དུ་འཕར་ཞིང་འོག་མ་ལ་ནི་རགས་པར་འདུ་ཤེས་ལ་གོང་མ་ལ་ནི་ཆེས་

ཞི་བར་འདུ་ཤེས་ཏེ་འདི་ནི་འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བར་གྱུར་པའི་ཕྱིར་འཕགས་པ་ཉན་ཐོས་ཀྱི་སྟོང་པ་ཉིད་བསྒོམ་པ་ཡིན་པར་རིག་པར་བྱའོ། །དེའི་འོག་ཏུ་འཕགས་པའི་ལམ་གྱི་རྣམ་པ་མི་རྟག་པའི་རྣམ་པ་ལ་སོགས་པ་ལ་བརླན་ནས་
འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བར་འགྱུར་ཏེ། དེ་ནི་རང་གི་ལུས་ལ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་ནི་འདི་ལྟ་སྟེ། ཟག་པ་ཐམས་ཅད་ཀྱིས་སྟོང་ངོ་། །གཅིག་ཏུ་ངེས་པར་ཞི་བའི་ཕྱིར་རིམས་ནད་མེད་པའོ། །འདི་ལ་མི་སྟོང་པ་
ཡང་ཡོད་དེ། འདི་ལྟ་སྟེ། གནས་འདི་ཉིད་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་གཅིག་ལ་གཅིག་གིས་མི་སྟོང་ངོ་སྙམ་སྟེ། ཚེའི་ཚད་ཇི་སྲིད་གནས་པའི་བར་དུ་རྐྱེན་ལས་བྱུང་བ་དག་གོ། །བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔར་གྱུར་པ་ན་ཡང་སྟོང་པ་ཉིད་ལ་ཤས་ཆེར་གནས་པས་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། མི་རྟག་པ་དང་སྡུག་བསྔལ་བ་ཡིད་ལ་བྱེད་པ་ལ་གནས་པས་ནི་དེ་ལྟ་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་རྙེད་པ་ན་ཡང་གནས་པ་དེ་མཆོག་ཡིན་པ་དང་། སྔོན་དེ་ལ་གོམས་པའི་རྗེས་སུ་འཇུག་པའི་ཕྱིར་དེ་ཉིད་
ཀྱིས་ཤས་ཆེར་གནས་པར་མཛད་དོ། །སྟོང་པ་ཉིད་ནི་གཉིས་ཏེ། མངོན་སུམ་དུ་བྱ་བའི་སྟོང་པ་ཉིད་དང་། བསྒོམ་པའི་སྟོང་པ་ཉིད་དོ། །དགེ་སློང་འདུ་འཛིའི་གནས་པས་གནས་པ་ལ་ནི་རྣམ་པ་གཉིས་འགྲུབ་པར་མི་འགྱུར་ཏེ། མངོན་སུམ་དུ་བྱ་བའི་སྟོང་པ་ཉིད་མངོན་སུམ་
དུ་བྱ་བ་དང་། བསྒོམ་པར་བྱ་བའི་སྟོང་པ་ཉིད་བསྒོམ་པའོ། །རྣམ་པ་གཉིས་པོ་མི་འགྲུབ་པའི་རྒྱུས་ནི་བདེ་བ་རྣམ་པ་བཞི་ལས་ཡོངས་སུ་ཉམས་པར་འགྱུར་བར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཡོངས་སུ་འཛིན་པ་ཐམས་ཅད་ལས་གྱུར་པའི་རྣམ་པར་ཆགས་པའི་སྡུག་བསྔལ་
ལས་ངེས་པར་གྲོལ་བའི་ངེས་པར་འབྱུང་བའི་བདེ་བ་དང་། འདོད་པའི་འདུན་པ་དང་། གནོད་སེམས་ལས་རྣམ་པར་གྲོལ་བའི་བསམ་གཏན་དང་པོའི་དབེན་པའི་བདེ་བ་དང་། རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བར་བྱེད་པའི་ཉེ་བར་ཞི་བའི་བདེ་བ་དང་། རྣམ་པར་གྲོལ་བ་རྣམ་པ་གཉིས་

ཀྱིས་བསྡུས་པ་དང་། ཉེ་བར་ལེན་པ་མེད་ཅིང་ཡོངས་སུ་ཡི་འཆད་པ་མེད་པས་བསྡུས་པའི་རྫོགས་པའི་བྱང་ཆུབ་ཀྱི་བདེ་བའོ། །དེ་ལ་རྣམ་པར་གྲོལ་བ་རྣམ་པ་གཉིས་ནི་དུས་དང་སྦྱོར་བའི་སྡུག་པ་དང་། བསྐྱོད་དུ་མེད་པའི་སེམས་རྣམ་པར་གྲོལ་བའོ། །དེ་
ལ་དགྲ་བཅོམ་པ་དབང་པོ་རྟུལ་བའི་ཕྱིར་འཇིག་རྟེན་པའི་སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་ཆོས་ཅན་གྱིས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་དུས་དང་སྦྱོར་བའི་སྡུག་པ་སེམས་རྣམ་པར་གྲོལ་བ་ཞེས་བྱ་སྟེ། འདི་ལྟར་ཡོངས་སུ་
ཉམས་པར་འགྱུར་བའི་ཆོས་ཅན་ཡིན་པས་ན་དུས་དུས་སུ་ཡོངས་སུ་ཉམས་པར་འགྱུར་ཞིང་མངོན་སུམ་དུ་ཡང་བྱེད་དོ། །ཚེ་འདི་ལ་བདེ་བ་ལ་རེག་པར་གནས་པས་ན་སྡུག་པ་ཞེས་བྱའོ། །དེ་ལ་བསྐྱོད་དུ་མེད་པ་ནི་ཟག་པ་མེད་པའི་ལམ་ཐམས་ཅད་ཀྱིས་རྣམ་པར་གྲོལ་བ་སྟེ། དེ་ནི་གཏན་
དུ་ཡོངས་སུ་ཉམས་པར་མི་འགྱུར་རོ། །གལ་ཏེ་དགྲ་བཅོམ་པ་དབང་པོ་རྣོ་བའི་ཕྱིར་འཇིག་རྟེན་པའི་ཏིང་ངེ་འཛིན་ལས་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་ཅན་ཞིག་ཡིན་ན་ནི་དེའི་ངེས་པའི་དོན་ལ་དུས་ཀྱི་དོན་ཞེས་བྱ་བར་རིག་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་ལེན་པ་
མེད་པ་དང་། ཡོངས་སུ་ཡི་འཆད་པ་མེད་པ་ནི་གང་ལ་དགྲ་བཅོམ་པའི་སེམས་དགའ་བར་འགྱུར་བ་དང་གང་ལ་རྣམ་པར་འགྱུར་ཞིང་གཞན་དུ་འགྱུར་བ་ལས་དེའི་མྱ་ངན་ལ་སོགས་པ་སྐྱེ་བར་འགྱུར་བའི་གཟུགས་དེ་གཅིག་ཀྱང་མི་དམིགས་པའོ། །དེ་ལ་མངོན་སུམ་དུ་བྱ་བའི་སྟོང་པ་ཉིད་ནི་
རྣམ་པ་གཉིས་ཏེ། ཕྱི་རོལ་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་དོ། །དེ་ལ་ཕྱི་རོལ་སྟོང་པ་ཉིད་ནི་སྤྱིར་ན་གཟུགས་ཀྱི་འདུ་ཤེས་རྣམ་པ་ལྔ་སྟེ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ལས་འདས་ནས། འདོད་པའི་འདོད་ཆགས་དང་བྲལ་བ་མངོན་སུམ་དུ་བྱའོ། །དེ་ལ་ནང་སྟོང་པ་ཉིད་ནི་ནང་གི་འདུ་
བྱེད་རྣམས་ལ་ངའོ་སྙམ་པའི་ང་རྒྱལ་སྤང་བ་མངོན་སུམ་དུ་བྱ་བ་གང་ཡིན་པའོ། །དེ་ལ་བསྒོམ་པར་བྱ་བའི་སྟོང་པ་ཉིད་གང་ཞེ་ན། དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ནང་དང་ཕྱི་རོལ་གྱི་ཡུལ་ལ་བདག་མེད་པར་མཐོང་བ་དང་། དེ་ཉིད་ལ་མི་རྟག་པར་མཐོང་བའོ། །དེ་ལ་

སྟོང་པ་ཉིད་རྣམ་པ་བཞི་པོ་འདི་དག་གི་རྟེན་ཡང་རྣམ་པ་བཞི་ཡོད་པར་རིག་པར་བྱ་སྟེ། དེ་ལ་ཕྱི་སྟོང་པ་ཉིད་ཀྱི་རྟེན་ནི་ནང་གི་སེམས་གནས་པའི་ཏིང་ངེ་འཛིན་གྱི་སྒོ་ནས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ལུས་བརླན་པ་དང་ངའོ་སྙམ་པའི་ང་རྒྱལ་ཡོངས་སུ་ཤེས་པའོ། །ནང་སྟོང་པ་ཉིད་
ཀྱི་རྟེན་ནི་ནང་དང་ཕྱི་རོལ་གྱི་ཆོས་རྣམས་ལ་བདག་མེད་པར་མཐོང་བའོ། །བདག་མེད་པར་མཐོང་བའི་རྟེན་ནི་དེ་དག་ཉིད་ལ་མི་རྟག་པར་མཐོང་བའོ། །མི་རྟག་པར་མཐོང་བའི་རྟེན་ནི་དམ་པའི་ཆོས་ཐོས་པ་དང་ཚུལ་བཞིན་ཡིད་ལ་བྱེད་པའོ། །དེ་ལ་འདོད་པའི་འདོད་ཆགས་དང་བྲལ་བར་
བྱ་བ་ལ་བརྩོན་པའི་དགེ་སློང་ནི་དཔྱོད་པའི་ཡིད་ལ་བྱེད་པའི་དབང་དུ་བྱས་ནས་སྡུག་པའི་མཚན་མ་འདོད་པ་དང་ལྡན་པ་ཡིད་ལ་བྱེད་དེ། དེས་ལམ་དང་ཕྱི་སྟོང་པ་ཉིད་མངོན་སུམ་དུ་མ་བྱས་པ་དང་། ལེགས་པར་མ་བསྒོམས་པ་དང་། བསྟན་པ་ལ་གཞོལ་བའི་ཕྱིར། ཕྱི་སྟོང་པ་ཉིད་
ལ་མངོན་པར་དགའ་བའི་ཚུལ་གྱིས་སེམས་མི་འཇུག་སྟེ། དེ་ངའོ་སྙམ་པའི་སྒོ་ནས་དེར་སེམས་འཕྲོ་བར་མཐོང་ནས། ནང་སྟོང་པ་ཉིད་ལ་ཞི་བའོ་སྙམ་དུ་ཡིད་ལ་བྱེད་དོ། །དེས་ངའོ་སྙམ་པའི་ང་རྒྱལ་ཡང་སྤངས་ལ་ལམ་ཡང་ལེགས་པར་མ་བསྒོམས་པས་དེ་ལ་ཡང་སེམས་
མི་འཇུག་སྟེ། དེས་ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་བདག་མེད་པ་མཐོང་བ་སྒོམ་པར་བྱེད་དེ། དེས་བདག་མེད་པ་མཐོང་བ་ལེགས་པར་མ་བསྒོམས་པས་དེ་ལ་ཡང་སེམས་མི་འཇུག་གོ། །དེ་ནང་དང་ཕྱི་རོལ་དེ་དག་ཉིད་ལ་མི་རྟག་པར་མཐོང་བས་མི་གཡོ་བའི་སེམས་སྒོམ་པར་
བྱེད་དེ། འདུ་བྱེད་རྣམས་ལ་མི་རྟག་པར་མཐོང་བས་རྣམ་པ་ཐམས་ཅད་དུ་གཡོ་བར་མི་འགྱུར་རོ། །དེ་བས་ན་མི་རྟག་པར་མཐོང་བ་ལ་མི་གཡོ་བའི་ཁམས་ཞེས་བྱའོ། །དེས་གནས་དེ་དག་ལ་སེམས་མ་མོས་པར་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ནས་སེམས་དེ་མི་སྡུག་པ་ལ་
དམིགས་པའམ། བྱམས་པ་ལ་དམིགས་པའམ། དབུགས་ཕྱི་ནང་དུ་རྒྱུ་བ་ལ་དམིགས་པའམ། འདུ་བྱེད་ཐམས་ཅད་མི་རྟག་པ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ལན་མང་དུ་བྱས་པའི་རྒྱུས་ལས་སུ་རུང་བར་འགྱུར་རོ། །དེ་ནས་རིམ་གྱིས་ཐམས་ཅད་ལ་འཇུག་པར་འགྱུར་ཏེ།

དེའི་མངོན་སུམ་དུ་བྱ་བའི་སྟོང་པ་ཉིད་མངོན་སུམ་དུ་བྱ་བ་ཡང་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ཡོངས་སུ་རྫོགས་པའི་རྒྱུས་ཐ་མའི་ཆ་དང་མཐུན་པ་དང་། གོང་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །བསྒོམ་
པར་བྱ་བའི་སྟོང་པ་ཉིད་བསྒོམ་པར་བྱ་བ་ཡང་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ཡོངས་སུ་རྫོགས་པར་གྱུར་པའི་རྒྱུས་མི་སློབ་པའི་ཡང་དག་པའི་ལྟ་བ་ལ་སོགས་པའི་ཆོས་རྣམས་དང་ལྡན་པར་འགྱུར་རོ། །གང་གི་ཚེ་མི་འཇུག་པ་དེའི་བར་དུ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་སོ། །
གང་གི་ཚེ་འཇུག་པ་དེ་ནི་སློབ་པའི་གནས་སྐབས་སོ། །གང་གི་ཚེ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ནི་མི་སློབ་པའི་གནས་སྐབས་སོ། །དེ་ནི་སྒོམ་པ་ཡོངས་སུ་རྫོགས་པ་ལ་ཞུགས་ཤིང་སེམས་གཡོས་པས་དགེ་བའི་རྟོག་པ་ལ་རྟོག་པར་བྱེད་དོ། །དེ་ལ་ཡང་ཚོད་ཤེས་
ཤིང་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་གཏམ་བྱེད་དོ། །ཡང་དག་པའི་འཆག་སར་འཆག་པར་བྱེད་དོ། །ཡང་དག་པར་སྟན་ལ་འདུག་ལ་ཐམས་ཅད་དུ་འང་ཚོད་ཤེས་ཏེ་དེ་ལྟར་ན་འདི་ནི་འདིའི་རྒྱུ་ཞིང་འགྲོ་བ་དག་པ་ཡིན་ནོ། །གནས་པ་དག་པ་ནི་སྔ་མ་ཡིན་ནོ། །བར་སྐབས་
དག་ཏུ་ཡང་སྤྱོད་པ་ཡིད་ལ་བྱེད་པས་ཉོན་མོངས་པ་ཀུན་དུ་སྤྱོད་པ་ལ་སོ་སོར་བརྟག་ཅིང་སེམས་རྣམ་པར་སྦྱོང་སྟེ། འདི་དག་ནི་གཅིག་ཏུ་ངེས་པའི་དཀར་པོའི་ཆོས་རྣམས་ཡིན་ཏེ། དེ་དག་དང་ལྡན་ན་བདུད་དང་ཕྱིར་རྒོལ་བ་རྣམས་ཀྱིས་མི་ཚུགས་ལ་སྡིག་པ་མི་དགེ་བའི་ཆོས་རྣམ་
པ་བཞིས་མི་འཕྲོགས་ཏེ། ཡང་སྲིད་པར་སྐྱེ་བའི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་རྣམས་དང་། ཚེ་འདི་ལ་ལུས་དང་སེམས་ཡོངས་སུ་གདུང་བ་དང་། ངན་སོང་གི་རྒྱུའི་རང་བཞིན་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུའི་རང་བཞིན་གྱིས་སོ། །གཏམ་ནི་རྣམ་
པ་གཉིས་ཏེ། སྒྲ་ཙམ་ལ་མོས་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་སྒྲུབ་པའི་རྗེས་སུ་འབྲང་བའོ། །དེ་ལ་སྔ་མ་ནི་ཆོས་ཀྱི་ལུང་ནོད་པ་དང་། ཁ་སྟོན་དུ་བྱེད་པ་དང་། ཀུན་ཏུ་འདྲི་བ་དང་། ཡོངས་སུ་འདྲི་བ་དང་། འཆང་བས་ཕྱེ་བའོ། །ཅིག་

ཤོས་ནི་དམིགས་པའི་གནས་དང་། སེམས་རྣམ་པར་གྲོལ་བའི་མན་ངག་གིས་ཕྱེ་བ་སྟེ། དེའི་དོན་དུ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དང་། ཉན་ཐོས་རྣམས་ཀྱང་བསྟན་པའི་རྗེས་སུ་འཇུག་ཅིང་དགེ་བའི་ཆོས་དེ་དག་གིས་ཡང་དག་པར་སྦྱོར་བར་བྱེད་དོ། །ཆོས་འདུལ་བ་
གང་ལ་ཚངས་པར་སྤྱོད་པ་ལ་གནས་པ་གཏན་མེད་པ་དེ་ལ་ནི་ཚངས་པར་སྤྱོད་པ་ཡང་མེད་དེ་དེ་ལ་ནི་ཚངས་པར་སྤྱད་པ་དང་། ཚངས་པར་སྤྱོད་པ་ཡང་མེད་པ་ལ་ནི་ཕན་ཚུན་སློབ་དཔོན་དང་། སློབ་མའི་ཚུལ་དུ་ཁས་བླངས་པ་རྣམས་ཀྱིས་ལོག་པར་སྒྲུབ་པ་གང་ཡིན་པ་དེ་སློབ་
དཔོན་ལ་གནོད་པའམ། ཉེ་གནས་ལ་གནོད་པར་འགྱུར་རོ། །འདི་ལ་ནི་གཉི་ག་ཡོད་དོ། །དེ་ལ་འབྲས་བུ་ཆེན་པོ་དང་། ཕན་ཡོན་ཆེན་པོའི་སྟོང་པ་ཉིད་མངོན་སུམ་དུ་བྱ་བ་དང་། བསྒོམ་པ་བཏང་སྟེ། དམའ་ཞིང་ཁ་ན་མ་ཐོ་བ་དང་བཅས་པའི་རྙེད་པ་དང་བཀུར་སྟིའི་རོ་མྱང་
བས་འཕྲོག་ཅིང་ལོག་པར་སྒྲུབ་པ་གང་ཡིན་པ་དེ་ནི་ཚངས་པར་སྤྱོད་པའི་གནོད་པ་ཆེན་པོས་གནོད་པར་བྱས་པར་རིག་པར་བྱ་སྟེ། དེ་ལྟར་རྙེད་པ་དང་བཀུར་སྟི་ལ་ཞེན་པ་དེ་ནི་བདག་ཉིད་ལ་ཡང་གནོད་པ་བྱེད་དོ། །རྣམ་པར་ཐར་པ་དང་མཐུན་པའི་གཏམ་དེ་ཡང་ཉན་པར་མི་འདོད་ལ་སྟོན་
པ་ན་ཡང་རྣ་བླགས་པར་མི་བྱེད་དོ། །དེ་ཉན་པར་བྱེད་ན་ཡང་རྙེད་པ་དང་བཀུར་སྟིའི་ཆེད་དུ་ཉན་པར་བྱེད་ཀྱི་ཤེས་པར་བྱ་བའི་སེམས་ཀྱིས་ནི་མ་ཡིན་ནོ། །ནན་ཏན་དུ་སྒྲུབ་པར་ཡང་མི་བྱེད་ལ་མ་དུལ་བའི་ཕྱིར་གཞན་དུལ་བར་ཡང་མི་བྱེད་པ་དང་། མྱ་ངན་ལས་བཟླ་བའི་བར་དུ་ཡང་མི་
བྱེད་དེ། དེ་ལྟར་ན་དེས་ནི་སྟོན་པའི་དགྲ་བཞིན་དུ་ཀུན་དུ་སྤྱོད་པ་ཡིན་ཏེ། ཕན་པ་རྒྱ་ཆེན་པོས་ཉེ་བར་གནས་པ་ལ་ལན་དུ་གནོད་པ་བྱས་པའི་ཕྱིར་རོ། །དེ་ལ་དོན་གྱི་མདོ་ནི་འདི་ཡིན་ཏེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་དེས་ཅི་ནས་བདག་གིས་ནན་
ཏན་དུ་བསྒྲུབ་པར་བྱ་བ་དེ་ལྟ་བུ་ལ་རྣམ་པ་བཞིས་མ་ཞུགས་པ་དང་། ཅི་ནས་སྟོན་པ་ལ་ནན་ཏན་དུ་བསྒྲུབ་པར་བྱ་བ་དང་། གང་གིས་བསྟན་པ་ལ་རབ་ཏུ་བྱུང་བ་དེ་ལྟ་བུར་མ་ཞུགས་ཏེ། འདི་ལྟ་སྟེ། འདྲེ་བར་གནས་པ་དང་། སྒྲ་ཙམ་ལ་མོས་པའི་རྗེས་སུ་འབྲང་བའི་གཏམ་གྱིས་

རྗེས་སུ་འབྲང་བ་དང་། རྙེད་པ་དང་བཀུར་སྟི་ལ་ཞེན་པ་དང་། དེ་ལ་ཞེན་པའི་དབང་གིས་བྱུང་བས་དམ་པའི་ཆོས་མཉན་པར་བྱེད་ཀྱི་བདག་ལ་ཕན་པ་དང་། གཞན་ལ་ཕན་པ་སྒྲུབ་པའི་ཕྱིར་མ་ཡིན་པའོ། །དེ་བཞིན་གཤེགས་པ་ནི་ཚོགས་ཡོངས་སུ་སྡུད་པར་
བཞེད་པའི་ཕྱིར་ཚོགས་ཉེ་བར་འཛིན་པར་མི་མཛད་ཀྱི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་འབའ་ཞིག་གི་ཕྱིར་ཏེ། གང་གི་ཕྱིར་ལོག་པར་སྒྲུབ་པའི་ཉན་ཐོས་རྣམས་ལ་ཡིད་བསྲུང་བ་མེད་པར་ངོ་བཟློག་ཕོད་པར་མཛད་དེ། ཉན་ཐོས་རྣམས་ལ་ངོ་བཟློག་ཕོད་པ་དེ་དང་། རྩུབ་ལ་ཕན་
པར་གསུངས་པ་དེས་ཆོས་འདུལ་བ་འདི་ལས་ཕྱིར་ལྡོག་པར་གྱུར་དུ་ཟིན་ཀྱང་དེ་ནི་དེ་དག་ལ་ཆེས་ཕན་པར་འགྱུར་གྱི་འདི་ལ་གནས་པ་རྣམ་པ་ལོག་པར་སྒྲུབ་པ་ནི་དེ་ལྟ་མ་ཡིན་ནོ། །སྡོམ་ནི། འདོད་ཆགས་བྲལ་དང་མ་བྲལ་དང་། །རྒྱུ་དང་རྐྱེན་དང་ལམ་དང་ནི། །སྲོག་ལ་
ཡིད་ནི་མི་བརྟན་དང་། །ཀུན་ཏུ་ཆགས་པའི་གནས་རྒྱས་པ། །དགེ་སློང་ནི་འདོད་ཆགས་དང་བྲལ་བ་ཡང་རུང་། འདོད་ཆགས་དང་མ་བྲལ་བ་ཡང་རུང་སྟེ། འདོད་པའི་ཡོན་ཏན་ལྔ་དང་། ཡིད་ཀྱིས་ཤེས་པར་བྱ་བའི་ཡུལ་མཉམ་པར་གཞག་པའི་ས་པའི་ཆོས་རྣམས་ལ་
དུས་གསུམ་དུ་ཀུན་ནས་དཀྲིས་པ་རྣམ་པ་གསུམ་དང་། དེའི་རྩ་བ་བག་ལ་ཉལ་གྱིས་ཀུན་ནས་ཉོན་མོངས་པར་གྱུར་ན་ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་སྐལ་བ་མེད་དོ། །དེ་ལ་འདས་པའི་དུས་ཀྱི་སྒོ་ནས་ནི་དེ་ལ་རྣམ་པར་ཤེས་པ་བརྟེན་ཏོ། །མ་འོངས་
པའི་དུས་ཀྱི་སྒོ་ནས་ནི་དེ་ལ་རག་ལས་སོ། །ད་ལྟར་གྱི་དུས་ཀྱི་སྒོ་ནས་ནི་དེ་ལ་མངོན་པར་ཞེན་ཏོ། །དེའི་རྩ་བ་བག་ལ་ཉལ་དེའི་རྒྱུད་ལ་ཡོད་པ་དང་རྗེས་སུ་འབྲེལ་པས་ནི་རྣམ་པར་ཤེས་པ་དེ་ཉེ་བར་ལེན་པར་བྱེད་དོ། །དེ་ལས་བཟློག་པ་ནི་ཀུན་ནས་ཉོན་མོངས་པར་མ་གྱུར་ན་ཚེ་འདི་ལ་
ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་སྐལ་བ་ཅན་ཡིན་ནོ། །བཞི་པོ་འདི་དག་ནི་ཆོས་འདུལ་བ་འདི་ལ་ཞུགས་པ་རྣམས་ཀྱིས་ཚུལ་བཞིན་དུ་འདྲི་བ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཁྱིམ་བདག་གམ། ཁྱིམ་བདག་གི་བུ་དད་པ་ཅན་དང་། དགེ་སློང་ཐོས་པས་

བྱང་བ་དང་། སྟོན་པའི་དྲུང་ན་འདུག་ཅིང་བསྙེན་བཀུར་བྱེད་པ་དང་། སྟོན་པ་ཉིད་དེ། དེ་བཞིན་གཤེགས་པ་ནི་ཉན་ཐོས་ཞུ་བར་ནི་འདོད་ལ་བག་ཚ་བ་དང་། མི་ཤེས་པའི་དོན་མངོན་པར་གཟིགས་པའི་ཕྱིར་ཉེ་བར་གནས་པ་དང་མ་འོངས་པའི་ཉེས་པ་བསལ་བ་དང་། དམ་པའི་
ཆོས་ཡུན་རིང་དུ་གནས་པར་མཛད་པའི་ཕྱིར་མཁྱེན་བཞིན་དུ་རྒྱུ་རྣམ་པ་གཉིས་ཀྱིས་ཉན་ཐོས་ལ་འདྲི་བར་མཛད་དོ། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་རྣམས་ཀྱི་ནི་རྒྱུ་རྣམ་པ་གཉིས་ཀྱི་སྐྱེ་མཆེད་དྲུག་ནི་རྒྱུ་ཡིན་ལ་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ནི་རྐྱེན་ཞེས་བྱ་སྟེ། འདི་ལྟ་སྟེ། སྐྱེ་
མཆེད་དྲུག་ནི་དེ་དག་གི་ས་བོན་གྱི་གནས་ཡིན་པ་དང་། ཇི་ལྟར་ཐོབ་པའི་སྐྱེ་མཆེད་གཅིག་ཏུ་ངེས་པར་རྣམ་པ་གཅིག་ཏུ་འགྱུར་བའི་ཕྱིར་རོ། །ཡུལ་ནི་གཅིག་ཏུ་རྣམ་པ་དུ་མར་འདུག་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་ནི་སྤྱིར་ན་རྒྱུ་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། ཀུན་
ནས་ཉོན་མོངས་པའི་རང་བཞིན་གང་ཡིན་པ་དང་། དེའི་ལམ་གང་ཡིན་པའོ། །དེ་ལ་རང་བཞིན་ནི་འདུན་པའི་འདོད་ཆགས་ཏེ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །དེའི་ལམ་ནི་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཏེ། གཟུང་བ་དང་འཛིན་པའི་བྱེ་
བྲག་ཡིན་ནོ། །དགེ་སློང་རྒྱུ་ཞིང་འགྲོ་བའམ་གནས་པས་གནས་གཉིས་ཡང་དག་པར་མཐོང་བས་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་བརྟེན་ནས། ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་ལས་སེམས་རྣམ་པར་གྲོལ་བར་བྱའོ། །གནས་གཉིས་པོ་གང་ཞེ་ན། འདི་ལྟ་སྟེ།
སྲོག་ལ་ཡིད་མི་རྟོན་པ་དང་། མི་དགེ་བའི་སེམས་ཀྱིས་ཤི་ན་ངན་འགྲོར་འགྲོ་བའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་གང་ལ་བརྟེན། ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་པོ་གང་ལས་ནི་སེམས་རྣམ་པར་གྲོལ་བར་བྱ་ཞེ་ན། བདག་རང་གི་སྐྱེ་མཆེད་རྣམས་མཚོན་ཆ་རྣམ་པ་སྣ་ཚོགས་
ཀྱིས་བཏབ་ཅིང་མ་རུང་བར་བྱས་ཀྱང་སླའི། བདག་མི་དགེ་བའི་སེམས་ཀྱིས་ཤི་ནས་ངན་སོང་དག་ཏུ་སྐྱེ་བར་འགྱུར་བ་ནི་དེ་ལྟ་མ་ཡིན་ནོ། །ཇི་ལྟར་བྱས་ན་བདག་བདེ་བ་དང་ལྡན་པ་དང་། ཡིད་བདེ་བ་དང་ལྡན་པས་མི་དགེ་བ་ཀུན་དུ་སྤྱོད་པའི་གཉེན་པོར་ཡང་དག་པ་ལ་ཡང་དག་པར་

སོ་སོར་རྟོག་པར་འགྱུར་ཞིག་གུ་སྙམ་དུ་སོ་སོར་བརྟགས་ནས་འདུ་བྱེད་རྣམས་མི་རྟག་པ་འབའ་ཞིག་སྒོམ་པར་བྱེད་དེ། དེ་ལ་རྒྱུ་ཞིང་འགྲོ་བ་ན་ནི་ཡུལ་གྱི་མཚན་མ་འཛིན་པ་དང་། རྟགས་འཛིན་པའི་ཀུན་ནས་ཉོན་མོངས་པ་ལས་རྣམ་པར་འབྱེད་དོ། །ཡང་ན་རབ་ཏུ་
དབེན་པ་ན་གནས་པ་ན་མི་དགེ་བའི་རྟོག་པའི་ཀུན་ནས་ཉོན་མོངས་པ་ལས་རྣམ་པར་འབྱེད་དོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་པོ་ནི་རྒྱུ་ལྟ་བུ་ཡིན་ལ་གཉིས་པ་ནི་འབྲས་བུ་ལྟ་བུ་ཡིན་པར་རིག་པར་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པ་གཉིས་ལ་གནས་པ་ལ་ནི་གནས་གཉིས་འབྱུང་བ་
ཡོད་དེ། སྲོག་ལ་ཡིད་མི་རྟོན་པ་དང་། འཆི་བའི་ཚེ་ཁོ་ན་ནི་མི་དགེ་བའི་སེམས་ཀྱིས་ཤི་ན་ངན་འགྲོར་འགྲོ་བའོ། །དེ་བས་ན་སྐད་ཅིག་གཅིག་གིས་ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་ལ་ཡང་ཉེས་པར་ལྟ་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དྲག་པོ་བསྐྱེད་པར་བྱ་བ་ན། རྒྱུན་
དུ་འབྱུང་བ་ལྟ་ཅི་སྨོས། འདི་དག་ནི་བདུད་འཇུག་པར་འགྱུར་བའི་ཀུན་དུ་ཆགས་པའི་གནས་ཀྱི་ཀུན་ནས་ཉོན་མོངས་པ་མང་པོས་ཏེ་དེ་དག་ནི་མཁས་པས་ཡོངས་སུ་ཤེས་ནས་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། འདོད་པའི་འདོད་ཆགས་དང་བྲལ་བའི་སོ་སོའི་སྐྱེ་བོའི་སྙོམས་པར་འཇུག་
པ་ལས་བྱུང་བའི་བདེ་བ་ལ་རག་ལས་པའི་སྐྱེ་མཆེད་ཀྱི་རོ་མྱོང་བར་བྱེད་པའི་ཀུན་དུ་ཆགས་པའི་གནས་དང་། འདོད་ཆགས་དང་མ་བྲལ་བའི་འདོད་པའི་ཡོན་ཏན་ལྔ་ལ་བརྟན་པའི་ཚོར་བའི་སྒོ་ནས་མངོན་པར་དགའ་བ་དང་། མངོན་པར་ཆགས་པ་དང་། ལྷག་པར་ཞེན་པ་དང་། ལྷག་
པར་ཞེན་པ་ནས་གནས་པའི་ཀུན་དུ་ཆགས་པའི་གནས་དང་། སེམས་ཅན་ཕན་འདོགས་པ་རྣམས་ལ་རྗེས་སུ་ཆགས་པ་དང་། གནོད་པར་བྱེད་པ་རྣམས་ལ་ཁོང་ཁྲོ་བའི་ཀུན་དུ་ཆགས་པའི་གནས་དང་། ཡུལ་རགས་ཤིང་རྒྱ་ཆེ་བ་ལ་འཕྲོག་པར་བྱེད་པའི་བདེ་བའི་གནས་
དང་། སྡུག་བསྔལ་གྱི་གནས་དུས་གསུམ་དུ་བཙལ་བར་བྱ་བ་དང་། བརྟག་པར་བྱ་བ་དང་། ལྷག་པར་ཆགས་པར་བྱ་བའི་ཀུན་དུ་ཆགས་པའི་གནས་ཏེ། དེ་ལ་སྡུག་པ་དང་། ཡིད་དང་འཐད་པ་དང་། དགའ་བ་དང་། ཡིད་དུ་འོང་བ་རྣམས་ཀྱི་དབྱེ་བ་ནི་སྔ་མ་བཞིན་དུ་

རིག་པར་བྱའོ། །མི་སྡུག་པ་ནི་མ་འོངས་པའི་དུས་ཀྱི་སྒོ་ནས་མི་འདོད་པའོ། །ཡིད་དང་མི་འཐད་པ་ནི་འདས་པའི་དུས་ཀྱི་སྒོ་ནས་མི་འདོད་པའོ། །མི་དགའ་བ་ནི་རྗེས་སུ་དྲན་པའི་ཡུལ་མི་འདོད་པའི་སྒོ་ནས་སོ། །ཡིད་དུ་མི་འོང་བ་ནི་འདོད་པའི་ཚོར་བའི་སྒོ་ནས་སོ། །སྡུག་བསྔལ་
བ་ཡང་ཡུལ་མི་འདོད་པའི་སྒོ་ནས་སོ། །གནོད་པར་བྱེད་པ་ཡང་མི་འདོད་པའི་ཚོར་བའི་སྒོ་ནས་སོ། །མི་མཐུན་པ་ནི་འདས་པའི་དུས་ཀྱི་མི་འདོད་པའོ། །འཆེར་འགྲིབ་ནི་མ་འོངས་པའི་དུས་ཀྱི་མི་འདོད་པའོ། །ཀུན་ནས་ཉོན་མོངས་པ་ནི་གཉིས་ཏེ། ཕྱི་རོལ་གྱི་ཡུལ་གྱི་ཀུན་ནས་ཉོན་
མོངས་པ་དང་། ནང་གི་ཚོར་བའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་མིག་ལ་སོགས་པ་ལ་བརྟེན་ནས་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ལྷག་པར་ཞེན་པ་ནི་ཡུལ་གྱི་ཀུན་ནས་ཉོན་མོངས་པའོ། །རེག་པ་ལ་བརྟེན་ནས་ནང་གི་ཚོར་བ་ལ་ལྷག་པར་ཞེན་པ་ནི་ཚོར་བའི་ཀུན་ནས་
ཉོན་མོངས་པའོ། །འགོག་པའི་མྱ་ངན་ལས་འདས་པ་གང་ལ་གཉི་ག་མེད་པ་དེ་ལ་ནི་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱི་གནས་མེད་དོ། །སྲེད་པ་དང་ལྟ་བ་ནི་རྣམ་པ་ཐམས་ཅད་ནི་རྣམ་པ་བཅོ་ལྔས་ཀུན་ནས་ཉོན་མོངས་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཀུན་ནས་དཀྲིས་
པའི་སྒོ་ནས་སྐྱེ་མཆེད་རྣམས་ལ་ཀུན་ནས་སྦྱོར་བ་དང་། བག་ལ་ཉལ་གྱི་སྒོ་ནས་ཉེ་བར་སྦྱོར་བ་དང་། བདག་ཏུ་ལྟ་བའི་སྒོ་ནས་ལྷག་པར་སྦྱོར་བ་སྟེ། རྣམ་གྲངས་བསྡུ་བ་ལས་རྒྱས་པར་ཇི་སྐད་བསྟན་པ་དང་འདྲའོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་
བ། བམ་པོ་བཅུ་པ། སྤྱི་སྡོམ་ནི། རྒྱུ་འདྲ་བ་དང་རྐྱེན་ཙམ་དང་། །འདོད་ཆགས་ཤས་ནི་ཆེ་བ་དང་། །གནས་གཅིག་པ་ནི་ཐ་མ་ཡིན། །སྡོམ་ནི། རྒྱུ་འདྲ་བ་དང་བསམ་མི་ཁྱབ། །བཅིངས་པ་དང་ནི་གྲོལ་བ་དང་། །རྟགས་དང་རིག་པ་ཀུན་དུ་འགྲོ། །མོས་པ་དང་ནི་སྒོ་
བསྡམས་དང་། །བསྟན་དང་མངོན་པར་དགའ་བ་ཡི། །རྟགས་ནི་ཐ་མར་བརྗོད་པ་ཡིན། །འདི་ལ་འཕགས་པ་ཉན་ཐོས་ནི་རྒྱུ་འདྲ་བས་རྣམ་པར་ཤེས་པ་བདག་མེད་པ་ལ་རྗེས་སུ་ཞུགས་ནས་རྣམ་པ་གསུམ་གྱིས་རྣམ་པར་ཤེས་པ་ལ་ཡང་དག་པར་ལྟ་བས་གནས་སོ། །རྒྱུ་འདྲ་

བས་ན་རྣམ་པར་ཤེས་པ་བདག་མེད་པ་ལ་ཇི་ལྟར་འདུག་ཅེ་ན། སྐྱེ་མཆེད་གཟུགས་ཅན་ལྔ་པོ་གང་ཡིན་པ་རྣམས་དང་། འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ལུས་གང་ཡིན་པ་དེ་ནི་འཕེལ་བ་དང་། འགྲིབ་པ་དང་། ལེན་པ་དང་། འདོར་བའི་མི་རྟག་པ་ཉིད་མངོན་
སུམ་དུ་གྱུར་པས། དེའི་རྐྱེན་ལས་བྱུང་བའི་རྣམ་པར་ཤེས་པའི་མི་རྟག་པ་ཉིད་ལ་ཡང་རྗེས་སུ་འཇུག་གོ། །མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བ་ཡིན་ལ། སྡུག་བསྔལ་བ་གང་ཡིན་པ་དེ་ནི་བདག་མེད་པ་ཡིན་ནོ་ཞེས་བདག་མེད་པ་ལ་ཡང་རྗེས་སུ་འཇུག་གོ། །ཇི་ལྟར་
བདག་མེད་པ་ལ་རྗེས་སུ་ཞུགས་ནས་ཡང་དག་པར་ལྟ་བར་འགྱུར་ཞེ་ན། ལོག་པར་ལྟ་བའི་རྩ་བ་ནི་བདག་ཏུ་ལྟ་བ་ཡིན་ཏེ། རྩ་བ་དེ་སྔ་ནས་ཡང་དག་པར་བཅད་པའི་ཕྱིར་རོ། །རྣམ་པར་ཤེས་པ་དེ་ཡང་རྟེན་དང་དམིགས་པའི་བྱེ་བྲག་གིས་རྣམ་པ་དུ་མར་འཇུག་པར་ཡང་དག་པའི་
ཤེས་རབ་ཀྱིས་མཐོང་ངོ་། །རྣམ་པར་ཤེས་པ་དེ་ལྟར་འཇུག་པ་ལ་ནི་སྐད་ཅིག་ཙམ་གྱི་གནས་སྐབས་སུ་ཡང་སྙིང་པོ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ན་གཏན་དུ་ལྟ་ཅི་སྨོས། སྐྱེ་མཆེད་དྲུག་འགག་པ་ཞི་བ་དང་སྤྲོས་པ་མེད་པ་ནི་སྤྲོས་པ་དང་ལྡན་པའི་རྣམ་པ་བཞིས་བསམ་
པར་མི་བྱ། བརྟག་པར་མི་བྱ། ཡོངས་སུ་འདྲི་བར་མི་བྱ་སྟེ། གཞན་དག་གི་བློའི་ཁྱད་པར་ཡོངས་སུ་བརྟག་པའི་བསམ་པས་བྱ་བ་ཙམ་དུ་ཟད་དོ། །བཞི་གང་ཞེ་ན། ཡོད་པའམ། མེད་པའམ། ཐ་དད་པའམ། ཐ་དད་པ་མ་ཡིན་པའོ། །སྐྱེ་མཆེད་དྲུག་པོ་གང་གི་སྐྱེ་བ་ཡང་
ཡོད་ལ་འཇིག་པ་ཡང་ཡོད་པ་དེ་ལ་ནི་ཕན་ཚུན་མཚན་ཉིད་ཐ་དད་པ་ཡང་ཡོད་དོ། །དེའི་སྐྱེ་བ་དང་། འཇིག་པ་ལ་བརྟེན་ནས་ཡོད་པའམ་མེད་པ་ཡང་མི་དམིགས་སོ། །གང་ལ་ཕན་ཚུན་མཚན་ཉིད་ཐ་དད་པར་ཡོད་པ་དེ་ལ་ནི་རིགས་གཞན་ལ་ལྟོས་ནས་ཐ་དད་པ་དམིགས་ལ་རང་གི་རིགས་
ཀྱི་སྔ་ཕྱི་ལ་ལྟོས་ནས་ཐ་དད་པ་མ་ཡིན་པར་དམིགས་སོ། །སྐྱེ་མཆེད་དྲུག་འགག་པ་ནི་རྟག་པ་དང་ཞི་བའི་མཚན་ཉིད་ཡིན་ཏེ་དེ་བས་ན་སྤྲོས་པ་བཞི་པོ་འདི་དག་གིས་དཔྱད་ཅིང་བརྟག་ཏུ་མི་རུང་ངོ་། །དེ་ལ་དོན་དང་ལྡན་པ་མ་ཡིན་པ་སེམས་ཤིང་རྟོག་ལ་སྨྲ་བ་གང་ཡིན་པ་དེ་ནི་སྤྲོས་པ་ཞེས་

བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སྤྱོད་པ་ལ་ནི་དགེ་བའི་ཆོས་ཅི་ཡང་འཕེལ་བར་འགྱུར་བ་མེད་ལ་མི་དགེ་བ་འགྲིབ་པ་ཡང་མེད་དེ། དེ་བས་ན་སྤྲོས་པ་ཞེས་བྱའོ། །ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ལ་འདུན་པའི་འདོད་ཆགས་ཡོད་ན་ནི་ཡུལ་མངོན་སུམ་དུ་གྱུར་ཀྱང་རུང་ལྐོག་ཏུ་
གྱུར་ཀྱང་རུང་བ་ལས་དབང་པོ་ལྷག་པར་བཏང་སྙོམས་སུ་བྱེད་མི་ནུས་ཏེ། དེ་བས་ན་བཅིངས་པ་ཞེས་བྱའོ། །འདུན་པའི་འདོད་ཆགས་མེད་ན་ནི་ཡུལ་ལ་མངོན་སུམ་དུ་གྱུར་པ་ལས་ཀྱང་དབང་པོ་ལྷག་པར་བཏང་སྙོམས་སུ་བྱེད་ནུས་ན་ལྐོག་ཏུ་གྱུར་པ་ལྟ་ལ་ཅི་སྨོས་ཏེ། དེ་བས་ན་གྲོལ་བ་
ཞེས་བྱའོ། །ཚངས་པར་སྤྱད་ནས་ཡུན་རིང་དུ་ལོན་པ། ཕུང་པོ་དང་སྐྱེ་མཆེད་རྣམས་ལ་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་སྤངས་པ་ལ་ནི་ལུས་ཀྱི་ཚོར་བའི་སྡུག་བསྔལ་རྣམས་སྲོག་འཆད་པར་བྱེད་པའི་བར་དག་གིས་ཐེབས་སུ་ཟིན་ཀྱང་གཟུགས་འགྱུར་བ་ཡང་མེད་ལ་
སེམས་འགྱུར་བ་ཡང་མེད་པ་འདི་ལ་ནི་དེའི་དབང་པོ་ཤིན་ཏུ་བསྡམས་པའི་རྟགས་རགས་པ་ཡིན་ནོ། །དེ་ལྟར་དབང་པོ་ཤིན་ཏུ་བསྡམས་པ་དེ་ནི་སྡུག་བསྔལ་རྣམ་པ་བཞི་ལས་རྣམ་པར་གྲོལ་བའི་ཕྱིར་དགའ་བ་རྣམ་པ་བཞི་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། ཕྱི་མ་ལ་ཕྱི་རོལ་གྱི་རྐྱེན་
ལས་འབྱུང་བ་དང་། ཕྱི་མ་ལ་ནང་གི་རྐྱེན་ལས་འབྱུང་བ་དང་། ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་ཕུང་པོ་ལས་གྱུར་པ་དེ་གཉི་ག་དང་། ཤི་བའི་འོག་ཏུ་སྡུག་བསྔལ་ཐམས་ཅད་ཉིང་མཚམས་སྦྱོར་བ་མེད་པས་འཇིག་རྟེན་རྩྭ་དང་ཤིང་དང་འདྲ་བར་མཐོང་བར་
གྱུར་པའོ། །དེ་ལ་དེས་ནི་རྣམ་པ་གཉིས་ཀྱིས་སྐྱེ་མཆེད་དྲུག་གི་འཇིག་རྟེན་རྩྭ་དང་ཤིང་དང་འདྲ་བར་མཐོང་སྟེ། རྩྭ་དང་ཤིང་དང་འདྲ་བའི་སེམས་ཅན་མེད་པའི་འདུ་ཤེས་དང་། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེས་བསྲེག་པར་བྱ་བའི་ཕྱིར་སྐྱེ་
མཆེད་དྲུག་པོ་རྩྭ་དང་ཤིང་དང་འདྲ་བ་འདི་ཉེ་བར་ལེན་པའོ། །ཉན་ཐོས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་པ་ནི་ཕྱི་མ་ལ་ཡང་སྲིད་པར་སྐྱེ་བའི་སྡུག་བསྔལ་མི་སྐྱེ་བར་བྱ་བ་ལ་དེ་བཞིན་གཤེགས་པ་དང་འདྲ་བར་རིག་པའི་སྟོབས་དང་ལྡན་མོད་ཀྱི་ཚེ་འདིའི་རྐྱེན་ལས་འབྱུང་བའི་སྡུག་

བསྔལ་མི་སྐྱེ་བར་བྱ་བ་དང་། སྐྱེས་ཟིན་པ་མྱུར་བ་མྱུར་བར་སྤང་བ་ལ་མི་འདྲ་སྟེ། དེ་བཞིན་གཤེགས་པ་ནི་རིག་པའི་སྟོབས་རྣམ་པ་གཉི་ག་དང་ཡང་ལྡན་པས་ན་དེའི་ཕྱིར་རིག་པ་མངའ་བ་བླ་ན་མེད་པ་ཡིན་པར་རིག་པར་བྱའོ། །དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་
ཚད་མའི་གཙོ་བོ་མངོན་སུམ་དུ་བྱིས་པ་རྣམས་ཀྱང་རྣམ་པར་རྨོངས་པར་མི་བྱེད་ན་མཁས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་པ་ལས་ཐལ་ཏེ་ཀུན་དུ་རྨོངས་པའི་གཞི་དང་། གནས་སུ་གྱུར་པའི་རྟོག་གེ་ལ་བརྟེན་ནས་སྔོན་གྱི་མཐའ་ལ་བརྩམས་པའམ། ཡང་ན་ཚེ་འདི་ཉིད་ལ་རྣམ་པ་
བཞིས་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས། བདེ་བ་དང་སྡུག་བསྔལ་ལ་ལོག་པར་འདོགས་སོ། །དེ་ལ་སྔོན་གྱི་མཐའ་ལས་བརྩམས་ཏེ་སྔོན་བྱས་པའི་རྒྱུ་ལས་བྱུང་བའི་ཕྱིར་གཅིག་ཏུ་ངེས་པར་རང་གིས་བྱས་པ་དང་། དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་
བའི་ཕྱིར་གཅིག་ཏུ་ངེས་པར་གཞན་གྱིས་བྱས་པ་དང་། ཐོག་མ་ནི་དབང་ཕྱུག་གིས་བྱས་ལ་ཕྱིས་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བའི་ཕྱིར་རང་གིས་ཀྱང་བྱས་ལ་གཞན་གྱིས་ཀྱང་བྱས་པ་དང་། ཡང་ན་རྒྱུ་མེད་པ་ལས་བྱུང་བར་རྟོག་པར་བྱེད་དེ། རང་གིས་ཀྱང་མ་བྱས་གཞན་
གྱིས་ཀྱང་མ་བྱས་པར་རྒྱུ་མེད་པར་བྱུང་བ་ལས་འདོགས་སོ། །ཡང་ན་ཚེ་འདི་ཉིད་ལ་རང་དགའ་ནས་རང་གིས་བརྩལ་བས་བསྐྱེད་པའི་གང་ཡིན་པ་དེ་ནི་རང་གིས་བྱས་པ་ཁོ་ནར་འདོགས་སོ། །མི་འདོགས་བཞིན་དུ་མ་ཚོར་བར་གཞན་གྱིས་བྱས་པ་གང་ཡིན་པ་དེ་ནི་གཞན་གྱིས་
བྱས་པ་ཡིན་ནོ། །དེས་ཀྱང་འདོད་དེ་ཚོར་བ་བཞིན་དུ་གཞན་གྱིས་བྱས་པ་གང་ཡིན་པ་དེ་ནི་རང་གིས་ཀྱང་བྱས་ལ། གཞན་གྱིས་ཀྱང་བྱས་སོ། །བདག་དང་གཞན་གྱིས་འབད་པ་སྔོན་དུ་བཏང་བ་ལས་བྱུང་བ་མ་ཡིན་པར་ཡུལ་མངོན་སུམ་དུ་གྱུར་པ་ཙམ་ལས་བྱུང་བ་གང་ཡིན་
པ་དེ་ལ་ནི་དེའི་རྒྱུ་རེག་པ་ཆ་ཕྲ་བ་མ་རྟོགས་ནས་རང་གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པར་བྱུང་བར་འདོགས་པ་ཡོད་དོ། །དེ་ལ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་ཕྲད་པ་ཙམ་ལས་བདེ་བ་དང་སྡུག་བསྔལ་འབྱུང་བ་ཙམ་ནི་ཡོད་ཀྱི་སྔོན་གྱི་མཐའ་འམ། ཚེ་འདི་

ལ་བདག་གམ་གཞན་ཡོད་པ་ནི་མ་ཡིན་ཏེ། གསུམ་པོ་དེ་ཉིད་ལ་བདག་དང་གཞན་དུ་འདོགས་པ་ལས་གྱུར་པར་ཟད་དོ། །དེ་བས་ན་འདིར་རེག་པ་འབའ་ཞིག་བདེ་བ་དང་སྡུག་བསྔལ་གྱི་རྒྱུར་ཀུན་དུ་འགྲོ་བར་རིག་པར་བྱའོ། །རྣམ་པ་བཞིས་བརྩོན་འགྲུས་བརྩམ་པ་ཡང་དག་
པར་བརྩམས་ན་མྱུར་བ་ཁོ་ནར་ཟག་པ་ཟད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བརྩོན་འགྲུས་བརྩམས་དྲགས་པའི་སྒོ་ནས། ཅི་ནས་དེ་རྒོད་བག་ཏུ་གྱུར་པས་ལུས་ངལ་བར་འགྱུར་བ་དང་། སེམས་སྣད་པར་འགྱུར་བ་མེད་པར་སྙོམས་པར་ཁོང་དུ་ཆུད་པ་དང་། ཧ་ཅང་
ཞུམ་པའི་སྒོ་ནས་དུས་ཆུད་གཟོན་པར་མི་བྱེད་པ་འདི་ནི་རྣམ་པ་དང་པོའོ། །བདག་ནི་བརྩོན་འགྲུས་བརྩམས་པ་ཡིན་གྱི་གཞན་གྱི་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་དེས་རློམ་སེམས་སུ་ཡང་མི་བྱེད་པ་འདི་ནི་རྣམ་པ་གཉིས་པའོ། །ཡང་དག་པར་བརྩོན་འགྲུས་བརྩམས་པའི་འབྲས་བུ་
འཇིག་རྟེན་པའི་རེག་པ་ཁྱད་པར་རྟོགས་ནས་རོ་མྱང་བ་མེད་པ་དང་ལྡན་པའི་བག་ཡོད་པ་འདི་ནི་རྣམ་པ་གསུམ་པའོ། །འདི་ལྟ་སྟེ། ཕྱིན་ཆད་ཡོངས་སུ་ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་བརྩོན་འགྲུས་སྙོམས་པའི་མཚན་མ་ལེགས་པར་བཟུང་བ་ནི་བཞི་པའོ། །དེ་ལྟར་ཡང་དག་པའི་
བརྩོན་འགྲུས་བརྩོམ་པ་ལ་བརྟེན་ནས་མཐར་གྱིས་དགྲ་བཅོམ་པ་ཟག་པ་ཟད་པས་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པའི་དྲུང་དུ་བདག་ཉིད་ཀྱིས་རྣམ་པར་གྲོལ་བ་བརྗོད་པར་འདོད་པས་ནི་གནས་དྲུག་ལ་མོས་པས་འདི་ལྟ་སྟེ། བསླབ་པ་གསུམ་དང་གང་ཟག་ལྔའི་སྒོ་ནས་
དགྲ་བཅོམ་པ་ཡང་དག་པར་རྗོད་པར་བྱེད་དོ། །གནས་དྲུག་ལ་མོས་པ་གང་ཞེ་ན། ངེས་པར་འབྱུང་བ་ལ་མོས་པ་དང་། གནོད་པ་མེད་པ་ལ་མོས་པ་དང་། དབེན་པ་ལ་མོས་པ་དང་། སྲེད་པ་ཟད་པ་དང་། ཉེ་བར་ལེན་པ་ཟད་པ་དང་། བརྗེད་ངས་པ་མེད་པའི་སེམས་ལ་མོས་པའོ། །བསླབ་པ་གསུམ་
པོ་རྣམས་གང་ཞེ་ན། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །གང་ཟག་ལྔ་པོ་རྣམས་གང་ཞེ་ན། སོ་སོའི་སྐྱེ་བོ་ཁྱིམ་པ་དད་པ་ཙམ་ལ་བརྟེན་ནས་ངེས་པར་འབྱུང་བར་ནི་མོས་ལ་ཡིད་ཡུལ་གྱིས་བཅིངས་པས་ངེས་པར་འབྱུང་

བར་མི་བྱེད་པ་འདི་ནི་གང་ཟག་དང་པོའོ། །སོ་སོའི་སྐྱེ་བོ་ངེས་པར་བྱུང་བའི་ཚུལ་ཁྲིམས་ཙམ་ལ་རྟེན་ཅིང་ལུས་དང་། ངག་དང་། ཡིད་ཀྱིས་སེམས་ཅན་རྣམས་ལ་གནོད་པ་མི་བྱེད་པར་ཞུགས་པ་འདི་ནི་གང་ཟག་གཉིས་པའོ། །རྙེད་པ་དང་བཀུར་སྟི་ལ་སྲེད་པ་
སྤངས་ནས་ཚེ་འདི་ལ་འདོད་པའི་འདོད་ཆགས་དང་བྲལ་བ་ནི་གང་ཟག་གསུམ་པའོ། །སློབ་པ་བཞི་མཐོང་བ་ནི་བཞི་པའོ། །དགྲ་བཅོམ་པ་མི་སློབ་པ་ནི་ལྔ་པའོ། །དེ་ལ་གནས་དང་པོ་དང་། གཉིས་པ་ལ་མོས་པ་གཉིས་ནི་བསླབ་པ་དང་པོ་ལ་བརྟེན་པར་རིག་པར་བྱའོ། །གནས་
གསུམ་པ་ལ་མོས་པ་ནི་བསླབ་པ་གཉིས་པ་ལ་བརྟེན་པའོ། །གཞན་ཕྱི་མ་གནས་གསུམ་པ་ལ་མོས་པ་རྣམས་ནི་བསླབ་པ་གསུམ་པ་ལ་བརྟེན་པར་རིག་པར་བྱའོ། །དེ་ལ་ཤེས་པ་གང་གིས་ཉོན་མོངས་པ་རྣམས་སྤོང་བར་བྱེད་པ་དང་། ཉོན་མོངས་པ་སྤོང་བ་གང་ཡིན་པ་དེ་ནི་བརྗེད་
ངས་པ་མེད་པའི་སེམས་སོ། །དེ་ལ་ཡང་སྲིད་པར་སྐྱེ་བའི་རྒྱུ་སྤངས་པའི་ཕྱིར་ན་སྲེད་པ་ཟད་པའོ། །ཚེ་འདི་ལ་ཡུལ་གྱི་ཉོན་མོངས་པ་སྤངས་པའི་ཕྱིར་ནི་ཉེ་བར་ལེན་པ་ཟད་པའོ། །དེ་ལ་གང་ཟག་དང་པོའི་དད་པ་དང་ངེས་པར་འབྱུང་བ་ལ་མོས་པ་ནི་གཅིག་ཏུ་ངེས་པ་མ་ཡིན་ཏེ། ཕྱི་མ་ལ་
ཐམས་ཅད་ཀྱི་ཐམས་ཅད་དུ་བྲལ་བར་འགྱུར་བ་དང་། གཞན་དུ་འགྱུར་བའི་སྐལ་བ་ཅན་ཡིན་ནོ། །གཉིས་པ་སྟེ་གནོད་པ་མེད་པ་ལ་མོས་པ་ཡང་དེ་དང་འདྲའོ། །གསུམ་པ་སྟེ་དབེན་པ་ལ་མོས་པ་ཡང་དེ་དང་འདྲའོ། །སློབ་པའི་གནས་དྲུག་ལ་མོས་པ་ནི་ཕྱི་མ་ལ་འབྲལ་བར་འགྱུར་
བ་དང་། གཞན་དུ་འགྱུར་བའི་སྐལ་བ་མེད་མོད་ཀྱི་འཕགས་པའི་གནས་སུ་སྐྱེས་པ་དེའི་ཏིང་ངེ་འཛིན་དང་། དྲན་པ་དང་། ཤེས་རབ་ཀྱང་ལེགས་པར་མ་བསྒོམས་ཤིང་ཡོངས་སུ་མ་སྨིན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱང་མ་ལུས་པར་མ་སྤངས་པའི་
ཕྱིར་བྱིས་པ་གཞོན་ནུའི་ལྟར་སྟོབས་ཆུང་བ་ཡིན་ནོ། །དེའི་ཤེས་རབ་སྟོབས་ཆུང་བ་དང་། འདོད་ཆགས་ལ་སོགས་པ་མ་སྤངས་པའི་ཕྱིར་བརྒྱ་ལ་ལན་འགའ་བརྗེད་ངས་པར་གྱུར་པར་ཡུལ་རགས་པའི་སྣང་བ་དང་ཕྲད་ན་སློབ་པའི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་

གྲོལ་བ་ཟིལ་དུ་བརླགས་ནས་ཉོན་མོངས་པ་སྐྱེད་པར་བྱེད་དོ། །དེ་བས་ན་གང་ཟག་དེ་ཡང་བྱ་བ་དང་བཅས་པའི་ཕྱིར་ཡན་ལག་དེས་དམན་པ་ཡིན་ནོ། །དགྲ་བཅོམ་པའི་གནས་དྲུག་ལ་གནས་པ་གང་ཡིན་པ་དེ་ནི་ལམ་ཤིན་ཏུ་བསྒོམ་པའི་ཕྱིར་ཕྱི་མ་ལ་གཞན་དུ་འགྱུར་བའི་རྒྱུར་
ཡང་མི་འགྱུར་ན་འབྲལ་བར་ལྟ་ག་ལ་འགྱུར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མ་ལུས་པར་སྤངས་པས་ནི་ཟད་པ་དང་། མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་སྲེད་པ་དང་། ཉེ་བར་ལེན་པ་ཟད་པ་ལ་མོས་པ་ཡང་ཡོངས་སུ་རྫོགས་ལ། དེའི་ཤེས་པ་ཡང་རྟག་ཏུ་
གནས་པར་བྱ་བ་དྲུག་གིས་ཡོངས་སུ་ཟིན་པའི་ཕྱིར་བརྒྱ་ལ་ལན་འགའ་ཡང་སློབ་པ་བཞིན་དུ་བརྗེད་ངས་པ་ཙམ་ཡང་མེད་དེ་དེ་བས་ན་དགྲ་བཅོམ་པ་ནི་གནས་དྲུག་ལ་མོས་པ་དོན་དམ་པ་ཡོངས་སུ་རྫོགས་པ་ཤིན་ཏུ་རྣམ་པར་དག་པ་དང་ལྡན་གྱི་གཞན་ནི་མ་ཡིན་ནོ། །དེ་བས་ན་
རྣམ་གྲངས་དེས་བདག་ལ་ཡང་སྟོད་པར་མི་བྱེད་ལ་ཤེས་པ་ཡང་རྗོད་པར་བྱེད་དོ། །དེ་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་དམིགས་པ་ལ་མི་གཡེང་བའི་ཚུལ་གྱིས་ནི་ནང་གི་སེམས་གནས་པ་ཞེས་བྱའོ། །ཏིང་ངེ་འཛིན་ཤིན་ཏུ་ཡོངས་སུ་གྲུབ་པའི་ཕྱིར་ནི་མི་ཆུང་བའོ། །ཉོན་མོངས་པ་
ཐམས་ཅད་དང་བྲལ་བའི་ཕྱིར་ནི་ཤིན་ཏུ་རྣམ་པར་དག་པའོ། །ཤེས་པ་ཡོངས་སུ་བྱང་བའི་ཕྱིར་ནི་ལེགས་པར་བསྒོམས་པའོ། །འཇིག་པ་རྗེས་སུ་མཐོང་བའི་ཕྱིར་ནི་རོ་མྱང་བ་མེད་པ་སྟེ་སེམས་དེ་ནི་གཅིག་ཏུ་ངེས་པར་དགེ་ཞིང་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །གང་ཟག་ནི་འདི་གཉིས་
ཡིན་ཏེ། དབང་པོའི་སྒོ་མ་བསྡམས་པ་དང་། སྒོ་བསྡམས་པའོ། །སྒོ་མ་བསྡམས་པའི་གང་ཟག་གང་ཞེ་ན། ཇི་ལྟར་འདི་ན་ཁ་ཅིག་ཡུལ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང་དགའ་བའི་གཟུགས་རྣམས་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པས་ཀྱང་ཀུན་ནས་དཀྲིས་ལ་མི་
དགའ་བའི་གཟུགས་རྣམས་ལ་གནོད་སེམས་ཀྱི་ཀུན་ནས་དཀྲིས་པས་ཀྱང་ཀུན་ནས་དཀྲིས་ཏེ། ཡུལ་དེའི་ཉེས་དམིགས་ཀྱང་མི་དྲན་ལ་དྲན་དུ་ཟིན་ན་ཡང་དེས་ལེགས་པར་མ་བསྒོམས་པས་ཀུན་ནས་དཀྲིས་པ་དེས་ཟིལ་གྱིས་ནོན་ཏེ། ཀུན་ནས་དཀྲིས་པ་སྐྱེས་ཟིན་པ་ཡང་ཟིལ་གྱིས་མནན་

པར་མི་ནུས་པ་དང་། སོ་སོའི་སྐྱེ་བོ་ཡང་ཡིན་ཏེ། སློབ་པའི་སེམས་དང་ཤེས་རབ་རྣམ་པར་གྲོལ་བ་མ་ཐོབ་པ་དང་། དེས་ཐོབ་ཏུ་ཟིན་ན་ཡང་གོང་དུ་མི་སློབ་པའི་སེམས་དང་ཤེས་རབ་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ལ། མ་ཤེས་
པས་སློབ་པའི་སེམས་དང་། ཤེས་རབ་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། དེ་ལྟར་དེའི་བསྒོམས་པའི་སྟོབས་ལ་མ་བརྟེན་པས་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་ཡང་དག་པར་མ་བཅོམ་པ་དང་། སྔོན་སོ་སོར་བརྟགས་པའི་སྟོབས་ལ་མ་བརྟེན་པས་དྲན་
པ་དང་ལྡན་པར་མ་བྱས་པའི་ཕྱིར་དབང་པོའི་སྒོ་མ་བསྡམས་པར་རིག་པར་བྱའོ། །དབང་པོའི་སྒོ་མ་བསྡམས་པའི་གང་ཟག་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཀུན་ནས་དཀྲིས་པ་དང་སོ་སོར་བརྟགས་པའི་སྟོབས་ཀྱིས་བསྡུས་པའི་གཉེན་པོ་མེད་པའོ། །བསྒོམས་པའི་སྟོབས་
ཀྱིས་བསྡུས་པའི་གཉེན་པོ་མེད་པའོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་ཀྱིས་སྒོ་བསྡམས་པར་རིག་པར་བྱའོ། །ཉན་ཐོས་ནི་འདི་ལྟ་སྟེ། དོན་རབ་ཏུ་དབྱེ་བའི་སྒོ་ནས་རྣམ་པ་གཉིས་ཀྱིས་སྟོན་པས་གསུངས་པ་ཡང་དག་པ་ཁོ་ནར་བརྡ་སྤྲོད་ཅིང་སྟོན་པར་བྱེད་དེ། གཉིས་
གང་ཞེ་ན། གང་ཁོ་ན་ལ་དགོངས་ཏེ་གསུངས་པའི་དགོངས་པ་དེའི་ཐོག་ཏུ་ཕེབས་པར་བརྡ་སྤྲོད་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ནི་སྒོ་དུ་མ་དང་ལྡན་ཞིང་རྒྱས་པ་ཡིན་ན་གང་ཟག་རྣམས་ཀྱི་སྤོབས་པ་ཡང་རྣམ་པ་སྣ་ཚོགས་ཡོད་དེ། དེ་ལ་བརྟེན་ནས་ཆོས་ཉིད་དང་མི་འགལ་
བར་བརྡ་སྤྲོད་པའོ། །དགེ་སློང་གསར་བུ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཤིན་ཏུ་མངོན་པར་དགའ་བའི་རྟགས་ནི་གཉིས་ཡོད་པར་རིག་པར་བྱ་སྟེ། ལུས་འགྱུར་བ་མེད་པ་དང་། སེམས་འགྱུར་བ་མེད་པའོ། །དེ་དག་ཁ་དོག་གསལ་བས་བཞིན་གྱི་མདོངས་གསལ་
བ་དང་ལུས་བརྟས་པས་དབང་པོ་རྒྱས་པ་ནི་ལུས་འགྱུར་བ་མེད་པའོ། །ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་སོགས་པར་བྱེད་པའི་འདོད་པའི་ལོངས་སྤྱོད་སྤངས་པ་དང་། རིགས་དང་ཁྱིམ་ལ་མི་ལྟ་བས་ན་སེམས་འགྱུར་བ་མེད་པའོ། །གསུམ་པོ་འདི་དག་ནི་འཁྲིག་པའི་འདོད་ཆགས་ཀྱི་

གཉེན་པོ་སྟེ། འཁྲིག་པའི་འདོད་ཆགས་མ་སྐྱེས་པ་ནི་སྐྱེད་པར་མི་བྱེད་པ་དང་། སྐྱེས་ཟིན་པ་ནི་སྤོང་བར་བྱེད་པ་སྟེ། འཇུག་པར་བྱ་བ་མ་ཡིན་པའི་འདུ་ཤེས་ཡིད་ལ་བྱེད་པ་དང་། མི་སྡུག་པའི་འདུ་ཤེས་ཡིད་ལ་བྱེད་པ་དང་དབང་པོའི་སྒོ་བསྡམས་པའོ། །དེ་ལ་དབང་པོའི་སྒོ་
བསྡམས་པའི་མདོར་བསྡུས་པ་དང་རྒྱས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དབང་པོའི་སྒོ་བསྡམས་པས་ནི་བུད་མེད་ལ་རེག་པ་ལས་ལུས་ལེགས་པར་བསྲུངས་པ་ཡིན་ནོ། །བུད་མེད་མི་མཐོང་བ་དང་མི་ཐོས་པ་དང་མི་དྲན་པས་ནི་དབང་པོ་རྣམས་
ལེགས་པར་བསྡམས་པ་ཡིན་ནོ། །མཐོང་ངམ་ཐོས་སམ་དྲན་དུ་ཟིན་ཀྱང་ཤས་ཆེར་ཉེས་དམིགས་སུ་ལྟ་བ་དང་། ཡུན་རིང་པོར་འདྲིས་པར་བྱས་པས་ནི་དྲན་པ་ལེགས་པར་གནས་པ་ཡིན་ནོ། །དེ་ལྟར་ལུས་ལེགས་པར་བསྲུངས་ཤིང་དབང་པོ་ལེགས་པར་བསྡམས་ལ་དྲན་པ་ལེགས་པར་
གནས་པ་དང་། འཇུག་པར་བྱ་བ་མ་ཡིན་པའི་འདུ་ཤེས་ཀྱང་ཡིད་ལ་བྱེད་པ་དེ་ནི་སེམས་རྒོད་བཞིན་དུ་ཡང་ཉོན་མོངས་པས་ཟིལ་གྱིས་མི་ནོན་ཏོ། །མི་སྡུག་པའི་འདུ་ཤེས་ཀྱང་ཡིད་ལ་བྱེད་པས་ན་སེམས་མྱུར་དུ་འགྱུར་བཞིན་དུ་ཡང་ཉོན་མོངས་པས་ཟིལ་གྱིས་མི་ནོན་ཏོ། །སྡོམ་ནི།
རྐྱེན་ཙམ་དང་ནི་རྟོག་པ་དང་། །སྨོན་པ་དང་ནི་རྣམ་ཀུན་གྱི། །བསྡམས་པ་དང་ནི་མ་བསྡམས་དང་། །འཇུག་པ་དང་ནི་ཚོགས་བསགས་དང་། །བསླབ་པ་ཕུལ་དང་ཀུན་དུ་ཆགས། །དོན་ལ་མི་མཁས་རྒྱུན་ལོག་དང་། །བྱང་ཆུབ་སེམས་དཔའི་ཁྱད་པར་དང་། །གདགས་
པ་ཡང་ནི་ཐ་མ་ཡིན། །རེག་པའི་སྐྱེ་མཆེད་དྲུག་པོ་རྣམས་ནི་སྔོན་གྱི་ལས་དང་ཉོན་མོངས་པ་རྣམས་དང་རང་གི་ས་བོན་གྱི་རྒྱུད་ལ་འཕངས་པའི་ཚོར་བ་སྐྱེ་བའི་རྐྱེན་ཙམ་དུ་འགྱུར་ཏེ་དཔེར་ན་ལག་གིས་ལེན་པ་ནི་སེམས་ཀྱི་ཀུན་ནས་བསླང་བའི་འབད་པས་འཕངས་པའི་ལས་ལེན་པའི་རྐྱེན་ཙམ་
གྱི་བྱ་བ་བྱེད་པ་དེ་བཞིན་དུ་འདིར་ཡང་རིག་པར་བྱའོ། །དགེ་སློང་བས་མཐའི་གནས་མལ་ན་འདུག་ཅིང་དབེན་པ་ན་གནས་པ་ལ་གལ་ཏེ་ཡུལ་རགས་ཤིང་རྟོག་པའི་ཀུན་ཏུ་འཁྲུག་པའི་གནས་ཀྱི་སྣང་བ་ཡིད་ལ་བྱེད་པར་གྱུར་ན་བདུད་ཀྱི་ཕྱོགས་དང་མཐུན་པ་ཡིན་ཏེ། དེ་ལ་ནི་དགེ་སློང་གིས་

སེམས་གནས་པ་རྣམ་པ་དགུས་ཡུལ་ཐམས་ཅད་དང་མཚུངས་པར་ལྡན་པའི་རྟོག་པ་ལས་སེམས་བསྡུས་ནས་གང་ལ་བརྟེན་ན་ཡུལ་དེ་དག་གིས་བཟའ་བར་འགྱུར་བའི་རྟོག་པ་གཅིག་ཀྱང་སྐྱེ་བའི་སྐབས་མི་འབྱེད་དོ། །དེས་ན་ཡུལ་དེ་དག་གིས་གནས་མི་ཐོད་པས་
ཕྱིར་ལྡོག་པར་འགྱུར་རོ། །དེ་དེའི་ཚེ་ཆགས་པར་འགྱུར་བའི་དངོས་པོ་ལ་འདོད་པའི་རྟོག་པས་རྟེན་པར་མི་བྱེད་ལ་གཞན་ལ་ཡང་གནོད་སེམས་དང་འཚེ་བའི་རྟོག་པས་གནོད་པར་མི་བྱེད་དོ། །ཚེ་འདི་ལ་ཡང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །མྱ་ངན་ལས་འདས་པ་ཐོབ་ནས་ཀྱང་
གཞན་དག་དང་འཐབས་ནས་རྩོད་ཅིང་མི་འདུག་སྟེ། འདི་ལྟ་སྟེ། འཐབས་ནས་རྩོད་པ་འདི་ནི་འཕགས་པའི་ཆོས་འདུལ་བ་ལ་སྐུར་པ་འདེབས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་ནི་འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན་རྣམས་ལྟར་གཏི་མུག་ལས་སྐྱེས་པའི་རྟོག་པ་ལ་ཡང་རྟོག་
པར་མི་བྱེད་དོ། །དགེ་སློང་སྔོན་གྱི་ཡང་སྲིད་པར་སྐྱེ་བར་འགྱུར་བའི་སྡུག་བསྔལ་གྱི་རྒྱུའི་འབྲས་བུ་ཚེ་འདིའི་རེག་པའི་སྐྱེ་མཆེད་དྲུག་ལ་གནས་པ་ནི་ཡུལ་དྲུག་གིས་བཅོམ་པ་བཞིན་དུ་གལ་ཏེ་ཡང་སྲིད་པར་སྐྱེ་བར་བྱ་བ་ཁོ་ནའི་ཕྱིར་སྨོན་ནས་ཚངས་པར་སྤྱོད་པར་བྱེད་ན། དེ་དེའི་ཚེ་ན་
ཕྱི་མ་ལ་ཡང་སྲིད་པར་སྐྱེ་བར་འགྱུར་བའི་སྡུག་བསྔལ་གྱི་རྒྱུ་འདུན་པས་ཀྱང་ལྷག་པར་བཅོམ་པར་འགྱུར་ཏེ། ཚེ་འདི་ལ་མྱ་ངན་ལས་འདའ་བ་ལ་བར་དུ་གཅོད་པར་བྱེད་པ་དང་། ཕྱི་མ་ལ་ཡང་དལ་བ་ཕུན་སུམ་ཚོགས་པ་འཐོབ་པ་ངེས་པ་མེད་པའི་ཕྱིར་རོ། །དེའི་ཡང་སྲིད་པར་སྐྱེ་
བར་སྨོན་པ་དེ་ནི་འཆིང་བ་ཆ་ཕྲ་ཞིང་མཆོག་ཏུ་ཆ་ཕྲ་བ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་ཕོ་བྲང་ན་ལྷའམ་ལྷ་གང་ཡང་རུང་བ་བཙོན་རར་བཅིང་བས་བཅིངས་པ་དག་ཡོད་དོ། །དེ་དག་གི་ཆོས་ཉིད་ནི་འདི་ཡིན་ཏེ། བཅིངས་པ་
ལས་གྲོལ་ནས་ནམ་འབྲོས་པའི་བསམ་པ་མ་སྐྱེས་ཀྱི་བར་དུ་ནི་ལྷའི་འདོད་པའི་ཡོན་ཏན་རྣམས་ཀྱིས་རྩེ་ཞིང་འདུག་ལ་འབྲོས་པའི་སེམས་བསྐྱེད་མ་ཐག་ཏུ་ནི་འདོད་པའི་ཡོན་ཏན་རྣམས་ལས་ཀྱང་ཉམས་པར་འགྱུར་ལ་བདག་ཉིད་ཀྱང་བཅིང་བས་བཅིངས་པར་མཐོང་སྟེ། དེ་དག་གི་

སེམས་བསྐྱེད་མ་ཐག་ཏུ་བཅིངས་པ་དེ་ནི་དུས་ཆ་ཕྲ་བའི་སྒོ་ནས་ཆ་ཕྲ་བ་ཡིན་གྱི་རྟོགས་པར་དཀའ་བའི་ཆ་ཕྲ་བའི་སྒོ་ནས་ནི་མ་ཡིན་ཏེ་གང་གི་ཕྱིར་བཅིངས་པར་གྱུར་ན་བདག་ཉིད་བཅིངས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དགེ་སློང་ཡང་སྲིད་པར་སྐྱེ་བའི་སེམས་ཀྱི་སྨོན་པར་བྱེད་པའི་
སེམས་བསྐྱེད་མ་ཐག་ཏུ་ཡང་བཅིང་བར་འགྱུར་ལ་བཅིངས་ནས་ཀྱང་བདག་ཉིད་བཅིངས་སོ་སྙམ་དུ་ཁོང་དུ་མི་ཆུད་དེ། དེ་བས་དེའི་བཅིང་བ་ནི་དུས་ཆ་ཕྲ་བའི་སྒོ་ནས་ཀྱང་རྟོགས་པར་དཀའ་ལ་མཆོག་ཏུ་ཆ་ཕྲ་བའི་སྒོ་ནས་ཀྱང་མཆོག་ཏུ་ཆ་ཕྲ་བར་རིག་པར་བྱའོ། །དགེ་སློང་དབང་
པོ་སྡོམ་པ་ལ་ཞུགས་པས་ནི་སྡོམ་པ་ཡང་རིག་པར་བྱའོ། །སྡོམ་པ་མ་ཡིན་པ་ཡང་རིག་པར་བྱའོ། །འཇིག་རྟེན་པའི་སྡོམ་པ་ཆུང་བ་དང་། འབྲིང་དང་། ཆེན་པོ་ཡང་རིག་པར་བྱའོ། །སློབ་པ་དང་མི་སློབ་པའི་སྡོམ་པ་ཡང་རིག་པར་བྱའོ། །དེ་ལ་སྡོམ་པ་གང་ཞེ་ན། ཇི་ལྟར་
འདི་ན་ཁ་ཅིག་ཆགས་པར་འགྱུར་བའི་ཡུལ་རྣམས་ལ་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ན་དང་དུ་མི་ལེན་པ་དང་། ཡང་དག་པར་ངེས་པར་བྱེད་པ་དང་། ལེགས་པར་ཚར་གཅོད་པ་དང་། སྐྱེས་ཟིན་པ་ཡང་སྤོང་བར་བྱེད་པའོ། །སྡོམ་པ་མ་ཡིན་པ་གང་ཞེ་ན།
ཇི་ལྟར་འདི་ནི་དགེ་སློང་ཞིང་པ་ལྟ་བུ་ཁ་ཅིག་གིས་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ཡང་དག་པའི་ཡུལ་གྱི་ཞིང་ལ་དམིགས་པའི་དགེ་བའི་རྩ་བའི་ལོ་ཏོག་ཁ་ཅིག་སྐྱེད་པར་འགྱུར་ལ་དེ་ཡང་འདོད་ཆགས་ཤས་ཆེ་བའི་རང་བཞིན་ཅན་
ཞིག་ཡིན་ཏེ། གཉེན་པོ་ལ་ཡང་མ་གོམས་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དྲག་པོ་ཡང་མེད་དེ། ཡུལ་རགས་པ་མངོན་སུམ་དུ་སྣང་བར་གྱུར་ན་དེ་འདོད་ཆགས་དྲག་པོ་དང་། གཉེན་པོ་ལ་མ་གོམས་པ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་དེས་འདོད་ཆགས་
ཀྱི་ཀུན་ནས་དཀྲིས་པ་སྐྱེ་བ་དང་དུ་ལེན་ཅིང་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་ལས་སེམས་ཀུན་ཏུ་སྲུང་བར་མི་བྱེད་པས་དེའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་དེ་ལོ་ཐོག་ལ་ཟ་བའི་བ་ལང་བཞིན་དུ་ཡུལ་གྱི་ཞིང་ལ་ཞུགས་ནས་དགེ་བའི་རྩ་བའི་

ལོ་ཏོག་དེ་མ་རུང་བར་བྱེད་པ་སྟེ་འདི་ནི་སྡོམ་པ་མ་ཡིན་པའོ། །གཞན་ཡང་འདི་ན་ཁ་ཅིག་མྱུར་བ་ཁོ་ནར་ཡིད་ལ་བྱས་ནས་ཡུལ་རྣམས་གཏོང་བར་ནི་བྱེད་ན། ཅི་ནས་ཕྱིན་ཆད་འགྲོ་བར་མི་འགྱུར་བ་དེ་ལྟ་བུའི་ཉེས་དམིགས་ཀྱང་མཐོང་བ་འདི་ནི་འཇིག་རྟེན་གྱི་སྡོམ་
པ་ཆུང་ངུ་ཡིན་ནོ། །གཞན་ཡང་འདི་ན་ཁ་ཅིག་མྱུར་བ་ཁོ་ནར་ཡང་ཡིད་ལ་བྱས་ནས་ཡུལ་རྣམས་གཏོང་བར་བྱེད་ལ། ཅི་ནས་ཕྱིན་ཆད་འགྲོ་བར་མི་འགྱུར་བའི་ཉེས་དམིགས་ཀྱང་མཐོང་བ་འདི་ནི་འཇིག་རྟེན་པའི་སྡོམ་པ་འབྲིང་ཞེས་བྱའོ། །དེ་ལ་བརྟེན་ན་སེམས་གནས་པ་རྣམ་པ་དགུ་
པོ་ཡིད་ལ་བྱེད་པ་རྣམ་པ་བཞིས་བསྡུས་པ་རྣམས་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །དེ་ཐོབ་ན་སོ་སོའི་སྐྱེ་བོ་འདོད་པའི་འདོད་ཆགས་དང་བྲལ་བར་འགྱུར་རོ། །སྡོམ་པ་ལ་ཞུགས་པའི་རྣལ་འབྱོར་པ་སྔར་ནི་ཞིང་པ་ལྟ་བུར་གྱུར་པ་
ད་ནི་བདག་པོར་གྱུར་པས་རྒྱལ་པོ་ལྟ་བུ་ཡིན་ནོ། །དེས་སྙོམས་པར་འཇུག་པ་ལས་བྱུང་བའི་ཚོར་བ་རགས་པ་དང་པོ་ཐོབ་པ་དེ་བག་མེད་པའི་གཞི་དང་། གནས་སུ་གྱུར་པ་ཆེན་པོ་ཡིན་པར་རིག་ནས་དམ་པའི་ཆོས་ཐོས་པའི་དབང་ལས་བྱུང་བ་ཞི་གནས་ཀྱི་སྦུབས་སུ་ཆུད་པའི་
ལྷག་མཐོང་བློན་པོ་ལྟ་བུར་འདུག་པས་ཚོར་བ་དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ན་མི་རྟག་པ་ཉིད་ཡིན་པར་ཁོང་དུ་ཆུད་དེ། དེ་དེ་ལས་ཉེས་དམིགས་ཀྱི་མཚན་མ་དང་ལྡན་པའི་ཡིད་ལ་བྱེད་པས་ཡིད་འདོད་ཆགས་དང་བྲལ་བར་འགྱུར་
རོ། །འདོད་ཆགས་དང་བྲལ་ནས་སྙོམས་པར་འཇུག་པ་ལ་བརྟེན་པའི་བྱེ་བྲག་གིས་ནི་ཐ་དད་པ་རྣམ་པ་བཅུར་མཐོང་ལ། དུས་ཀྱི་བྱེ་བྲག་གིས་ནི་རྣམ་པ་བརྒྱད་མཐོང་ངོ་། །དེ་ལ་སྙོམས་པར་འཇུག་པ་ལ་བརྟེན་པའི་བྱེ་བྲག་ནི་འདི་ལྟ་སྟེ། རྟོག་པ་དང་བཅས་དཔྱོད་པ་དང་
བཅས་པ་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་དང་། དགའ་བ་དང་ལྡན་པ་དང་། བདེ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པ་དང་། ཉམས་པར་འགྱུར་བ་དང་། གནས་པ་དང་། ཁྱད་པར་དུ་འགྲོ་བ་དང་། ངེས་

པར་འབྱེད་པའི་ཆ་དང་མཐུན་པ་སྟེ། རྣམ་པ་འདི་དག་གིས་ཚོར་བ་སྐྱེ་བ་དང་གནས་པ་དང་འགག་པའི་ཚུལ་གྱིས་དུས་ལས་གྱུར་པའི་བྱེ་བྲག་རྣམ་པ་བརྒྱ་ཕྲག་དུ་མ་མཐོང་ངོ་། །དེས་ཚོར་བ་དེ་དག་གི་མི་རྟག་པ་ཉིད་དང་འཇུག་པའི་བྱེ་བྲག་སྣ་ཚོགས་རྟོགས་ནས་མདོར་བསྡུ་ན་མི་
རྟག་པ་ཉིད་རྣམ་པ་གསུམ་དུ་ཡོངས་སུ་གཅོད་པར་བྱེད་དེ། འདི་ལྟ་སྟེ། རྟེན་དང་། ཀུན་ཏུ་སྤྱོད་པ་དང་། རྒྱུའོ། །དེ་ལ་བསམ་གཏན་བཞི་པ་མན་ཆད་ཀྱི་གཟུགས་ཀྱི་ལུས་གང་ཡིན་པ་དེ་ནི་ཚོར་བའི་རྟེན་ཏོ། །འདུ་ཤེས་དང་ཚོར་བ་འགོག་པའི་བར་གང་ཡིན་པ་དེ་ནི་འདུ་ཤེས་
དང་ཚོར་བ་རྣམས་ཀྱི་ཀུན་དུ་སྤྱོད་པའོ། །སྲིད་པའི་རྩེ་མོ་མན་ཆད་ཀྱི་སེམས་པ་དང་། འདོད་པ་དང་། སྨོན་པ་གང་ཡིན་པ་དེ་ནི་ཕྱི་མ་ལ་ཚོར་བའི་རྒྱུར་གྱུར་པ་ཡིན་ཏེ་ཆོས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་མི་རྟག་པ་ཡིན་ཏེ། དེ་ལྟར་ན་དེས་ཚུལ་བཞིན་
དུ་འདོད་ཆགས་དང་བྲལ་བའི་ས་ཐམས་ཅད་ཉེ་བར་བརྟགས་པ་ཡིན་ཏེ། འདི་ནི་འཇིག་རྟེན་པའི་སྡོམ་པ་ཆེན་པོའོ། །དེ་ལ་དང་པོ་གཉིས་ནི་སོ་སོར་བརྟགས་པའི་སྟོབས་ཀྱིས་བསྡུས་པའི་སྡོམ་པ་ཡིན་ནོ། །ཕྱི་མ་དེ་ནི་བསྒོམས་པའི་སྟོབས་ཀྱིས་བསྡུས་སོ། །དེ་དེ་
ལྟར་བག་ཡོད་པ་དང་ཤེས་པའི་སྟོབས་དང་ལྡན་ཏེ། བདེན་པ་རྟོགས་པས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་མངོན་དུ་འགྲོ་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་ནས་སློབ་པའི་སྡོམ་པ་ཐོབ་པར་འགྱུར་རོ། །དེས་སློབ་པའི་སྡོམ་པ་དེ་
ཉིད་བསྒོམས་པས་ངའོ་སྙམ་པའི་ང་རྒྱལ་སྔོན་དུ་འགྲོ་བའི་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ནས་མི་སློབ་པའི་སྡོམ་པ་ཐོབ་པར་འགྱུར་ཏེ། དེའི་གོང་ན་ཁྱད་པར་དུ་འཕགས་པའི་སྡོམ་པ་ཆེས་ལྷག་པར་དང་ཆེས་བཟང་བ་གཞན་མེད་དོ། །བསྟན་པ་
འདི་ལ་ཞུགས་པའི་དགེ་སློང་དབང་པོ་མ་བསྡམས་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། ཚེ་ཕྱི་མའམ། ཚེ་འདིའི་སྡུག་བསྔལ་གྱི་སྒོ་ནས་གཅིག་ཏུ་ངེས་པར་སྡུག་བསྔལ་བར་འགྱུར་རོ། །མི་མཛེ་ནད་ཅན་འདམ་བུའི་ཚལ་དུ་ཞུགས་པ་བཞིན་དུ་དབང་པོ་མ་བསྡམས་པ་དེ་འདམ་བུའི་ལོ་

མ་ལྟ་བུ་ཆགས་པར་འགྱུར་བའི་ཡུལ་རྣམས་ཀྱིས་ཕྱི་མ་ལ་ཡང་སྲིད་པར་སྐྱེ་བའི་སྡུག་བསྔལ་ཆ་ཕྲ་བ་དང་ལྡན་པ་ཡོངས་སུ་བཟུང་བས་དེའི་ལུས་རྣམ་པར་གཅོད་པར་བྱེད་པ་དེས་ནི་ཁོང་དུ་མི་ཆུད་དེ་དེ་ལྟར་ན་ཚེ་ཕྱི་མའི་སྡུག་བསྔལ་བས་སྡུག་བསྔལ་བར་
འགྱུར་རོ། །དེ་དེ་ལ་ཆགས་ཤིང་ཞེན་ཏེ། ཉེས་པ་བྱེད་པར་འགྱུར་ལ་དེའི་རྒྱུས་ན་དེ་དགོན་པ་ན་གནས་ཀྱང་འགྱོད་པ་དང་ཡིད་ལ་གཅགས་པ་ལས་བྱུང་བའི་སྡུག་བསྔལ་བའི་རྟོག་པ་རྩྭ་ཀུ་ཤ་དང་ཚེར་མ་ལྟ་བུ་དག་རྐང་པ་ལ་ཟུག་པའི་ཚུལ་གྱིས་ཀུན་དུ་སྤྱོད་དེ་དེས་ན་དགེ་འདུན་
གྱི་ནང་དུ་འཇིགས་པ་མེད་པར་འོང་བའམ། འགྲོ་བར་མི་ནུས་སོ། །གལ་ཏེ་དགེ་འདུན་གྱི་ནང་དུ་འོངས་ན་ཡང་དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་གཞི་དེ་དང་། ཉེས་པ་དེས་གླེང་བར་བྱེད་ལ་དེ་ལ་ནི་བཅབ་པའི་བསམ་པ་ཡོད་པས་མཛེ་ནད་དེ་ལྟ་བུའི་སེམས་
ཀྱིས་དེ་དག་ལ་འཁྲུག་ཅིང་མི་དགའ་བར་འགྱུར་ཏེ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཀྱང་དེ་ངན་པ་དང་། དགེ་སྦྱོང་གི་ཚུལ་འདོད་པ་མ་ཡིན་པར་རིག་ནས་ལྷན་ཅིག་འགྲོགས་པ་ལས་ཡོངས་སུ་སྤོང་བར་བྱེད་དོ། །དེ་གྲོང་ངམ་དགོན་པར་སོང་ན་ཡང་ཚེ་དང་ལྡན་
པ་འདི་ནི་འདི་ལྟར་སྐྱོན་ཅན་ཡིན་ནོ། །འདི་ལྟར་བཀའ་བློ་མི་བདེ་བའོ། །འདི་ལྟར་ཆོས་བཞིན་མ་བྱས་པའོ། །ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པའོ། །དད་པ་རྣམས་གཞན་དུ་འགྱུར་བར་བྱེད་པའོ། །མ་དད་པ་རྣམས་མ་དད་པར་འགྱུར་བར་བྱེད་པའོ་ཞེས་རྣམ་པར་སྨོད་དོ། །
དེ་ལྟར་ན་ཚེ་འདི་ལ་འགྱོད་པ་ལས་གྱུར་པ་དང་། འཁྲུག་པ་ལས་གྱུར་པ་དང་། ཡོངས་སུ་སྤོང་བ་ལས་གྱུར་པ་དང་། སྨོད་པ་ལས་གྱུར་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཚེ་ཕྱི་མ་ལས་གྱུར་པ་སྔ་མ་དང་གཅིག་ཏུ་བསྡུས་ནས་སྡུག་བསྔལ་འབའ་ཞིག་ཉམས་སུ་མྱོང་ཞེས་བྱའོ། །
དེ་ལ་སྡོམ་པ་མ་ཡིན་པ་གང་ཞེ་ན། ཚེ་འདི་དང་ཕྱི་མའི་ཉེས་དམིགས་རྣམ་པ་དེ་ལྟ་བུ་གང་རྒྱུ་ཞིང་འགྲོ་བའི་ཡུལ་ལས་ཚུལ་བཞིན་མ་ཡིན་པའི་མཚན་མ་དང་། རྟགས་འཛིན་པའི་འདུ་ཤེས་ཀྱི་ལོག་པའི་འདུ་ཤེས་དང་། གནས་ཤིང་འདུག་པ་ལོག་པའི་འདུ་ཤེས་སྔོན་དུ་འགྲོ་བ་དེ་

དང་མཐུན་ཞིང་དེ་དང་མཚུངས་པར་ལྡན་པའི་རྟོག་པ་དང་། ཇི་སྐད་དུ་བསྟན་པའི་ཉེས་དམིགས་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མཐོང་བ་དང་། ཉེས་དམིགས་མཐོང་དུ་ཟིན་ཀྱང་ལན་མང་དུ་མ་བྱས་པའི་རྒྱུས་རྒྱུད་ལ་གནས་པའི་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་གནས་
ངན་ལེན་འདི་ལྟ་སྟེ། གཟུགས་དང་སེམས་ཀྱི་ལུས་ཤིན་ཏུ་སྦྱངས་པའི་ལུས་ཀྱིས་སེལ་བར་མི་བྱེད་པ་སྟེ། དེ་ལྟར་རྣམ་པ་དེ་རྣམས་ཀྱི་སྒོ་ནས་ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་ཡོད་བཞིན་དུ་སོ་སོར་བརྟགས་པ་དང་། བསྒོམས་པའི་སྟོབས་ཀྱིས་གཉེན་པོ་ལ་མི་ཕྱོགས་
པ་འདི་ནི་སྡོམ་པ་མ་ཡིན་པ་ཡིན་པར་རིག་པར་བྱའོ། །དེ་ལས་བཟློག་པ་ནི་སྡོམ་པ་ཡིན་པར་རིག་པར་བྱའོ། །སྡོམ་པ་དེ་ནི་རྣམ་པ་གསུམ་གྱིས་ཐོབ་ཅིང་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །གསུམ་གང་ཞེ་ན། ཐོག་མ་ཁོ་ནར་ལེགས་པར་གསུངས་པའི་ཆོས་
འདུལ་བ་ལ་རབ་ཏུ་བྱུང་ནས་ཡང་དག་པར་དབང་དུ་བྱེད་པ་དང་ལྡན་པའི་ཐོས་པས་སྲོག་ཆགས་དྲུག་གཟུང་བ་དང་འདྲ་བར་དབང་པོ་དྲུག་འཛིན་པར་བྱེད་དོ། །བཟུང་ནས་ཀྱང་ཚུལ་བཞིན་དུ་སེམས་པས་ཐོབ་པའི་ནི་འོག་བསྒོམས་པའི་སྔ་རོལ་གྱི་བར་སྐབས་སུ་ཉེས་དམིགས་ཡང་
དག་པར་དཔྱད་པའི་ཚུལ་གྱིས་སྡོམ་པར་བྱེད་དོ། །བར་སྐབས་སུ་བསྡམས་ནས་དབང་དུ་གྱུར་ཏམ་མ་གྱུར་པ་བརྟག་པའི་བསམ་པས་ཡུལ་རྣམས་ལ་སྡུག་པའི་མཚན་མས་འཇུག་པར་བྱེད་དེ་གལ་ཏེ་དབང་དུ་མ་གྱུར་པས་རང་རང་གི་ཡུལ་ལ་ཡང་འཕྲོ་ཞིང་རྒྱུག་ལ་
འདི་ལྟ་སྟེ། ཉེས་དམིགས་ལེགས་པར་མཐོང་བའི་ཕྱིར་གཅིག་ཏུ་ངེས་པར་འབྲོས་ཀྱང་མི་ནུས་ན་ནི་དེ་དག་ད་དུང་ལེགས་པར་དུལ་བར་མ་གྱུར་པ་དང་། དབང་དུ་མ་གྱུར་པར་རིག་ནས་ལན་མང་དུ་སེམས་པས་ཡིད་ལ་བྱེད་པ་མཐར་ཐུག་པ་ལས་འདས་ནས་ལུས་སུ་གཏོགས་པའི་
དྲན་པ་སྒོམ་པར་བྱེད་དོ། །དེ་ལེགས་པར་བསྒོམས་པས་སོ་སོའི་ཡུལ་ལ་འཕྲོ་བར་མི་འགྱུར་ཏེ་ལེགས་པར་དུལ་བ་དང་། དབང་དུ་གྱུར་པར་རིག་པར་བྱའོ། །དགེ་སློང་སྔ་ནས་ཤེས་རབ་ཀྱི་ཚོགས་བསྒྲུབས་པ་ནི་དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་དང་ཕྲད་ནས་འདུ་

བྱེད་རྣམས་ཀྱི་ཉེས་དམིགས་རྣམ་པ་གསུམ་ཉན་པར་བྱེད་དེ། ཚེ་འདི་དང་། ཕྱི་མ་དང་། ཚེ་འདི་དང་། ཕྱི་མའིའོ། །དེ་ལ་འབྱུང་བ་ཆེན་པོ་འཁྲུགས་པ་ལ་བརྟེན་པའི་ནད་ནི་ཚེ་འདིའི་ཉེས་དམིགས་སོ། །ངན་སོང་གི་འདུ་བྱེད་རྒྱུན་ཆགས་པར་བྱེད་པ་
པ་དང་། འགྲོ་བར་བྱེད་པའི་ནི་ཚེ་ཕྱི་མའི་ཉེས་དམིགས་སོ། །སྔོན་གྱི་དང་ཚེ་འདིའི་དགའ་བ་དང་འདོད་ཆགས་ལ་བརྟེན་ཏེ་ཚེ་འདི་དང་ཕྱི་མའི་རྒ་ཤི་ནི་ཚེ་འདི་དང་ཕྱི་མའི་ཉེས་དམིགས་སོ། །དེ་གཅིག་ཏུ་བསྡུས་ན། འདི་ལྟ་སྟེ། བདེ་འགྲོ་དང་། ངན་འགྲོར་ངེས་པའི་
སྒོ་ནས་སྡུག་བསྔལ་རྣམ་པ་གསུམ་དུ་འགྱུར་ཏེ། ནད་ཀྱི་སྡུག་བསྔལ་དང་། ངན་སོང་གི་སྡུག་བསྔལ་དང་། རྒ་ཤིའི་སྡུག་བསྔལ་ལོ། །དེས་ཉེས་དམིགས་དེ་ཐོས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་སྒྲུབ་པ་ན། བདེན་པ་རྣམས་ཁོང་དུ་ཆུད་པར་འགྱུར་
རོ། །དེ་ནས་བདག་མེད་པ་ཤེས་པ་ཤིན་ཏུ་རྣམ་པར་དག་པས་ཁང་སྟོང་དུ་ཞུགས་པ་བཞིན་དུ་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་མངོན་སུམ་དུ་བྱེད་དོ། །དེ་དེའི་ཚེ་ཡུལ་ལ་བརྟེན་ནས་བརྗེད་ངས་པ་ལས་བྱུང་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པས་ཕོངས་པར་
གྱུར་པར་ཤེས་རབ་ཀྱིས་རྟོགས་ལ་ལྷག་མ་ཉོན་མོངས་པའི་བག་ལ་ཉལ་དང་སྲེད་པའི་བག་ལ་ཉལ་ལས་བདག་ཉིད་ཉོན་མོངས་པ་དང་བཅས་པ་དང་། སྲེད་པ་དང་བཅས་པ་དང་། སྡུག་བསྔལ་དང་བཅས་པ་དང་། ཕོངས་པ་དང་བཅས་པ་ཡིན་པར་ཁོང་དུ་ཆུད་ལ་ཕུང་
པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་ཉོན་མོངས་པ་དང་སྲིད་པ་མ་ལུས་པ་ལས་འདས་པ་དང་གཅིག་ཏུ་ངེས་པར་ཞི་བ་ཡིན་ནོ་སྙམ་དུ་ཁོང་དུ་ཆུད་དོ། །དེའི་འོག་ཏུ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཁོང་དུ་ཆུད་དོ། །སྔ་མ་རྩྭ་དང་། ཡལ་ག་དང་།
ལོ་མ་དང་། ཆིངས་མ་ལྟ་བུའི་ཐོས་པས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་དུ་བསྒྲུབ་པས་འཕགས་པའི་ལམ་ཡང་དག་པར་བསྒྲུབ་པ་གཟིངས་ལྟ་བུ་དེ་ལ་བརྟེན་ནས་བསྒོམ་པའི་ལམ་ལ་ཡང་དག་པར་འབད་པར་བྱེད་དེ་མཐར་གྱིས་སེམས་ཤིན་ཏུ་རྣམ་པར་གྲོལ་ཞིང་ཕུང་པོའི་

ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གནས