Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 131

Văn bản gốc(Tây Tạng)

Trang 13 / 21 (50.000 ký tự/trang)
ུངས་པར་ལྡན་པའི་ཉོན་མོངས་པ་ཆེན་པོ་མ་སྤངས་པ་ནི་འདོད་པའི་ཆུ་བོའོ། །སྲིད་པ་དང་ལྟ་བ་དང་མ་རིག་པའི་ཆུ་བོ་
ཡང་དེ་བཞིན་དུ་མཐུན་མཐུན་དུ་རིག་པར་བྱའོ། །འདོད་པའི་འདོད་ཆགས་དང་མ་བྲལ་བ་མུ་སྟེགས་ཅན་མ་བརྟགས་པ་རྣམས་ཀྱི་ནི་འདོད་པའི་ཆུ་བོའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་ནི་སྲིད་པའི་ཆུ་བོའོ། མུ་སྟེགས་ཅན་རྣམས་ཀྱི་ནི་ཕལ་ཆེར་ཆུ་བོ་གཉིས་སུ་རིག་པར་བྱ་སྟེ།
ལྟ་བ་ངན་པ་གང་ཡིན་པ་དང་། ལྟ་བ་ངན་པའི་རྒྱུ་གང་ཡིན་པ་གཅིག་ཏུ་བསྡུས་པའོ། །མཚུངས་པར་སྤྱོད་པ་རྣམས་ཀྱི་ལྷག་ཆད་མེད་པའི་ཉོན་མོངས་པ་དེ་དག་ཉིད་ལ་ནི་སྦྱོར་བ་རྣམས་ཞེས་བྱའོ། །ཕྱོགས་གཉིས་ཀྱི་ནི་ཉེ་བར་ལེན་པ་རྣམ་པ་བཞིར་རྣམ་པར་གཞག་པར་རིག་
པར་བྱ་སྟེ། ཁྱིམ་པའི་ཕྱོགས་དང་། འདི་ལས་ཕྱི་རོལ་པའི་རབ་ཏུ་བྱུང་བའི་ཕྱོགས་ཀྱིའོ། །དེ་ལ་གང་ཉེ་བར་ལེན་པ་དང་། གང་གིས་ཉེ་བར་ལེན་པ་དང་། གང་གི་ཕྱིར་ཉེ་བར་ལེན་པ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པ་ཞེས་བྱའོ། །དེ་ལ་ཅི་ཉེ་བར་ལེན་ཞེ་ན་འདོད་པ་
རྣམས་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་ཏོ། །གང་གིས་ཉེ་བར་ལེན་ཞེ་ན། འདུན་པ་དང་འདོད་ཆགས་རྣམ་པ་བཞིས་སོ། །གང་གི་ཕྱིར་ཉེ་བར་ལེན་ཞེ་ན། འདོད་པ་རྣམས་ཐོབ་པར་བྱ་བའི་ཕྱིར་དང་ལོངས་སྤྱོད་
པའི་ཕྱིར་ནི་དང་པོའོ། །རྙེད་པ་དང་བཀུར་སྟིའི་དབང་དུ་བྱས་ནས་གཞན་ལ་ཀླན་ཀ་ཚོལ་བའི་ཕྱིར་རམ། གལ་འཛིན་པ་ལས་ཐར་པར་བྱ་བའི་ཕྱིར་ནི་གཉིས་པའོ། །ཞི་གནས་ཀྱི་ཡན་ལག་ལ་བརྟེན་ཅིང་གནས་ནས་འཇིག་རྟེན་གྱི་འདོད་ཆགས་དང་བྲལ་བར་འགྱུར་བར་བྱ་བ་

ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་གྱི་ཕྱིར་ནི་གསུམ་པའོ། །ལས་བྱེད་པ་དང་། དེའི་འབྲས་བུ་ལ་ལོངས་སྤྱོད་པའི་སྐྱེས་བུའམ། འཇུག་པ་དང་ལྡོག་པའི་སྐྱེས་བུར་རྣམ་པར་བརྟགས་པའི་རྗེས་
སུ་ཐ་སྙད་འདོགས་པའི་ཕྱིར་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་ཏོ། །ཉེ་བར་ལེན་པ་བཞི་པོ་དེ་དག་ནི་ཕྱོགས་གཉིས་ཀྱི་ཡིན་ཏེ། འདོད་པ་ལ་ལོངས་སྤྱོད་པའི་ཁྱིམ་པའི་ཕྱོགས་དང་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་ཕྱོགས་ཀྱིའོ། །ཆོས་འདི་པ་རྣམས་ཀྱིས་ནི་ཉེ་བར་ལེན་པ་
ཐམས་ཅད་སྤོང་བའི་ཡོངས་སུ་ཤེས་པ་གསུངས་པ་སྟོན་པར་ཁས་བླངས་ཏེ། ཉོན་མོངས་པ་དང་བཅས་པས་འཆི་བའི་དུས་བྱེད་དུ་ཟིན་ཀྱང་དེ་དག་གིས་ཉེ་བར་ལེན་པ་གང་ཡང་རྣམ་པར་གཞག་པ་མེད་དེ། འདི་ལྟར་དེ་དག་ནི་འདོད་པ་རྣམས་ལ་མི་ལྟ་བར་རབ་ཏུ་བྱུང་ལ་ལྟ་བ་དང་ཚུལ་
ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཡང་ཁས་མི་ལེན་ཏོ། །ཉེས་པར་བཤད་པའི་ཆོས་ཅན་དེ་དག་ལ་ནི་ཐ་དད་པ་རྣམ་པ་གཉིས་ཡོད་དེ། ལྟ་བ་དང་འདོད་པ་ཕན་ཚུན་མི་མཐུན་པར་སྨྲ་བ་རྣམས་དང་། འཇིག་རྟེན་པའི་སྙོམས་པར་འཇུག་པ་རྣམས་སོ། །དེ་ལ་
ལྟ་བ་དང་འདོད་པ་ཕན་ཚུན་མི་མཐུན་པ་རྣམས་ཀྱི་ཕྱིར་ནི་ལྟ་བའི་ཉེ་བར་ལེན་པ་རྣམ་པར་གཞག་གོ། །འཇིག་རྟེན་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཕྱིར་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པ་རྣམ་པར་གཞག་གོ། །ཕྱོགས་དེ་གཉི་ག་ལ་བརྟེན་པ་རྣམས་ནི་
བདག་ཏུ་སྨྲ་བའི་ཁོངས་སུ་གཏོགས་པ་སྟེ་དེ་བས་ན་ཕྱོགས་དེ་གཉི་གའི་ཕྱིར་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་རྣམ་པར་གཞག་གོ། །དེ་ལ་ལྟ་བ་དྲུག་ཅུ་རྩ་གཉིས་ནི་སྔ་མ་བཞིན་ནོ། །ལུས་ཀྱི་སྡོམ་པ་དང་། ངག་གི་སྡོམ་པ་ལོག་པའི་རྟོག་པ་ལས་བྱུང་བའི་ལྟ་བས་གནོད་པར་
བྱས་པ་ནི་ཚུལ་ཁྲིམས་སོ། །དེ་དང་འཚམ་པའི་རྟགས་དང་ཆ་ལུགས་དང་ཟས་དང་སྐོམ་དང་སྤྱོད་ལམ་དང་སྤྱོད་པ་དང་ཡི་དམ་ནི་བརྟུལ་ཞུགས་སོ། །བདག་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་དོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་བདག་ཏུ་སྨྲ་བ་ཞེས་བྱའོ། །དེ་ལ་བདེན་པ་ནི་རྫས་

སུ་ཡོད་པའི་ཕྱིར་རོ། །གནས་པ་ནི་རྣམ་པར་གཞག་པའི་སྒོ་ནས་སོ། །དེ་ལ་འདོད་པའི་སྲིད་པའི་རྐྱེན་གྱིས་བྱུང་བ་ནི་འདོད་པའི་ཉེ་བར་ལེན་པའོ། །ཤེས་སོ་བར་སྨྲ་བ་ལ་བརྟེན་ནས་རྙེད་པ་དང་བཀུར་སྟི་ལ་སྲེད་པའི་རྐྱེན་གྱིས་བྱུང་བ་ནི་ལྟ་བའི་ཉེ་བར་ལེན་པའོ། །སྙོམས་
པར་འཇུག་པ་ལ་སྲེད་པའི་རྐྱེན་གྱིས་བྱུང་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པའོ། །ཡོད་པ་དང་མེད་པ་ལ་སྲེད་པའི་རྐྱེན་གྱིས་བྱུང་བ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །མདུད་པ་ནི་བཞི་སྟེ་སྔ་མ་བཞིན་དུ་འདི་ལས་ཕྱི་རོལ་པ་རྣམས་ཉི་ཚེའི་ཡིན་པར་རིག་
པར་བྱའོ། །སྒྲིབ་པ་ལྔ་ནི་གནས་སྐབས་ལྔ་དང་མི་མཐུན་པ་ལས་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཁྱིམ་ན་གནས་པའི་ཡུལ་གྱིས་འཕྲོག་པའི་ཕྱིར་བསྟན་པ་དང་། མི་མཐུན་པའི་སྒོ་ནས་ནི་འདོད་པའི་འདུན་པའོ། །ཆོས་མཐུན་པ་པ་རྣམས་ཀྱིས་གླེང་བ་དང་།
སྨ་དབབ་པ་དང་། རྗེས་སུ་བསྟན་པ་ལ་སོགས་པས་འདུལ་བ་མི་བཟོད་པས་ཡང་དག་པར་དགའ་བར་བྱ་བའི་ཆོས་དང་མི་མཐུན་པའི་སྒོ་ནས་ནི་གནོད་སེམས་སོ། །ཞི་གནས་དང་མི་མཐུན་པའི་སྒོ་ནས་ནི་རྨུགས་པ་དང་གཉིད་དོ། །ལྷག་མཐོང་དང་མི་མཐུན་པའི་སྒོ་ནས་ནི་རྒོད་པ་དང་
འགྱོད་པའོ། །ཆོས་ཀྱི་འཕེལ་བའི་གཏམ་ངེས་པར་བྱེད་པ་དང་། །ཆོས་སྤྱོད་པ་དང་། སྟོན་པའི་བསྟན་པ་དང་མྱ་ངན་ལས་འདས་པ་ལ་མོས་པ་དང་མི་མཐུན་པའི་སྒོ་ནས་ནི་ཐེ་ཚོམ་གྱི་སྒྲིབ་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཀུན་ནས་དཀྲིས་པ་གང་གིས་ཀུན་ནས་དཀྲིས་པའམ་བག་ལ་ཉལ་དུ་གྱུར་
པས་རང་གི་དོན་འཐོབ་པ་ལ་སེམས་ལས་སུ་མི་རུང་ཞིང་སེམས་འཇོམ་པོ་མ་ཡིན་པ་དེ་དག་ནི་ཐ་བ་རྣམས་སོ། །ཡུལ་ངན་པ་ལ་འདོད་ཆགས་པ་ནི་དྲི་མ་ཞེས་བྱའོ། །འཁྲུལ་པའི་འོས་མ་ཡིན་པའི་གཞི་ལ་ཞེ་སྡང་བ་ནི་དྲི་མ་ཞེས་བྱའོ། །གསལ་ཞིང་བྱིས་པའི་སྐྱེ་བོས་ཀྱང་བརྡ་ཕྲད་
པའི་གཞི་ལ་གཏི་མུག་པ་ནི་དྲི་མ་ཞེས་བྱའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྒྱུན་དུ་ཀུན་དུ་སྤྱོད་པས་རྟག་ཏུ་འཇོམས་པས་ན། རྟག་འཇོམས་རྣམས་ཞེས་བྱའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་བྲལ་ཏེ་ངོ་ཚ་མི་ཤེས་པ་དང་ཁྲེལ་མེད་པས་གཅིག་ཏུ་ངེས་པར་རྒྱུན་དུ་འདོད་

ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་མ་བསྡམས་པ་ནི་ཟུག་རྔུ་རྣམས་ཞེས་བྱའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་འདྲེས་ཏེ། རྒྱུད་ཀྱི་སྒོ་ནས་ནི་ཡོད་ལ་སྐད་ཅིག་པའི་སྒོ་ནས་ནི་མེད་དེ་བསྔམས་པ་ཡོད་པ་ནི་མདུད་པར་བསྡུས་པ་གང་ཡིན་པའི་ངན་པའི་དོན་གྱིས་
ཐ་ཆད་ཅེས་བྱའོ། །ལུས་ཀྱི་ལས་མི་དགེ་བ་ཐམས་ཅད་ནི་ཉེས་པར་སྤྱོད་པའོ། །ལུས་ཇི་ལྟ་བ་བཞིན་དུ་ངག་གི་ལས་དང་ཡིད་ཀྱི་ལས་ཀྱང་དེ་དང་འདྲ་སྟེ། ངན་འགྲོར་འགྲོ་བའི་ལས་ཀུན་དུ་སྤྱོད་པའི་ཕྱིར་རྗེས་སུ་ཐོབ་པར་གྱུར་ཅིང་རྗེས་སུ་ཐོབ་པར་འགྱུར་ལ་རྗེས་སུ་འཐོབ་པས་ན་དེའི་ཕྱིར་ཉེ་
བར་སྤྱོད་པ་ཞེས་བྱ་སྟེ། འདིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་བསྟན་ཏོ། །སྔ་མས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བསྟན་ཏོ། །འདི་གཉིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྣམ་པར་གཞག་པ་སྨྲ་བ་སྟེ། ལོག་པར་སྨྲ་བ་དང་། ཡང་དག་པར་སྨྲ་བའོ། །དེ་ལ་
གང་འདི་སྐད་དུ་ཆེད་དུ་བསམས་ཏེ་ལས་མི་དགེ་བ་ཅི་བྱས་པ་དེ་དག་ཐམས་ཅད་ནི་ངེས་པར་ཡང་ཡིན་ལ་ངན་སོང་མྱོང་བར་འགྱུར་བ་ཡང་ཡིན་ནོ་ཞེས་སྨྲ་བ་དེས་ནི་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཚངས་པར་སྤྱོད་པ་ལ་གནས་པ་ལ་སྐུར་པ་བཏབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་
གི་ཚེ་འདི་ཉིད་ལ་ཡང་ཆེད་དུ་བསམས་ཏེ། མི་དགེ་བའི་ལས་མ་བྱས་པས་དེ་ལྟ་བུའི་སེམས་ཅན་ཡང་རྙེད་པར་སླ་བ་མ་ཡིན་ན་ཚེ་རབས་གཞན་དག་ཏུ་ལྟ་ཅི་སྨོས་ཏེ། དེས་ན་དེ་དག་ངན་སོང་དུ་འགྲོ་བར་ངེས་པས་ན་སུ་ལ་ཡང་ཐར་པར་འགྱུར་བའི་སྐབས་མེད་པར་འགྱུར་ཏེ། དེ་བས་
དེ་ནི་ལོག་པར་སྨྲ་བ་ཡིན་པར་རིག་པར་བྱའོ། །གང་འདི་སྐད་དུ་ཆེད་དུ་བསམས་ཏེ། མི་དགེ་བའི་ལས་བྱས་ལ་གལ་ཏེ་དེ་ལྟར་བྱས་ནས་བསགས་པར་གྱུར་ན་ནི་དེ་ལྟ་ན་དེ་ཕྱི་མ་ལ་མི་སྡུག་པའི་ངན་སོང་མྱོང་བར་ངེས་པར་འགྱུར་རོ། །དེ་ལྟ་མ་བསགས་ན་ནི་དེའི་དེ་ཆོས་ཡང་དག་པར་
བླང་བ་གང་དང་གང་ལ་བརྟེན་པ་བདེ་བའམ་སྡུག་བསྔལ་བར་བྱས་པར་གྱུར་པ་དེའི་ནི་དེ་ལྷན་ཅིག་བྱེད་པར་ངེས་པར་འགྱུར་ཏེ། ཚེ་འདི་ཉིད་ལ་བདེ་བ་མྱོང་བའམ་སྡུག་བསྔལ་བ་མྱོང་བར་འགྱུར་རོ་ཞེས་སྨྲས་ཏེ། དེ་ལྟ་ན་ནི་ལས་གང་བྱས་ནས་འགྱོད་པ་མེད་ཅིང་གཉེན་པོ་མ་བསྟེན་པའི་གང་

ཟག་དེའི་ལས་དེ་ནི་བསགས་པར་འགྱུར་བ་ཡང་ཡིན་ནོ། །འབྲི་བར་འགྱུར་བ་གང་ཡིན་པ་དེ་ནི་ཚེ་འདི་ཁོ་ན་ལ་མྱོང་བར་འགྱུར་བ་ཡིན་དུ་ཟིན་ཀྱང་དེ་ནི་ངན་སོང་མྱོང་བར་འགྱུར་བ་ཡང་ཡིན་ལ་ཚེ་འདི་ལ་ཡང་ཐར་པའི་བར་དུ་གཅོད་པར་ཡང་བྱེད་དོ། །གཞན་ཡང་ལས་དེ་བྱས་ན་
འགྱོད་པར་ཡང་བྱེད་ལ་གཉེན་པོ་དང་ཡང་བཅས་པའི་གང་ཟག་དེའི་ལས་དེ་ནི་བསགས་པར་ཡང་མི་འགྱུར་ཏེ། བསགས་པར་འགྱུར་བ་གང་ཡིན་པ་དེས་ངན་སོང་མྱོང་བར་འགྱུར་དུ་ཟིན་ཀྱང་དེ་ནི་ཚེ་འདི་ཁོ་ན་ལ་མྱོང་བར་འགྱུར་ལ་ཐར་བའི་བར་དུ་གཅོད་པར་ཡང་མི་བྱེད་དོ། །དེ་བས་
ན་དེས་ནི་ཚངས་པར་སྤྱོད་པ་ལ་གནས་པ་དང་། མྱ་ངན་ལས་འདས་པ་ལ་སྐུར་བ་བཏབ་པ་མ་ཡིན་ནོ། །དེས་ན་འདི་ནི་ཡང་དག་པར་སྨྲ་བ་ཡིན་པར་རིག་པར་བྱའོ། །དེ་ལ་གཉེན་པོ་རྣམ་པ་བཅུ་མེད་ན་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་བྱེད་ལ་རྣམ་པ་
བཅུ་པོ་དེ་དག་ཡོད་ན་ནི་རྣམ་པར་དག་པར་འགྱུར་ཏེ། འདི་ལྟ་སྟེ། གཉེན་པོ་གང་གིས་བྱས་མ་ཐག་ཏུ་བསགས་པར་མི་འགྱུར་ཏེ། ཕྱི་མ་ལ་མྱོང་བ་མ་ངེས་པ་དང་། གཉེན་པོ་གང་གིས་མ་སྤངས་སུ་ཟིན་ཀྱང་མི་མྱོང་བར་བྱེད་པ་དང་། གཉེན་པོ་གང་གིས་སྤོང་བར་ཡང་བྱེད་ལ་
བྲལ་བར་ཡང་འགྱུར་བ་དང་། དེ་བཞིན་དུ་དབང་པོའི་སྒོ་བསྡམས་པས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྒོམ་པའི་ཕྱིར་ལུས་བསྒོམ་པ་དང་། ལྷག་པའི་སེམས་བསྒོམ་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་བསྒོམ་པ་དང་། ལྷག་པའི་ཤེས་རབ་བསྒོམ་པའི་ཕྱིར་ལྷག་
པའི་སེམས་བསྒོམ་པ་དང་། ཟག་པ་སྤང་བའི་ཕྱིར་ལྷག་པའི་ཤེས་རབ་བསྒོམ་པ་དང་སེམས་དྲག་པོས་བསྒོམ་པ་དང་། ཡུན་རིང་པོར་བསྒོམ་པ་དང་། གཉེན་པོ་སྒོ་དུ་མ་བསྒོམ་པ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པའི་གཉེན་པོ་རྣམ་པ་བཅུ་པོ་འདི་དག་མེད་
ན་ནི་ཀུན་ནས་ཉོན་མོངས་པར་འགྱུར་རོ། །དེ་ལས་བཟློག་པ་ནི་རྣམ་པར་བྱང་བར་འགྱུར་བར་རིག་པར་བྱའོ། །ཚེ་འདི་ཉིད་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་མ་བསྡམས་པར་གནས་པའི་ནི་སྔོན་གྱི་ལས་མི་དགེ་བ་བྱས་ཤིང་བསགས་པ་གང་ཡིན་པ་དེ་ཕྱི་མ་ལ་ཀུན་ནས་ཉོན་

མོངས་པར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་བསྡམས་པར་གནས་པའི་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །ཚེ་འདི་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་མ་བསྡམས་པར་གནས་པ་ནི་ཇི་ལྟ་བུ་ལུས་ལ་སོགས་པའི་ལས་ཤིན་ཏུ་
བསྡམས་པར་གནས་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། ཇི་ལྟར་འདི་ན་ཁ་ཅིག་ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བའི་ཀུན་ནས་དཀྲིས་པའི་ཉེས་རྩོམ་དང་། དེ་སྐྱེད་པར་བྱེད་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་མ་རིག་པའི་ཉེས་རྩོམ་ནི་སྤངས་ལ་ལུས་དང་
ངག་དང་ཡིད་ཀྱི་ལས་དགེ་བ་ཡང་ཡང་དག་པར་བླངས་ཏེ་གནས་པ་དེ་ལ་ནི་ཚེ་འདི་ཉིད་ལ་དེའི་རྒྱུས་ཉོན་མོངས་པ་དང་ལོག་པའི་འདུན་པ་དང་། རྟོག་པ་དང་ཡོངས་སུ་ཚོལ་བ་ལས་བྱུང་བའི་སྡུག་བསྔལ་གྱི་ཁྱད་པར་རྣམས་མི་འབྱུང་ངོ་། །དེས་དེ་སྤངས་པ་ཡང་དག་པར་བླངས་པ་
ཙམ་གྱིས་ཆོག་པར་བཟུང་ནས་ཚེ་འདི་ལ་འཕགས་པའི་ལམ་སྐྱེད་པར་མི་བྱེད་ཅིང་མྱ་ངན་ལས་འདས་པ་མངོན་སུམ་དུ་མི་བྱེད་དོ། །དེ་ལྟར་བསྡམས་པར་གནས་པ་དེ་ནི་ཚེ་འདི་ལ་སྡིག་པ་མི་དགེ་བའི་ཆོས་མི་བྱེད་ཅིང་མི་སོགས་མོད་ཀྱི་འོན་ཀྱང་ཉོན་མོངས་པའི་བག་ལ་ཉལ་གྱི་བཅིང་བས་
བཅིངས་པས་ན་ཤི་བའི་འོག་ཏུ་ཡང་སྲིད་པར་སྐྱེ་བ་མངོན་པར་འགྲུབ་པར་འགྱུར་ཏེ། ཡང་སྲིད་པར་སྐྱེ་བ་དེར་སྔོན་གྱི་ལས་ཀྱི་རྐྱེན་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་བསྐྱེད་པར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་བསྡམས་པར་གནས་པའི་ཁྱད་པར་ནི་འདི་ཡིན་
ཏེ་སྤངས་པ་ཡང་དག་པར་བླངས་པ་དེ་ལ་གནས་པ་དེ་ནི་གསར་དུ་ཡང་ལས་མི་བྱེད་ལ། ལས་རྙིང་པ་ཉམས་སུ་མྱོང་སྟེ། རྣམ་པར་སྨིན་པ་རྣམ་པར་སྨིན་པའི་སྒོ་ནས་ཟད་པར་བྱེད་ལ་སྤངས་པ་ཡང་དག་པར་བླངས་པ་དེ་ཙམ་གྱིས་ཀྱང་ཆོག་པར་མི་འཛིན་ཏེ། ཚེ་འདི་ཉིད་ལ་འཕགས་
པའི་ལམ་ཡང་སྐྱེད་ཅིང་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཡང་མངོན་སུམ་དུ་བྱེད་དོ། །དེ་དེའི་ཚེ་ཇི་སྲིད་དུ་རྣམ་པར་ཤེས་པ་དང་བཅས་པའི་ལུས་གནས་པ་དེ་སྲིད་དུ་ཚེ་འདི་ལ་སྔོན་གྱི་ལས་ཀྱིས་འཕངས་པའི་ཚོར་བ་མྱོང་བར་འགྱུར་རོ། །དེའི་རྣམ་པར་ཤེས་པ་དང་བཅས་

པའི་ལུས་དེ་ཡང་ཇི་སྲིད་ཚེ་མ་ཟད་པ་དེ་སྲིད་དུ་གནས་སོ། །ཚེ་ཟད་ནས་རྣམ་པར་ཤེས་པས་ལུས་སྤངས་ནས་དེ་ཕྱིན་ཆད་ནི་སྲོག་གི་དབང་པོ་རྣམ་པར་སྨིན་པར་མི་འགྱུར་ཏེ། དེས་ན་དེའི་རྣམ་པར་ཤེས་པ་ཚོར་བ་ཐམས་ཅད་དང་བཅས་པར་འདིར་འགགས་པས་ཕྱི་མ་ལ་ཉིང་མཚམས་
སྦྱོར་བར་མི་འགྱུར་རོ། །དེའི་ཚོར་བ་གྲིབ་མ་བཞིན་དུ་རྣམ་པར་ཤེས་པའི་ཤིང་ལ་བརྟེན་པ་དེ་ཡང་རྣམ་པར་ཤེས་པའི་ཤིང་འགགས་པས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ། །དེའི་ཚེ་དེའི་སྔོན་གྱི་ལས་དེ་ལས་དེ་ནི་རྒྱུ་གཉིས་ཀྱིས་ཕྱི་མ་ལ་ཀུན་ནས་ཉོན་མོངས་པར་མི་འགྱུར་
ཏེ། གྲོགས་ཉོན་མོངས་པ་གང་གིས་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་མ་ལུས་པར་སྤངས་པའི་ཕྱིར་དང་། གང་དུ་རྣམ་པར་སྨིན་པར་འགྱུར་བ་ན་ཀུན་ནས་ཉོན་མོངས་པར་འགྱུར་བ་སྟེ། འདི་ལྟ་སྟེ། འདུ་བྱེད་ཀྱི་རྒྱུད་དེ་ཡང་མ་ལུས་པར་འགགས་པའི་ཕྱིར་རོ། །དེ་
དེའི་ཚེ་སེམས་ཅན་རྣམས་ལ་མཛའ་བའི་བསམ་པས་ཁོན་མེད་པའི་སེམས་སུ་འགྱུར་ཏེ། དེ་ལ་དམིགས་པའི་གནོད་སེམས་སྤངས་པས་གནོད་སེམས་སུ་གྱུར་པའི་སེམས་མེད་དོ། །སྡིག་པའི་ལས་ལ་ཉེས་དམིགས་སུ་ལྟ་བའི་ཕྱིར་དེ་སྤངས་པ་ཡང་དག་པར་བླངས་
པས་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་འགྱུར་རོ། །དེའི་གཉེན་པོ་ལམ་ཐོབ་པས་ཡང་དག་པར་སེམས་ཤིན་ཏུ་རྣམ་པར་གྲོལ་བར་ཡང་འགྱུར་རོ། །དེ་ལྟར་གྱུར་པ་དེས་ནི་རྟག་ཏུ་གནས་པར་བྱ་བ་དྲུག་ཐོབ་པ་ཡིན་ཏེ་དེ་རྣམས་ཀྱིས་ནི་དེ་ལ་ཤས་ཆེར་གནས་པ་དེའི་སྤོང་
བ་དེ་དགེ་བར་གཅིག་ཏུ་ངེས་པ་ཁོ་ནར་འགྱུར་ཏེ། ཚེ་འདི་ལ་སྡིག་པ་མི་དགེ་བའི་ལས་ཀྱི་རྐྱེན་ཡོད་དུ་ཟིན་ཀྱང་རྣམ་པར་འདྲེ་བར་མི་འགྱུར་བ་འདི་ནི་དེའི་སྡོམ་པ་ལ་གནས་པ་སྔ་མ་ལས་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་མྱོང་བར་འདོགས་
ཤིང་སྨྲ་བ་ནི་རྣམ་པ་ལྔས་ཀུན་ནས་ཉོན་མོངས་པ་ཅན་ཡིན་པར་རིག་པར་བྱའོ། །རྣམ་པ་ལྔས་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །རྣམ་པ་ལྔ་པོ་གང་དག་གིས་ཀུན་ནས་ཉོན་མོངས་པ་ཅན་ཡིན་ཞེ་ན། འདི་ལྟ་སྟེ། རྒྱུ་མི་མཐུན་པར་འདོགས་པ་དང་།

རྒྱུ་མེད་པར་འདོགས་པ་དང་། རྒྱུ་མི་མཐུན་པ་དང་རྒྱུ་མེད་པར་འདོགས་པའི་ཉེས་པ་རྣམ་པ་གསུམ་གྱིས་སོ། །དེ་ལ་རྒྱུ་མི་མཐུན་པར་འདོགས་པ་ནི་ཇི་ལྟར་འདི་ན་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྐྱེས་བུ་གང་ཟག་འདིས་ཉམས་སུ་མྱོང་
བར་འགྱུར་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ་སྙམ་མོ། །དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བ་ཡང་དེ་དང་འདྲའོ། །རྒྱུ་མེད་རྐྱེན་མེད་པར་ཉམས་སུ་མྱོང་ངོ་ཞེས་བྱ་བ་ནི་རྒྱུ་མེད་པར་འདོགས་པའོ། །དེར་འདོགས་པའི་
ཉེས་པ་རྣམ་པ་གསུམ་གང་ཞེ་ན། ཚེ་འདི་ལ་མི་དགེ་བ་དང་ལྡན་པའི་ཚོར་བ་ནི་སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་ན་ཡང་ཉེས་པ་ཡོད་ལ་ཚེ་འདིའི་ལས་ཀྱི་རྒྱུ་ལས་བྱུང་ན་ཡང་ཉེས་པ་ཡོད་དེ། གལ་ཏེ་སྔོན་གྱི་མི་དགེ་བའི་ལས་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེ་ལྟ་ན་ཆོས་ཡང་
དག་པར་བླངས་པ་ཁ་ཅིག་བདེ་བ་ཡིན་ལ་མི་དགེ་བ་ཡང་ཡོད་ན་དེ་ལ་མི་དགེ་བའི་ཚོར་བ་གང་ཡིན་པ་དེ་སྔོན་གྱི་མི་དགེ་བའི་ལས་ཀྱི་རྒྱུ་ལས་བྱུང་བར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་མི་དགེ་བའི་ཚེ་འདི་ལ་བདེ་བར་རྣམ་པར་སྨིན་པར་མི་རུང་བའི་ཕྱིར་རོ། །གལ་ཏེ་ཚེ་
འདིའི་མི་དགེ་བའི་ལས་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་ནི། དེ་ལྟ་ན་དེའི་རྒྱུ་མི་མཐུན་པར་སྨྲ་བ་དང་། རྒྱུ་མེད་པར་སྨྲ་བ་དེ་དམ་བཅས་པ་ཉམས་པར་འགྱུར་ཏེ་ཐམས་ཅད་སྔོན་བྱས་པའི་རྒྱུ་ལས་བྱུང་བའོ་ཞེས་རྒྱས་པར་སྦྱར་བ་འདི་ནི་ཉེས་པ་དང་པོའོ། །གཞན་ཡང་གལ་
ཏེ་མི་དགེ་བ་ཡང་སྔོན་གྱི་མི་དགེ་བའི་ལས་ཀྱི་རྒྱུ་ལས་བྱུང་བར་ངེས་ལ། དགེ་བ་ཡང་དགེ་བའི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེ་ལྟ་ན་དེ་དག་གིས་མི་དགེ་བའི་གཉེན་པོར་དགེ་བ་ཡང་དག་པར་བརྩམས་པ་དང་ལྡན་པའི་བརྩོན་འགྲུས་རྩོམ་པ་གང་ཅི་ཡང་རུང་བ་དེ་དག་ཀྱང་དོན་
མེད་པར་འགྱུར་ཏེ། འདི་ནི་ཉེས་པ་གཉིས་པའོ། །གཞན་ཡང་སྐྱེས་བུའི་བྱེད་པ་མེད་པ་ན་དགེ་བ་དང་མི་དགེ་བ་ལས་བརྩམས་ཏེ་བྱ་བ་དང་མི་བྱ་བ་བརྟགས་པའི་ཡང་དག་པ་ཇི་ལྟ་བའི་ཤེས་པ་ཡང་མི་དགོས་པར་འགྱུར་ཏེ། ཤེས་པའི་འོག་ཏུ་འདི་ནི་ཡོངས་སུ་སྤང་

བར་བྱའོ། །འདི་ནི་ནན་ཏན་དུ་བསྒྲུབ་པར་བྱའོ་སྙམ་པ་དེ་མེད་ན་དེ་ཡང་མེད་པར་འགྱུར་བའི་ཕྱིར་ཡང་དག་པའི་ཤེས་པ་ཡང་མི་རུང་ངོ་། །ཤེས་པ་དང་མི་ལྡན་ན་ནི་དྲན་པ་གནས་པར་ཡང་མི་འགྱུར་རོ། །དྲན་པ་གནས་པར་མ་གྱུར་ན་ནི་ཏིང་ངེ་འཛིན་ཀྱང་མེད་དོ། །མཉམ་
པར་མ་བཞག་པ་རྣམས་ཀྱི་སེམས་ནི་རྟོག་པ་ངན་པ་དག་གིས་མགོ་རྨོངས་པར་བྱེད་དོ། །མགོ་རྨོངས་པ་རྣམས་ཀྱི་དབང་པོ་རྣམས་ནི་བྱིས་པ་དང་མཚུངས་པར་ཤེས་པར་བྱའོ། །བྱིས་པ་དང་མཚུངས་པར་གྱུར་པ་རྣམས་ཀྱི་ནི་དགེ་སྦྱོང་གི་ཆོས་དང་ལྡན་པའི་དགེ་སྦྱོང་དུ་སྨྲ་བ་གང་ཡིན་པ་
དེ་ཡང་ཉམས་པར་འགྱུར་ཏེ། འདི་ནི་ཉེས་པ་གསུམ་པའོ། །འདི་དག་ནི་མདོར་བསྡུ་ན་ཉེས་པ་གསུམ་པ་སྟེ། འདི་ལྟ་སྟེ། ད་ལྟར་བྱུང་བའི་མི་དགེ་བའི་ཚོར་བ་རྒྱུ་མེད་པ་ལས་བྱུང་བའི་ཉེས་པ་དང་། བརྩོན་འགྲུས་ལ་སྐུར་པ་བཏབ་པའི་ཉེས་པ་དང་། ཤེས་པ་ལ་སྐུར་པ་བཏབ་
པའི་ཉེས་པའོ། །ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འདོགས་པ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། གང་གིས་ཉམས་སུ་མྱོང་བར་འགྱུར་བ་དང་། ཅིས་ཉམས་སུ་མྱོང་བར་འགྱུར་བ་དང་། ཇི་ལྟར་ཉམས་སུ་མྱོང་བར་འགྱུར་བ་
དང་། ཉམས་སུ་མྱོང་བ་ན་ཇི་ལྟར་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། ཇི་ལྟར་རྣམ་པར་བྱང་བར་འགྱུར་བའོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བརྟེན་ནས་གང་ཟག་ཏུ་འདོགས་པ་ནི་གང་གིས་ཉམས་སུ་མྱོང་བའོ། །དེ་ཡང་རེག་པའི་སྐྱེ་མཆེད་དྲུག་གིས་
ཉམས་སུ་མྱོང་ངོ་། །དེ་ལ་མའི་ལྟོ་ན་འདུག་པའི་ཁུ་ཆུ་དང་ཁྲག་གི་འབྱུང་བ་ཆེན་པོ་བཞི་ལ་བརྟེན་པ་དང་། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པས་བསྡུས་པ་དང་མའི་ལྟོ་ན་ཁོང་སྟོང་ཡོད་པ་ནི་བུ་འཆགས་པར་འགྱུར་བ་ཡིན་ནོ། །དེ་ནས་མིང་དང་
གཟུགས་སོ། །དེ་ནས་སྐྱེ་མཆེད་དྲུག་གོ། །དེ་ནས་རེག་པའོ། །དེ་ནས་ཚོར་བ་སྟེ་དེ་ལྟར་གོ་རིམས་འདི་བཞིན་དུ་ཚོར་བར་འགྱུར་རོ། །ཚོར་བ་དེའི་རྒྱུ་ནི་ཚེ་འདིའི་རེག་པ་ཡང་ཡིན་ལ་སྔོན་གྱི་ལས་ཀྱང་རྒྱུ་ཡིན་ནོ། །གལ་ཏེ་དམ་པའི་ཆོས་མ་ཡིན་པ་ཐོས་པ་ལ་བརྟེན་ནས་ཚུལ་བཞིན་

མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བས་རེག་པར་གྱུར་ན་ནི་དེ་ཚོར་བའི་རྐྱེན་གྱིས་སྲེད་པ་སྲེད་པའི་རྐྱེན་གྱིས་ཕྱི་མ་ལ་སྐྱེ་བ་དང་རྒ་བ་ལ་སོགས་པའི་བར་གྱི་སྡུག་བསྔལ་གྱི་ཁྱད་པར་རྣམས་འབྱུང་སྟེ། དེ་ལྟར་མ་རིག་
པའི་འདུས་ཏེ་རེག་པའི་ཚོར་བ་མྱོང་བ་དེ་ནི་བདེན་པ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །དེ་ལས་བཟློག་པ་དམ་པའི་ཆོས་ཐོས་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ཏེ། རེག་པའི་འདུས་ཏེ་རེག་པའི་ཚོར་བ་མྱོང་བ་ནི་བདེན་པ་གཉིས་ཀྱིས་རྣམ་པར་བྱང་བར་
འགྱུར་རོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་བརྒྱད་པ། ལས་རྣམ་པར་བྱང་བ་ལོག་པར་འདོགས་པ་དང་། ལོག་པར་སྒྲུབ་པ་ལ་ཉེས་དམིགས་གཉིས་ཡོད་པར་རིག་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ནང་གི་རྟོག་པ་
ལ་སླུ་བ་དང་། གཞན་གྱིས་སྨད་པའོ། །ལས་རྣམ་པར་བྱང་བ་ལོག་པར་འདོགས་པ་གང་ཞེ་ན། ཇི་ལྟར་འདི་ན་ཁ་ཅིག་སྟོན་པ་མ་ཡིན་བཞིན་དུ་བདག་ཉིད་སྟོན་པ་ལྟ་བུར་འཛིན་ཅིང་འདི་ལྟར་ལོག་པར་འདོགས་ཏེ། ཚེ་འདི་ལ་སྡུག་བསྔལ་མྱོང་བ་གང་ཅི་ཡང་རུང་བ་དེ་དག་
ཐམས་ཅད་ནི་སྔོན་གྱི་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ་སྙམ་ནས་དེས་སྔོན་གྱི་མི་དགེ་བའི་ལས་དེ་རྣམ་པ་གཉིས་ཀྱི་རྒྱུར་གྱུར་པར་མཐོང་སྟེ། བྱེད་པ་དེ་ནི་སྔོན་གྱི་ལས་ལ་གོམས་པ་ལས་བྱུང་བའི་ཕྱིར། ཚེ་འདིའི་མི་དགེ་བའི་ལས་ཀྱི་རྒྱུ་དང་སྡུག་བསྔལ་དེའི་རྒྱུའོ། །དེ་བས་ན་སྔོན་
གྱི་མི་དགེ་བའི་ལས་དེ་དག་དང་འབྲས་བུ་སྡུག་བསྔལ་ནི་དཀའ་ཐུབ་དྲག་པོས་འབྱང་བར་འགྱུར་ལ་ཕྱི་མ་ལ་མི་དགེ་བའི་ལས་རྣམས་བྱེད་པར་མི་འགྱུར་བའི་ཕྱིར། ཚེ་འདི་ལ་ལུས་དང་ངག་གིས་བསྡམས་པར་གནས་པས་དེ་ལྟར་ཕྱི་མ་ལ་གཅིག་ཏུ་ངེས་པར་དགེ་བ་བྱེད་པ་ལ་བརྩོན་པ་
རྣམས་ཀྱིས་ནི་མི་དགེ་བས་སྐྱེ་བར་མི་འགྱུར་ཏེ་དེ་ལྟ་ན་མི་དགེ་བའི་ལས་དེ་ཟད་པར་འགྱུར་རོ། །དེ་ཟད་པས་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་ཐུག་པར་འགྱུར་རོ་ཞེའོ། །ལོག་པར་སྒྲུབ་པ་གང་ཞེ་ན། ཇི་ལྟར་འདི་ན་ཁ་ཅིག་བདག་གི་ལས་ཀྱི་ཀུན་ནས་ཉོན་མོངས་

པ་ཡང་མི་ཤེས་དེའི་གཉེན་པོ་ཡང་མི་ཤེས་སྔ་མ་དང་ཕྱི་མའི་ཁྱད་པར་རྟོགས་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ་དེ་དེ་ལྟར་ཀུན་དུ་རྨོངས་ནས་སྟོན་པ་ལ་གཞི་མེད་པའི་དད་པ་དད་པར་བྱ་བའི་གནས་མ་ཡིན་པར་སྐྱེས་པས་བསྟན་པ་ལ་མོས་པར་འགྱུར་ཏེ། སྨྲ་
བ་ངན་པ་མི་རིགས་པའི་ཕྱོགས་སུ་སོང་བ་དེ་ལ་བརྟེན་ནས་གཞན་དག་གིས་རྣམ་པར་བསྐྱོད་ན་ཡང་སོམ་ཉིར་བྱ་བའི་གནས་ལ་ཐེ་ཚོམ་སྐྱེད་པར་མི་བྱེད་ལ་དྲི་བའི་སྒོ་ནས་ལེགས་པར་ལན་ཐེབས་པ་དང་། ལེགས་པར་ལན་མི་ཐེབས་པ་དང་། སོམ་ཉི་རྣམ་པར་དག་པར་བྱེད་པ་
དང་། རྣམ་པར་དག་པར་མི་བྱེད་པའི་སྒོ་ནས་སྟོན་པ་ཐམས་ཅད་མཁྱེན་པ་དང་། ཐམས་ཅད་མཁྱེན་པ་མ་ཡིན་པ་ཡོངས་སུ་མི་ཚོལ་ལ། སྟོན་པ་འདས་ནས་ནི་གཏན་དུ་སོམ་ཉིའི་གནས་ལ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྟོན་པ་གསོན་པའི་ཚེ་ནི་
དེས་ཐམས་ཅད་མཁྱེན་པ་ཡིན་ནམ་མ་ཡིན་པ་ངེས་པར་རྟོགས་པར་འགྱུར་བ་ཞིག་ན་ཤི་བའི་འོག་ཏུ་སུ་ལ་དྲིར་ཡང་མེད་ན་ཇི་ལྟར་ངེས་པར་འགྱུར་ཏེ། འདི་ནི་ལོག་པར་སྒྲུབ་པའོ། །དེ་ལ་ཅིའི་ཕྱིར་ལས་རྣམ་པར་བྱང་བ་ལོག་པར་འདོགས་པ་ཤིན་ཏུ་མི་རིགས་པར་འགྱུར་ཞེ་
ན། རྒྱུ་རྣམ་པ་གཉིས་ཀྱིས་ཏེ། འདི་ལྟ་སྟེ། དཀའ་ཐུབ་དྲག་པོ་དེ་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན། མི་སྲིད་པ་དེས་སྔོན་གྱི་མི་དགེ་བའི་ལས་འབྱང་བར་འགྱུར་ཡང་མི་སྲིད་པའི་ཕྱིར་རོ། །དེ་ལ་བརྩལ་བ་ཆུང་ངུ་དང་འབྲིང་དང་ཆེན་པོས་བྱས་པས་ཚོར་བ་ཆུང་ངུ་དང་།
འབྲིང་དང་ཆེན་པོ་སྐྱེ་བའི་ཕྱིར་དང་། བརྩལ་བ་རྣམ་པ་གསུམ་དང་བྲལ་བས་བརྩལ་བ་ལས་བྱུང་བའི་སྡུག་བསྔལ་གྱི་ཚོར་བ་རྣམ་པ་གསུམ་མི་གནས་པའི་ཕྱིར་སྔོན་བྱས་པའི་རྒྱུ་ལས་བྱུང་བར་མི་རུང་ངོ་། །དཀའ་ཐུབ་དྲག་པོ་དེ་ལ་ཡང་སྔོན་གྱི་ལས་མི་དགེ་བ་སྡུག་བསྔལ་མྱོང་བར་
འགྱུར་བ་གང་ཡིན་པ་དེ་བདེ་བ་མྱོང་བར་བྱ་བ་དེའི་མཐུ་མེད་པས་དེ་ནི་ངེས་པར་འདི་ལྟར་འགྱུར་ཏེ། བདག་ཉིད་ཡོངས་སུ་གདུངས་པས་སྔོན་གྱི་མི་དགེ་བའི་ལས་འབྱང་བར་མཐོང་སྟེ། དེ་ལྟར་གྱུར་ན་ཚེ་འདི་ལ་བརྩལ་བའི་སྡུག་བསྔལ་གྱི་ཚོར་བ་དེ་སྔོན་གྱི་ལས་མི་དགེ་བ་སྡུག་བསྔལ་མྱོང་བར་

འགྱུར་བ་གང་ཡིན་པ་དེའི་འབྲས་བུར་གྱུར་པ་ཡིན་ནམ་མ་ཡིན། གལ་ཏེ་འབྲས་བུར་གྱུར་པ་ཡིན་ན་ནི་དཀའ་ཐུབ་ཀྱང་དོན་མེད་པར་འགྱུར་ཏེ། དེའི་འབྲས་བུ་མྱོང་བ་ཁོ་ནས་ཟད་པར་འགྱུར་ལ་དེ་ལྟར་གྱུར་ན་ནི་སྔོན་གྱི་མི་དགེ་བའི་ལས་ཀྱི་ཡིན་གྱི་དཀའ་ཐུབ་ཀྱིས་
བྱང་བར་འགྱུར་བ་མ་ཡིན་ནོ། །གང་དག་གི་ཚེ་འདིའི་འབྲས་བུ་ཉམས་སུ་མྱོང་བས་ནི་ལས་ཀྱི་ཕྱོགས་གཅིག་དེ་བྱང་བར་ཟད་དེ། གཞན་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡིན་པས་ན། དེའི་ཕྱིར་ཚེ་ཕྱི་མ་ལ་མྱོང་བར་འགྱུར་ཏེ། དེ་ནི་འབྲས་བུའི་སྒོ་ནས་དཀའ་ཐུབ་ཀྱིས་
འབྱང་བར་འགྱུར་དུ་མི་རུང་ངོ་། །གལ་ཏེ་བརྩལ་བའི་སྡུག་བསྔལ་དེ་སྔོན་བྱས་པའི་རྒྱུ་ལས་བྱུང་བ་མ་ཡིན་ན་ནི་དེ་ལྟ་ན་ཉམས་སུ་མྱོང་བར་འགྱུར་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །ཇི་ལྟར་སྡུག་བསྔལ་མྱོང་བར་འགྱུར་བ་
བདེ་བ་མྱོང་བར་བསྒྱུར་དུ་མི་རུང་བ་དེ་བཞིན་དུ་སྔོན་གྱི་ལས་དགེ་བ་བདེ་བ་མྱོང་བར་འགྱུར་བ་དེ་ཡང་སྡུག་བསྔལ་མྱོང་བའམ། དེ་གཉི་གར་བསྒྱུར་དུ་མི་རུང་ངོ་། །གཞན་ཡང་ཚེ་འདི་ལ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ཚེ་ཕྱི་མ་ལ་མྱོང་བར་བྱ་བ་དང་། ཚེ་ཕྱི་མ་ལ་མྱོང་བར་འགྱུར་བ་གང་ཡིན་
དེ་མི་མྱོང་བར་བྱ་བ་དང་། ཡོངས་སུ་མ་སྨིན་པ་གང་ཡིན་པ་དེ་ཡོངས་སུ་སྨིན་པར་བྱ་བ་དང་། ཡོངས་སུ་སྨིན་ཟིན་པ་གང་ཡིན་པ་དེ་དང་དེར་བསྒྱུར་དུ་མི་རུང་ངོ་། །དེ་ལ་དོན་གྱི་མདོ་ནི་འདི་ཡིན་ཏེ། དགེ་བ་དང་མི་དགེ་བ་ལས་ཐམས་ཅད་ནི་རང་བཞིན་ངེས་པ་དང་། དུས་ངེས་པ་དང་།
རྣམ་པ་ངེས་པ་སྟེ། དེ་ཇི་ལྟར་ངེས་པ་དེ་བཞིན་དུ་འབྲས་བུ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ལ་བདག་གིས་བརྩལ་བའི་སྡུག་བསྔལ་གྱི་ཚོར་བ་རྣམས་ཀྱིས་ཅི་ཞིག་བྱར་ཡོད་དོ། །གལ་ཏེ་ཚོར་བ་དེ་རྣམས་སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བ་ཞིག་ཡིན་ན་ནི་ལས་ཀྱི་ཕྱོགས་གཅིག་དེ་ཙམ་
ཞིག་འབྱང་བ་བྱེད་པར་སྣང་བར་གྱུར་ན་ཡང་དེ་དག་གི་ཕན་ཡོན་ཙམ་དུ་འགྱུར་བར་ཟད་ལ་རང་གིས་ཁས་བླངས་པས་ན་དེ་ཡང་ཕན་ཡོན་ཙམ་དུ་ཡང་མི་འགྱུར་ཏེ་དེ་ལྟར་ན་གཏན་དུ་སླུ་བ་ཡིན་ལ་ལས་ཀྱིས་བཅིངས་པས་ཐར་བར་ཡང་མི་འགྱུར་ཏེ། རྣམ་གྲངས་དེས་ན་འདི་ནི་ལོག་པར་སྨྲ་བ་དང་།

ལོག་པར་སྒྲུབ་པ་དེའི་ཉེས་དམིགས་དང་པོ་སྟེ། འདི་ལྟ་སྟེ། ནང་གི་རང་གི་དོན་ལ་སླུ་བ་ཡིན་ནོ། །གཞན་གྱིས་སྨད་པ་གང་ཞེ་ན། དེ་དག་ནི་སྨྲ་བ་རྣམ་པ་གཉིས་དང་། དཀའ་ཐུབ་རྣམ་པ་གསུམ་ལ་བརྟེན་ཏེ། སྐྱེས་བུ་གང་ཟག་འདིས་གང་ཆུང་ཟད་ཉམས་སུ་མྱོང་བ་དེ་དག་
ཐམས་ཅད་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་འདི་ནི་ངན་པར་སྨྲ་བ་གཅིག་སྟེ། རྒྱུ་མི་མཐུན་པར་སྨྲ་བའི་ཕྱིར་རོ། །གཞན་དག་ནི་འདི་སྐད་དུ་འདི་ལྟར་དེ་ཐོག་མ་ནི་དབང་ཕྱུག་གིས་སྤྲུལ་ཏོ། །དེ་ཕྱིན་ཆད་ནི་སྔོན་བྱས་པའི་ལས་ཀྱིས་ཉམས་སུ་མྱོང་བར་འགྱུར་རོ་ཞེས་
སྨྲ་བ་འདི་ནི་ངན་པར་སྨྲ་བ་གཉིས་པའོ། །དཀའ་ཐུབ་རྣམ་པ་གསུམ་ནི་ལུས་ཀྱི་སྡོམ་པ་དང་། ངག་གི་སྡོམ་པ་དང་། ཡིད་ཀྱི་སྡོམ་པའོ། །དེ་ལ་ལུས་ཀྱི་སྡོམ་པ་ནི་ལུས་ཀྱིས་དེ་ལས་གཞན་པའི་སེམས་ཅན་རྣམས་དང་ལྷན་ཅིག་ཏུ་མི་འདུག་སྟེ། ཚང་ཚིང་དང་། ནགས་
ཚལ་དང་། དགོན་པ་དང་། གནས་དབེན་པར་གནས་པས་ཐམས་ཅད་ཀྱིས་མི་མཐོང་བ་འབའ་ཞིག་ཏུ་སྒྲུབ་པའོ། །དེ་ལ་ངག་གི་སྡོམ་པ་ནི་མི་སྨྲ་བའི་བརྟུལ་ཞུགས་ཡི་དམ་དུ་འཛིན་པའོ། །དེ་ལ་ཡིད་ཀྱི་སྡོམ་པ་ནི་བརྩལ་བའི་ཚོར་བ་རྣམས་ཡིད་ཀྱིས་དང་དུ་མི་ལེན་པའོ། །དེ་
དག་འདི་ལྟར་ལྟ་བ་ཕུན་སུམ་ཚོགས་པ་རྣམ་པ་འདི་གཉིས་དང་། དཀའ་ཐུབ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར་རོ་ཞེས་དེ་ལྟར་འདོད་ཅིང་སྟོན་ལ། རང་ཡང་སྡུག་བསྔལ་ལས་ཡང་དག་པར་འདས་པར་མ་གྱུར་པའི་ཕྱིར་
གཞན་དག་གིས་སྨད་པ་ཡིན་ནོ། །གལ་ཏེ་ཐམས་ཅད་སྔོན་བྱས་པའི་རྒྱུ་ལས་བྱུང་བ་དང་། དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བ་དང་། དཀའ་ཐུབ་རྣམ་པ་གསུམ་མ་བཏང་བའི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེ་ལྟར་ན་དེ་དག་ཉིད་དཀའ་ཐུབ་རྣམ་པ་གསུམ་དང་བཅས་པས་སྡུག་
བསྔལ་ཉམས་སུ་མྱོང་བ་ན་སྔོན་གྱི་ལས་གནག་པ་དང་། དབང་ཕྱུག་གིས་ཀྱང་སྡིག་པ་ཅན་དུ་སྤྲུལ་པ་དང་། དཀའ་ཐུབ་རྣམ་པ་གསུམ་མ་བཏང་བ་དེས་ན་ད་ལྟར་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་གོར་མ་ཆག་སྟེ། ནང་གི་རྟོགས་པ་ལ་བསླུས་པ་དེ་དག་གི་གཞན་ལ་གྲགས་

ཤིང་བསྔགས་པ་ཙམ་གྱི་ཕན་ཡོན་ལྟ་བུ་གང་ཡིན་པ་དེ་ཡང་མེད་དེ་འདི་ནི་ཉེས་དམིགས་གཉིས་པ་སྟེ། ཡན་ལག་འདིས་ཀྱང་དེ་དག་ནི་སྨད་པའི་འོས་ཁོ་ན་ཡིན་ནོ། །དེ་ལས་བཟློག་པ་ལས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་སྨྲ་བ་
ཡང་དག་པར་འདོགས་པ་དང་། ཡང་དག་པའི་ནན་ཏན་དུ་སྒྲུབ་པ་ལ་ཕན་ཡོན་རྣམ་པ་གཉིས་ཡོད་པར་རིག་པར་བྱ་སྟེ། ནང་གི་རྟོགས་པ་ལ་སླུ་བ་མེད་པ་དང་། གཞན་གྱིས་བསྔགས་པའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་འདོགས་ཤིང་སྨྲ་བ་གང་ཞེ་ན། ལས་ནི་འདི་
གཉིས་ཡིན་ཏེ། དགེ་བ་དང་མི་དགེ་བའོ། །དེ་ལས་འདས་པའི་དུས་ནས་བཟུང་སྟེ། དགེ་བ་དང་མི་དགེ་བའི་ལས་བྱས་པས་ཚེ་འདི་ལ་སྡུག་པ་དང་མི་སྡུག་པའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་དང་། སྡུག་པ་དང་མི་སྡུག་པ་ཉམས་སུ་མྱོང་ནས་ཀྱང་དགེ་བ་དང་མི་དགེ་
བ་བྱེད་དེ། དེས་ན་ཕྱི་མ་ལ་ཡང་སྡུག་པ་དང་མི་སྡུག་པ་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ལྟ་བུ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །གསར་དུ་ཡང་མི་བྱེད་ལ་རྙིང་དང་ཕྲད་ན་ཡང་ཟད་པར་བྱེད་པ་དང་། ལྷག་མ་ཡང་གཉེན་པོས་སྤོང་བར་བྱེད་པས་རྣམ་པར་བྱང་
བ་སྟེ། འདི་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འདོགས་ཤིང་སྨྲ་བ་བླ་ན་མེད་པའོ། །དེ་ལ་ཡང་དག་པའི་ནན་ཏན་དུ་སྒྲུབ་པ་གང་ཞེ་ན། ཇི་ལྟར་ཆོས་འདི་པ་ཐོས་པ་དང་ལྡན་ཏེ་ལས་ཀྱི་ཀུན་ནས་ཉོན་མོངས་པ་ལ་ཡང་ཀུན་ནས་ཉོན་མོངས་པ་གང་ཡིན་
པ་དང་། རྣམ་པར་བྱང་བ་ལ་ཡང་རྣམ་པར་བྱང་བ་ཡིན་པར་ལེགས་པར་ཡང་དག་པར་རྟོགས་ནས་མི་དགེ་བའི་ལས་ནི་སྤོང་ལ་དགེ་བ་ནི་སྒོམ་པར་བྱེད་དོ། །དེ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ལ་སྦྱོར་བར་བྱས་ནས་བསྒོམས་པ་ལས་བྱུང་བ་རྟོགས་པར་བྱའོ་
སྙམ་སྟེ། རབ་ཏུ་དབེན་པའི་གནས་སུ་འདུག་ནས་སྒྲིབ་པ་རྣམས་དང་། སྡུག་བསྔལ་གྱི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་དོ། །འདོད་པའི་འདུན་པ་དང་། གནོད་སེམས་དང་། རྒོད་པ་དང་། འགྱོད་པ་སྤངས་པའི་ཕྱིར་ཞི་གནས་ཀྱི་ཕྱོགས་སུ་གཏོགས་

པའི་སེམས་གནས་པ་རྣམ་པ་དགུས་སེམས་ལྷག་པར་བཏང་སྙོམས་སུ་བྱེད་ལ། རྨུགས་པ་དང་གཉིད་དང་ཐེ་ཚོམ་སྤང་བའི་ཕྱིར་གཞིའི་བྱེ་བྲག་རྣམ་པ་དྲུག་གི་ལྷག་མཐོང་གི་ཚུལ་བཞིན་གྱིས་སེམས་མངོན་པར་འདུ་བྱེད་དེ། དེ་བས་ན་ཞི་གནས་ཀྱི་ཕྱོགས་སུ་གཏོགས་པ་
ལས་ལངས་མ་ཐག་པ་ཁོ་ནར་ཡང་དག་པར་སློབ་པའི་སྡུག་བསྔལ་ནི་ངེས་པར་འབྱང་བར་འགྱུར་རོ། །དེ་དེ་ལྟར་སྒྲིབ་པ་རྣམས་ལས་སེམས་རྣམ་པར་སྦྱངས་ནས་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་ལོངས་སྤྱད་ཅིང་སྤྱོད་པ་ལས་སེམས་རྣམ་པར་
སྦྱོང་བར་བྱེད་དེ། ཇི་ལྟ་བུར་ཆོས་གོས་ནས་མལ་ཆ་དང་སྟན་གྱི་བར་དུ་བརྟེན་པ་དེའི་མི་དགེ་བའི་ཆོས་རྣམས་འཕེལ་ཞིང་དགེ་བའི་ཆོས་རྣམས་འགྲིབ་པར་འགྱུར་བ་དེ་ཡོངས་སུ་སྤོང་བར་བྱེད་ལ་འདོད་ན་ཡང་ཆོས་གོས་ལ་སོགས་པའི་ལོངས་སྤྱོད་ངན་པས་འཚོ་ཞིང་སྡུག་བསྔལ་དང་དུ་ལེན་
ཏོ། །དེའི་ཆོས་གོས་ལ་སོགས་པ་ལོངས་སྤྱོད་བཟང་བའི་གཞི་དག་ལས་རྒྱུ་རྣམ་པ་གཉིས་ཀྱིས་སྡིག་པ་མི་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། འདུ་ཤེས་དང་རྟོག་པའོ། །གཉིས་གང་ཞེ་ན། དགེ་བ་ལ་ཡང་ཡུན་རིང་པོ་ནས་མ་གོམས་པས་སེམས་
ལས་སུ་མི་རུང་བ་དང་། ཆོས་གོས་ལ་སོགས་པ་ལ་ཡང་འདུན་པའི་འདོད་ཆགས་ཀྱིས་ལྷག་པར་ཆགས་པའོ། །གང་གི་ཚེ་སེམས་ཀྱང་ལས་སུ་རུང་བར་བྱས་ལ་ཆོས་གོས་ལ་སོགས་པ་ལ་ཡང་ལྷག་པར་ཆགས་པ་མི་རྟག་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་ཉེས་དམིགས་སུ་
མཐོང་བ་དེའི་ཚེ་ནི་ཆོས་གོས་ལ་སོགས་པ་ལོངས་སྤྱོད་བཟང་པོ་ལ་འཇུག་ཏུ་ཟིན་ཀྱང་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ཏེ། དེ་ལྟར་ན་དེ་ནི་བདེ་བར་ཡང་འགྱུར་ལ་ཁ་ན་མ་ཐོ་བ་ཡང་མེད་པ་དང་། ཞི་གནས་དང་ལྷག་མཐོང་བསྒོམ་པའི་སྟོབས་ཀྱིས་ཀྱང་སྒྲིབ་པ་རྣམས་ལས་སེམས་
རྣམ་པར་སྦྱངས་ནས་སོ་སོར་རྟོག་པའི་སྟོབས་ཀྱིས་ཀྱང་ཆོས་གོས་ལ་སོགས་པ་ཕྱིན་ཅི་མ་ལོག་པར་ལོངས་སྤྱོད་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེའི་ཚེ་སེམས་རྩེ་གཅིག་པ་ཙམ་དང་ལྡན་མོད་ཀྱི་དེ་ཕྱི་མ་ལ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བའི་ཕྱིར་འདོད་པའི་འདོད་

ཆགས་ཀྱི་བག་ལ་ཉལ་ནི་མ་སྤངས་སོ། །དེས་དེ་ཤེས་རབ་ཀྱིས་རྟོགས་ནས་སྤང་བའི་ཕྱིར་བས་མཐའི་གནས་མལ་དག་ཏུ་འདུག་སྟེ། དེས་སྔ་རོལ་དུ་ཏིང་ངེ་འཛིན་གྱི་ཚོགས་ཤིན་ཏུ་ཡོངས་སུ་དག་པར་བྱས་ནས་མཐར་གྱིས་བསམ་གཏན་བཞི་པའི་བར་དུ་
སྙོམས་པར་འཇུག་སྟེ་དེ་ལ་བརྟེན་ནས་བདེན་པ་རྣམས་ཀྱང་མངོན་པར་རྟོགས་ལ་ཟག་པ་ཟད་པ་ཡང་འཐོབ་ཅིང་སེམས་ཀྱང་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་རོ། །སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་ཞི་བ་དང་། ཕན་འདོགས་པའི་ཕྱིར་དགེ་བ་དང་། ལུས་དང་སེམས་
ཐམས་ཅད་ཁྱབ་པར་ཆུབ་པའི་ཕྱིར་རྒྱས་པ་དང་། ཉོན་མོངས་པ་ཐམས་ཅད་དང་གཏན་བྲལ་བའི་ཕྱིར་ཟག་པ་མེད་པའི་ཚོར་བ་མྱོང་སྟེ། འདི་ནི་ཡང་དག་པར་ནན་ཏན་དུ་སྒྲུབ་པ་ཞེས་བྱ་སྟེ། དེ་ལྟར་ན་ནང་གི་རྟོགས་པ་ལ་སླུ་བ་མེད་དོ། །དེ་ལས་བཟློག་པ་ནི་དེའི་གཞན་གྱིས་
བསྔགས་པ་རྣམ་པ་ལྔར་རིག་པར་བྱའོ། །དེ་དེའི་ཚེ་ཚེ་འདིའི་སྒྲིབ་པའི་ཀུན་ནས་དཀྲིས་པའི་སྡུག་བསྔལ་དེ་ལས་ཀྱང་སེམས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་ལ་དེའི་བག་ལ་ཉལ་གྱི་ལྷག་མ་སྤངས་པ་དང་། ཚེ་འདི་ལ་འཕགས་པའི་ལམ་འབྲས་བུ་དང་བཅས་པ་ཐོབ་པའི་ཕྱིར་
སྔོན་གྱི་མཐའ་དང་ཕྱི་མའི་མཐའི་ལས་ཀྱི་རྣམ་པར་སྨིན་པའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །གང་ཟག་ནི་གསུམ་སྟེ། སོ་སོའི་སྐྱེ་བོ་བསྟན་པ་ལ་མ་ཞུགས་པ་དང་། སློབ་པ་བསྟན་པ་ལ་ཞུགས་པ་དང་། སོ་སོའི་སྐྱེ་བོ་བསྟན་པ་ལ་ཞུགས་པའོ། །
དེ་ལ་གང་ཟག་དང་པོ་ནི་རྣམ་པ་གསུམ་དུ་རིག་པར་བྱའོ། །གཉིས་པ་དང་གསུམ་པ་ཡང་དེ་དང་འདྲའོ། །དེ་ལ་རྣམ་པ་གསུམ་པོ་གང་གིས་དང་པོ་ཤོས་རིག་པར་བྱ་ཞེ་ན། འདི་ནི་གང་ཟག་ཁ་ཅིག་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལྡན་པ་ཡིན་ཏེ། འདི་ལྟ་སྟེ། སྦྱིན་
པ་ཡོད་དོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་ཡང་ཕྱིས་དམ་པའི་ཆོས་མ་ཡིན་པ་ཐོས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྟེན་ནས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་འགག་པར་མངོན་དུ་ཕྱོགས་པར་འགྱུར་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་འགག་པ་ནི་མ་ཡིན་ཏེ།

འགག་པའི་རྒྱུར་ནི་འགྱུར་རོ། །སྐུར་པ་འདེབས་པ་ནི་དེའི་མི་མཐུན་པའི་ཕྱོགས་སུ་འགྱུར་བ་ལོག་པར་ལྟ་བ་སྐྱེ་བར་མངོན་དུ་ཕྱོགས་ལ་ད་དུང་ནི་མ་སྐྱེས་ཏེ། སྐྱེ་བའི་རྒྱུ་ནི་ཡིན་ནོ། །དེ་ཡང་བར་མ་དོར་དམ་པའི་ཆོས་ཐོས་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ལོག་པར་
ལྟ་བར་སྐྱེ་བར་མངོན་དུ་ཕྱོགས་པ་དེ་ཀུན་དུ་སྤྱོད་པའི་སྒོ་ནས་སྤངས་ལ་ཡང་དག་པའི་ལྟ་བ་ནི་མི་སྐྱེད་དེ་སྔ་ནས་ལྡན་པའི་ཕྱིར་རོ། །གཞན་ཡང་ཁ་ཅིག་ནི་ཡང་དག་པའི་ལྟ་བ་དང་ལྡན་པ་ཡང་མ་ཡིན། ལོག་པའི་ལྟ་བ་དང་ལྡན་པ་ཡང་མ་ཡིན་ཏེ། དེ་ལ་ཆོས་ཐོས་པ་དང་ཚུལ་བཞིན་
ཡིད་ལ་བྱེད་པ་ལ་བརྟེན་ནས། འཇིག་རྟེན་པ་ཡང་དག་པའི་ལྟ་བ་སྐྱེད་པར་བྱེད་ལ་ལོག་པར་ལྟ་བ་ནི་སྤོང་བར་མི་བྱེད་དེ་སྔ་ནས་དེ་དང་མི་ལྡན་པའི་ཕྱིར་རོ། །གཞན་ཡང་ལོག་པར་ལྟ་བ་དང་ཡང་ལྡན་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་ཡང་བརྟེན་ནས་ལོག་པར་ལྟ་བ་དེ་ཡང་སྤོང་ལ་ཡང་
དག་པར་ལྟ་བ་ཡང་སྐྱེད་པར་བྱེད་དོ། །གང་ཟག་གཉིས་པ་ནི་སངས་རྒྱས་ལ་སོགས་པ་ལ་ཤེས་ནས་དད་པར་གྱུར་པ་སྟེ། དང་པོ་མངོན་སུམ་དུ་བྱེད་པ་ན་སངས་རྒྱས་ལ་སོགས་པ་ལ་དེའི་མི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་སྔ་རོལ་དུ་སྤངས་ཟིན་པས་དེའི་ཚེ་ཡང་སྤོང་བར་མི་
བྱེད་ལ་སངས་རྒྱས་ལ་སོགས་པ་ལ་དད་པ་དང་ལྡན་པའི་ཕྱིར་རིག་པ་ཡང་མངོན་སུམ་དུ་བྱེད་པའི་སྒོ་ནས་སྐྱེད་པར་བྱེད་དོ། །སློབ་པའི་ལམ་ཁོ་ནས་ནི་བསྒོམ་པས་སྤང་བར་བྱ་བའི་མ་རིག་པ་རྣམ་པ་གཞན་སྤོང་བར་བྱེད་ལ་རིག་པ་ནི་སྐྱེད་པར་མི་བྱེད་དེ། ལམ་གྱི་རང་བཞིན་མཚུངས་པའི་ཕྱིར་
རོ། །མི་སློབ་པའི་ལམ་མངོན་སུམ་དུ་བྱེད་པ་ན་ནི་བསྒོམ་པས་སྤང་བར་བྱ་བའི་ཕྱིར་མ་རིག་པ་ཐམས་ཅད་ཀྱང་སྤོང་ལ་མི་སློབ་པའི་རིག་པ་དེ་ཡང་སྐྱེད་པར་བྱེད་དོ། །གང་ཟག་གསུམ་པ་ནི་བདག་མེད་པ་དང་ལྡན་པའི་དམ་པའི་ཆོས་ཐོས་པ་ན་དང་པོ་ཐོས་པ་ཙམ་གྱིས་མོས་པར་འགྱུར་
ལ་སྙིང་ནས་འཇུག་པ་ནི་མ་ཡིན་ནོ། །དེ་བདག་མེད་པ་ལ་མོས་པའི་ཕྱིར་བདག་ཏུ་ལྟ་བ་ནི་སྤོང་ལ་སྙིང་ལ་ཞུགས་པ་མ་ཡིན་པས་ན་བདག་མེད་པར་ལྟ་བ་ནི་སྐྱེད་པར་མི་བྱེད་དོ། །གང་གི་ཚེ་ཆོས་དེ་དག་ཇི་ལྟར་ཐོས་པ་བཞིན་དུ་ཚུལ་བཞིན་དུ་སེམས་པ་དེའི་ཚེ་ནི་སྙིང་ནས་ཞུགས་པར་གྱུར་

པས་བདག་མེད་པར་ལྟ་བ་སྐྱེད་པར་བྱེད་ལ་བག་ལ་ཉལ་གྱི་སྒོ་ནས་ནི་མི་སྤོང་ངོ་། །དེས་དེ་ཡན་ཆད་ཀྱི་བསྒོམ་པའི་ལམ་གྱིས་བདེན་པ་མངོན་པར་རྟོགས་པའི་ཕྱིར་བག་ལ་ཉལ་གྱི་སྒོ་ནས་སྤོང་ཞིང་ཟག་པ་མེད་པ་སྐྱེད་པར་བྱེད་དོ། །སྡོམ་ནི། གཉིས་པ་ལྔ་
དང་གསུམ་པ་བཅུ། །བཞི་ཚན་ཡང་ནི་ཐ་མ་ཡིན། །ལས་ནི་གཉིས་ཏེ། ལས་ལྕི་བ་དང་ཡང་བའོ། །གཞན་ཡང་གཉིས་ཏེ། བསགས་པར་འགྱུར་བ་དང་། །བསགས་པར་འགྱུར་བ་མ་ཡིན་པའོ། །གཞན་ཡང་གཉིས་ཏེ། ཆེད་དུ་བསམས་པ་དང་། ཆེད་དུ་
བསམས་པ་མ་ཡིན་པའོ། །གཞན་ཡང་གཉིས་ཏེ། མྱོང་བར་འགྱུར་བར་ངེས་པ་དང་། མྱོང་བར་འགྱུར་བར་མ་ངེས་པའོ། །གཞན་ཡང་གཉིས་ཏེ། རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པ་དང་། རྣམ་པར་སྨིན་པ་རྣམ་པར་མ་སྨིན་པའོ། །ལས་ནི་གསུམ་སྟེ། དགེ་བ་
དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། །གཞན་ཡང་གསུམ་སྟེ། བདེ་བ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའོ། །གཞན་ཡང་གསུམ་སྟེ། ཚེ་འདི་ལ་མྱོང་བར་འགྱུར་
བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའོ། །གཞན་ཡང་གསུམ་སྟེ། སློབ་པའི་དང་། མི་སློབ་པའི་དང་། སློབ་པའི་ཡང་མ་ཡིན་མི་སློབ་པའི་ཡང་མ་ཡིན་པའིའོ། །གཞན་ཡང་གསུམ་སྟེ། མཐོང་བས་སྤང་བར་བྱ་བ་དང་།
བསྒོམ་པས་སྤང་བར་བྱ་བ་དང་། སྤང་བར་བྱ་བ་མ་ཡིན་པའོ། །གཞན་ཡང་ཡོ་བ་གསུམ་སྟེ། ལུས་ལ་སོགས་པ་ཡོ་བ་རྣམས་སོ། །གཞན་ཡང་ཉེས་པ་གསུམ་སྟེ། ལུས་ལ་སོགས་པའི་ཉེས་པ་རྣམས་སོ། །གཞན་ཡང་སྙིགས་མ་གསུམ་སྟེ། ལུས་ལ་སོགས་པའི་
སྙིགས་མ་རྣམས་སོ། །གཞན་ཡང་གཙང་བ་གསུམ་སྟེ། ལུས་ལ་སོགས་པ་གཙང་བའོ། །གཞན་ཡང་ཐུབ་པ་གསུམ་སྟེ། ལུས་ལ་སོགས་པ་ཐུབ་པ་རྣམས་ཀྱིའོ། །ལས་ནི་བཞི་སྟེ། ལས་གནག་ལ་རྣམ་པར་སྨིན་པ་ཡང་གནག་པ་དང་། ལས་དཀར་ལ་རྣམ་

པར་སྨིན་པ་ཡང་དཀར་བ་དང་། ལས་དཀར་གནག་འདྲེས་ལ་རྣམ་པར་སྨིན་པ་ཡང་དཀར་གནག་འདྲེས་པ་དང་། ལས་དཀར་བ་ཡང་མ་ཡིན་གནག་པ་ཡང་མ་ཡིན་ལ་རྣམ་པར་སྨིན་པ་ཡང་མེད་དེ་ལས་ཟད་པར་འགྱུར་བའོ། །དེ་ལ་ལས་ལྕི་བ་ནི་རྒྱུ་རྣམ་པ་གསུམ་དུ་རིག་པར་བྱ་སྟེ།
བསམ་པ་དང་། སྦྱོར་བ་དང་། ཞིང་གི་སྒོ་ནས་སོ། །དེ་ལ་བསམ་པ་ནི་ཀུན་ནས་དཀྲིས་པ་དྲག་པོས་བྱེད་པ་དང་། ཆོས་མཐུན་པ་པ་མཐོང་ན་རབ་ཏུ་དགའ་བ་དང་དེའི་འོག་ཏུ་ཡང་ཤས་ཆེར་རྗེས་སུ་རྟོག་ཅིང་རྗེས་སུ་དཔྱོད་པ་སྟེ་དེ་ལྟ་བུ་ནི་བསམ་པའི་སྒོ་ནས་ལྕི་བ་ཡིན་ནོ། །སྦྱོར་བའི་
སྒོ་ནས་ཇི་ལྟ་བུ་ཞེ་ན། རྒྱུན་དུ་ཡང་བྱས་ལ་བསྒྲིམས་ཏེ་ཡུན་རིང་པོར་འདྲིས་པར་བྱས་པའི་སྒོ་ནས་བསགས་པ་དང་། གཞན་དག་ཀྱང་དེ་འབའ་ཞིག་ལ་ཡང་དག་པར་འཛུད་པ་དང་། དེ་འབའ་ཞིག་གི་བསྔགས་པ་ཡང་བརྗོད་པ་སྟེ་དེ་ལྟ་བུ་ནི་སྦྱོར་བའི་སྒོ་ནས་ལྕི་བ་ཡིན་ནོ། །ཞིང་
གི་སྒོ་ནས་ཇི་ལྟ་བུ་ཞེ་ན། ཕན་འདོགས་པ་དང་ཡང་དག་པར་ཞུགས་པ་དང་ཡང་དག་པར་ནན་ཏན་དུ་སྒྲུབ་པའི་འབྲས་བུ་ལ་གནས་པའི་སེམས་ཅན་གང་ཡིན་པ་དེ་དག་ལ་ལེགས་པར་བྱས་པའམ། ཉེས་པར་བྱས་པ་གང་ཡིན་པ་དེ་ནི་ཞིང་གི་སྒོ་ནས་ལྕི་བ་ཡིན་ནོ། །དེ་ལ་ལས་གང་མི་
ཤེས་བཞིན་དུ་བྱས་པ་དང་། རྨི་ལམ་དུ་རྨིས་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མི་དགེ་བ་འགྱོད་པ་དང་། གཉེན་པོས་ཡོངས་སུ་ཟིན་པ་དང་། རྒྱུད་དག་པར་བྱས་པའི་ལས་ཐམས་ཅད་ནི་བསགས་པར་འགྱུར་བ་མ་ཡིན་པའོ། །དེ་མ་ཡིན་པ་ནི་བསགས་པར་
འགྱུར་བ་ཡིན་པར་རིག་པར་བྱའོ། །དེ་ལ་ཆེད་དུ་བསམས་པའི་ལས་ནི་སྔར་ཆེད་དུ་བསམས་ཤིང་རྗེས་སུ་བརྟགས་ལ་རྗེས་སུ་དཔྱད་ནས་བྱས་པ་གང་ཡིན་པ་སྟེ། དེ་ཡང་ནོར་བ་དང་མ་ནོར་བའོ། །དེ་ལ་ནོར་བ་ནི་གང་གཞན་ལ་གསད་པའམ་དབྲོག་པའམ། དབྱེ་བའམ། བརྫུན་དུ་
སྨྲ་བས་བྲིད་པ་ལ་སོགས་པ་འགའ་ཞིག་བྱས་པར་བསམས་པ་ལས་དེའི་འདུ་ཤེས་ཀྱིས་གཞན་ལ་བྱས་པ་སྟེ། དེ་ལ་ནི་བསམ་པ་ལྕི་བ་ཁོ་ན་ཡིན་པར་རིག་པར་བྱའི། དངོས་པོ་ལྕི་བ་ནི་མ་ཡིན་ནོ། །ནོར་བ་མ་ཡིན་པ་ནི་དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །དེ་ལ་མྱོང་

བར་འགྱུར་བར་ངེས་པ་ནི་ཆེད་དུ་བསམས་ལ་ལྕི་བ་གང་ཡིན་པའོ། །མྱོང་བར་འགྱུར་བར་མ་ངེས་པ་ནི་ཆེད་དུ་བསམས་པ་དེ་ཉིད་ལྕི་བ་མ་ཡིན་པ་གང་ཡིན་པའོ། །དེ་ལ་རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པ་ནི་འབྲས་བུ་སྨིན་ཟིན་པ་གང་ཡིན་པའོ། །དེ་ལས་བཟློག་པ་
ནི་རྣམ་པར་སྨིན་པ་རྣམ་པར་མ་སྨིན་པའོ། །དེ་ལ་དགྲ་བཅོམ་པ་ཉིད་འཐོབ་པའི་ཚེ་ནི་མྱོང་བར་འགྱུར་བར་ངེས་པའི་ལས་སྔོན་བྱས་པ་རྣམ་པར་སྨིན་པར་ཉེ་བར་གནས་པས་བར་ཆད་བྱེད་པར་ནུས་ཀྱི་རྒྱུད་དང་འབྲེལ་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་དེས་དེའི་གནས་མི་
མཐུན་པ་མངོན་པར་འགྲུབ་པར་འགྱུར་ཏེ། སྒྲིབ་པ་དེས་ན་དགྲ་བཅོམ་པ་ཉིད་ཐོབ་པར་མི་ནུས་པའི་ཕྱིར་རོ། །གལ་ཏེ་སྐྱེས་ནས་མྱོང་བར་འགྱུར་བ་མ་ཡིན་ཏེ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཞིག་ཡིན་ན་ནི་དགྲ་བཅོམ་པ་ཉིད་འཐོབ་པའི་བར་ཆད་བྱེད་མི་ནུས་མོད་ཀྱི་
འོན་ཀྱང་དེ་ཡང་མྱོང་བར་འགྱུར་བ་མ་ཡིན་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་གྲོགས་དེ་ཡང་ཡོད་ལ་འདུ་བྱེད་དེ་ཡང་ཡོད་ན་དེ་ལྟར་དེ་ལ་མྱོང་བར་འགྱུར་བ་ངེས་པ་ཞེས་འདོགས་པའི་ཕྱིར་རོ། །དགེ་བའི་ལས་ནི་རྒྱུ་རྣམ་པ་གཉིས་ཀྱིས་རྣམ་པར་གཞག་སྟེ། སྡུག་
པའི་འབྲས་བུ་ཡོངས་སུ་འཛིན་པ་དང་། དམིགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དེའི་འབྲས་བུའོ། །མི་དགེ་བ་ཡང་རྒྱུ་གཉིས་ཀྱིས་རྣམ་པར་གཞག་སྟེ། མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པ་དང་། ལོག་པའི་དམིགས་པ་ལ་མངོན་པར་ཞེན་པའོ། །དགེ་བ་
དང་མི་དགེ་བའི་རྣམ་པ་གཉི་གར་ཡང་ལུང་བསྟན་དུ་མེད་པ་ལ་ལུང་མ་བསྟན་པའོ། །དེ་ལ་བདེ་བ་མྱོང་བར་འགྱུར་བ་ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་ལྡན་པ་དང་། འདོད་པ་ན་སྤྱོད་པའི་དགེ་བ་གང་ཡིན་པའོ། །སྡུག་བསྔལ་མྱོང་བར་འགྱུར་བ་ནི་ངན་སོང་
དུ་སྐྱེ་བར་འགྱུར་བ་གང་ཡིན་པའོ། །དུད་འགྲོ་དང་ཡི་དགས་སུ་སྐྱེས་པ་རྣམས་ཀྱི་བདེ་བ་མྱོང་བ་སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བ་གང་ཡིན་པ་དེ་ནི་བདེ་བ་མྱོང་བར་འགྱུར་བའི་ལས་ལས་གྱུར་པར་རིག་པར་བྱའོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ནི་བསམ་

གཏན་བཞི་པ་དང་དེ་ཡན་ཆད་དོ། །སེམས་ཅན་དམྱལ་བར་གཅིག་ཏུ་ངེས་པ་མ་གཏོགས་པར་དེ་མ་ཡིན་པ་ལ་ནི་བདེ་བ་དང་སྡུག་བསྔལ་འདྲེན་མའི་ཚོར་བ་ཡོད་པར་རིག་པར་བྱ་སྟེ། དེ་ནི་གང་གི་དབང་གིས་ལུས་འདི་ལ་བདེ་བ་དང་སྡུག་བསྔལ་འདྲེས་པས་གནོད་ཅིང་འདུག་པ་ཡོད་
དོ། །ཚེ་འདི་ལ་མྱོང་བར་འགྱུར་བ་ནི་བསམ་པ་དེ་ལྟ་བུའམ་སྦྱོར་བ་དང་། དངོས་པོ་སྦྱོར་བ་དེ་ལྟ་བུའམ། ལུས་དང་ངག་གི་སྦྱོར་བས་ཞིང་དེ་ལྟ་བུ་ལ་བྱས་པས་ཚེ་འདི་ལ་གང་གི་རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པའོ། །ཚེ་འདི་ལ་ནི་མི་སྨིན་ལ་སྐྱེས་མ་ཐག་པའི་ཚེ་ལ་རྣམ་པར་
སྨིན་པར་འགྱུར་བ་གང་ཡིན་པ་དེ་ནི་སྐྱེས་ནས་མྱོང་བར་འགྱུར་བའོ། །ཚེ་འདི་ལ་སྨིན་པ་ཡང་མ་ཡིན་སྐྱེས་ནས་སྨིན་པར་འགྱུར་བ་ཡང་མ་ཡིན་ལ་དེའི་འོག་ཏུ་རྣམ་པར་སྨིན་པ་རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པ་དེ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའོ། །འཕགས་
པ་ཉན་ཐོས་དུས་དུས་སུ་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་དང་ལྡན་པའི་ཤེས་རབ་ལ་སློབ་པའི་ཟག་པ་མེད་པ་དང་། དེའི་ཕྱི་ནས་ཐོབ་པའི་དགེ་བ་ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་སློབ་པའོ། །མི་སློབ་པའི་དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཐམས་ཅད་དོ། །
དེ་མ་ཡིན་པ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་ལྡན་པ་གང་ཡིན་པ་དང་། དེས་བསྐྱེད་པའི་སེམས་པ་གང་ཡིན་པ་དང་། ངན་སོང་དུ་འགྲོ་བར་འགྱུར་བའི་ལས་ཐམས་ཅད་ནི་མཐོང་བས་སྤང་བར་བྱ་བའོ། །
བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་ལྡན་པ་དང་། དེས་བསྐྱེད་པའི་སེམས་པ་ནི་བསྒོམ་པས་སྤང་བར་བྱ་བའི་ལས་ཡིན་ནོ། །སྤང་བར་བྱ་བ་མ་ཡིན་པ་ནི་སློབ་པ་དང་མི་སློབ་པའི་འཇིག་རྟེན་ལས་འདས་པ་གང་ཡིན་པ་ཐམས་ཅད་དོ། །ཆེད་དུ་བསམས་པའི་མི་དགེ་
བའི་ལས་ཚེ་འདི་ཉིད་ལ་བྱས་ཤིང་བསགས་པ་སྤོང་བ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཚེ་འདི་ལ་སྤོང་བ་དང་། སྐྱེས་ནས་སྤོང་བ་དང་། ལན་གྲངས་གཞན་ལ་སྤོང་བའོ། །དེ་ལ་ཚེ་འདི་ལ་སྤོང་བ་ནི་ཇི་ལྟར་འདི་ན་ཁ་ཅིག་ཚེ་འདི་ལ་ཆེད་དུ་བསམས་ཏེ་ལས་བྱས་

ཤིང་བསགས་ནས་དེ་ལས་ཕྱིར་ལྡོག་ཅིང་དེས་སྤོང་བ་ཡང་དག་པར་བླང་བ་ཡང་བྱས་ལ་དེ་འདོད་ཆགས་དང་མ་བྲལ་བ་སོ་སོའི་སྐྱེ་བོ་ཞིག་ཡིན་ཏེ། དེ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་གྱུར་ན་དེ་སྐྱེས་པའི་འོག་དང་། ལན་གྲངས་གཞན་ལ་ཡང་ལས་
དེ་མི་བྱེད་པ་དང་རྣམ་པར་སྨིན་པ་ཉམས་སུ་མི་མྱོང་བ་དང་། ཚེ་འདི་ལ་གཅིག་ཏུ་ངེས་པར་མི་བྱེད་པའི་སྐལ་བ་ཅན་མ་ཡིན་པར་མི་འགྱུར་རོ། །གཞན་ཡང་འདི་ནས་སོ་སོའི་སྐྱེ་བོ་འདོད་པའི་འདོད་ཆགས་དང་བྲལ་བ་ཁ་ཅིག་གིས་སྤོང་བ་ཡང་དག་པར་བླངས་ནས་འཆི་བའི་དུས་བྱེད་
པར་གྱུར་ན་དེའི་ཚེ་འདི་ལ་བྱེད་ཀྱང་མི་བྱེད། རྣམ་པར་སྨིན་པ་ཡང་ཉམས་སུ་མྱོང་བར་མི་འགྱུར་ན། སྐྱེས་ནས་དེར་སྐྱེས་པའི་ཚེ་ལྟ་བྱེད་པར་ག་ལ་འགྱུར་དེ་ལྟ་མོད་ཀྱི་ལན་གྲངས་གཞན་ལ་ལས་དེ་བྱེད་པ་དང་། རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ལས་ཡོངས་
སུ་གྲོལ་བ་ནི་མ་ཡིན་ནོ། །གཞན་ཡང་སློབ་པ་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་སྤོང་བ་ཡང་དག་པར་བླངས་ནས་དགེ་སྦྱོང་གི་འབྲས་བུ་དང་པོའམ་གཉིས་པ་ཐོབ་པ་དེ་ནི་གང་དག་གི་གནས་ངན་ལེན་མང་བའི་ལུས་ཡོངས་སུ་གདུང་བ་མང་བ་དོར་བར་འོས་པ་
སྨད་པ་འདིས་སྡིག་པའི་ལས་བྱས་པ་དེ་ཚེ་འདི་ཉིད་ལ་བདེ་བ་དང་བཅས་པའམ། སྡུག་བསྔལ་དང་བཅས་པར་མྱོང་བར་འགྱུར་ཏེ། བདག་གིས་དེ་འདི་ལྟ་སྟེ། ཚེ་འདི་ལ་མྱོང་བར་འགྱུར་བའི་སྐད་ཅིག་པ་ཙམ་དུ་གྱུར་ཅིག །ཕྱིས་སྐྱེས་པའི་འོག་གམ་ལན་གྲངས་གཞན་ལ་དེའི་རྣམ་
པར་སྨིན་པ་ཉམས་སུ་མྱོང་བར་མ་གྱུར་ཅིག་ཅེས་དེ་ལྟར་དེ་སྤང་བའི་ཕྱིར་ཡང་དག་པའི་སེམས་ཀྱིས་སྨོན་ནས་འདི་ལྟ་སྟེ། ལས་དེ་ཉིད་ཀྱི་རྒྱུ་གཏན་ཟད་པར་བྱ་བ་དང་། འདོད་པའི་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་ཚད་མེད་པ་བསྒོམ་པ་དང་། ཞི་གནས་ཀྱི་ཕྱོགས་དང་མཐུན་
པའི་ཏིང་ངེ་འཛིན་དུ་གཏོགས་པས་ཡང་དག་པར་སྦྱོར་བར་བྱེད་དོ། །དེ་ལ་གནོད་སེམས་སུ་གྱུར་པའི་བསམ་པའམ། རྣམ་པར་འཚེ་བའི་བསམ་པའམ། ཕྲག་དོག་སྤྱོད་པའམ། སྡུག་པའི་དངོས་པོ་ལ་ལྷག་པར་ཞེན་པ་དེའི་རྒྱུས་སེམས་ཅན་རྣམས་ལ་ལོག་པར་ཞུགས་ནས། ལུས་དང་

ངག་དང་ཡིད་ཀྱིས་སྡིག་པའི་ལས་ཀུན་ནས་སློང་བར་བྱེད་དེ། གང་ལ་ལས་ཀྱི་རྒྱུ་རྣམ་པ་བཞི་པོ་འདི་དག་གི་གཉེན་པོར་ཚད་མེད་པའི་ཏིང་ངེ་འཛིན་རྣམ་པ་བཞི་པོ་བསྒོམས་ན་ནི་ཐ་ན་ཁྱེའུ་འམ་བུ་མོ་དེས་ཀྱང་སུ་ལ་ཡང་སྡིག་པའི་ལས་བྱ་བར་སེམས་པ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་སྐབས་
མ་ཡིན་ཏེ། དེ་བས་ན་དེ་བསྒོམ་པ་ལ་བརྩོན་པ་དེ་ནི་མི་དགེ་བའི་ལས་ཀྱི་རྒྱུ་ཡང་དག་པར་ཟད་པར་བྱ་བ་ལ་བརྩོན་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་བརྩོན་པ་དེས་ནི་སྡིག་པའི་ལས་བྱས་ཤིང་བསགས་པ་དེ་རྒྱུ་གཉིས་ཀྱིས་ཚད་མེད་པའི་ཏིང་ངེ་འཛིན་བསྒོམ་པས་ཟིལ་གྱིས་གནོན་པར་འགྱུར་ཏེ།
སྡིག་པའི་ལས་དེ་ནི་སེམས་ཅན་ཚད་ངེས་པ་ལ་གནོད་པའི་བསམ་པས་ཀུན་ནས་བསླང་བ་ཡིན་ལ། ཚད་མེད་པ་ཡོངས་སུ་བསྒོམས་པ་ནི་སེམས་ཅན་ཚད་མེད་པ་ལ་ཕན་པའི་བསམ་པ་དང་ལྡན་པ་དང་། མི་དགེ་བའི་ལས་ཀུན་ནས་སློང་བར་བྱེད་པའི་སེམས་དེ་ནི་ཁམས་ཐ་ཆད་པ་ཡིན་པ་དང་།
མི་མཐུན་པའི་ཕྱོགས་ལྟ་བུ་ཡིན་ལ་ཚད་མེད་པ་བསྒོམ་པ་དང་ལྡན་པའི་སེམས་ནི་ཁམས་བཟང་པོ་པ་ཡིན་པ་དང་། གཉེན་པོ་ཡིན་ནོ། །ལས་ཐམས་ཅད་ནི་སེམས་ལ་རག་ལས་པས་ན་སེམས་ནི་གཙོ་བོ་ཡིན་ཏེ། གང་གི་ཕྱིར་མི་ནི་སེམས་ཀྱི་རྒྱུ་ལས་བྱུང་ངོ་ཞེས་འབྱུང་སྟེ། སེམས་ལ་
དབང་ལུས་པ་དང་སེམས་ལ་བརྟེན་ཅིང་འདུག་པའི་ཕྱིར་རོ། །དེ་དེ་ལྟར་སྔོན་གྱི་སྨོན་ལམ་ལ་བརྟེན་ནས་ཚད་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་བསྒོམ་པ་སྟེ་འདོད་པའི་འདོད་ཆགས་དང་བྲལ་བར་གྱུར་པའི་མོད་ལ་ཕྱིར་མི་འོང་བ་ལ་ཡང་དག་པར་གནས་པར་འགྱུར་ཏེ་གལ་ཏེ་དེ་ཙམ་གྱིས་ཆོག་
པར་བཟུང་སྟེ་ཚེ་འདི་ལ་གོང་དུ་འབད་པར་མི་བྱེད་ན་ནི་ཚེ་འདི་ལ་ལས་དེ་བྱེད་པའི་རྒྱུར་ཡང་མི་འགྱུར་ན་སྐྱེས་པའི་འོག་གམ་ལན་གྲངས་གཞན་ལྟ་ཅི་སྨོས་ཏེ། སྐྱེས་པའི་འོག་གམ་ལན་གྲངས་གཞན་ལ་དེའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བའི་རྒྱུར་ཡང་མི་འགྱུར་རོ། །འདི་ལས་
ཕྱི་རོལ་པ་ལོག་པའི་ལྟ་བར་ལྟུང་ཞིང་ལམ་ངན་པར་ཞུགས་པ་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་ལྟ་བས་ཀུན་ནས་བསླང་ཞིང་ལྟ་བའི་དབང་གིས་བྱུང་བ་གང་ཡིན་པ་དེ་ནི་ཡོན་པོའོ། །འདོད་ཆགས་དང་ཞེ་སྡང་དྲག་པོ་རྣམས་ཀྱི་དེས་བསླང་བའི་ལས་ནི་ཉེས་པའོ། །གཏི་མུག་དྲག་ཅིང་

ཤས་ཆེར་དབང་པོ་རྟུལ་ལ་བརྗེད་ངས་ཤིང་བློ་ཞན་པ་རྣམས་ཀྱི་གཏི་མུག་གིས་ཀུན་ནས་བསླང་བའི་ལས་གང་ཡིན་པ་དེ་ནི་སྙིགས་མའོ། །བདེ་འགྲོར་འགྲོ་བའི་ལེགས་པར་སྤྱོད་པ་ཐམས་ཅད་ནི་གཙང་བའོ། །མྱ་ངན་ལས་འདས་པར་འགྲོ་བའི་ལེགས་པར་སྤྱོད་པ་
ཐམས་ཅད་ནི་ཐུབ་པའིའོ། །སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་གནས་ཐ་དད་པའི་མི་དགེ་བ་ནི་གནག་ལ་རྣམ་པར་སྨིན་པ་ཡང་གནག་པའོ། །མཐོ་རིས་སུ་སྐྱེ་བར་འགྱུར་བའི་གནས་ཐ་དད་པའི་དགེ་བ་ནི་དཀར་བ་ལ་རྣམ་པར་སྨིན་པ་ཡང་དཀར་བའོ། །དེ་མ་ཡིན་པའི་གནས་ཀྱི་
ནི་དཀར་གནག་འདྲེས་པ་ལ་རྣམ་པར་སྨིན་པ་ཡང་དཀར་གནག་འདྲེས་པ་སྟེ། གནས་གཅིག་ན་ལས་རྣམ་པ་གཉིས་ཀ་ཡོད་པས་ན་དེའི་ཕྱིར་གཅིག་ཏུ་བསྡུས་ཏེ་བསྟན་ཏོ། །འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་ལས་ནི་གནག་པ་ཡང་མ་ཡིན་དཀར་བ་ཡང་མ་ཡིན་ལ་རྣམ་པར་
སྨིན་པ་ཡང་མེད་པའི་ལས་ཡིན་ཏེ་ལས་ཟད་པར་འགྱུར་བའོ། །དེ་ཡང་ལས་ཟད་པ་དང་ཟད་པར་འགྱུར་བ་དེ་གཉི་ག་གཅིག་ཏུ་བསྡུས་ནས་ལས་ཟད་པར་འགྱུར་བ་ཞེས་བྱ་སྟེ། ཕྱི་མ་ལ་མི་སྐྱེ་བར་བྱ་བ་དང་། སྐྱེས་ཟིན་པ་དང་བྲལ་བར་བྱ་བའི་ཕྱིར་རོ། །སྡུག་པའི་རྒྱུ་དང་འབྲས་བུ་རྣམ་
པར་སྨིན་པར་འགྱུར་བ་མེད་པའི་ཕྱིར་ན་དེ་ལ་དཀར་བ་མ་ཡིན་ཞེས་བྱའོ། །དེ་ཉིད་ནི་དེ་དག་གི་ནང་ན་གཅིག་ཏུ་ངེས་པར་དཀར་བ་ཡིན་ནོ། །གནས་ཐ་དད་པའི་མཐོ་རིས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ལས་འདས་པ་འདོད་པའི་ཁམས་ཀྱི་བདུད་ཀྱི་གནས་ཀྱི་བདུད་ཀྱི་ཕོ་བྲང་དང་། ཚངས་
པའི་འཇིག་རྟེན་ཡན་ཆད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མན་ཆད་ཀྱི་བར་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ལ་བྱ་སྟེ། མིག་གིས་གཟུགས་གཅིག་ཏུ་ངེས་པར་སྡུག་པ་རྣམས་མཐོང་བ་ནས་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་དུ་བརྗོད་དེ་ཁྱད་པར་དུ་
འཕགས་པའི་བདག་པོའི་དོན་གྱིས་སོ། །ཡིད་ཀྱི་སྒོ་ནས་མངོན་པར་འགྲུབ་པ་ནི་ཡིད་ལས་སྐྱེས་པའི་དོན་གྱིས་སོ། །སེམས་ཅན་དམྱལ་བའི་གནས་ཐ་དད་པ་ནི་བཞི་སྟེ། སེམས་ཅན་དམྱལ་བ་ཆེན་པོ་རྣམས་དང་། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་དང་། གྲང་བའི་སེམས་

ཅན་དམྱལ་བ་རྣམས་དང་། སེམས་ཅན་དམྱལ་བའི་འཁོར་རྣམས་སོ། །གནས་དེར་སོ་སོའི་བདེ་བ་མྱོང་བར་འགྱུར་བ་ཁོ་ནའི་ལས་དང་། སོ་སོའི་སྡུག་བསྔལ་མྱོང་བ་ཁོ་ནར་འགྱུར་བའི་ལས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བས་ན་དེའི་ཕྱིར་གནས་ཐ་དད་པ་ཞེས་
པའོ། །དེ་ལ་བདུད་ཀྱི་ཕོ་བྲང་དང་། བསམ་གཏན་དང་པོ་དང་། གཉིས་པ་རྣམས་ན་ནི་གཅིག་ཏུ་ངེས་པར་དགའ་བ་དང་བདེ་བ་ཉམས་སུ་མྱོང་བ་ཡོད་དོ། །བསམ་གཏན་གསུམ་པ་ཡན་ཆད་ན་ནི་གཅིག་ཏུ་ངེས་པར་བདེ་བ་དང་། ཡིད་བདེ་བ་ཉམས་སུ་མྱོང་བ་ཡོད་དེ། དེ་ནི་ཡིད་བདེ་བ་དེ་དང་
འདྲ་བའི་ལས་སུ་རུང་ཞིང་ཉམས་བདེ་བའི་སེམས་བདེ་བ་ཡོད་ཀྱི་དགའ་བ་ནི་མ་ཡིན་པ་དང་། དེ་དང་འདྲ་བའི་བདེ་བ་ཡོད་ཀྱི་ཚོར་བའི་བདེ་བ་ནི་མ་ཡིན་ནོ། །རེག་པའི་སྐྱེ་མཆེད་དྲུག་གི་སྒོ་ནས་ཉམས་སུ་མྱོང་བས་ན་རེག་པའི་སྐྱེ་མཆེད་ཅན་ཞེས་ཀྱང་བྱ་སྟེ། དེ་ནི་གནས་ཐ་དད་པ་ཡིན་ཏེ།
རྒྱུ་དང་འབྲས་བུར་འབྲེལ་པའི་ཚུལ་གྱིས་སོ། །སྡོམ་ནི། མི་ཤེས་ཤེས་པ་མཉམ་པར་གཞག །ཁྱད་པར་བར་དུ་གཅོད་པ་དང་། །སློབ་པ་དང་ནི་ཆགས་པ་དང་། །བདག་མེད་པ་དང་ལམ་དང་རྒལ། །ལོག་པར་ལྟ་བ་གང་ཡིན་པ་དང་། བདག་ཏུ་ལྟ་བ་གང་ཡིན་པ་དང་མ་
རིག་པ་དེ་ཉིད་ནི་སྔར་བཤད་པའི་སེམས་ཅན་གྱི་རིས་གསུམ་པོ་དག་ཏུ་མི་ཤེས་པའི་རྩ་བ་ལས་འབྱུང་སྟེ། རིས་ཐམས་ཅད་དུ་གནོད་པའི་རྩ་བ་ཅན་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀུན་ནས་སློང་བའི་ཆོས་གཅིག་པོ་དེ་སྤངས་ན་ཡང་དག་པ་ཁོ་ནར་ཤེས་པ་བརྡ་སྤྲད་པར་བྱའོ། །
དེ་ལ་འདིར་ཀུན་ནས་ཉོན་མོངས་པ་གཅིག་ནི་བདེན་པའི་དངོས་པོ་ལ་སྐུར་པ་འདེབས་པའོ། །གཉིས་པ་ནི་སྒྲོ་འདོགས་པའོ། །གསུམ་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་སྣང་བའི་ཚུལ་གྱིས་རྣམ་པར་རྨོངས་པར་བྱེད་པ་སྟེ། དེ་གཉི་གའི་རྒྱུའོ། །རྣམ་པར་རྨོངས་ན་སྒྲོ་
འདོགས་པའམ། སྐུར་པ་འདེབས་པར་འགྱུར་རོ། །འདི་གཉིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་དང་། ཏིང་ངེ་འཛིན་གྱིས་རབ་ཏུ་ཕྱེ་བའོ། །དེ་ལ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དམ་པའི་ཆོས་ཐོས་པའི་

དབང་ལས་བྱུང་བས་ཚོར་བ་རྣམ་པ་ལྔ་ལས་གནས་སྐབས་རྣམ་པར་འགྱུར་བ་ལས་གྱུར་པའི་ཉེས་དམིགས་དང་། གནས་སྐབས་རྣམ་པར་འགྱུར་བ་དེ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་མཉམ་པར་གཞག་པའི་ས་པ་ནི་ཡང་དག་པའི་ཤེས་པ་ཡིན་ཏེ། དེ་ལ་བརྟེན་
ནས་བསྒོམ་པ་ལ་འཇུག་པར་འགྱུར་རོ། །དེ་ལ་གནས་སྐབས་རྣམ་པར་འགྱུར་བ་ལས་གྱུར་པའི་ཉེས་དམིགས་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་ཀྱི་མི་རྟག་པ་ཉིད་དང་། སྡུག་བསྔལ་བའི་གནས་སྐབས་ཀྱི་རང་
བཞིན་གྱིས་སྡུག་བསྔལ་བ་ཉིད་དང་། བདེ་བའི་གནས་སྐབས་ཀྱི་རྣམ་པར་འགྱུར་བའི་ཆོས་ཉིད་དོ། །དེ་ལ་གནས་སྐབས་རྣམ་པར་འགྱུར་བ་གང་ཞེ་ན། བདེ་བའི་གནས་སྐབས་ལས་སྡུག་བསྔལ་བའི་གནས་སྐབས་སུ་གཞན་དུ་འགྱུར་བ་དང་། སྡུག་བསྔལ་བའི་གནས་སྐབས་
ལས་ཀྱང་བདེ་བའི་གནས་སྐབས་སུ་འགྱུར་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་ལས་གཉི་གའི་གནས་སྐབས་སུ་འགྱུར་བ་དང་། དེ་བཞིན་དུ་གནས་སྐབས་ཐམས་ཅད་ལས་གནས་སྐབས་ཐམས་ཅད་དུ་ཕན་ཚུན་འགྱུར་བ་ཡིན་པར་
རིག་པར་བྱའོ། །གནས་སྐབས་འདི་རྣམས་ལ་གཞན་དུ་འགྱུར་བར་མཐོང་ན་ནི་མི་རྟག་པའི་འདུ་ཤེས་ལ་གནས་པར་འགྱུར་རོ། །གཞན་དུ་འགྱུར་བའི་ཉེས་དམིགས་མཐོང་ན་ནི་ཚོར་བའོ། །ཆོ་ག་ནི་སྡུག་བསྔལ་འདི་ཡིན་ནོ་སྙམ་དུ་རིག་ནས་སྡུག་བསྔལ་བའི་འདུ་ཤེས་ལ་གནས་པར་
འགྱུར་རོ། །དེ་ལྟར་འདུ་ཤེས་ཤིང་དེ་ལྟར་མཐོང་ན་རྣམ་པར་དག་པར་འགྱུར་ཏེ། དེ་བས་ན་འདི་ལ་ཡང་དག་པའི་ཤེས་པ་ཞེས་བྱའོ། །མཉམ་པར་གཞག་པའི་ཡང་དག་པའི་ཤེས་པ་ནི་རྣམ་པ་དེ་དག་ཉིད་ཀྱིས་འཇུག་ན། ཤིན་ཏུ་སྦྱངས་པས་ཡོངས་སུ་ཟིན་ཅིང་རྣམ་པར་དག་ལ་
སྐྱོན་མེད་པར་འཇུག་སྟེ་ཁྱད་པར་ནི་དེ་ཡིན་ནོ། །དེ་ལ་མི་རྟག་པ་ཉིད་ནི་འདུས་བྱས་ཐམས་ཅད་སྤྱིའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །སྡུག་བསྔལ་བ་ཉིད་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྤྱིའི་མཚན་ཉིད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམ་པ་གཉིས་ལ་བརྟེན་པས་

ནི་ཆོས་འདི་རྣམས་མཚན་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྣང་བར་འགྱུར་བར་རིག་པར་བྱའོ། །འདི་ལས་ཕྱི་རོལ་པ་ནི་སེམས་མཉམ་པར་བཞག་ཏུ་ཟིན་ཀྱང་དེ་བས་ཆོས་འདི་པ་སེམས་མཉམ་པར་མ་བཞག་པ་ཡང་ཤེས་པས་ཁྱད་པར་དུ་འཕགས་ནས་སེམས་མཉམ་པར་བཞག་པ་
ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། འདི་ལས་ཕྱི་རོལ་པ་ནི་སེམས་མཉམ་པར་བཞག་པ་ཡིན་དུ་ཟིན་ཀྱང་དེ་ནི་རེག་པའི་སྐྱེ་མཆེད་རྣམས་ཀྱི་ཡོངས་སུ་བསྒྱུར་བ་ལྔའི་ཚུལ་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་ཡང་དག་པའི་སེམས་འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བར་
འགྱུར་བའི་སྐལ་བ་ཅན་མ་ཡིན་ཏེ། དེ་བས་ན་དེ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་མན་ཆད་ལས་ཁྱད་པར་དུ་ཐོབ་ཏུ་ཟིན་ཀྱང་ཆོས་འདུལ་བ་འདི་ལས་ཤིན་ཏུ་རིང་སྟེ། གནམ་དང་ས་བཞིན་ནོ། །བརྟན་ཞིང་དཀའ་བ་ཐམས་ཅད་བཟོད་དུ་ཟིན་ཀྱང་
ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་པས་ཤིང་བལ་གྱི་སྦུར་མ་བཞིན་དུ་མི་བརྟན་པ་དང་། ཉོན་མོངས་པའི་རྒྱགས་པ་མི་བཟོད་དོ། །ཆོས་འདི་ལ་ནི་མཉམ་པར་མ་བཞག་སྟེ། དད་པ་དང་ཐོས་པ་ཙམ་གྱིས་བདག་མེད་པ་ལ་མོས་པར་ཟད་དུ་ཟིན་པ་དེ་ནི་སེམས་ཀྱི་ཏིང་ངེ་འཛིན་འཐོབ་པའི་སྐལ་
བ་ཅན་ཡིན་ལ་དེ་ནི་རེག་པའི་སྐྱེ་མཆེད་རྣམས་སྤོང་བ་དང་། ཡོངས་སུ་ཤེས་པར་འགྱུར་བ་དང་། སེམས་འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བར་འགྱུར་བའི་སྐལ་བ་ཅན་ཡིན་ཏེ། དེ་བས་ན་དེ་ནི་ཡང་དག་པའི་མོས་པ་ཙམ་ལ་གནས་པར་ཟད་བཞིན་དུ་ཆོས་འདུལ་བ་འདི་
ལས་ཆུད་མ་ཟོས་པར་རིག་པར་བྱའོ། །ལྔ་པོ་འདི་དག་ནི་ཡུལ་དྲུག་པོ་རྣམས་ལ་དབང་པོ་དྲུག་པོ་རྣམས་ཞི་བར་འགྱུར་བའི་རྣམ་པ་ཡིན་ཏེ། ཉེས་དམིགས་མཐོང་བའི་ཕྱིར་ཤིན་ཏུ་དུལ་བ་དང་། གཏང་པར་བྱ་བ་མ་ཡིན་པའི་ཡུལ་རྣམས་ལ་མི་གཏོད་པའི་ཕྱིར་ཤིན་ཏུ་སྦས་པ་དང་། གཏད་
པར་བྱ་བའི་ཡུལ་རྣམས་སམ་གློ་བུར་དུ་སྣང་བར་གྱུར་པ་རྣམས་ལ་དྲན་པ་ཤིན་ཏུ་གནས་པའི་ཕྱིར་ཤིན་ཏུ་བསྲུངས་པ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཤིན་ཏུ་ཡང་དག་པར་བསྡམས་པ་དང་། ལམ་བསྒོམ་པ་ཤིན་ཏུ་ཡོངས་སུ་རྫོགས་པའི་ཕྱིར་ཤིན་ཏུ་བསྒོམས་པའོ། །

ཁྱད་པར་གདགས་པ་མཁྱེན་པའི་དེ་བཞིན་གཤེགས་པ་ནི་གནས་གཉིས་སུ་བདེ་བ་དང་སྡུག་བསྔལ་ལས་ཡང་དག་པར་འདས་པ་བརྗོད་པར་མཛད་དེ། མངོན་པར་མི་མཁྱེན་པས་མ་ཡིན་ནོ། །དེ་ལ་གང་འདི་སྙམ་དུ་དགེ་སྦྱོང་གཽ་ཏ་མ་ནི་གཅིག་ཏུ་ངེས་པར་བདེ་བའི་
འཇིག་རྟེན་མི་ཤེས་ཤིང་མ་རྟོགས་བཞིན་དུ་བདེ་བ་དང་སྡུག་བསྔལ་དང་འདྲེས་སུ་དོགས་པ་དང་། བདེ་བ་དང་སྡུག་བསྔལ་འདྲེས་པའི་འཇིག་རྟེན་གྱི་དབྱིབས་ལ་ཡང་དག་པར་འདའ་བར་བྱ་བ་དང་། བདེ་བ་དང་སྡུག་བསྔལ་ལས་འདའ་བར་བྱ་བའི་ཕྱིར་ཉན་ཐོས་རྣམས་ལ་ཆོས་སྟོན་
ཏོ་སྙམ་དུ་འཛིན་ཏོ། །དེའི་འདུ་ཤེས་དེ་ནི་ལོག་པའི་འདུ་ཤེས་དང་ལོག་པའི་རྟོག་པ་དང་ལོག་པའི་ལྟ་བ་ཡིན་གྱི་དེ་བཞིན་གཤེགས་པ་ནི་གཅིག་ཏུ་ངེས་པར་བདེ་བའི་འཇིག་རྟེན་དང་གཅིག་ཏུ་ངེས་པར་སྡུག་བསྔལ་བ་དང་བདེ་བ་དང་སྡུག་བསྔལ་བ་འདྲེས་པ་དང་། དེ་དག་གི་མི་རྟག་པ་ཉིད་
ཀྱང་མཁྱེན། དེས་ན་འཇིག་རྟེན་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བདེ་བ་དང་སྡུག་བསྔལ་ལས་འདས་པ་བརྗོད་པར་མཛད་དོ། །ཡིད་དུ་འོང་བའི་དངོས་པོ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། བཙལ་བར་བྱ་བ་ནི་མ་འོངས་པའི་འདོད་པ་གང་ཡིན་
པའོ། །རྟག་པར་བྱ་བ་ནི་འདས་པའི་འདོད་པ་སྤྱད་ཟིན་པ་གང་ཡིན་པའོ། །ལྷག་པར་ཆགས་པར་བྱ་བ་ནི་ཕྱི་རོལ་གྱི་ཡུལ་འདོད་པ་དང་ནང་གི་འདོད་པའི་ཚོར་བ་འདི་དུས་གསུམ་དུ་གཏོགས་པ་འདི་དག་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། གཅིག་ནི་མ་འོངས་པའི་སྒོ་ནས་སོ། །གཅིག་ནི་འདས་པའི་སྒོ་ནས་སོ། །གཉིས་
ནི་ད་ལྟར་གྱི་སྒོ་ནས་སོ། །རྣམ་པ་འདི་རྣམས་ཀྱང་ཁོངས་སུ་གཏོགས་པ་ནི་ཡིད་དུ་འོང་བ་དང་སྙིང་དུ་སྡུག་པ་དང་དགའ་བའི་རང་བཞིན་དང་བདེ་བའི་རང་བཞིན་གྱི་རྣམ་པ་རྣམས་སོ། །དེ་བཞིན་དུ་སྡུག་པ་དང་མཛེས་པ་དང་། དགའ་བ་དང་ཡིད་དུ་འོང་བའི་རྣམ་པ་རྣམས་ཀྱང་ཅི་རིགས་
པར་རིག་པར་བྱའོ། །ས་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྩོན་པ་ལ་ནི་རྣམ་པ་གཉིས་ཀྱི་སྒོ་ནས་དུས་གཉིས་ཀྱི་ཏིང་ངེ་འཛིན་རྣམ་པ་གསུམ་མངོན་པར་བསྒྲུབ་པ་ལ་འདོད་པ་རྣམས་བར་དུ་གཅོད་པར་བྱེད་དོ། །བར་དུ་གཅོད་པ་དེ་སྤང་བའི་ཕྱིར་ནི་གཉེན་པོ་རྣམ་པ་ལྔ་བསྒོམ་པར་བྱའོ། །དེ་ལ་འདས་

པའི་འདོད་པ་སྔོན་སྤྱད་ཟིན་པ་གང་ཡིན་པ་དེ་དག་ཀྱང་དབེན་པ་ན་གནས་པའི་རྟོག་པའི་སྒོ་ནས་སེམས་འཕྲོག་པར་བྱེད་དོ། །ཁྱིམ་མེད་པའི་རྙེད་པ་དང་བཀུར་སྟི་དང་ལྡན་པ་ད་ལྟར་བྱུང་བ་གང་ཡིན་པ་རྣམས་ཀྱང་སེམས་འཕྲོག་པར་བྱེད་དོ། །དེ་ལ་རྒྱུ་ཞིང་འགྲོ་བའི་རྙེད་པ་དང་བཀུར་སྟི་དང་ལྡན་པ་
རྣམས་ཀྱང་སེམས་འཕྲོག་པར་བྱེད་དེ་དེས་ནི་གནས་པའི་སེམས་ཀྱང་གཡེང་བར་བྱེད་དོ། །ཁྱིམ་ན་གནས་པའི་སྔོན་སྤྱད་ཟིན་པ་རྣམས་ཀྱང་སེམས་འཕྲོག་པར་བྱེད་དོ། །དེ་ལ་སོ་སོའི་སྐྱེ་བོ་ལ་ཡང་བར་དུ་གཅོད་པར་བྱེད་ལ། སློབ་པ་ལ་ཡང་བར་དུ་གཅོད་པར་བྱེད་པའོ། །དེ་ལ་སོ་སོའི་སྐྱེ་
བོའི་ཏིང་ངེ་འཛིན་ཚད་མེད་པ་བསྒོམ་པ་དང་ལྡན་པ་གང་ཡིན་པ་དེ་ལ་ཡང་བར་དུ་གཅོད་པར་བྱེད་དོ། །སློབ་པའི་ཏིང་ངེ་འཛིན་ཤེས་བྱའི་དངོས་པོ་ཐམས་ཅད་རྟོགས་པས་རྒྱ་ཆེ་བ་གང་ཡིན་པ་དེ་ལ་ཡང་བར་དུ་གཅོད་པར་བྱེད་དོ། །མི་སློབ་པའི་ཤིན་ཏུ་བསྒོམས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་
ཡང་འདི་ལྟ་སྟེ། སྐྱེ་བ་ལ་བར་དུ་གཅོད་པར་བྱེད་དོ། །ཏིང་ངེ་འཛིན་འདི་དག་ཐམས་ཅད་ཀྱང་དགའ་བ་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། དེ་ལ་དང་པོ་ནི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་བསམ་པའི་སྒོ་ནས་དགའ་བ་དང་ལྡན་ནོ། །གཉིས་པ་ནི་སློབ་པའི་རྣམ་པར་གྲོལ་བའི་དགའ་
བ་ཉམས་སུ་མྱོང་བའི་ཕྱིར་རོ། །གསུམ་པ་ནི་མི་སློབ་པའི་རྣམ་པར་གྲོལ་བའི་དགའ་བ་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་དག་ཀྱང་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ལ་སོགས་པ་ལ་དམིགས་པའི་བྱེ་བྲག་གིས་དྲུག་ཏུ་འགྱུར་རོ། །ཏིང་ངེ་འཛིན་དེ་ནི་རྣམ་པ་ཐམས་ཅད་དང་ལྡན་པའི་ཕྱིར་
ཡོངས་སུ་རྫོགས་པ་ཡང་ཡིན་ཏེ། ཏིང་ངེ་འཛིན་གྱི་མཐའ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བར་འགྱུར་བའམ། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་འགྱུར་བ་སྟེ། དེ་ལས་གོང་ན་རྣམ་པར་དག་པར་འགྱུར་བའི་ཏིང་ངེ་འཛིན་མེད་དེ།
དེ་བས་ན་དེ་ནི་རྫོགས་པ་ཡིན་ནོ། །མྱུར་དུ་དགེ་སྦྱོང་གི་ཚུལ་འདོད་པའི་ལུས་དང་སྲོག་ལ་མི་ལྟ་བ་དང་། རྟག་ཏུ་གུས་པར་སྦྱོར་བའི་བརྩོན་འགྲུས་བརྟུལ་བ་དང་། འདོད་པ་རྣམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་ཤེས་པས་དྲན་པ་ཉེ་བར་གནས་པ་དང་། ཉེས་དམིགས་ཡོངས་སུ་ཤེས་

པས་མངོན་པར་དགའ་བ་མེད་པ་ལ་སོགས་པ་ཉེ་བར་གནས་པའི་ཤེས་བཞིན་དང་དྲན་པ་དང་ཤེས་བཞིན་ལ་བརྟེན་པས་བག་ཡོད་པ་ལ་སྦྱོར་བར་བྱེད་པ་ནི་རྣམ་པ་བཞི་སྟེ། ཉིན་པར་འཆག་པ་དང་། འདུག་པ་གཉིས་ཀྱིས་སྒྲིབ་པའི་ཆོས་རྣམས་ལས་སེམས་ཡོངས་
སུ་སྦྱོང་ངོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་ལྟར་ན་བརྩོན་འགྲུས་བརྩམས་པ་ཡང་ཡིན་ལ་རྟོགས་པ་ལ་ཡང་ཞུམ་པ་མེད་དོ། །སེམས་གནས་པ་རྣམ་པ་དགུས་ནི་གཅིག་ཏུ་ངེས་པར་ཞི་གནས་ལ་བརྩོན་པའི་ལུས་ཤིན་ཏུ་སྦྱངས་པར་འགྱུར་ལ། རོ་མྱོང་བ་མེད་པས་ནི་ཀུན་ནས་ཉོན་
མོངས་པ་ཅན་མ་ཡིན་ནོ། །རྨུགས་པ་དང་གཉིད་ཀྱིས་ཉེ་བའི་ཉོན་མོངས་པར་མ་གྱུར་པས་ནི་ཉེས་རྩོམ་མེད་དོ། །གཅིག་ཏུ་ངེས་པར་དྲན་པ་ཉེ་བར་གཞག་པ་ལ་བརྟེན་པས་ནི་ལྷག་མཐོང་ལ་བརྩོན་པའི་དྲན་པ་གནས་པར་འགྱུར་ལ་རྒོད་པའི་ཉེ་བའི་ཉོན་མོངས་པ་དང་བྲལ་བས་ནི་ཀུན་ནས་
ཉོན་མོངས་པ་མེད་དོ། །ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འབྱུང་བའི་ལམ་ལ་ཞུགས་པའི་སེམས་ནི་མཉམ་པར་གཞག་པར་འགྱུར་ལ། དེ་གཉི་གའི་ཆ་རྩེ་གཅིག་པ་དང་ལྡན་ཏེ། དེའི་བར་དུ་གཅོད་པ་སྤོང་བར་འགྱུར་རོ། །གཉེན་པོ་རྣམ་པ་ལྔ་པོ་འདི་ལ་བརྟེན་ཏེ་བར་དུ་
གཅོད་པ་ཡང་ཡོངས་སུ་ཤེས་ནས་སྤོང་བར་འགྱུར་ལ་ཏིང་ངེ་འཛིན་རྣམ་པ་གསུམ་དམིགས་པའི་གཞི་དྲུག་གི་བྱེ་བྲག་ཅན་དགའ་བ་དང་ལྡན་པ་ཡོངས་སུ་རྫོགས་པར་མངོན་པར་བསྒྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་རྒྱུ་རྣམ་པ་གཉིས་ཀྱིས་འདི་ཉིད་ལས་དཔེར་བླངས་པས། ཉན་
ཐོས་རྣམས་ལ་ཆོས་སྟོན་པར་མཛད་དེ། ནག་པོའི་ཕྱོགས་ལ་ནི་སྐྱོན་དང་ལྡན་པ་དང་། དཀར་པོའི་ཕྱོགས་ལ་ནི་ཡོན་ཏན་དང་ལྡན་པའི་སྒོ་ནས་ཡིད་ཆེས་པ་བསྐྱེད་པའི་ཕྱིར་རོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་དགུ་པ། ཆོས་འདུལ་བ་འདིའི་
གང་ཟག་ནི་འདི་གཉིས་ཡིན་ཏེ། འདི་ལྟ་སྟེ། སེམས་ཐོབ་པ་དང་། སེམས་ཐོབ་པ་མ་ཡིན་པའོ། །དེ་ལ་སེམས་ཐོབ་པ་ནི་གཉིས་ཏེ། བདེན་པ་མཐོང་བ་སློབ་པའི་སེམས་རྣམ་པར་གྲོལ་བས་སེམས་ཐོབ་པ་གང་ཡིན་པ་དང་། དགྲ་བཅོམ་པ་ནི་སློབ་པའི་སེམས་རྣམ་པར་གྲོལ་

བས་སེམས་ཐོབ་པ་གང་ཡིན་པའོ། །དེ་ལ་སེམས་ཐོབ་པ་མ་ཡིན་པ་ནི། བསླབ་པ་གསུམ་ལ་གནས་པའི་ལས་དང་པོ་པ་སློབ་པ་སོ་སོའི་སྐྱེ་བོ་གང་ཡིན་པ་སྟེ་དེས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སེམས་རྣམ་པར་གྲོལ་བ་རྣམ་པ་གཉི་གས་ཀྱང་སེམས་མ་ཐོབ་བོ། །སོ་སོའི་སྐྱེ་
བོའི་རང་བཞིན་དེའི་གོང་དུ་ཕུང་པོའི་ལྷག་མ་དང་བཅས་པ་དང་། ལུས་ཀྱི་རང་བཞིན་དེའི་གོང་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཤིན་ཏུ་དོན་དུ་གཉེར་བ་ནི་བསླབ་པ་གསུམ་པོ་དག་ལ་སློབ་པས་ཤས་ཆེར་གནས་སོ། །དེ་ལ་མི་སློབ་པའི་སེམས་རྣམ་པར་གྲོལ་བས་སེམས་
ཐོབ་པ་གང་ཡིན་པ་དེ་ནི་བག་མེད་པར་བྱས་ན། ཚེ་འདིའི་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་མོད་ཀྱི་འོན་ཀྱང་དེ་ནི་ཚེ་འདིའི་བདེ་བར་གནས་པ་ལས་ཡོངས་སུ་ཉམས་ཀྱང་རུང་ཡོངས་སུ་མ་ཉམས་ཀྱང་རུང་སྟེ། རྣམ་པར་གྲོལ་བ་དེ་ལས་ཡོངས་སུ་ཉམས་པར་
འགྱུར་བའི་སྐལ་བ་ཅན་མ་ཡིན་པ་ཁོ་ནའོ། །བག་ཡོད་པར་བྱ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་རྣམ་པར་གྲོལ་བ་དེ་རྟོགས་པར་བྱ་བའི་ཕྱིར་ཡིན་ན། །དེ་ནི་དེས་ཐོབ་ཟིན་ལ་ཡོངས་སུ་ཉམས་པར་ཡང་མི་འགྱུར་ན། གང་གི་དོན་དུ་བག་ཡོད་པར་བྱེད་དེ། ཚེ་འདི་ལ་བདེ་བར་
གནས་པར་བྱ་བའི་ཕྱིར་དེའི་འབད་པ་གང་ཡིན་པ་ནི་བཟོའི་ལས་ཀྱི་གནས་དང་འདྲ་སྟེ། དེ་ནི་བག་ཡོད་པ་མ་ཡིན་ནོ། །སློབ་པའི་རྣམ་པར་གྲོལ་བས་སེམས་ཐོབ་པ་གང་ཡིན་པ་དེ་ཡང་ངེས་པར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་ཡིན་ལ་ལམ་བསྒོམ་པ་ལ་ཡང་གཞན་གྱི་དྲིང་མི་འཇོག་སྟེ། དེའི་
བག་ཡོད་པ་ནི་རང་ལ་དབང་ཡོད་ལ། ཚེ་འདི་ལ་ཡང་བག་མེད་པས་གཏན་དུ་སླུ་བར་མི་འགྱུར་རོ། །ཐམས་ཅད་ཀྱི་ཐམས་ཅད་དུ་སེམས་མ་ཐོབ་པ་གང་ཡིན་པ་དེས་ནི་ངེས་པར་རྣམ་པ་གསུམ་གྱིས་བག་ཡོད་པར་བྱ་དགོས་ཏེ། དབང་པོ་ཡང་དག་པར་སྒྲུབ་པས་ཚོགས་ཡོངས་སུ་
རྫོགས་པར་བྱ་བ་དང་། མཐུན་པའི་གནས་མལ་བསྟེན་པས་སེམས་གནས་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་པས་གཞན་གྱི་སྒྲ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུ་ནས་སེམས་རྣམ་པར་གྲོལ་བ་རྣམ་པ་གཉིས་ཀྱི་བར་གྱི་ཕྱིར་བག་ཡོད་པར་བྱའོ། །བག་ཡོད་པར་གནས་

པ་དེ་ལ་ནི་རྒྱུ་གཉིས་ཀྱིས་སྐྱེ་མཆེད་དྲུག་འགག་པར་མངོན་པའི་ང་རྒྱལ་བྱེད་པ་དང་། མངོན་པའི་ང་རྒྱལ་མི་བྱེད་པར་རིག་པར་བྱ་སྟེ། མ་འགགས་པ་བཞིན་དུ་འདི་ལྟ་སྟེ། དམིགས་པའི་སྒོ་ནས་ལོག་པར་བརྟགས་ནས་འགོག་གོ་སྙམ་དུ་མངོན་པར་ཞེན་པ་དང་།
མ་ཐོབ་པར་ཡང་ལོག་པར་བརྟགས་ནས་འགོག་གོ་སྙམ་དུ་མངོན་པར་ཞེན་ཏེ་དེས་ལོག་པར་བརྟགས་ནས་འགག་པར་མོས་མོད་ཀྱི། འོན་ཀྱང་དེ་ནི་ལུས་དང་བྲལ་ཞིང་ཚེ་ཟད་པའི་འོག་ཏུ་སྐྱེ་མཆེད་དྲུག་ཀྱང་འགོག་པར་མི་འགྱུར་ལ་ཡུལ་གྱི་འདུ་ཤེས་དང་ཡང་བྲལ་བར་མི་འགྱུར་
རོ། །འདི་ལྟ་སྟེ། དེའི་སྐྱེ་མཆེད་དྲུག་འགགས་པའི་གནས་ཀྱི་དམིགས་པ་དང་། རྟོགས་པའི་སྒོ་ནས་ལོག་པར་ཁོང་དུ་ཆུད་པའི་ཕྱིར་དེ་ལྟ་བུར་འགྱུར་ཏེ། འདི་ནི་མངོན་པའི་ང་རྒྱལ་རྣམ་པ་གཉིས་སོ། །དེ་ལས་བཟློག་པ་ན་མངོན་པའི་ང་རྒྱལ་མེད་པར་རིག་པར་བྱའོ། །
ཆོས་འདི་པའི་ཆགས་པ་རྣམ་པ་གཉིས་ལ་ནི་ཉེས་དམིགས་གཉིས་ཡོད་པར་རིག་པར་བྱ་སྟེ། དེ་ཡང་སོ་སོའི་སྐྱེ་བོའི་རྐྱེན་གཉིས་ལས་བྱུང་བའི་རྣམ་པར་ཤེས་པ་དང་། དེ་ལ་བརྟེན་པའི་ཚོར་བ་བདག་མེད་པར་མི་ཤེས་པའིའོ། །དེ་ལ་འདོད་ཆགས་དང་མ་བྲལ་བའི་རྙེད་
པ་དང་བཀུར་སྟིའི་དབང་གིས་བྱུང་བའི་ལས་ཀྱི་རྐྱེན་ཅན་གྱི་ཚོར་བ་ལ་ཆགས་པ་ནི་ཆགས་པ་དང་པོ་ཡིན་པར་རིག་པར་བྱའོ། །གཉིས་པ་ནི་འདོད་ཆགས་དང་བྲལ་བའི་འདོད་པ་རྣམས་ལ་མ་ཆགས་པའི་རྐྱེན་ཅན་གྱི་ཚོར་བ་ལ་ཆགས་པའོ། །ཆགས་པ་དེའི་རྒྱུ་ལས་བྱུང་བ་ཕྱི་མ་ལ་
མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་ཕྱིས་ཀྱང་ཕྱི་རོལ་པ་རྣམས་ཀྱི་མདུད་པ་རྣམས་ལེན་པར་འགྱུར་བ་དང་། མདུད་པ་དེའི་རྒྱུ་ཅན་གྱིས་སྡིག་པ་མི་དགེ་བའི་ཆོས་རྣམས་མངོན་པར་འགྲུབ་པའི་རྒྱུ་ཡིན་ཏེ། འདི་ནི་ཉེས་དམིགས་དང་པོའོ། །ཆོས་འདུལ་བ་འདི་ལས་
ཉམས་ན་ཕྱི་མའི་དབང་དུ་བྱས་པ་དང་། དེ་ལྟར་ཆགས་པ་དེའི་ཡང་ཕྱི་མ་ལས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཁྱད་པར་རྣམས་འབྱུང་བར་འགྱུར་ལ་ཚེ་འདི་ལ་ཡང་དེའི་རྒྱུས་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་བའི་དབང་དུ་བྱས་པ་འདི་ནི་ཉེས་དམིགས་གཉིས་

སོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་ཡིན་པར་རིག་པར་བྱའོ། །རྒྱུ་བཞིས་ནི་ཆོས་བདག་མེད་པ་མཐར་ཐུག་པར་འགྱུར་ཏེ། ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རང་བཞིན་དང་རྣམ་པར་ཤེས་པའི་རྒྱུ་དང་རྐྱེན་དང་རྣམ་པར་ཤེས་པའི་གྲོགས་མ་
གཏོགས་པར་དེ་ལས་གཞན་དམིགས་པའི་ཕྱིར་དང་། རྣ