Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 131

Văn bản gốc(Tây Tạng)

Trang 12 / 21 (50.000 ký tự/trang)
ྱེན་གང་ཡང་རུང་བ་དང་ཕྲད་ནས་འཆི་བའོ། །དེ་ལས་བཟློག་པ་ནི་བར་དུ་གཅོད་པ་མེད་པ་གསུམ་དུ་རིག་པར་བྱའོ། །འདི་གཉིས་ནི་འཕགས་པ་ཤི་བ་དང་དུས་ལས་

འདས་པའི་འཕགས་པའི་རྟགས་ཡིན་ཏེ། འདི་ལྟ་སྟེ། འཆི་བའི་ཚེ་དབང་པོ་དང་བ་དང་། སྟོན་པས་ལུང་བསྟན་པའོ། །སྟོན་པ་ནི་འཕགས་པ་འདས་པ་ན་རྣམ་པ་གསུམ་གྱིས་འཕགས་པ་ཡིན་པར་ལུང་སྟོན་པར་མཛད་དེ། རིགས་དང་ལྡན་པའི་ཕྱིར་ནོར་དུ་གྱུར་པར་ལུང་
སྟོན་པ་དང་། ངའི་ཆོས་ཀྱི་རྗེས་སུ་མཐུན་པ་རྟོགས་སོ་ཞེས་བྱ་བ་ལ་ཆོས་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བའི་ལམ་མོ། །དེའི་རྗེས་སུ་མཐུན་པའི་ཆོས་ནི་ཆོས་དེ་ལས་བརྩམས་པའི་ཕ་རོལ་གྱི་སྒྲ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པའི་རྟེན་ཏོ། །འདི་ལྟ་སྟེ། ཆོས་ཀྱི་
སྐབས་ནས་ང་ལ་འཚེ་བར་མི་བྱེད་པའོ་ཞེས་བྱ་བའོ། །དེའི་དོན་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པའི་དོན་དང་། གསུངས་པའི་དོན་ནི་འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བ་དེའི་ཕྱིར་ཡིན་ལ་ཟག་པ་ཟད་པ་དེ་ཡང་དེས་ཐོབ་བོ། །འདི་གཉིས་ནི་དེ་བཞིན་གཤེགས་
པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ཏེ། འདི་ལྟ་སྟེ། མ་དད་པ་རྣམས་དད་པར་བྱ་བ་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བ་དང་། བསྟན་པ་འདི་ལ་མྱུར་དུ་འཇུག་པར་བྱ་བའི་ཕྱིར། འདི་ལྟ་སྟེ། སྟོན་པ་ཡིན་པའི་རྣམ་པའམ། ཆོས་བསྟན་པའི་རྣམ་པའམ། མཆོག་
གི་ཐོབ་པ་བརྙེས་པའི་རྣམ་པ་ལས་བརྩམས་ཏེ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགེ་བ་དང་རྒྱ་ཆེ་བར་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་དང་ལྡན་པ་དང་རྒྱུ་མེད་པར་སྨྲ་བ་དང་མི་མཐུན་པར་སྨྲ་བ་སྤངས་ནས་ཡང་དག་པའི་རྒྱུ་གསུངས་པ་སྟེ། འདི་ལྟར་རྒྱུ་མེད་པ་དང་། རྒྱུ་མི་མཐུན་
པར་སྨྲ་བ་ནི་འདི་ལྟ་སྟེ། མཁས་པ་རྣམས་ཀྱིས་བདེ་འགྲོར་འགྲོ་བ་དང་། ཐར་པར་འགྲོ་བའི་ཕྱིར་མོས་པའི་གནས་ཀྱང་མ་ཡིན་ན་འཇུག་པར་འགྱུར་བ་དང་ནན་ཏན་དུ་སྒྲུབ་པར་ལྟ་ག་ལ་འགྱུར། ཡང་དག་པའི་རྒྱུ་སྨྲ་བ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་སྟོན་པའི་རྣམ་པ་རྣམས་
ནི་འདི་ལྟ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཞེས་བྱ་བའི་བར་དག་ཡིན་ཏེ། རྒྱས་པར་རྣམ་གྲངས་བསྡུ་བ་ལས་འབྱུང་བ་བཞིན་ནོ། །བསྟན་པའི་རྣམ་པ་རྣམས་ནི་འདི་ལྟ་སྟེ། དམ་པའི་ཆོས་བསྟན་པ་སྟེ།

ཐོག་མར་ཡང་དགེ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ་དེ་དག་ཀྱང་རྣམ་གྲངས་བསྡུ་བ་ཉིད་ལས་རིག་པར་བྱའོ། །དེ་ལ་མཆོག་གི་ཐོབ་པ་བརྙེས་པའི་རྣམ་པ་རྣམས་ནི་འདི་ལྟ་སྟེ། དེས་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཡང་ཉིད་ཀྱི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་
རྒྱས་སོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་ལ་འདོད་པའི་ཁམས་ནི་འཇིག་རྟེན་འདིའོ། །གཟུགས་དང་གཟུགས་མེད་པའི་ཁམས་ནི་འཇིག་རྟེན་ཕ་རོལ་ལོ། །རྣམ་གྲངས་གཉིས་པ་ནི་ད་ལྟར་དང་། མ་འོངས་པ་དང་། འདས་པའི་དུས་ཀྱི་བྱེ་བྲག་ལས་རིག་པར་བྱའོ། །སློབ་
དཔོན་མེད་པས་ན་ཉིད་དོ། །མངོན་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པ་དྲུག་པས་སོ། །མངོན་སུམ་དུ་བྱས་ཞེས་བྱ་བ་ནི་མངོན་སུམ་དུ་དམིགས་པའི་ཕྱིར་རོ། །བསྒྲུབས་ཏེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་རོ། །མཆོག་དེ་ཉིད་ཀྱིས་ཀྱང་མཁྱེན་ལ་གཞན་
དག་ལ་ཡང་སྟོན་པས་ན་བརྡ་སྤྲོད་པའོ། །རྒྱུ་མེད་པར་སྨྲ་བ་རྣམས་ནི་རྣམ་པ་གཉིས་ཀྱིས་འདུ་བྱེད་རྣམས་ལ་རྒྱུ་མེད་པར་འཛིན་པ་འཇུག་པར་འགྱུར་ཏེ། དེ་དག་ནི་འདུ་བྱེད་རྣམས་ཀྱི་སྐྱེ་བའི་རྒྱུ་དང་། འཇིག་པའི་རྒྱུ་ཡང་རབ་ཏུ་མི་ཤེས་ཏེ། གང་སྐྱེས་པས་འདུ་བྱེད་གང་དག་སྐྱེ་
བར་འགྱུར་བ་དང་། གང་འགགས་པས་གང་དག་འགག་པར་འགྱུར་བའོ། །དེ་དག་གིས་དེ་གཉིས་ནི་མི་དམིགས་ལ་འདུ་བྱེད་རྣམས་ནི་དམིགས་པས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། ཡོད་པ་གང་ཡིན་པ་དེ་ནི་ཡོད་པ་ཁོ་ནའོ། །མེད་པ་གང་ཡིན་པ་དེ་ནི་མེད་པ་ཁོ་ནའོ། །
མེད་པ་ལ་ནི་སྐྱེ་བ་མེད་དོ། །ཡོད་པ་ལ་ནི་འཇིག་པ་མེད་དོ་སྙམ་མོ། །དེ་སྐད་དུ་སྨྲ་བ་དེ་དག་ནི་གནས་སྐབས་གསུམ་དུ་འདུ་བྱེད་རྣམས་ཀྱི་སྐྱེ་བ་དང་འཇིག་པའི་དམིགས་པ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པ་རགས་པ་མངོན་སུམ་གྱི་ཚད་མར་གྱུར་པ་ལ་སྐུར་པ་འདེབས་ཏེ། འདི་ལྟ་སྟེ།
རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ཀྱི་གནས་དེ་དང་དེར་སྐྱེས་པ་དང་བུད་མེད་ཕྲད་པའི་རྒྱུས་ཟླ་བ་བརྒྱད་དམ་དགུ་འདས་པ་ན་ཁྱེའུ་འམ་བུ་མོ་འབྱུང་བར་འགྱུར་བ་དང་། དེ་ལྟར་བྱུང་ནས་ཀྱང་ཁ་ཅིག་ནི་དེ་ཉིད་ཀྱི་མོད་ལ་ཚེ་ཟད་དེ་བར་མ་དོར་འཆི་བ་དང་།

གཞན་ཡང་འདི་ན་ཁ་ཅིག་ནི་ཚེའི་ཚད་ཇི་ཙམ་པར་གནས་པ་དང་། གསོན་ཞིང་འདུག་ལ་སྡོད་ཅིང་འཚོ་སྟེ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་གནས་སྐབས་ཀྱི་བྱེ་བྲག་གིས་སེམས་ལས་བྱུང་བའི་
ཆོས་རྣམས་སར་པ་སར་པ་ཡིན་གྱི། རྙིང་པ་རྙིང་བ་མ་ཡིན་ནོ། །འདི་གཉིས་ནི་བདག་བསྟོད་པ་དང་། གཞན་སྨོད་པ་སྟེ། འདི་ལྟ་སྟེ། ཚིག་ཙམ་གྱིས་བྱེད་པ་དང་། སྟོན་ཅིང་ནན་ཏན་དུ་སྒྲུབ་པས་བྱེད་པའོ། །དེ་ལ་ཚིག་ཙམ་གྱིས་བདག་བསྟོད་པ་དང་གཞན་སྨོད་པ་གང་
ཡིན་པ་དེ་དག་ནི་སྐྱེས་བུ་དམ་པ་མ་ཡིན་པའི་ཆོས་དེས་ཟིལ་གྱིས་ནོན་ཅིང་ཡོངས་སུ་ཟིན་པའི་སེམས་ཀྱིས་དམ་པ་རྣམས་ཀྱི་ནང་དུ་བདག་ཉིད་སྨད་པར་འགྱུར་གྱི། བསྟོད་པར་མི་འགྱུར་རོ། །བསྟོད་ཅིང་ནན་ཏན་དུ་སྒྲུབ་པས་བྱེད་པ་ནི་མ་བསྟོད་པ་དང་མ་སྨད་པ་རྣམས་ཀྱིས་བདག་ཉིད་བསྟོད་
པ་དང་གཞན་དག་སྨད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ནི་མི་ཤེས་པ་རྣམ་པ་གཉིས་མྱུར་དུ་སེལ་བར་བྱེད་པ་སྟེ། དམ་པའི་ཆོས་མ་ཡིན་པ་ལ་མོས་པས་ཡུན་རིང་པོ་ནས་སྐྱེས་པ་དང་། ཉེ་བར་སྐྱེས་པའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་བདེ་
འགྲོར་འགྲོ་བའི་ལམ་མི་ཤེས་པ་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བར་འགྲོ་བའི་ལམ་མི་ཤེས་པའོ། །འདུ་བྱེད་དུ་གཏོགས་པ་རྣམ་པ་བཅུ་གཅིག་གཅིག་ཏུ་བསྡུས་ན་འདུ་བྱེད་ཀྱི་ཚོགས་སུ་འགྱུར་ཏེ། ཚོགས་ཀྱི་དོན་ནི་ཕུང་པོའི་དོན་དུ་རིག་པར་བྱའོ། །ཀུན་ནས་ཉོན་མོངས་
པའི་རྒྱུ་གཅིག་ཏུ་ངེས་པའི་དབང་དུ་བྱས་ནས་ཉེ་བར་ལེན་པའི་ཕུང་པོ་རྣམ་པར་གཞག་པར་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་འདུ་བྱེད་རྣམ་པར་གཞག་པར་རིག་པར་བྱའོ། །
འདུ་བྱེད་རྣམས་ལ་ཉོན་མོངས་པ་སྐྱེ་བ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། རྟེན་དང་། དམིགས་པ་དང་གྲོགས་སོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་དྲུག་པ། སྡོམ་ནི། མཛད་པ་ཉུང་དང་རང་བཞིན་སོགས། །འཕགས་པའི་

བསྟན་པ་རྣམ་པ་གསུམ། །དམ་ཆོས་ལྟ་བུར་བཅོས་པ་དང་། །སེམས་ཉིད་ཀུན་དུ་རྨོངས་པའི་གནས། །ལན་མི་འདེབས་དང་རྣམ་པར་འགྱུར། །སྟོན་པ་ལ་ནི་བརྗོད་པ་དང་། །ལྟ་བ་ཕུན་སུམ་ཚོགས་པ་གསུམ། །ཕྱི་རོལ་རྣམས་ཀྱི་བྱིས་པའི་རྟགས། །དེ་བཞིན་གཤེགས་པ་
རྣམས་ནི་རྒྱུ་གསུམ་གྱིས་མཛད་པ་ཉུང་ངུར་གནས་པ་ལ་ཐུགས་འཇུག་པར་མཛད་དེ། དེའི་མོད་ལ་འདུལ་བའི་དོན་རྫོགས་པར་གྱུར་ནས་ཚེ་འདི་ལ་བདེ་བར་གནས་པ་གནས་པར་བཞེད་པ་དང་། ཉན་ཐོས་རྣམས་ཀྱིས་ནན་ཏན་དུ་སྒྲུབ་པ་ཉམས་སུ་ལེན་པ་དང་། འདུལ་བ་དོན་མང་ཞིང་བྱ་བ་
མང་བ་ལ་ཞུགས་པ་རྣམས་གདུལ་བའི་ཕྱིར་རོ། །ཉིན་པར་གནས་ཤིང་ནང་དུ་ཡང་དག་འཇོག་པའི་རྒྱུ་ཐམས་ཅད་ནི་སྔ་མ་བཞིན་དུ་འདིར་ཡང་རིག་པར་བྱའོ། །བཞི་པོ་འདི་དག་ནི་འདུལ་བ་རྣམས་ཀྱིས་འདུལ་བའི་རང་བཞིན་ཡིན་ཏེ། འདི་ལྟ་སྟེ། ཀུན་དུ་རྨོངས་པ་རྣམས་དང་། བག་
མེད་པ་རྣམས་དང་། སེམས་ཞུམ་པ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་སོ། །རྣམ་པ་བཞིས་ནི་གནས་བཞི་ལ་གུས་པ་སྐྱེས་ཏེ། གནས་པས་མྱུར་བ་ཉིད་དུ་བླ་ན་མེད་པ་ཐོབ་པར་འགྱུར་ཏེ། ཐོབ་པར་བྱ་བ་གང་ཡིན་པ་དེ་ལ་འདུན་པ་དྲག་པ་དང་། ཐོབ་པར་བྱ་བའི་ཐབས་
འདི་ལྟ་སྟེ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་སྒྲུབ་པ་གང་ཡིན་པ་དེ་ལ་སྡུག་པར་འཛིན་པ་དྲག་པ་དང་། སྟོན་པ་ལ་ཕངས་པར་འཛིན་པ་དྲག་པ་དང་། དེས་བསྟན་པའི་ཆོས་ལ་དད་པ་དྲག་པའོ། །བླ་ན་མེད་པ་ནི་གསུམ་སྟེ། འདི་ལྟ་སྟེ། ཤེས་པ་བླ་ན་མེད་པ་དང་།
ལམ་བླ་ན་མེད་པ་དང་། རྣམ་པར་གྲོལ་བ་བླ་ན་མེད་པའོ། །དེ་ལ་ཤེས་པ་བླ་ན་མེད་པ་ནི་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། མི་སློབ་པའི་ཡང་དག་པའི་ལྟ་བའོ། །མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ནི་ལམ་བླ་ན་མེད་པའོ། །སེམས་རྣམ་པར་གྲོལ་བ་ཉམས་པ་མེད་
པ་ནི་རྣམ་པར་གྲོལ་བ་བླ་ན་མེད་པ་སྟེ། དེ་རྣམས་བསྡུས་པ་ནི་ཤེས་པ་དང་། སྤོང་བ་དང་། ཚེ་འདི་ལ་བདེ་བར་གནས་པ་ཞེས་བྱ་བར་རིག་པར་བྱའོ། །སློབ་པའི་ཤེས་པ་གང་ཡིན་པ་དང་། ལམ་གང་ཡིན་པ་དང་། རྣམ་པར་གྲོལ་བ་གང་ཡིན་པ་དེ་དག་ནི་བླ་ན་མེད་པ་མ་ཡིན་ཏེ། བླ་

ན་ཡོད་པའི་ཕྱིར་རོ། །དགྲ་བཅོམ་པའི་ལམ་ཐམས་ཅད་ནི་མངོན་པར་ཤེས་པ་སླ་བ་དང་། མྱུར་བར་རིག་པར་བྱ་སྟེ། གནས་ངན་ལེན་ཐམས་ཅད་བཅོམ་པ་དང་བྱ་བ་བྱས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་བརྟེན་པ་འདུ་བྱེད་རྣམས་རབ་ཏུ་
རྣམ་པར་འབྱེད་པ་ན་དུས་གཉིས་སུ་རྣམ་པ་བཞིས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་ན་དུས་གཉིས་ཀྱི་རྗེས་ཐོགས་སུ་ཟག་པ་ཟད་པ་ཐོབ་པར་འགྱུར་ཏེ། དུས་གཉིས་པོ་གང་ཞེ་ན། སོ་སོའི་སྐྱེ་བོའི་ས་དང་། མཐོང་བའི་སའོ། །རྣམ་པ་བཞི་པོ་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་
དང་། གནས་དང་། ཀུན་ནས་སློང་བ་དང་། འབྲས་བུའོ། །དེ་ལ་འཇིག་ཚོགས་ལ་ལྟ་བའི་རང་བཞིན་ནི་འདུ་བྱེད་དོ། །འདུ་བྱེད་རྣམ་པ་ལྔ་ནི་དེའི་བདག་གམ་བདག་གིར་དམིགས་པའི་གནས་ཡིན་ནོ། །ལྟ་བའི་ཉེ་བར་ལེན་པས་བསྡུས་པ་དེའི་ཀུན་ནས་སློང་བ་ནི་མ་རིག་པའི་
འདུས་ཏེ་རེག་པ་ལས་བྱུང་བའི་རྐྱེན་གྱིས་བྱུང་བའི་སྲེད་པའོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་རྣམ་པ་ལྔས་འབྱུང་སྟེ་འདི་ལྟ་སྟེ། ཁམས་སྣ་ཚོགས་ཀྱི་རྐྱེན་གྱིས་ནི་རེག་པ་སྣ་ཚོགས་འབྱུང་ངོ་། །རེག་པ་སྣ་ཚོགས་ཀྱི་རྐྱེན་གྱིས་ནི་ཚོར་བ་སྣ་ཚོགས་འབྱུང་ངོ་། །ཚོར་བ་
སྣ་ཚོགས་ཀྱི་རྐྱེན་གྱིས་ནི་སྲེད་པ་སྣ་ཚོགས་འབྱུང་ངོ་། །སྲེད་པ་སྣ་ཚོགས་ཀྱི་རྐྱེན་གྱིས་ནི་ལེན་པ་སྣ་ཚོགས་འབྱུང་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་མི་རྟག་པའོ། །དེ་ལ་འབྲས་བུ་ནི་དུས་སྐབས་གསུམ་དུ་འཇིག་ཚོགས་ལ་ལྟ་བས་སྒྲིབ་པར་བྱེད་པ་སྟེ། འདི་ལྟ་
སྟེ། བདག་མེད་པ་ལས་བརྩམས་ནས་ཆོས་ལ་རྟོག་པའི་བཟོད་པའི་དུས་དང་། མངོན་པར་རྟོགས་པའི་དུས་དང་། དགྲ་བཅོམ་པ་ཉིད་འཐོབ་པའི་དུས་ཀྱི་ཚེའོ། །དེ་ལ་དུས་གཅིག་ཏུ་ནི་བག་ལ་ཉལ་གྱི་འཇིག་ཚོགས་ལ་ལྟ་བའི་སྒོ་ནས་སོམ་ཉི་ཟ་བ་དང་། ཐེ་ཚོམ་ཅན་དུ་འགྱུར་
རོ། །ཆོས་ལ་རྟོག་པ་ལན་མང་དུ་བྱས་པའི་རྒྱུས་སོམ་ཉི་བསལ་དུ་ཟིན་ཀྱང་མངོན་པར་རྟོགས་པའི་དུས་ན་བསམ་པ་ཐག་པ་ནས་མྱ་ངན་ལས་འདས་པ་ལ་གཏོང་བའི་ཚེ་བག་ལ་ཉལ་གྱི་འཇིག་ཚོགས་ལ་ལྟ་བ་དེ་ཉིད་ཀྱི་སྒོ་ནས་ལོག་པའི་འདུ་བྱེད་ལ་ཡོངས་སུ་བརྟགས་ནས་བདག་ནི་

ཆད་པར་འགྱུར། ཞིག་པར་འགྱུར། མེད་པར་འགྱུར་རོ་ཞེས་མྱ་ངན་ལས་འདས་པ་ལ་ཆད་པར་ལྟ་ཞིང་མེད་པར་ལྟ་བར་འགྱུར་ཏེ། དེས་ན་དེའི་ཡིད་མྱ་ངན་ལས་འདས་པ་ལས་ཕྱིར་ལྡོག་སྟེ་འཇུག་པར་མི་འགྱུར་རོ། །དེ་ཕྱིས་ཉེས་པ་དེ་ལས་སེམས་རྣམ་པར་སྦྱངས་ནས་བདེན་པ་རྣམས་
མངོན་པར་རྟོགས་ཏེ། མངོན་པར་རྟོགས་པ་དང་ལྡན་དུ་ཟིན་ཀྱང་དེ་བག་ལ་ཉལ་གྱི་སྒོ་ནས་ངའོ་སྙམ་པའི་ང་རྒྱལ་གང་ཡིན་པ་དེ་དང་བྲལ་བར་མི་འགྱུར་ཏེ། བརྒྱ་ལ་ལན་འགའ་བརྗེད་ངས་པར་འགྱུར་བས་ང་རྒྱལ་གྱི་ཀུན་ནས་དཀྲིས་པའི་སྒོ་ནས་བདག་གི་བདག་ནི་འདིའོ་སྙམ་དུ་ཡང་དག་
པར་མཐོང་སྟེ། འདི་ལྟ་སྟེ། བདག་ནི་ཆེའོ། །བདག་ནི་མཉམ་མོ། །བདག་ནི་ཆུང་ངོ་སྙམ་མོ། །དེ་ལ་གནས་སྐབས་གཉིས་སུ་ནི་བག་ལ་ཉལ་གྱི་སྟོབས་ཀྱིས་སྒྲིབ་པར་བྱེད་དོ། །གསུམ་པའི་སྐབས་སུ་ནི་བག་ཆགས་ཀྱི་སྟོབས་ཀྱིས་སྒྲིབ་པར་བྱེད་དོ། །འདུ་བྱེད་རྣམས་ནི་རྒྱུ་
རྣམ་པ་གསུམ་གྱིས་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སྔོན་གྱི་ལས་དང་ཉོན་མོངས་པའི་སྟོབས་དང་། སྨོན་ལམ་གྱི་སྟོབས་དང་། ད་ལྟར་བྱུང་བའི་རྒྱུ་དང་རྐྱེན་གྱི་སྟོབས་སོ། །དེ་ལ་སོ་སོའི་སྐྱེ་བོའི་ས་ལ་ནི་ཡོངས་སུ་ཤེས་ནས་མཐོང་བའི་སའི་རྗེས་ཐོགས་སུ་མཐོང་བས་སྤང་བར་བྱ་
བའི་ཟག་པ་རྣམས་ཟད་པ་འཐོབ་པར་འགྱུར་རོ། །མཐོང་བའི་ས་ལ་ནི་ཡོངས་སུ་ཤེས་ཤིང་སྤང་བ་བྱས་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་རྗེས་ཐོགས་སུ་ཟག་པ་རྣམས་ཟད་པ་ཐོབ་པར་འགྱུར་རོ། །འདུ་བྱེད་རྣམས་ལ་ནི་རྣམ་པ་ལྔས་ཚུལ་བཞིན་དུ་འདྲི་ཞིང་ལན་འདེབས་ཏེ། ལྔ་གང་ཞེ་ན།
རང་བཞིན་དང་། ལྡོག་པ་དང་འཇུག་པའི་རྩ་བ་དང་། ལྡོག་པ་དང་འཇུག་པ་དང་། ལྡོག་པ་དང་། འཇུག་པའི་ཐབས་སོ། །དེ་ལ་རང་བཞིན་ནི་རྣམ་པ་ལྔ་སྟེ་གཟུགས་ལ་སོགས་པའོ། །དེ་ལ་ལྡོག་པ་དང་འཇུག་པའི་རྩ་བ་ནི་འདུན་པ་སྟེ། དགེ་བའི་ཆོས་ལ་འདུན་པ་ཡན་ཆད་ཟག་པ་
ཟད་པ་ཐོབ་པའི་བར་གང་ཡིན་པ་སྟེ། འདི་ནི་ལྡོག་པའི་རྩ་བའོ། །འདུན་པ་ནས་བཟུང་སྟེ། ཀྱེ་མ་བདག་ནི་སྐལ་བ་ངན་པ་རྣམས་ནས་ཚངས་རིས་པ་རྣམས་ཀྱི་བར་དུ་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་སྙམ་སྟེ། དེར་སེམས་ཀྱང་ཀུན་དུ་བསྟེན་ཅིང་བསྒོམ་ལ་མང་དུ་བྱེད་དེ་དེ་ནས་དེར་སྐྱེ་བར་འགྱུར་

བ་གང་ཡིན་པ་འདི་ནི་འཇུག་པའི་རྩ་བའོ། །དེ་ལ་ལྡོག་པ་ནི་འདུ་བྱེད་རྣམས་ལ་འདུན་པ་དང་འདོད་ཆགས་ཀྱི་ཉེ་བར་ལེན་པ་ཙམ་སྤངས་པའི་ཕྱིར་རོ། །གལ་ཏེ་འདུ་བྱེད་རྣམས་ཉེ་བར་ལེན་པ་ཡིན་དུ་ཟིན་ན་ནི་ལྡོག་པ་མེད་པར་ཡང་མི་འགྱུར་ཏེ། དགྲ་བཅོམ་པ་ལ་ཡང་འདུ་
བྱེད་ཡོད་པའི་ཕྱིར་རོ། །གལ་ཏེ་འདུ་བྱེད་རྣམས་ལ་ཉེ་བར་ལེན་པ་ཐ་དད་པ་ཞིག་ཡིན་ན་ནི་དེས་འདུས་མ་བྱས་སུ་འགྱུར་ཏེ། འདུས་མ་བྱས་ཡིན་པས་རྟག་པར་ཡང་འགྱུར་ལ་དེ་ལྟ་ན་ནི་ལྡོག་པར་ཡང་མི་འགྱུར་རོ། །དེ་བས་ན་ཉེ་བར་ལེན་པ་ནི་འདུ་བྱེད་རྣམས་ཀྱི་ཕྱོགས་གཅིག་བཟུང་
བ་ཡིན་ཏེ། དེའི་ཕྱོགས་གཅིག་ཀུན་དུ་སྤྱོད་པ་གཏན་སྤངས་པས་ལྡོག་ཏུ་བཏུབ་པོ། །དེ་ལ་འཇུག་པ་ནི་ཡང་སྲིད་པར་སྐྱེ་བའི་རྒྱུ་དང་། རྣམ་པ་དང་། ད་ལྟར་བྱུང་བའི་རྒྱུའོ། །དེ་ལ་ཡང་སྲིད་པར་སྐྱེ་བའི་རྒྱུ་ནི་ཇི་ལྟར་འདི་ན་ཁ་ཅིག་ཕྱི་མ་ལ་སྨོན་ནས་ལས་བྱེད་པར་འགྱུར་ཏེ། །མ་
འོངས་པའི་དུས་སུ་བདག་འདུ་བྱེད་འདི་ལྟ་བུ་ཞིག་དང་ལྡན་པར་གྱུར་ཅིག་སྙམ་སྟེ། དེས་ཡང་སྲིད་པར་སྐྱེ་བའི་འདུ་བྱེད་རྣམས་ཀྱི་རྒྱུ་ཡང་ཕངས་པར་འགྱུར་ལ་ད་ལྟར་བྱུང་བ་རྣམས་ཀྱང་མ་སྤངས་ཏེ། དེ་ལྟར་ན་འདུ་བྱེད་རྣམས་ཀྱི་བྱེ་བྲག་ཡོད་དོ། །དེ་ལ་རྣམ་པ་ནི་འདུ་བྱེད་དུ་གཏོགས་
པ་རྣམ་པ་བཅུ་གཅིག་པོ་རྣམས་ཡིན་ཏེ་སྔ་མ་བཞིན་དུ་རིག་པར་བྱའོ། །འདི་ལ་ད་ལྟར་བྱུང་བའི་རྒྱུ་ནི་འདི་ལྟ་སྟེ། འབྱུང་བའི་རྒྱུ་ལས་བྱུང་བའི་གཟུགས་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་པོ་རྣམས་ལ་བརྟེན་ནས་རེག་པའི་རྐྱེན་གྱིས་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་འབྱུང་བ་དང་
མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་བའོ། །དེ་ལ་འཇུག་པའི་ཐབས་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདུ་བྱེད་རྣམས་ལ་ངའོ་སྙམ་པའི་ང་རྒྱལ་དང་། རོ་མྱོང་བར་བྱེད་པ་གང་ཡིན་པ་དང་། བདག་དང་བདག་གིར་ལྟ་བ་གང་ཡིན་པའོ། །དེ་ལ་ལྡོག་པའི་
ཐབས་ནི་འདུ་བྱེད་རྣམས་ལ་ངའོ་སྙམ་པའི་ང་རྒྱལ་མེད་པ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་དང་། བདག་དང་བདག་གིར་མི་ལྟ་བ་གང་ཡིན་པའོ། །དེ་ལ་འཇུག་པའི་ཐབས་ནི་མཐུན་མཐུན་དུ་མ་རིག་པ་དང་སྲེད་པའི་ཕྱོགས་སུ་གཏོགས་པར་རིག་པར་བྱའོ། །དེའི་གཉེན་

པོ་ལས་ནི་ལྡོག་པའི་ཐབས་སོ། །ཉན་ཐོས་མི་མཁས་པ་ནི་རྒྱུ་གཉིས་ཀྱིས་སྟོན་པའི་བསྟན་པ་ལས་འདས་ནས་སྡིག་པའི་ལྟ་བར་ལྟུང་བའམ། ཚིག་ཏུ་སྨྲ་བ་དང་། ཀུན་རྫོབ་ཀྱི་བདེན་པ་ལ་རྣམ་པར་རྨོངས་པ་དང་། དོན་དམ་པའི་བདེན་པ་ལ་རྣམ་པར་རྨོངས་པར་འགྱུར་རོ། །དེ་དེ་
ལྟར་རྣམ་པར་རྨོངས་པས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ལས་གཅིག་ཏུ་ངེས་པར་འདས་པ་དང་། དོན་དམ་པའི་བདེན་པའི་ཚུལ་ལས་གཅིག་ཏུ་ངེས་པར་འདས་ནས་འདུ་བྱེད་རྣམས་ཀྱི་འཇུག་པ་ལ་ཚུལ་བཞིན་མ་ཡིན་པར་རྟོག་པར་བྱེད་དོ། །འཕགས་པ་འབའ་ཞིག་བཞེད་ན་སྟོན་པར་
མཛད་པ་ནི་གནས་གསུམ་ཡོད་དོ། །བྱིས་པ་སོ་སོའི་སྐྱེ་བོ་ནི་དེ་ལྟ་མ་ཡིན་ཏེ་གཞན་ལས་ཐོས་པ་ཉི་ཚེའོ། །འདི་ལྟ་སྟེ། འདུ་བྱེད་རྣམས་ལ་བདག་དང་བདག་གིར་མེད་པར་མཐོང་བར་བདག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། གང་ལ་བརྟེན་པས་ངའོ་སྙམ་པའི་ང་རྒྱལ་
འཇུག་པ་དེ་སྤངས་ན་ཡང་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་སྤངས་པ་ཡང་སྟོན་པ་དང་། འཇུག་པའི་རྟེན་མེད་དུ་ཟིན་ཀྱང་ངའོ་སྙམ་པའི་ང་རྒྱལ་མ་སྤངས་པས་ཇི་ལྟར་ཀུན་དུ་སྤྱོད་པ་ཇི་ལྟ་བུ་ཡིན་པ་སྟོན་ཏོ། །དེ་ལ་འདུ་བྱེད་རྣམས་ལ་ངའོ་སྙམ་པའི་ང་རྒྱལ་ནི་རྣམ་པ་གཉིས་ཏེ།
མངོན་པར་ཞེན་པས་ཀུན་དུ་སྤྱོད་པ་དང་། བརྗེད་ངས་པས་ཀུན་དུ་སྤྱོད་པའོ། །དེ་ལ་མངོན་པར་ཞེན་པས་ཀུན་དུ་སྤྱོད་པ་ནི་འཕགས་པས་སྤངས་ཏེ་ཀུན་དུ་མི་སྤྱོད་དོ། །གཉིས་པ་ནི་བག་ལ་ཉལ་གྱི་སྒོ་ནས་སྤྱོད་དེ། འཇིག་ཚོགས་ལ་ལྟ་བ་སྤངས་སུ་ཟིན་ཀྱང་འཕགས་པའི་ལམ་
ལེགས་པར་མ་བསྒོམས་པའི་ཕྱིར་ཀུན་དུ་སྤྱོད་དོ། །དེ་ནི་འཇིག་ཚོགས་ལ་ལྟ་བའི་བག་ཆགས་ཙམ་དང་འབྲེལ་བའི་ཚུལ་གྱིས་བརྗེད་ངས་པས་ཀུན་དུ་སྤྱོད་པའི་ངའོ་སྙམ་པའི་ང་རྒྱལ་གྱིས་རྟེན་གྱི་བྱ་བ་བྱེད་དོ། །དེ་བས་ན་སྤངས་ཀྱང་ཀུན་དུ་སྤྱོད་པ་ཡོད་དོ། །དེ་ལ་འཕགས་པ་ནི་རང་གི་
མཚན་ཉིད་ཀྱི་སྒོ་ནས་འདུ་བྱེད་རྣམས་ཡིད་ལ་བྱེད་པ་ན་ཡང་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་སྤྱོད་པར་མི་འགྱུར་ན་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ལྟ་ཅི་སྨོས། གདགས་པའི་སྒོ་ནས་ཡིད་ལ་བྱེད་པ་ན་ཡང་དྲན་པ་ཉེ་བར་གནས་ན་ནི་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་མི་སྤྱོད་དོ། །གདགས་པ་ཉིད་ཡིད་ལ་བྱེད་པ་

ན་དྲན་པ་ཉེ་བར་གནས་པ་མེད་ན་ནི་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་སྤྱོད་པར་འགྱུར་རོ། །སོ་སོའི་སྐྱེ་བོ་ནི་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་འདུ་བྱེད་རྣམས་ཡིད་ལ་བྱེད་པ་ན་ཡང་སེམས་ཀྱི་རྒྱུད་ངའོ་སྙམ་པའི་ང་རྒྱལ་གྱིས་རྣམ་པར་འདྲེས་ན་གནས་སྐབས་གཞན་དག་ལ་ལྟ་ཅི་སྨོས།
དེ་ལ་འཕགས་པའི་རྒྱུད་ལ་ནི་འཇིག་ཚོགས་ལ་ལྟ་བ་བག་ལ་ཉལ་དང་ཀུན་ནས་དཀྲིས་པའི་སྒོ་ནས་སྤངས་པ་ཡིན་ནོ། །བག་ཆགས་དང་འབྲེལ་པའི་སྒོ་ནས་ནི་སློབ་པས་མ་སྤངས་སོ། །ངའོ་སྙམ་པའི་ང་རྒྱལ་ནི་བག་ལ་ཉལ་དང་ཀུན་ནས་དཀྲིས་པའི་སྒོ་ནས་ཀྱང་མ་སྤངས་སོ། །
དེ་ལ་ངའོ་སྙམ་དུ་འདུན་པ་གང་ཡིན་པ་དེ་ནི་ང་རྒྱལ་གྱིས་ཀུན་ནས་དཀྲིས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བརྗེད་ངས་ཤིང་འདོད་པ་དང་སྙོམས་པར་འཇུག་པའི་རོ་མྱང་བས་འཕྲོག་པ་དེ་ནི་འདུན་པའི་སྒོ་ནས་ངའོ་སྙམ་པའི་ང་རྒྱལ་གྱིས་ཀུན་ནས་དཀྲིས་པ་ཀུན་ཏུ་སྤྱོད་དོ། །དེ་ཡང་
དེས་བག་ལ་ཉལ་གྱི་སྒོ་ནས་མ་སྤངས་ལ་ཀུན་ནས་དཀྲིས་པའི་སྒོ་ནས་ཡོངས་སུ་མ་ཤེས་ཏེ་འདི་ལྟར་དེ་དེའི་ཚེ་བརྗེད་ངས་པར་འགྱུར་རོ། །འགོག་པར་མ་གྱུར་པ་ནི་ཀུན་ནས་དཀྲིས་པ་དང་བྲལ་དུ་ཟིན་ཀྱང་ཡང་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །ཟད་པར་མ་བྱས་པ་ནི་དེའི་བག་ལ་ཉལ་ཡང་དག་པར་མ་བཅོམ་
པའི་ཕྱིར་རོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཀུན་ཏུ་དགའ་བར་བྱ་བའི་དྲི་བ་ནི་རྣམ་པ་གཉིས་ཏེ། ནད་པ་དྲི་བ་དང་། བདེ་བ་དྲི་བའོ། །དེ་ལ་ནད་པ་དྲི་བ་ནི་ཅི་ཁྱོད་ཚོར་བ་དུབ་པས་བཟོད་པར་གྱུར་ཏམ་ཞེས་བྱ་བ་དང་། སྲོག་དང་མཐུན་པའི་
ཕྱིར་སྡོད་པ་དང་། ཅི་སྡུག་བསྔལ་གྱི་ཚོར་བ་ཤས་ཆེ་བར་མ་གྱུར་ཏམ། རྒྱུན་ཆགས་པར་མ་གྱུར་ཏམ། མི་སྡུག་པའི་འདུས་ཏེ་རེག་པ་དང་། ཡིད་དང་མི་མཐུན་པ་རྣམས་ལུས་སུ་ཞུགས་པར་མ་གྱུར་ཏམ། ཞུགས་པ་ལས་ཀྱང་མེད་པར་སོང་ངམ་ཞེས་བྱ་བའོ། །དེ་ལ་བདེ་བ་དྲི་བ་ནི་
འདི་ལྟར་འདི་ན་ཁ་ཅིག་ཁ་ཅིག་ལ་ནད་ཀྱིས་ཉོན་མོངས་པར་མ་གྱུར་པའི་ཕྱིར་གནོད་པ་ཆུང་ངམ་ཞེས་དྲི་བའོ། །ཕྱི་རོལ་གྱི་གནོད་པ་མེད་པ་དང་ཡང་ཡམས་ཀྱི་ནད་ལས་གྱུར་པ་མེད་པའི་ཕྱིར་ཉམ་ང་བ་ཉུང་བའོ། །མཚན་མོ་བདེ་བར་གཉིད་ཀྱིས་ལོག་པ་དང་། ཁ་ཟས་བདེ་བར་ཞུ་བར་གྱུར་པའི་ཕྱིར་

བསྐྱོད་པ་ཡང་བའོ། །འཚོ་བ་དང་། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་གནས་པའི་རྣམ་གྲངས་རྣམས་ཀྱི་དབྱེ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་ཟས་ཀྱི་ཚོད་རིག་པར་བྱ་བ་ལས་བརྩམས་པ་བཞིན་ནོ། །དྲི་བ་དེ་ཡང་གནས་སྐབས་
རྣམ་པ་བཞིར་གཏོགས་པར་རིག་པར་བྱ་སྟེ། ནང་གི་གནོད་པར་གཏོགས་པ་དང་། ཕྱི་རོལ་གྱི་གནོད་པར་གཏོགས་པ་དང་། མཚན་མོ་གནས་པར་གཏོགས་པ་དང་། ཉིན་མོ་གནས་པར་གཏོགས་པའོ། །དགྲ་བཅོམ་པ་ཚེ་འདི་ཉིད་ལ་ཁ་ཟས་དང་ཐ་སྙད་དང་། ཕུང་པོ་དང་།
ཁམས་དང་སྐྱེ་མཆེད་རྣམས་ལ་ཉེ་བར་མི་འགྲོ་བ་དང་བྲལ་བ་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མ་ཤེས་ནས་དགྲ་བཅོམ་པ་ནི་ཉེ་བར་མི་འགྲོ་བའོ། །དགྲ་བཅོམ་པ་ནི་ཉེ་བར་མི་འགྲོ་བའོ་ཞེས་བྱ་བ་ལ་ཚུལ་བཞིན་མ་ཡིན་པར་རྟོག་པར་བྱེད་དེ། དགྲ་བཅོམ་པ་ནི་ཚེ་འདི་ལ་ཉེ་བར་མི་
འགྲོ་བ་མ་ཡིན་ཏེ་འདི་ལྟར་དེ་ནི་ཁ་ཟས་དང་། ཐ་སྙད་དང་། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་དག་པར་སྣང་བས་ན། དེའི་ཕྱིར་དགྲ་བཅོམ་པ་ནི་ཤི་བའི་འོག་ཏུ་གདོད་ཉེ་བར་མི་འགྲོ་སྟེ། དགྲ་བཅོམ་པ་ནི་འདུ་བྱེད་རྣམས་ཁས་མི་ལེན་ཞིང་ཉེ་བར་མི་འགྲོའོ་ཞེས་བྱ་
བ་ནི་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པ་གོར་མ་ཆག་གོ་སྙམ་སྟེ། དེ་ནི་དམ་པའི་ཆོས་ལྟར་བཅོས་པ་དང་ལྟ་བར་གྱུར་པར་རིག་པར་བྱའོ། །ཚངས་པ་མཚུངས་པར་སྤྱོད་པའམ་ཉན་ཐོས་ཆེན་པོ་ནི་དམ་པའི་ཆོས་ལྟར་འཆོས་པ་དེ་ལྟ་བུར་གྱུར་པ་སྤངས་པའི་ཕྱིར་དོན་གྱི་དབང་རྣམ་
པ་གཉིས་ལ་བརྟེན་ནས་ཤིན་ཏུ་འབད་པར་བྱེད་དེ། གང་ཟག་དེ་དག་ཉིད་ཀྱིས་འདོད་པའམ་གཞན་དག་ལ་ཡང་སྟོན་པར་བྱེད་པའི་རྒྱུ་འདིས་འགྲོ་བ་ངན་པར་སྐྱེ་བར་གྱུར་ན་མི་རུང་ངོ་སྙམ་པ་དང་། བསྟན་པ་ལ་དགའ་བའི་སྒོ་ནས་དམ་པའི་ཆོས་ལྟར་བཅོས་པ་ལ་བརྟེན་པས་བསྟན་པ་ནུབ་པར་
འགྱུར་ན་མི་རུང་ངོ་སྙམ་པའོ། །དམ་པའི་ཆོས་ལྟར་བཅོས་པ་དེ་སྐྱེ་བ་ལ་ནི་རྒྱུ་གཉིས་ཡོད་དེ། ནང་གི་འཇིག་ཚོགས་ལ་ལྟ་བ་མ་སྤངས་པ་དང་། དེ་ལ་བརྟེན་པས་འཇུག་པ་དང་ལྡོག་པའི་སྐྱེས་བུར་རྟོག་པའོ། །རྒྱུ་རྣམ་པ་དེ་གཉིས་སྤང་བ་ལ་ནི་གཉེན་པོ་དམ་པའི་ཆོས་བསྟན་པ་རྣམ་

པ་གཉིས་ཡོད་དེ། འདུ་བྱེད་རྣམས་ལ་མི་རྟག་པ་ཉིད་ཀྱི་གོ་རིམས་ཀྱིས་བདག་མེད་པར་བསྟན་པ་དང་། བསྒྱུར་བ་བཞིས་འཇུག་པ་དང་ལྡོག་པའི་སྐྱེས་བུ་མི་དམིགས་པ་སྟེ། འདི་ལྟ་སྟེ། འདུས་བྱས་སམ་འདུས་མ་བྱས་ཀྱི་སྒོ་ནས་ཉན་ཐོས་དང་རང་སངས་
རྒྱས་དང་། སངས་རྒྱས་ཀྱི་བདག་ནི་དེ་བཞིན་འོངས་པ་ཞེས་བྱ་བའོ། །དེ་ཡང་རྣམ་པ་གཉིས་སུ་འདོགས་ཏེ་ཕུང་པོའི་ལྷག་མ་དང་བཅས་པ་ལ་ནི་འདུས་བྱས་སུ་འདོགས་སོ། །ཕུང་པོའི་ལྷག་མ་མེད་པ་ལ་ནི་འདུས་མ་བྱས་སུ་འདོགས་སོ། །དོན་དམ་པར་ནི་འདུས་བྱས་
ལ་ཡང་འདུས་བྱས་ཀྱིས་གདགས་སུ་མེད་དོ། །འདུས་མ་བྱས་ལ་ཡང་འདུས་མ་བྱས་ཀྱིས་གདགས་སུ་མེད་དོ། །དམ་པའི་ཆོས་བསྟན་པ་དེས་ཁོང་དུ་ཆུད་པ་རྣམ་པ་དྲུག་བསྐྱེད་ན་དམ་པའི་ཆོས་ལྟར་བཅོས་པ་སྤངས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། དགྲ་བཅོམ་པ་དེའི་
ཕུང་པོར་བསྡུས་པའི་འདུ་བྱེད་དུ་གཏོགས་པ་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་མི་རྟག་པར་ཁོང་དུ་ཆུད་པ་དང་། ཚེ་འདི་ལ་ན་བ་དང་། རྒ་བ་དང་སྡུག་བསྔལ་བའི་གནས་སུ་གྱུར་པའི་ཕྱིར་སྡུག་བསྔལ་བ་ཉིད་ཁོང་དུ་ཆུད་པ་དང་། རང་གི་ངང་གིས་འགག་པ་དང་། སྤོང་བའི་ཁམས་
དང་། འདོད་ཆགས་དང་བྲལ་བའི་ཁམས་དང་། འགོག་པའི་ཁམས་ལ་འགོག་པ་དང་། རྣམ་པར་ཞི་བ་དང་། བསིལ་བ་དང་། ནུས་པར་ཁོང་དུ་ཆུད་པའོ། །དེ་ལྟར་ཁོང་དུ་ཆུད་པ་དེ་ལ་ནི་ལོག་པའི་མངོན་པའི་ང་རྒྱལ་དང་ལྡན་པའི་དགྲ་བཅོམ་པའི་འདུ་ཤེས་གང་ཡིན་པ་དེ་ཡང་མི་
འབྱུང་ན་ཤི་བའི་འོག་ཏུ་དེ་ཉེ་བར་འགྲོ་བ་དང་། ཉེ་བར་མི་འགྲོ་བར་ལྟ་སྤྲོས་པར་ག་ལ་བྱེད། འཇིག་ཚོགས་ལ་ལྟ་བ་མ་སྤངས་པ་ལ་ནི་ཉེས་དམིགས་གཉིས་ཡོད་པར་རིག་པར་བྱ་སྟེ། གསོད་པ་པོ་བཞིན་དུ་སྡུག་བསྔལ་བར་བྱེད་པའི་འདུ་བྱེད་རྣམས་ལ་བདག་གམ་བདག་གིར་ཁས་ལེན་
པ་ནི་དེ་དག་གིས་དེ་འཁོར་བ་ན་སྡུག་བསྔལ་བར་བྱེད་པར་འགྱུར་བ་དང་། ཚེ་འདི་ལ་ཡང་འཕགས་པའི་ཤེས་རབ་བླ་ན་མེད་པའི་སྲོག་གི་དབང་པོ་འགག་པར་བྱེད་དེ། དཔེར་ན་མི་ལ་ལ་ཞིག་ལ་འཁོན་ཡོད་པའི་མི་ཞིག་ཡོད་པས་མཐུས་བསད་མི་ནུས་པར་རང་གིས་ཤེས་ནས་བསད་པའི་ཕྱིར་

ཡིད་རྟོན་དུ་གཞུག་པ་སྔོན་དུ་གཏང་བས་ཡིད་དུ་འོང་བ་ཀུན་ཏུ་སྤྱོད་དེ། དེ་ཡིད་རྟོན་པར་གྱུར་པར་ཤེས་ནས་སྲོག་དང་བྲལ་བར་བྱེད་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཡང་འཁོན་པའི་མི་ལྟ་བུའི་འཇིག་ཚོགས་ལ་ལྟ་བས་ཕྱི་མ་ལ་སྡུག་བསྔལ་བར་བྱ་བའི་ཕྱིར། ཡིད་དུ་འོང་བའི་འདུ་བྱེད་ལ་ཆགས་
པ་དང་ལྡན་པར་ཀུན་དུ་སྤྱོད་ལ་སོ་སོའི་སྐྱེ་བོ་རྨོངས་པ་དེ་ཡང་གསོད་པར་བྱེད་པའི་འཇིག་ཚོགས་ལ་ལྟ་བ་ལ་ཕན་ཡོན་དུ་ལྟ་བའི་ཉེས་པར་ལྟ་བར་མི་བྱེད་དེ་དེ་ལ། དེ་ལྟར་ཡིད་བརྟན་པར་གྱུར་པས་འཕགས་པའི་ཤེས་རབ་ཀྱི་སྲོག་གི་དབང་པོ་དེ་ལས་མ་ཐོབ་པ་ཡོངས་སུ་ཉམས་པར་འགྱུར་བའི་སྒོ་ནས་
རབ་ཏུ་ཉམས་པར་བྱེད་དོ། །འདི་གཉིས་ནི་འདི་ལས་ཕྱི་རོལ་པ་རྣམས་ཆོས་འདུལ་བ་ལ་ཐེ་ཚོམ་ཟ་བ་དང་རྨོངས་པར་འགྱུར་བའི་གནས་ཡིན་ཏེ། གཉིས་གང་ཞེ་ན། དེ་བཞིན་གཤེགས་པ་ནི་ཡོད་པ་དང་མེད་པར་ལྟ་བ་ཡང་སྤོང་ལ། ཉན་ཐོས་ཀྱང་ཤི་བའི་འོག་ཏུ་ཁ་ཅིག་ནི་མངོན་པར་
འགྲུབ་པར་འགྱུར། ཁ་ཅིག་ནི་མངོན་པར་འགྲུབ་པར་མི་འགྱུར་བར་ལུང་སྟོན་པ་གང་ཡིན་པ་དང་། དོན་དམ་པར་ཚེ་འདི་དང་ཚེ་ཕྱི་མ་ལ་བདག་རྟག་པར་མི་དམིགས་པ་དང་། སྟོན་པ་གསུམ་སྟེ། རྟག་པར་སྨྲ་བ་དང་། ཆད་པར་སྨྲ་བ་དང་། དེ་བཞིན་གཤེགས་པ་ཡོད་པར་ཐུགས་སུ་
ཆུད་པ་གང་ཡིན་པའོ། །སོམ་ཉི་ཟ་བ་དང་། རྨོངས་པ་དེའི་རྒྱུ་ནི་རྣམ་པ་གཉིས་ཏེ། དམ་པའི་ཆོས་ལྟར་བཅོས་པ་བཞིན་དུ་རིག་པར་བྱའོ། །དེ་སྤང་བར་བྱ་བ་ཡང་དེ་བཞིན་ཏེ་བསྟན་པ་རྣམ་པ་གཉིས་ཡིན་ནོ། །བདག་མེད་པའི་ཆོས་འདི་ནི་རྒྱུ་གཉིས་ཀྱིས་འདི་ལས་ཕྱི་རོལ་པས་འཇུག་
པར་དཀའ་བ་དང་། རྟོགས་པར་དགའ་བ་ཡིན་ཏེ། འདི་ལྟ་སྟེ། དེ་ནི་རང་བཞིན་གྱིས་ཀྱང་རྟོགས་པར་དཀའ་བ་དང་། དེ་ཇི་ལྟ་བའི་ཚུལ་གྱིས་རྟོགས་པར་སླ་བ་ལྟར་དེ་དག་དེ་དང་མི་འདྲའོ། །དེ་ལ་མི་སླུ་བའི་དོན་དང་། རྟོགས་པའི་དོན་དང་ཐུན་མོང་མ་ཡིན་པའི་དོན་གྱིས་ན་རང་བཞིན་གྱིས་འཇུག་པར་དཀའོ། །
ཟབ་པ་ཡིན་ལ་ཟབ་པ་ཉིད་དུ་སྣང་བའི་ཕྱིར་འདི་ནི་མི་སླུ་བའི་དོན་ཏོ། །བདག་ཉིད་ཀྱིས་མཐོང་བར་དཀའ་ལ་གཞན་གྱི་སྒྲ་ལས་ནི་བཀའ་འཁོར་དུ་ཁོང་དུ་ཆུད་པའི་ཕྱིར་འདི་ནི་རྟོགས་པའི་དོན་ཏོ། །རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་རྟོག་གེ་བས་བརྟག་མི་ནུས་པའི་ཕྱིར་འདི་ནི་ཐུན་མོང་མ་ཡིན་པའི་དོན་

ཏོ། །ཆོས་འདི་ནི་ཞིབ་མོ་མཁས་པ་དང་མཛངས་པའི་བརྟགས་པས་རིག་པར་བྱ་བ་ཡིན་ཏེ། རྣམ་གྲངས་འདི་དག་ཀྱང་འདི་ལྟ་སྟེ། རྣམ་གྲངས་བསྡུ་བ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པས་གསུངས་པའི་དོན་ནི་རྣམ་པ་གཉིས་
ཀྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་ཤེས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ལུང་དང་རྟོགས་པས་སོ། །དེ་ལ་ལུང་ནི་སོ་སོའི་སྐྱེ་བོའི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་བོ། །རྟོགས་པ་ནི་སློབ་པ་དང་མི་སློབ་པའི་ཤེས་རབ་སྟེ། དེའི་ཕྱི་ནས་ཐོབ་པ་འཇིག་རྟེན་
པའིའོ། །དེ་ལ་གསུངས་པའི་དོན་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་མི་ཤེས་ལ་ང་རྒྱལ་ཡང་ང་རྒྱལ་ཡིན་པར་མངོན་པར་མ་རྟོགས་ཤིང་། མི་སྤོང་བ་ནི་སོ་སོའི་སྐྱེ་བོ་བདག་ཏུ་མི་ལྟ་བ་ཡིན་ནོ། །དེ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་དོན་ཀུན་ཤེས་ཤིང་ང་རྒྱལ་ཡང་ང་རྒྱལ་ཡིན་པར་མངོན་པར་
རྟོགས་ལ་སྤོང་པར་ནི་མི་བྱེད་པ་ནི་སློབ་པའོ། །ཐམས་ཅད་བྱེད་པ་ནི་མི་སློབ་པའོ། །འདི་ལ་དེ་བཞིན་གཤེགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་མོད་ཀྱི་དེ་གཉི་གའི་ཚུལ་གྱིས་ལན་གདབ་ཏུ་མི་རུང་ལ་གནོད་པ་དང་བཅས་
པར་གཟིགས་ན་ལན་མི་འདེབས་ཤིང་ཞལ་གྱིས་མི་བཞེས་ཏེ་ཤི་ཕན་ཆད་ཡོད་པར་འགྱུར་བ་དང་མེད་པར་འགྱུར་བ་དང་། གཉི་གར་འགྱུར་བ་དང་། གཉི་གར་མི་འགྱུར་བ་ལྟ་བུའོ། །དེ་ལ་དེ་བཞིན་གཤེགས་པ་དེ་ལྟར་ཡེ་ཤེས་གཟིགས་པ་སྔོན་དུ་བཏང་སྟེ། ལན་མི་འདེབས་
པ་ལ་མི་མཁྱེན་པ་ཙམ་དུ་འཛིན་པ་གང་ཡིན་པ་དེ་དག་ནི་དེའི་ལྟ་བ་དང་ལྡན་པའི་མི་ཤེས་པ་ཡིན་པར་མངོན་པར་རིག་པར་བྱའོ། །འདི་གཉིས་ནི་འདུ་བྱེད་རྣམས་ཀྱི་རྣམ་པར་འགྱུར་བ་ཡིན་ཏེ། རྒ་བའི་རྣམ་པར་འགྱུར་བ་ནི་ཇི་ལྟར་འདི་ན་ཁ་ཅིག་རྒས་པར་གྱུར་ཏེ། སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་
པ་སྟེ་དེ་བས་ན་ལུས་ན་བ་ཞེས་བྱའོ། །སེམས་ཀྱི་ཡིད་མི་བདེ་བའི་རྣམ་པར་འགྱུར་བ་ནི་གང་གིས་སེམས་ན་བ་ཞེས་བྱ་བར་འགྱུར་བའོ། །དེ་ལ་དང་པོའི་རྣམ་པར་འགྱུར་བ་ལ་ནི་བྱིས་པ་དང་མཁས་པ་རྣམས་ཀྱིས་དགའ་མགུར་བྱར་མེད་དོ། །གཉིས་པ་ལ་ནི་མཁས་པ་རྣམས་ཀྱི་ནི་ཡོད་

ལ་བྱིས་པ་རྣམས་ཀྱི་ནི་མེད་དོ། །དེ་ལ་བྱིས་པ་ནི་ལུས་ན་བར་གྱུར་ན་སེམས་ན་བར་ཡང་ངེས་པར་འགྱུར་རོ། །མཁས་པ་ནི་ལུས་ན་བར་གྱུར་ཀྱང་སེམས་ན་བར་མི་འགྱུར་ཏེ། དེ་བས་ན་འདི་ནི་འདིར་བྱིས་པ་དང་མཁས་པའི་ཁྱད་པར་ཡིན་ནོ། །ལེགས་པར་བཟུང་བའི་ཆོས་ཞེས་བྱ་བ་ནི་
ཐོས་པ་དང་བསམས་པའོ། །ལེགས་པར་ཡིད་ལ་བྱས་ཞེས་བྱ་བ་ནི་བསྒོམས་པའོ། །ལེགས་པར་བསྟེན་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཡོད་པའི་སྒོ་ནས་སོ། །ལེགས་པར་ཁོང་དུ་ཆུད་ཅེས་བྱ་བ་ནི་ཇི་སྙེད་ཡོད་པའི་སྒོ་ནས་སོ། །ཉན་ཐོས་རྣམས་ནི་རྣམ་པ་གཉིས་ཀྱིས་འདི་ལྟ་སྟེ། ཉེ་བར་
ལེན་པ་ཐམས་ཅད་སྤོང་བ་ཡོངས་སུ་ཤེས་པ་གསུང་བའི་སྟོན་པ་ཡང་དག་པར་དྲིས་པ་ལ་ལེན་འདེབས་པར་བྱེད་དེ། གཉིས་གང་ཞེ་ན། གང་ལ་ཉེ་བར་ལེན་པ་ཐམས་ཅད་སྤོང་བ་ཡོངས་སུ་ཤེས་པ་གསུང་བ་དང་གང་གི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པ་ནི་འདུ་བྱེད་ཐམས་ཅད་ལ་སྤོང་
བ་ཡོངས་སུ་ཤེས་པ་གསུང་ངོ་། །ཉེ་བར་ལེན་པ་མ་སྤངས་པ་ལ་ཉེས་དམིགས་རྣམ་པ་གསུམ་ཡང་དག་པར་གཟིགས་ལ་སྤངས་པ་ལ་ནི་ཕན་ཡོན་རྣམ་པ་གསུམ་ཡང་དག་པར་གཟིགས་སོ། །དེ་ལ་འདུ་བྱེད་རྣམས་ལ་ཉེ་བར་ལེན་པ་དང་བཅས་པ་ལ་ནི་འདུ་བྱེད་རྣམ་པར་འགྱུར་བ་ན་མྱ་ངན་ལ་
སོགས་པ་སྐྱེ་བར་འགྱུར་ཏེ། དེ་བས་ན་འདི་ནི་ཉེས་དམིགས་དང་པོས་ཏེ་འདུ་བྱེད་ཐོབ་པ་རྣམ་པར་འགྱུར་བ་ལས་གྱུར་པ་ཡིན་ནོ། །གཞན་ཡང་འདུ་བྱེད་རྣམས་ལ་ཉེ་བར་ལེན་པ་དང་བཅས་པའི་འདུ་བྱེད་རྣམས་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་བ་ལ་ཞུགས་པ་ན་མི་དགེ་བ་རྣམ་པ་དུ་མ་མང་པོ་
རྣམ་པ་སྣ་ཚོགས་ཀུན་དུ་སྤྱོད་དེ། དེས་ན་དེ་ཡོངས་སུ་ཚོལ་བ་དེ་དང་། མི་དགེ་བ་དེ་ལ་བརྟེན་ནས་སྡུག་བསྔལ་རྣམ་པ་བཞི་ལ་གནས་པར་འགྱུར་ཏེ། འདི་ལྟ་སྟེ། མངོན་དུ་བྱུང་ཞིང་ཉེ་ལ་རབ་ཏུ་ཉེ་བ་དང་། འབྱུང་བ་ཉེ་བར་གནས་པར་གྱུར་པ་དང་། གཞན་གྱིས་གནོད་པའི་དབང་གིས་བྱུང་བ་
དང་། བདག་གིས་ཀུན་ནས་ཉོན་མོངས་པའི་དབང་གིས་བྱུང་བ་སྟེ། འདི་ནི་ཉེས་དམིགས་གཉིས་པའོ། །དེས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་འགྲོར་འགྲོ་བར་འགྱུར་བ་འདི་ནི་ཉེས་དམིགས་གསུམ་པ་ཡིན་པར་རིག་པར་

བྱའོ། །དེ་ལས་བཟློག་པ་ནི་ཉེ་བར་ལེན་པ་ཐམས་ཅད་སྤངས་པའི་ཕན་ཡོན་གསུམ་ཡིན་ཏེ། མཐུན་མཐུན་དུ་རིག་པར་བྱའོ། །འཕགས་པའི་གང་ཟག་རྣམ་པ་གསུམ་གྱི་ལྟ་བ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ནི་སྡུག་བསྔལ་རྣམ་པ་གསུམ་ལས་ཡང་དག་པར་འདའ་བར་
འགྱུར་བ་ཡིན་པར་རིག་པར་བྱའོ། །འཕགས་པའི་གང་ཟག་རྣམ་པ་གསུམ་པོ་གང་ཞེ་ན། ལྟ་བ་ཕུན་སུམ་ཚོགས་པའི་སོ་སོའི་སྐྱེ་བོ་བདག་མེད་པའི་བཟོད་པ་ལ་གནས་པ་དང་། བདེན་པ་མཐོང་བ་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པའི་སློབ་པ་འབྲས་བུ་ཐོབ་ཅིང་མངོན་པར་རྟོགས་པ་དང་
ལྡན་པ་དང་། ཐ་མ་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ཀྱི་མཐར་ཐུག་པའོ། །ལྟ་བ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ནི་ཟག་པ་མེད་པ་དང་མཐུན་པའི་ཟག་པ་དང་བཅས་པ་སྟེ་གང་ཟག་དང་པོའི་དང་། ཟག་པ་མེད་པ་ཤིན་ཏུ་རྣམ་པར་དག་པ་མ་ཡིན་པ་དང་། ཤིན་ཏུ་རྣམ་པར་དག་པ་
སྟེ། དེ་དག་ཀྱང་ཇི་སྐད་བསྟན་པའི་གང་ཟག་རྣམས་དང་གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ། །སྡུག་བསྔལ་རྣམ་པ་གསུམ་པོ་གང་དག་ལས་ཡང་དག་པར་འདའ་བར་འགྱུར་ཞེ་ན། ལྟ་བ་ཕུན་སུམ་ཚོགས་པ་དང་པོས་ནི་འདི་ལས་ཕྱི་རོལ་པའི་ལྟ་བའི་ཉེས་རྩོམ་ལས་བྱུང་བའི་སྡུག་
བསྔལ་ལས་ཡང་དག་པར་འདའ་བར་འགྱུར་རོ། །གཉིས་པས་ནི་ངན་སོང་གི་སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར་རོ། །གསུམ་པས་ནི་ཡང་སྲིད་པར་སྐྱེ་བའི་སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར་རོ། །དེ་ལ་འདི་ལས་ཕྱི་རོལ་པ་རྣམས་ཀྱི་ལྟ་བའི་ཉེས་རྩོམ་ལས་བྱུང་
བའི་སྡུག་བསྔལ་གང་ཞེ་ན། ཆོས་འདུལ་བ་འདི་ལས་ཐ་དད་པའི་མུ་སྟེགས་ཅན་གྱི་འཇིག་རྟེན་གྱི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་གང་ཡིན་པ་དེ་དག་ནི་ཡིན་ཏེ། འདི་ལྟ་སྟེ། བདག་ཏུ་སྨྲ་བ་རྣམས་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པར་ལྡན་པ་རྣམས་དང་། རྟག་
པར་སྨྲ་བ་རྣམས་དང་། ཁ་ཅིག་རྟག་པར་སྨྲ་བ་རྣམས་དང་། རྒྱུ་མེད་པར་སྨྲ་བ་རྣམས་དང་། མཐའ་དང་མཐའ་མེད་པར་སྨྲ་བ་རྣམས་དང་། ཆད་པར་སྨྲ་བ་རྣམས་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བར་སྨྲ་བ་རྣམས་ཀྱིས་དང་། སེམས་ཅན་དུ་སྨྲ་བ་རྣམས་དང་། མཚུངས་པར་ལྡན་པ་

རྣམས་ནི་འདི་ལྟ་སྟེ། ལོག་པར་ལྟ་བ་རྣམས་ཀྱིས་སེམས་ཅན་སྐྱེ་བ་མེད་དོ་ཞེས་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་རྣམས་དང་། སྲོག་ཏུ་སྨྲ་བ་རྣམས་ཀྱིས་སྲོག་ཏུ་སྨྲ་བ་དང་མཚུངས་པར་ལྡན་པ་འདི་ལྟ་སྟེ། སྲོག་དེ་ཉིད་ལུས་དེ་ཡིན་ཞེས་བྱ་བ་ལ་སོགས་པ་དང་། ལྟས་དང་བཀྲ་
ཤིས་སྨྲ་བ་དང་མཚུངས་པར་ལྡན་པ་རྣམས་ནི་འདི་ལྟ་སྟེ། སྐར་མཁན་དང་། མོ་མཁན་རྣམས་ཀྱི་བཟླས་བརྗོད་དང་སྦྱིན་སྲེག་ལ་སོགས་པས་སྡུག་པའི་ཡུལ་འཐོབ་པ་ལ་ལྟས་བསྐྱེད་ཅིང་གནོད་པ་སེལ་བ་དང་། དེ་བཞིན་དུ་མཚན་མ་དང་། བཀྲ་ཤིས་དང་། བཀྲ་མི་ཤིས་པ་རྣམས་ཀྱི་
ལྟས་བསྐྱེད་པའོ། །དེ་དག་ཀྱང་གང་ཞེ་ན། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་རྟོག་པ་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་ལ་བརྟེན་ནས་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་པོ་གང་ཡིན་པ་རྣམས་དང་། ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བའོ། །དེའི་ཉེས་རྩོམ་ལས་བྱུང་
བའི་སྡུག་བསྔལ་གང་ཞེ་ན། དེ་དག་ཕན་ཚུན་ལྟ་བ་དང་འདོད་པ་མི་མཐུན་པར་སྨྲ་བ་རྣམས་ཀྱི་ཡིད་མི་བདེ་བའི་སྡུག་བསྔལ་དང་། ཡོངས་སུ་འཛིན་པའི་སྡུག་བསྔལ་དང་། མཐོས་པ་དང་དམས་པའི་སྡུག་བསྔལ་དང་ལྷག་པར་ཆགས་པའི་སྡུག་བསྔལ་ལོ། །དེ་ལ་ཕམ་པ་རྣམས་མྱ་ངན་
བྱེད་པ་ནི་སྡུག་བསྔལ་དང་པོའོ། །ཕ་རོལ་ཕམ་པར་བྱ་བ་དང་། རང་གི་ལྟ་བའི་ཕྱོགས་བརྟན་ཞིང་འཕེལ་བར་བྱ་བ་དང་། གཞན་དག་གི་འཆབ་པ་དང་། ངའི་ལྟ་བ་འདི་འབའ་ཞིག་དག་པ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ་ཞེས་ལོག་པར་ལྟ་བས་ཡོངས་སུ་འཛིན་པར་འགྱུར་བ་རྣམས་ཀྱི་ཡོངས་སུ་
འཛིན་པ་ལས་བྱུང་བའི་རྒྱུས་རྟོག་པ་ངན་པ་རབ་ཏུ་མ་ཞི་བ་རྣམ་པ་དུ་མས་སེམས་སྣད་པར་གྱུར་པའི་ཕྱིར་དེ་དག་ལྟ་བས་ཡོངས་སུ་འཛིན་པའི་སྒོ་ནས་གཞན་རྣམས་དང་བདག་ཡོངས་སུ་འཇལ་ཞིང་བདག་ཆེའོ་སྙམ་པ་ནས་བདག་ཆུང་ངོ་སྙོམ་པའི་བར་དུ་རློམ་སེམས་སུ་བྱེད་ཅིང་དེ་དག་བདག་ཉིད་ནི་
མཐོ་བར་བྱེད། གཞན་དག་ནི་བཤུང་བར་བྱེད་པ་འདི་ནི་དེ་དག་གི་མཐོས་པ་དང་དམས་པའི་སྡུག་བསྔལ་ཡིན་ནོ། །དེ་དག་དེ་རྣམས་ལ་བརྟེན་ནས་རྙེད་པ་དང་བཀུར་སྟིའི་ཕྱིར་རྣམ་པར་རྒྱུ་ཞིང་ཡོངས་སུ་ཚོལ་བའི་སྡུག་བསྔལ་གྱིས་ཀྱང་ཐེབས་པར་འགྱུར་ལ་གཞན་ལ་ཀླན་ཀ་བཙལ་བ་དང་།

གནོད་པར་བྱ་བའམ། བདག་ཉིད་རྩོད་པ་ལས་ཐར་བར་བྱ་བའི་ཕྱིར་སྤུངས་སྐྱེད་པར་བྱེད་པ་འདི་ནི་དེ་དག་གི་ལྷག་པར་ཆགས་པའི་སྡུག་བསྔལ་ཞེས་བྱའོ། །ལྟ་བའི་ཉེས་རྩོམ་ལས་བྱུང་བའི་སྡུག་བསྔལ་རྣམ་པ་བཞི་པ་དེ་དག་ཀྱང་ཆོས་འདི་པ་སོ་སོའི་སྐྱེ་བོའི་ཚེ་བདག་མེད་པ་ལ་
མོས་པ་ལ་བློ་ཙམ་གནས་པས་སྤངས་པར་རིག་པར་བྱ་སྟེ། འདི་ལྟར་དེ་ནི་ཕྱི་མ་ལ་ཡང་བསམ་པ་ཐག་པ་ནས་ལྟ་བར་གྱུར་པ་འདི་རྣམས་ལེན་པར་འགྱུར་བའི་རྒྱུ་མ་ཡིན་ནོ། །དེ་དེ་ལྟར་ལྟ་བ་ཕུན་སུམ་ཚོགས་པ་དང་པོ་ལ་གནས་པ་ན་དང་པོའི་སྡུག་བསྔལ་ལས་ཡང་དག་པར་འདས་ནས་
ལྟ་བ་ཕུན་སུམ་ཚོགས་པ་དེ་ཉིད་ལན་མང་དུ་བྱས་པས་ནང་གི་འདུ་བྱེད་དུ་གཏོགས་པ་ཡང་གཅིག་ཏུ་བསྡུས་ནས། ཆོས་ཤེས་པ་དང་ལྐོག་ཏུ་གྱུར་པའི་རྗེས་སུ་ཤེས་པ་གཞན་གྱི་དྲིང་མི་འཇོག་པའི་ཤེས་པས་འདི་ལྟ་སྟེ། མི་རྟག་པ་ཉིད་ཀྱི་རྣམ་པའམ། གང་ཡང་རུང་བ་ཞིག་ཏུ་མངོན་པར་
རྟོགས་ཏེ་དེའི་ཚེ་ལྟ་བ་ཕུན་སུམ་ཚོགས་པ་གཉིས་པ་ཡང་ཐོབ་ལ་སྡུག་བསྔལ་གཉིས་པ་ལས་ཀྱང་ཡང་དག་པར་འདས་སོ། །དེ་དེ་ལ་གནས་ནས་ཇི་ལྟར་ཐོབ་པའི་བྱང་ཆུབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་སུམ་ཅུ་རྩ་བདུན་པོ་བསྒོམས་པས་སྔ་མ་བཞིན་དུ་ལས་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་
རྣམ་པ་བཞི་སྤངས་ནས་ལྟ་བ་ཕུན་སུམ་ཚོགས་པ་ཐ་མ་ཡང་འཐོབ་ལ་ཡང་སྲིད་པར་སྐྱེ་བའི་སྡུག་བསྔལ་ལས་ཀྱང་ཡང་དག་པར་འདའ་བར་འགྱུར་རོ། །དེ་ལ་གང་ཟག་དང་པོའི་ནི་སྡུག་བསྔལ་རྣམ་པ་གཉིས་དང་། ད་ལྟར་བྱུང་བའི་ཕུང་པོའི་སྡུག་བསྔལ་གྱི་ལྷག་མ་ཡོད་དོ། །གཉིས་པའི་ནི་རྣམ་པ་
གཅིག་དང་ཕུང་པོའི་སྡུག་བསྔལ་གྱི་ལྷག་མ་ཡོད་དོ། །གསུམ་པའི་ནི་ཐམས་ཅད་སྤངས་ཏེ་ཕུང་པོའི་སྡུག་བསྔལ་གྱི་ལྷག་མ་ཙམ་ཞིག་རེ་ཞིག་ཡོད་དོ། །དེ་ལ་རྣམ་པར་བརྟག་པའི་འཇིག་ཚོགས་ལ་ལྟ་བའི་སྒོ་ནས་རྣམ་པ་ཉི་ཤུ་རྣམ་པར་གཞག་པ་ཡིན་གྱི་ལྷན་ཅིག་སྐྱེས་པའི་སྒོ་ནས་ནི་མ་ཡིན་ནོ། །
ཆོས་འདི་པ་ལ་ནི་ས་གང་ཡིན་པ་དེ་ནི་བདག་ཡིན་ལ་བདག་གང་ཡིན་པ་དེ་ནི་ས་ཡིན་ནོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ་དེ་ལྟ་བུའི་རྣམ་པའི་ཟད་པར་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་མེད་པར་རིག་པར་བྱའོ། །ལྔ་པོ་འདི་དག་ནི་འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན་རྣམས་ཀྱི་བྱིས་པའི་རྟགས་ཡིན་

ཏེ་དེ་དག་གིས་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །འདི་ལས་ཕྱི་རོལ་པ་ནི་མཁས་སུ་ཟིན་ཀྱང་རང་བཞིན་གྱིས་མཁས་པའི་ང་རྒྱལ་ཅན་ཡིན་ནོ། །མི་མཁས་པ་ལྟ་ཅི་སྨོས་ཏེ། འདི་ནི་བྱིས་པའི་རྟགས་དང་པོའོ། །གཞན་ཡང་ཕྱི་རོལ་པ་ནི་ཕལ་ཆེར་རྙེད་པ་འདོད་པ་དང་བཀུར་སྟི་འདོད་
པ་དང་། བདག་བསྟོད་པ་དང་། གཞན་སྨོད་པའོ། །གཞན་ཡང་ཕྱི་རོལ་པ་ནི་འཕགས་པ་རྣམས་ཀྱི་དམ་པའི་ཆོས་བསྟན་པ་ཡང་དག་པའི་གདམས་ངག་བསྟན་ཅིང་རྗེས་སུ་བསྟན་པ་ལ་མི་མཐུན་པར་བྱེད་ཅིང་སྨོད་པར་བྱེད་པའོ། །གཞན་ཡང་ཕྱི་རོལ་པ་ནི་དམ་པའི་ཆོས་ལྟར་བཅོས་པ་སྨྲ་བ་
པོ་བདག་ཉིད་ཀྱང་འདོད་ལ་གཞན་དག་ལ་ཡང་སྟོན་པའོ། །གཞན་ཡང་འདི་ལས་ཕྱི་རོལ་པ་ནི་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་ཚར་བཅད་ཅིང་ཆོས་འདུལ་བ་འདི་ལེགས་པར་གསུངས་པ་ཡིན་པར་ཁོང་དུ་ཆུད་དུ་ཟིན་ཀྱང་བདག་ཉིད་ཀྱི་ཉེས་པར་བཤད་པའི་
དབང་དུ་བྱས་ནས་ཐ་ན་དཔྱད་པའི་འདབ་ཙམ་གྱི་ཕྱིར་ཡང་སྒྲུབ་པར་མི་བྱེད་པ་འདི་ནི་བྱིས་པའི་རྟགས་ལྔ་པའོ། །དེ་བཞིན་གཤེགས་པ་ནི་ཡན་ལག་རྣམ་པ་དྲུག་དང་ལྡན་པས་སྨྲ་བའི་སེང་གེ་བླ་ན་མེད་པ་ཞེས་བྱ་སྟེ། དྲུག་གང་ཞེ་ན། ཐོག་མ་ཁོ་ནར་རྒོལ་བ་འོངས་ན་ཇི་ཙམ་དགོས་པར་དྲི་བ་
རྣམས་ཀྱི་སྐབས་འབྱེད་པར་མཛད་པ་དང་། རྩོད་པར་བཞེད་པའི་ཕྱིར་རྩོད་པ་རྩོམ་པར་མཛད་པ་ནི་མ་ཡིན་གྱི་སེམས་ཅན་ལ་ཐུགས་བརྩེ་བ་འབའ་ཞིག་གི་ཕྱིར་དང་མི་དགའ་བ་རྣམས་དགའ་བར་བྱ་བ་དང་། དགའ་བ་རྣམས་ཕྱིར་ཞིང་བསྐྱེད་པར་བྱ་བའི་ཕྱིར་དང་། དེ་རྩོད་པ་མཛད་པ་ན་ཡང་
དབང་པོ་རྣམས་རབ་ཏུ་ཞི་ཞིང་འགྱུར་བ་མེད་པ་དང་། དེ་ལ་བག་ཚ་བའི་འཇིགས་པ་བག་ཆགས་ཀྱི་འབྲེལ་པ་ཙམ་ཡང་མེད་པ་དང་། དེ་ལ་ལྷར་བཅས་པའི་འཇིག་རྟེན་གྱིས་ཚར་བཅད་དུ་མེད་པ་དང་། དེས་ལན་གྱི་རྣམ་པ་གཅིག་བཏབ་པ་ལས་འདའ་བར་ནུས་པ་འགའ་ཙམ་ཡང་མེད་དེ་
ལན་དང་པོ་བཏབ་བ་ཁོ་ནས་ཚར་གཅོད་པར་འགྱུར་བ་དང་། ཤིན་ཏུ་མཁས་ཤིང་འཇིགས་པ་མེད་པ་ཡང་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་རྩོད་པ་རྩོམ་པ་ན་སྤོབས་པ་ཡང་རྡུགས་པར་འགྱུར་ལ་བག་ཚ་བའི་འཇིགས་པ་ཡང་ཤས་ཆེར་འབྱུང་བར་འགྱུར་བ་དང་། གཡོ་བའི་རྩོད་པ་ཐམས་ཅད་

ཀྱི་སྒོ་ནས་ཀྱང་གཡོ་བྱ་བར་མི་ནུས་པ་དང་། འཁོར་འདུས་ཤིང་འཁོད་པ་གཟུ་བོར་འདུག་པ་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ལ་ནི་རྒྱལ་བར་འགྱུར་བའི་སེམས་ཉེ་བར་འཇོག་ལ་རྒོལ་བ་ལ་ནི་ཕམ་པར་འགྱུར་བའི་སེམས་ཉེ་བར་འཇོག་པ་དང་། དེ་དག་དེ་བཞིན་
གཤེགས་པའི་གསུང་ལ་ནི་བརྩན་པར་འཛིན་ལ་རྒོལ་བའི་ཚིག་ལ་ནི་བརྩན་པར་མི་འཛིན་པའོ། །སྨྲ་བ་ནི་འདི་གཉིས་ཏེ། གཉིས་གང་ཞེ་ན། བདག་ཏུ་སྨྲ་བ་དང་། བདག་མེད་པར་སྨྲ་བའོ། །དེ་ལ་བདག་མེད་པར་སྨྲ་བ་ནི་སྟོབས་དང་ལྡན་ལ་བདག་ཏུ་སྨྲ་བ་ནི་སྟོབས་ཆུང་བ་ཡིན་ཏེ། རྟག་ཏུ་
བདག་མེད་པར་སྨྲ་བས་བདག་ཏུ་སྨྲ་བ་ཟིལ་གྱིས་གནོན་ཏོ། །སྨྲ་བ་པོ་སྟོབས་ཆུང་བ་ལས་གྱུར་པ་ནི་མ་གཏོགས་སོ། །བདག་ཏུ་སྨྲ་བ་གང་ཞེ་ན། ཇི་ལྟར་འདི་ན་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། གཟུགས་ལ་སོགས་པའི་འདུ་བྱེད་རྣམས་ལ་བདག་གནས་ཏེ། དེ་དག་གིས་
ན་འདུ་བྱེད་དང་ལྡན་ནོ། །འདུ་བྱེད་དེ་དག་ཀྱང་དེའི་བདག་གིས་ཡིད་ལ་དེ་དག་ཏུ་ཡང་ཞི་ཞིང་ཆུད་ལ་ཁོངས་སུ་གཏོགས་ཏེ་ཡན་ལག་དང་ཡན་ལག་གི་རྗེས་སུ་འབྲང་བར་གྱུར་པས་ན་དེའི་ཕྱིར་བདག་ནི་གཟུགས་ལ་སོགས་པའི་འདུ་བྱེད་ཀྱི་བདག་ཉིད་ཡིན་ནོ་སྙམ་མོ། །དེ་ཞིང་པ་ཞིང་ལ་ཇི་ལྟ་
བ་བཞིན་དུ་འདུ་བྱེད་ཞིང་དང་འདྲ་བ་དེ་དག་ལ་བརྟེན་ནས་ཞིང་བླས་དང་འདྲ་བའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་སྐྱེ་བར་འགྱུར་ལ། རྩྭ་དང་སྨན་དང་། ཤིང་དང་འདྲ་བའི་སྡུག་པ་དང་མི་སྡུག་པའི་འབྲས་བུ་ཉམས་སུ་མྱོང་བའི་ཕྱིར་ན་དེ་ལ་བདག་ཏུ་སྨྲ་བ་ཞེས་བྱའོ། །བདག་མེད་
པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་གཉིས་ཏེ། བདག་ཏུ་སྨྲ་བ་སུན་འབྱིན་པ་དང་བདག་མེད་པར་སྨྲ་བ་སྒྲུབ་པའོ། །དེ་ལ་སུན་འབྱིན་པ་ནི་གལ་ཏེ་བདག་སྡུག་པ་དང་མི་སྡུག་པའི་ལས་ལ་རང་དབང་ཡོད་པ་ཞིག་ཡིན་ན་བདག་ནི་རྟག་ཏུ་བདེ་བ་འདོད་ལ་སྡུག་བསྔལ་བ་དང་མི་མཐུན་པས་དེའི་ཕྱིར་
བསོད་ནམས་འབའ་ཞིག་སྐྱེ་བའི་བསོད་ནམས་མ་ཡིན་པ་ནི་མི་སྐྱེ་བའི་རིགས་སོ། །སྡུག་པ་ཉེ་བར་གནས་པ་ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམ་པར་འགྱུར་ཞིང་གཞན་དུ་འགྱུར་བ་ལས་དེའི་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་ཡང་འབྱུང་བའི་མི་རིགས་ཏེ། བདག་བརྟགས་པས་ཆེད་དུ་

བསྒྲུབས་པ་གང་ཡིན་པ་དེས་རྟག་ཏུ་གནས་པར་འགྱུར་ཞིང་དེ་ཁོ་ན་བཞིན་དུ་མི་འགྱུར་བའི་རིགས་ན་དེ་ཁོ་ན་ལྟར་ཡང་མི་འདུག་པ་འདི་ནི་སུན་འབྱིན་པའོ། །བསྒྲུབ་པ་ནི་གང་གི་ཕྱིར་འདུ་བྱེད་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས་ན་དེའི་ཕྱིར་བསོད་ནམས་ཀྱི་རྐྱེན་རྣམས་ཡོད་པ་ལས་
བསོད་ནམས་སྐྱེ་བ་དང་། དེ་ལས་བཟློག་པ་ལས་བསོད་ནམས་མ་ཡིན་པ་སྐྱེ་བ་ཡོད་ལ་རྐྱེན་དེ་ལས་སྡུག་པ་དང་། མི་སྡུག་པའི་འབྲས་བུ་འབྱུང་བ་དེ་ཡང་རྐྱེན་ལ་རག་ལས་པའི་ཕྱིར་མི་རྟག་སྟེ། རྒྱུ་དང་འབྲས་བུ་ཙམ་དུ་གཏོགས་པའི་འདུ་བྱེད་ཀྱི་རྒྱུན་ཡོད་པ་ལ་བདག་ལ་སོགས་པ་གདགས་
སུ་རུང་ངོ་། །དོན་དམ་པར་ནི་ཆོས་ཐམས་ཅད་བདག་མེད་པ་ཡིན་ཏེ་དེ་བས་ན་འདི་ནི་བསྒྲུབ་པའོ། །སློབ་པ་ལས་ནི་རྣམ་པ་ལྔས་མི་སློབ་པ་ཁྱད་པར་དུ་འཕགས་ཏེ་མི་སློབ་པ་ནི་ཤེས་པ་བླ་ན་མེད་པ་དང་ལྡན་པ་ཡིན་ལ་སློབ་པའི་ཤེས་པ་ནི་བླ་ན་ཡོད་པའོ། །ཤེས་པ་བླ་ན་ཡོད་པ་ཇི་ལྟ་བ་དེ་
བཞིན་དུ་ལམ་དང་རྣམ་པར་གྲོལ་བ་ཡང་བླ་ན་མེད་པར་རིག་པར་བྱའོ། །འཕགས་པའི་ཡེ་ཤེས་ཀྱི་མིག་ཤིན་ཏུ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་མཐོང་ལ། སློབ་པས་ནི་དེ་ལྟ་མ་ཡིན་ནོ། །ནན་ཏན་དུ་སྒྲུབ་པ་ཤིན་ཏུ་ཡོངས་སུ་རྫོགས་པས་དེ་བཞིན་གཤེགས་པ་ལ་བསྙེན་
བཀུར་བྱེད་ལ་སློབ་པ་ནི་དེ་ལྟ་མ་ཡིན་ཏེ། དེ་བས་ན་འདི་ནི་རྣམ་པ་ལྔ་པའོ། །གཞི་བསྡུ་བ་ལས་འདུ་བྱེད་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་སྟེ། བསྡུ་བ་དང་པོ་རྫོགས་སོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་བདུན་པ། སྤྱི་སྡོམ་ནི། རྣམ་གཞག་ཤེས་
པ་མཚུངས་པ་དང་། །འདོད་ཆགས་བྲལ་བ་ཐ་མ་ཡིན། །སྡོམ་ནི། རྣམ་པར་གཞག་དང་རྣམ་དབྱེ་དང་། །རྨོངས་པ་དང་ནི་རྨོངས་པ་མེད། །གདམས་ངག་དང་ནི་རྣམ་པར་གྲོལ། །ཉོན་མོངས་ལས་རྣམས་རྒྱས་པ་ཡིན། །ཚོར་བ་ནི་རྣམ་པ་ལྔར་རྣམ་པར་གཞག་པར་རིག་པར་བྱ་སྟེ།
རང་བཞིན་དང་། རྟེན་དང་། དམིགས་པ་དང་། གྲོགས་དང་། རྗེས་སུ་འབྲང་བའོ། །དེ་ལ་རང་བཞིན་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །དེའི་རྟེན་ནི་རྣམ་པ་དྲུག་སྟེ། མིག་དང་། རྣ་བ་

དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དོ། །དམིགས་པ་ནི་དྲུག་གོ། །གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གྲོགས་ནི་འདུ་ཤེས་དང་། སེམས་པ་དང་། གཞན་ཡང་སེམས་ལས་བྱུང་བའི་ཆོས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་གང་
དག་དེ་དང་མཚུངས་པར་ལྡན་པ་རྣམས་སོ། །རྗེས་སུ་འབྲང་བ་ནི་དེ་དང་མཚུངས་པར་ལྡན་པའི་སེམས་གང་ལ་ཚོར་བ་རྣམ་པ་གསུམ་ཆར་དང་ཡང་མགོ་མཉམ་དུ་སྐྱེ་ཞིང་འགག་པའི་རྟེན་བྱེད་པའི་ཚུལ་གྱིས་རྗེས་སུ་འབྲང་བའོ། །ཚོར་བ་རྣམ་པ་ལྔ་པོ་རྣམ་པར་གཞག་པ་འདི་རབ་ཏུ་དབྱེ་བ་ནི་
རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། ནང་གི་སྐྱེ་མཆེད་ཀྱི་བྱེ་བྲག་དང་། ཕྱི་རོལ་གྱི་སྐྱེ་མཆེད་ཀྱི་བྱེ་བྲག་དང་། རྣམ་པར་ཤེས་པའི་ཚོགས་དྲུག་གི་བྱེ་བྲག་དང་། རེག་པའི་ཚོགས་དྲུག་གི་བྱེ་བྲག་དང་། ཚོར་བའི་ཚོགས་དྲུག་གི་བྱེ་བྲག་དང་། འདུ་ཤེས་ཀྱི་ཚོགས་དྲུག་གི་བྱེ་བྲག་དང་།
སེམས་པའི་ཚོགས་དྲུག་གི་བྱེ་བྲག་དང་། སྲེད་པའི་ཚོགས་དྲུག་གི་བྱེ་བྲག་གོ། །གསུམ་འདུས་པའི་དོན་གྱིས་ནི་རྣམ་པ་གསུམ་དུ་དབྱེ་བར་རིག་པར་བྱའོ། །ཚོར་བའི་རྒྱུའི་དོན་གྱིས་ནི་བཞི་པའོ། །གསུམ་འདུས་ནས་རེག་པའི་འབྲས་བུའི་དོན་གྱིས་ནི་ལྔ་པའོ། །ཚོར་བ་ཡོངས་སུ་
བཅད་པའི་རྗེས་ལ་ཐ་སྙད་འདོགས་པའི་དོན་གྱིས་ནི་དྲུག་པ་སྟེ། འདི་ལྟར་ཚོར་བ་ནི་བདེ་བ་དང་སྡུག་བསྔལ་བ་འདི་ལྟ་བུ་ཞིག་བདག་གིས་ཉམས་སུ་མྱོང་ངོ་སྙམ་དུ་འདུ་ཤེས་པ་དང་། གཞན་དག་ལ་ཡང་རྗེས་སུ་ཐ་སྙད་འདོགས་པ་ལྟ་བུའོ། །ལས་དང་ཉོན་མོངས་པའི་ཀུན་ནས་
ཉོན་མོངས་པའི་དོན་གྱིས་ནི་བདུན་པ་དང་བརྒྱད་པའི་རབ་ཏུ་དབྱེ་བར་རིག་པར་བྱའོ། །ཚོར་བ་དང་ཕྲད་པ་དང་འབྲལ་བར་བྱ་བའི་ཕྱིར་ནི་སེམས་པས་མངོན་པར་འདུ་བྱེད་དོ། །ཇི་ཙམ་དུ་སེམས་པས་མངོན་པར་འདུ་བྱེད་པ་དེ་ཙམ་དུ་སྲེད་པས་འདོད་ཅིང་སྨོན་པར་བྱེད་དོ། །ཐམས་ཅད་ནི་རྣམ་པ་
གཉིས་ཏེ་ཕྱོགས་གཅིག་གི་ཐམས་ཅད་དང་ཐམས་ཅད་ཀྱི་ཐམས་ཅད་དོ། །དེ་ལ་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་ནི་ཕྱོགས་གཅིག་གི་ཐམས་ཅད་ཀྱི་དབང་དུ་བྱས་ནས་བརྗོད་པ་ཡིན་ཏེ། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ཡིན་གྱི། འདུས་མ་བྱས་ནི་མ་ཡིན་ནོ། །ཆོས་ཐམས་ཅད་

བདག་མེད་པ་ཞེས་བྱ་བ་ནི་འདིར་ཐམས་ཅད་ཀྱི་ཐམས་ཅད་ལ་བྱ་བར་རིག་པར་བྱའོ། །བརྗེད་ངས་པ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། རང་བཞིན་དང་རྒྱུ་དང་འབྲས་བུའོ། །དེ་ལ་རང་བཞིན་ནི་ད་ལྟར་བྱུང་བའི་དུས་ན་ནི་ཀུན་ནས་དཀྲིས་པས་བརྗེད་ངས་ལ། ཚེ་ཕྱི་མ་ལ་ནི་བག་ལ་
ཉལ་གྱིས་བརྗེད་ངས་པའི་ཆོས་ཅན་དུ་འགྱུར་བའོ། །དེ་ལ་བརྗེད་ངས་པའི་རྒྱུ་ནི་ཚོར་བ་རྣམ་པར་གཞག་པར་རྣམ་པ་ལྔ་ལ་མི་རྟག་པ་ལ་སོགས་པར་ཁོང་དུ་མ་ཆུད་པ་དང་། ལུས་ཐམས་ཅད་ཀྱི་ཐོག་མ་དང་། བར་དང་ཐ་མར་ཡོངས་སུ་ཉོན་མོངས་པའི་སྒོ་ནས་སྐྱེ་བ་དང་། རྒ་བ་དང་། ན་
བ་དང་། འཆི་བའི་ཆོས་ཅན་ཡིན་པར་ཁོང་དུ་མ་ཆུད་པ་སྟེ། དེ་ལ་དང་པོར་ནི་སྐྱེ་བས་ཡོངས་སུ་ཉོན་མོངས་སོ། །བར་དུ་ནི་ན་བས་ཡོངས་སུ་ཉོན་མོངས་སོ། །ཐ་མར་ནི་རྒ་བ་དང་། འཆི་བ་གཉིས་ཀྱིས་ཡོངས་སུ་ཉོན་མོངས་སོ། །དེ་ལ་བརྗེད་ངས་པའི་འབྲས་བུ་ནི་མྱ་ངན་ལ་སོགས་
པའི་སྡུག་བསྔལ་དང་། སྲེད་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པའོ། །བརྗེད་ངས་པ་མེད་པ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། རང་བཞིན་དང་། བར་དུ་གཅོད་པ་དང་། སྒྲིབ་པའོ། །དེ་ལ་རང་བཞིན་ནི་ཚོར་བ་རྣམ་པར་གཞག་པ་རྣམ་པ་ལྔའི་རང་གི་མཚན་ཉིད་དང་། སྤྱིའི་
མཚན་ཉིད་ཁོང་དུ་ཆུད་པ་སྟེ། དེ་ཡང་ཉོན་མོངས་པ་སྤང་བར་བྱ་བ་དང་། བདེན་པ་མངོན་པར་རྟོགས་པར་བྱ་བ་དང་། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བའི་ཕྱིར་རོ། །དེ་ལ་བརྗེད་ངས་པའི་བར་དུ་གཅོད་པ་ནི་བདུད་བཞི་པོ་རྣམས་ཡིན་ཏེ། ཕུང་པོའི་བདུད་ནི་ཐམས་ཅད་དུ་
རྗེས་སུ་འབྲེལ་པའི་ཕྱིར་རོ། །ལྷའི་བུའི་བདུད་ནི་དུས་དུས་སུ་བར་ཆད་བྱེད་པའི་ཕྱིར་རོ། །འཆི་བ་དང་ཉོན་མོངས་པའི་བདུད་གཉིས་ནི་འཆི་འཕོ་དང་། སྐྱེ་བ་ལས་བྱུང་བའི་སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར་རོ། །དེ་ལ་བརྗེད་ངས་པའི་སྒྲིབ་པ་ནི་ཡུལ་ལྐོག་ཏུ་གྱུར་པ་ལ་དམིགས་
པའི་ཉོན་མོངས་པ་དང་ཡུལ་ལྐོག་ཏུ་གྱུར་པ་མ་ཡིན་པ་ལ་དམིགས་པའམ། ཀུན་ནས་དཀྲིས་པའམ། བག་ལ་ཉལ་ལོ། །སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ནི་རྣམ་པ་གསུམ་གྱིས་སློབ་མ་རྣམས་ལ་ཡང་དག་པའི་གདམས་ངག་སྦྱིན་པར་རིག་པར་བྱ་སྟེ།

འདི་ལྟ་སྟེ། བསྡུ་བའི་གདམས་ངག་དང་། དམིགས་པ་ལ་མཐུན་མཐུན་དུ་འཛུད་པ་དང་། རང་གི་དོན་ཐོབ་པར་བྱེད་པ་སྟེ། དེ་དག་ཀྱང་ཆོ་འཕྲུལ་རྣམ་པ་གསུམ་དང་གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ། །རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱ་
བའི་ཤེས་རབ་ནི་རྣམ་པ་གཉིས་ཀྱིས་ཡང་དག་པར་བཙལ་བར་བྱ་སྟེ། ཚུལ་བཞིན་དུ་ཐོས་པ་དང་བསམ་པ་ཁྱད་པར་ཅན་གྱི་ཤེས་རབ་སློབ་པའི་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དང་། སློབ་པའི་ཁྱད་པར་ཅན་གྱི་ཤེས་རབ་མི་སློབ་པའི་རྣམ་པར་གྲོལ་བ་ཡོངས་
སུ་སྨིན་པར་བྱེད་པ་གང་ཡིན་པའོ། །སེམས་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པ་ནི་རྣམ་པ་གཉིས་ཏེ། སློབ་པ་དང་མི་སློབ་པའོ། །དེ་ལ་སློབ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པ་གང་ཡིན་པའོ། །མི་སློབ་པ་ནི་དེ་ཡན་ཆད་ཡིན་པར་རིག་པར་བྱའོ། །དགེ་སློང་སེམས་རྣམ་པར་
གྲལ་བ་ལ་ཞུགས་པ་ལ་ནི་ཆོས་ལྔ་དབེན་པ་ཡིན་ཏེ། ལྔ་གང་ཞེ་ན། ཡང་དག་པའི་གདམས་ངག་དང་། ཞི་གནས་ཀྱི་ཡན་ལག་དང་། ལྷག་མཐོང་གི་ཡན་ལག་དང་། རྟག་ཏུ་གུས་པར་བྱེད་པ་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་བོ། །དེ་ལ་ཡང་དག་པའི་
གདམས་ངག་ནི་ཡང་དག་པའི་མཛའ་བཤེས་རྣམ་པ་གསུམ་གྱིས་ཕྱེ་བ་སྟེ། སྟོན་པ་དང་། སློབ་དཔོན་ནམ་བླ་མ་དང་འདྲ་བའི་ཚངས་བ་མཚུངས་པར་སྤྱོད་པ་དང་། ཁྱིམ་པ་མཁས་པ་ཆོས་འདི་པ་རྣམས་སོ། །འདི་དག་ནི་མཛའ་བཤེས་རྣམ་པ་གསུམ་པོ་ཡིན་ཏེ། འདི་རྣམས་ནི་
ཡང་དག་པའི་གདམས་ངག་འབྱུང་བའི་སྒོ་ཡིན་པར་ཤེས་པར་བྱའོ། །དེ་ལ་ཞི་གནས་ཀྱི་ཡན་ལག་ནི་ཇི་ལྟར་འདི་ན་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པར་གནས་པ་ཞེས་བྱ་བ་ནས་རྒྱས་པར་ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ཏེ། དེ་དེ་ལྟར་ཚུལ་ཁྲིམས་དང་ལྡན་ན་འགྱོད་པ་མེད་དོ། །
འགྱོད་པ་མེད་ན་མཆོག་ཏུ་དགའ་བ་ནས་རྒྱས་པར་བདེ་བ་དང་ལྡན་ན་སེམས་མཉམ་པར་འཇོག་ནུས་སོ་ཞེས་བྱ་བའི་བར་དུ་སྦྱར་རོ། །དེ་ལ་ལྷག་མཐོང་གི་ཡན་ལག་ནི་གཏམ་རྣམ་པ་གསུམ་ཅི་འདོད་པ་ཐོབ་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། འཕགས་པའི་དང་། ཡོ་བྱད་བསྙུངས་པའི་

དང་། སེམས་སྒྲིབ་པ་མེད་པ་ལ་ཕན་པར་འགྱུར་བའིའོ། །དེ་ལ་འཕགས་པའི་གཏམ་གང་ཞེ་ན། འཕགས་པ་རྣམས་ཀྱི་མི་སློབ་པའི་ཕུང་པོ་ལྔ་ལས་བརྩམས་པའི་གཏམ་ཡིན་ཏེ། །འཕགས་པ་རྣམས་ནི་འདི་ལྟར་ཚུལ་ཁྲིམས་དང་ལྡན་ནོ། །ཏིང་ངེ་འཛིན་ནི་འདི་ལྟ་བུའོ། །ཤེས་རབ་ནི་འདི་ལྟ་བུའོ། །
རྣམ་པར་གྲོལ་བ་ནི་འདི་ལྟ་བུའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དང་ལྡན་པ་ནི་འདི་ལྟ་བུའོ་ཞེས་བྱ་བ་གང་ཡིན་པའོ། །དེ་ལ་ཡོ་བྱད་བསྙུངས་པའི་གཏམ་གང་ཞེ་ན། འཕགས་པའི་རིགས་གསུམ་ལས་བརྩམས་ཏེ་འདོད་པ་ཉུང་བ་དང་། ཆོག་ཤེས་པ་དང་། བསྙུངས་པའི་གཏམ་
དང་། སྤོང་བ་དང་བསྒོམ་པ་ལ་ཀུན་ཏུ་དགའ་བ་ལས་བརྩམས་ནས་འདུ་འཛི་མེད་པའི་གཏམ་གང་ཡིན་པའོ། །དེ་ལ་སེམས་སྒྲིབ་པ་མེད་པ་ལ་ཕན་པར་འགྱུར་བའི་གཏམ་གང་ཞེ་ན། དེ་ནི་སྒོ་གསུམ་དུ་རིག་པར་བྱ་སྟེ་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱི་སྒྲིབ་པ་མེད་པ་ལ་ཕན་
པར་འགྱུར་བ་དང་། སྒྲིབ་པ་ལྔའི་སྒྲིབ་པ་མེད་པ་ལ་ཕན་པར་འགྱུར་བ་དང་། མ་རིག་པའི་སྒྲིབ་པའི་སྒྲིབ་པ་མེད་པ་ལ་ཕན་པར་འགྱུར་བའོ། །དེ་ལ་དང་པོ་ནི་སྤོང་བ་དང་འདོད་ཆགས་དང་བྲལ་བ་དང་འགོག་པའི་ཁམས་ལས་བརྩམས་ཏེ། དེ་ཐོབ་པར་བྱ་བ་ཡིན་པར་རིག་པར་
བྱའོ། །གཉིས་པ་ནི་དེ་དག་ཉིད་ལ་ཕན་ཡོན་དུ་ལྟ་བ་ལས་བརྩམས་ཏེ། དེའི་མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པ་རྣམས་དང་། སྒྲིབ་པའི་གནས་ཀྱི་འདུ་བྱེད་རྣམས་ཀྱི་ཉེས་དམིགས་ཀྱི་གཏམ་ཡིན་པར་རིག་པར་བྱའོ། །གསུམ་པ་ནི་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་
དང་མཐུན་པའི་གཏམ་ཡིན་པར་རིག་པར་བྱ་སྟེ། རྣམ་པ་གསུམ་པོ་འདི་དག་ཀྱང་ལྷག་མཐོང་གི་ཡན་ལག་ཡིན་ནོ། །དེ་ཡང་མདོར་བསྡུ་ན་འདུན་པ་སྐྱེད་པར་བྱེད་པ་དང་། ཡང་དག་པའི་ཚོགས་ལ་སྦྱོར་བར་བྱེད་པ་དང་། ཡང་དག་པར་ཡིད་ལ་བྱེད་པ་ལ་སྦྱོར་བར་བྱེད་
པའོ། །དེ་ལ་འཕགས་པའི་ནི་འདུན་པ་སྐྱེད་པར་བྱེད་པའོ། །ཡོ་བྱད་བསྙུངས་པའི་ནི་ཡང་དག་པའི་ཚོགས་ལ་སྦྱོར་བར་བྱེད་པའོ། །སེམས་སྒྲིབ་པ་མེད་པ་ལ་ཕན་པར་འགྱུར་བའི་ནི་ཡང་དག་པར་ཡིད་ལ་བྱེད་པ་ལ་སྦྱོར་བར་བྱེད་པའོ། །གཏམ་དེ་དག་ལ་བརྟེན་ནས་ཞི་གནས་སུ་

གཏོགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ། དེ་བས་ན་དེ་ནི་ལྷག་མཐོང་གི་ཡན་ལག་ཅེས་བྱའོ། །རྟག་ཏུ་གུས་པར་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་ལ་སྦྱོར་བ་དེ་ཉིད་ལ་བརྩོན་འགྲུས་བརྩམས་པ་སྟེ།
གནས་པའི་རྒྱུན་དུ་བྱེད་ཅིང་བྱང་བར་བྱེད་པ་གང་ཡིན་པའོ། །བརྩོན་འགྲུས་བརྩམས་པ་དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཞུམ་པ་མེད་པའི་བརྩོན་འགྲུས་དང་། མི་བསྐྱོད་པའི་བརྩོན་འགྲུས་
དང་། ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །དེ་ཐོག་མ་ཁོ་ནར་ནི་འདུན་པ་དྲག་པོ་དང་ལྡན་ཏེ་མངོན་པར་སྤྲོ་བ་བརྟན་པོར་འགྱུར་རོ། །དེ་བཞིན་དུ་སྦྱོར་བར་ཡང་བྱེད་དོ། །ཆོས་རྒྱ་ཆེན་པོ་རྣམས་ཐོབ་པར་བྱ་བའི་ཕྱིར་བདག་ཉིད་ལ་ཡང་ཁྱད་དུ་མི་གསོད་དེ་ཞུམ་པར་མི་འགྱུར་
རོ། །གྲང་བ་ལ་སོགས་པའི་གནོད་པ་རྣམས་ཀྱང་བཟོད་དོ། །ངན་ངོན་གྱིས་ཀྱང་ཆོག་པར་མི་འཛིན་ཏེ། གོང་མ་བས་ཀྱང་ཆེས་གོང་དུ་གྱ་ནོམ་པ་འདོད་པའི་ཚུལ་གྱིས་གནས་སོ། །དེ་དེ་ལྟར་བརྩོན་འགྲུས་བརྩམས་ཏེ་གནས་ན་བདེན་པ་རྣམས་མངོན་པར་རྟོགས་པར་འགྱུར་
ཏེ། འཕགས་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པར་འགྱུར་རོ། །དེ་ལ་བརྟེན་ནས་བསྒོམ་པའི་ལམ་ལ་རྒྱུ་ཞིང་འགྲོ་བར་གཏོགས་པ་དང་གནས་པར་གཏོགས་པ་དང་། རྟེན་དུ་གཏོགས་པའི་ཉེ་བའི་ཉོན་མོངས་པ་ལས་སེམས་རྣམ་པར་སྦྱོང་བར་བྱེད་དེ། དེ་གྲོང་
ངམ་གྲོང་གི་ཉེ་འཁོར་ན་གནས་པ་ན་བུད་མེད་གཞོན་ནུ་ཁ་དོག་རྒྱས་ཤིང་ཆགས་པར་འགྱུར་བ་མཐོང་ན་འདོད་ཆགས་བསལ་བའི་ཕྱིར་མི་སྡུག་པ་ཡིད་ལ་བྱེད་དོ། །ཡང་ན་གཞན་དག་གིས་གནོད་པར་བྱས་ཤིང་དཀྲུགས་པར་གྱུར་ན་གནོད་སེམས་བསལ་བའི་ཕྱིར་བྱམས་པ་ཡིད་ལ་
བྱེད་དེ། དེ་ལྟར་ན་རྒྱུ་ཞིང་འགྲོ་བ་ན་ཉེ་བའི་ཉོན་མོངས་པ་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་དབེན་པ་ན་གནས་པ་ན་འདོད་པའི་རྟོག་པ་ལ་སོགས་པའི་རྟོག་པ་དང་བྲལ་བའི་ཕྱིར་དབུགས་ཕྱི་ནང་དུ་རྒྱུ་བ་དྲན་པ་སྒོམ་པར་བྱེད་དེ། དེ་ལྟར་ན་གནས་པར་གཏོགས་པའི་ཉེ་བའི་

ཉོན་མོངས་པ་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པ་དེ་ལ་བརྟེན་ནས་ངའོ་སྙམ་པའི་ང་རྒྱལ་གྱི་ལྷག་མ་བསལ་བའི་ཕྱིར་འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་སྒོམ་པར་བྱེད་དོ། །དེ་ལྟར་ན་སྐྱེས་བུ་དམ་པ་ལ་བརྟེན་པས་ཡང་
དག་པའི་གདམས་ངག་སྔོན་དུ་བཏང་ནས་འདིའི་གོ་རིམས་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་སློབ་པའི་རྣམ་པར་གྲོལ་བ་ཡང་ཡོངས་སུ་རྫོགས་པར་བྱེད་ལ། ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མི་སློབ་པའི་རྣམ་པར་གྲོལ་བ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལ་
རྣམ་པར་གྲོལ་བ་གང་ཞེ་ན། གཏན་དུ་སྤོང་བའི་གཉེན་པོ་སྐྱེས་པས་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་གནས་ངན་ལེན་ཐམས་ཅད་ཤིན་ཏུ་སྦྱངས་པའི་ཕྱིར། གནས་ཡོངས་སུ་གྱུར་པའི་ཉོན་མོངས་པ་རྣམས་གཏན་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་གང་ཡིན་པ་དེ་ལ་ནི་རྣམ་པར་གྲོལ་བ་
ཞེས་བྱའོ། །འཕགས་པ་ཉན་ཐོས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་འདུ་བྱེད་ཀྱི་ལྷག་མ་སྲིད་པའི་རྩེ་མོ་བསྒྲུབས་ཏེ་གནས་ནས་དེ་མ་ཐག་ཏུ་ཟག་པ་རྣམས་ཟད་པ་ཐོབ་པར་འགྱུར་རོ། །ལྷག་མའི་གནས་སྐབས་ཀྱི་ཚེ་ནི་དེའི་ཟག་
པ་རྣམས་མཐར་གྱིས་སྤོང་བར་འགྱུར་ཏེ་ནམ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་མ་ཐོབ་ཀྱི་བར་དུ་རེ་ཞིག་དེ་མ་ཐག་ཏུ་ཟག་པ་ཟད་པ་ཐོབ་པར་མི་འགྱུར་རོ། །དེ་ལ་འདོད་པ་དང་མཚུངས་པར་ལྡན་པའི་མ་རིག་པ་མ་གཏོགས་པའི་ཉོན་མོངས་པ་རྣམས་ནི་འདོད་པའི་ཟག་པའོ། །
སེམས་ཅན་འདོད་ཆགས་དང་མ་བྲལ་བ་རྣམས་དང་འདོད་ཆགས་དང་བྲལ་བ་རྣམས་ཀྱི་གཟུགས་དང་གཟུགས་མེད་པ་དང་མཚུངས་པར་ལྡན་པའི་མ་རིག་པ་མ་གཏོགས་པ་ནི་སྲིད་པའི་ཟག་པའོ། །མུ་སྟེགས་ཅན་རྣམས་ནི་མ་གཏོགས་ཏེ་དེ་དག་ནི་ལོག་པའི་རྟོག་པས་རྨོངས་པར་བྱས་པའི་ལྟ་བ་ངན་
པ་རྣམས་ཀྱིས་སེམས་ཟིལ་གྱིས་ནོན་པས་ལྟ་བ་དེ་ལ་བརྟེན་ནས་ཁ་ཅིག་ནི་འདོད་པ་ཡོངས་སུ་ཚོལ་བར་བྱེད་དོ། །ཁ་ཅིག་ནི་འདོད་པའི་འདོད་ཆགས་དང་བྲལ་བ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཡོངས་སུ་ཚོལ་བར་བྱེད་དེ་དེ་དག་གི་ཁམས་གསུམ་གྱི་མི་ཤེས་པ་གཅིག་ཏུ་

བསྡུས་པ་ནི་མ་རིག་པའི་ཟག་པ་རྣམ་པར་གཞག་པར་རིག་པར་བྱའོ། །གཞི་རྣམ་པ་དགུ་ལ་ཀུན་དུ་སྦྱོར་བས་ན་ཀུན་དུ་སྦྱོར་བ་དགུར་རིག་པར་བྱ་སྟེ། གཞི་རྣམ་པ་དགུ་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་པའི་ཕྱོགས་ལ་བརྟེན་ཏེ་ཆགས་སུ་རུང་བའི་སེམས་ཅན་དང་
སེམས་ཅན་མ་ཡིན་པར་གྲགས་པའི་ཡུལ་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་། ཕྱོགས་དེ་ཉིད་ཀྱི་མི་མཐུན་པའི་སེམས་ཅན་དང་སེམས་ཅན་མ་ཡིན་པར་གྲགས་པའི་ཡུལ་ལ་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དང་། སེམས་ཅན་དུ་གྲགས་པ་ལ་ང་རྒྱལ་གྱི་ཀུན་ནས་དཀྲིས་པ་དང་།
ཉེས་པར་བཤད་པའི་ཆོས་ཅན་རྣམས་ཀྱི་རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་ཏེ། འདི་ལྟ་སྟེ། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང་། ཚུལ་བཞིན་མ་ཡིན་པ་སེམས་པ་དང་། ཐབས་ཀྱིས་ཡོངས་སུ་མ་ཟིན་པའི་བསྒོམ་པ་ལ་ལོག་པར་མོས་པ་རྣམ་པ་གསུམ་གྱི་ཀུན་ནས་དཀྲིས་པ་
དང་། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་མ་མོས་པའི་ཀུན་ནས་དཀྲིས་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའི་ཤེས་པས་དབུལ་བ་དང་། ཁྱིམ་པའི་ཕྱོགས་ལ་བརྟེན་པའི་ལོངས་སྤྱོད་ཀྱིས་དབུལ་བ་སྟེ། གཞི་དགུ་པོ་འདི་རྣམས་ཀྱི་རྗེས་སུ་ཆགས་པའི་ཀུན་དུ་
སྦྱོར་བ་ལ་སོགས་པ་ཀུན་དུ་སྦྱོར་བ་དགུ་པོ་རྣམས་མཐུན་མཐུན་དུ་ཀུན་དུ་སྦྱོར་བར་བྱེད་དོ། །དེ་ལ་ཕྲག་དོག་གིས་བསྒྱུར་ཏེ་ཆོས་མཐུན་པ་རྣམས་ལ་ཆོས་ཀྱི་སེར་སྣ་བྱེད་པ་དེས་ནི་ཕྱི་མ་ལ་ཤེས་པས་དབུལ་བར་འགྱུར་རོ། །ལྷག་མ་ཡང་མཐུན་མཐུན་དུ་སྦྱར་བར་བྱའོ། །དེ་ལ་འདོད་ཆགས་
ཀྱི་འཆིང་བས་བཅིངས་པས་བདེ་བ་ཚོར་བར་འགྱུར་བའི་ཡུལ་ལས་སེམས་ལྷག་པར་བཏང་སྙོམས་སུ་བྱེད་མི་ནུས་སོ། །དེ་བཞིན་དུ་ཞེ་སྡང་གི་འཆིང་བས་སྡུག་བསྔལ་ཚོར་བར་འགྱུར་བའི་ཡུལ་དང་། གཏི་མུག་གི་འཆིང་བས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཚོར་བར་
འགྱུར་བའི་ཡུལ་ཏེ། དེ་བས་ན་འཆིང་བ་གསུམ་མོ། །ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་གནས་ངན་ལེན་གྱི་རྟེན་དུ་གནས་པ་ནི་བག་ལ་ཉལ་ཞེས་བྱ་སྟེ། ཀུན་ནས་དཀྲིས་པ་སྐྱེ་བའི་ས་བོན་ལྟ་བུ་ཡིན་ནོ། །དེ་ཡང་འདོད་ཆགས་དང་མ་བྲལ་བའི་ཕྱོགས་སུ་གཏོགས་པའི་བྱེ་བྲག་

དང་། འདོད་ཆགས་དང་བྲལ་བའི་ཕྱོགས་སུ་གཏོགས་པའི་བྱེ་བྲག་དང་གཉི་གའི་ཕྱོགས་སུ་གཏོགས་པའི་བྱེ་བྲག་གིས་རྣམ་པ་བདུན་དུ་རྣམ་པར་གཞག་སྟེ། དེ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱོགས་སུ་གཏོགས་པའི་བྱེ་བྲག་གིས་ནི་འདོད་པའི་འདོད་ཆགས་དང་ཁོང་ཁྲོ་བའི་བག་
ལ་ཉལ་ལོ། །འདོད་ཆགས་དང་བྲལ་བའི་ཕྱོགས་སུ་གཏོགས་པའི་བྱེ་བྲག་གིས་ནི་སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་ལོ། །དེ་གཉི་གའི་ཕྱོགས་སུ་གཏོགས་པའི་བྱེ་བྲག་གིས་ནི་ང་རྒྱལ་དང་མ་རིག་པ་དང་། ལྟ་བ་དང་ཐེ་ཚོམ་གྱི་བག་ལ་ཉལ་ཏེ། འདི་རྣམས་ཀྱིས་ནི་ཉོན་མོངས་
པ་ཐམས་ཅད་བསྡུས་སོ། །ཉེ་བའི་ཉོན་མོངས་པ་རྣམས་ནི་ཆགས་པ་མི་དགེ་བའི་རྩ་བ་དང་། དེ་བཞིན་དུ་ཞེ་སྡང་དང་། གཏི་མུག་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་སྟེ་རྒྱས་པར་ནི་དངོས་པོ་ཕྲན་ཚེགས་ཀྱི་མདོ་ལས་འབྱུང་བ་བཞིན་ཏེ། དེ་ལ་མི་དགེ་བ་ཐམས་ཅད་ཀུན་ནས་
སློང་བ་ནི་ཆགས་པ་མི་དགེ་བའི་རྩ་བ་ཞེས་བྱའོ། །ཞེ་སྡང་དང་། གཏི་མུག་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །ཁའི་ཉེས་རྩོམ་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་ནི་ཁྲོ་བའོ། །ནང་གི་བསམ་པ་ལ་ཡོད་པ་ནི་ཁོན་དུ་འཛིན་པའོ། །སྡིག་པ་མཁྱུད་པ་ནི་འཆབ་པའོ། །ཉོན་མོངས་པ་ཅན་
གྱིས་ཡོངས་སུ་ཡི་ཆད་པ་ནི་ཡོངས་སུ་གདུང་བའོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་གཞན་གྱི་འབྱོར་པ་ལ་མངོན་པར་མི་དགའ་བ་ནི་ཕྲག་དོག་གོ། །ཡོ་བྱད་རྣམས་ལ་ཀུན་དུ་འཛིན་པ་ནི་སེར་སྣའོ། །སླུ་བའི་བསམ་པས་བདག་ཉིད་གཞན་དུ་སེམས་ལ་གཞན་དུ་སྟོན་པ་ནི་རྒྱུའོ། །
སེམས་མི་དྲང་བའི་ཕྱིར་མི་མངོན་པ་དང་མི་གསལ་བ་དང་བརྡ་ཕྲད་པར་མི་བྱེད་པ་ནི་གཡོའོ། །བདག་ལ་བརྟེན་ནས་ཁ་ན་མ་ཐོ་བས་མི་འཛེམ་པ་ནི་ངོ་ཚ་མི་ཤེས་པའོ། །གཞན་ལ་བརྟེན་ནས་ཁ་ན་མ་ཐོ་བས་མི་འཛེམ་པ་ནི་ཁྲེལ་མེད་པའོ། །ཆུང་ངུ་བས་བདག་ཆེའོ་སྙམ་པའམ་མཚུངས་
པ་དང་མཚུངས་སོ་སྙམ་པའི་སེམས་ཀྱིས་འགྱིང་བ་ནི་ང་རྒྱལ་ལོ། །མཚུངས་པ་བས་བདག་ཆེའོ་སྙམ་པའམ་ཆེ་བ་དང་མཚུངས་སོ་སྙམ་པའི་འགྱིང་བ་ནི་ཆེ་བའི་ང་རྒྱལ་ལོ། །ཆེ་བ་བས་ཀྱང་བདག་ཆེས་ཆེའོ་སྙམ་པའི་འགྱིང་བ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །འདུ་བྱེད་རྣམས་ལ་བདག་

གམ་བདག་གིར་ཡང་དག་པར་ལྟ་བའི་འགྱིང་བ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །ཁྱད་པར་རྟོགས་པ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་པའི་འགྱིང་བ་ནི་མངོན་པའི་ང་རྒྱལ་ལོ། །ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཙམ་གྱིས་ཆུང་ངོ་སྙམ་པའི་འགྱིང་བ་ནི་ཆུང་
བའི་ང་རྒྱལ་ལོ། །ཡོན་ཏན་དང་ལྡན་པ་མ་ཡིན་བཞིན་དུ་བདག་ནི་ཡོན་ཏན་དང་ལྡན་པའོ་སྙམ་པའི་འགྱིང་བ་ནི་ལོག་པའི་ང་རྒྱལ་ལོ། །འབྱོར་པ་གང་ཡང་རུང་བ་ཞིག་གིས་ཉོན་མོངས་པ་ཅན་གྱི་སེམས་ཀྱི་དྲེགས་པ་ནི་རྒྱགས་པའོ། །དགེ་བའི་ཕྱོགས་ལ་མི་རྩོམ་པས་སྡིག་པ་མི་དགེ་བའི་ཆོས་
རྣམས་ལས་སེམས་ཀུན་དུ་མི་སྲུང་བ་ནི་བག་མེད་པའོ། །བླ་མ་དང་ཡོན་གནས་ལ་མི་འདུད་པ་ནི་ཁེངས་པའོ། །མཚོན་ཐོགས་པ་དང་། དབྱུག་པ་ཐོགས་པ་དང་། འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པ་ཀུན་དུ་སློང་བར་བྱེད་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་
པ་ནི་ཉེས་རྩོམ་མོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཡོན་ཏན་ཡོད་པར་ཡིད་ཆེས་པར་བྱ་བའི་ཕྱིར་སྤྱོད་ལམ་བསྒྱུར་བ་ནི་ཚུལ་འཆོས་པའོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བདག་གི་ཡོན་ཏན་གླེང་བའམ་བརྟེན་པའི་ཚུལ་ཀུན་དུ་སྤྱོད་པས་ཚིག་གི་ལམ་འཇམ་པོ་ཀུན་དུ་སྤྱོད་པ་ནི་ཁ་གསག་གོ། །
ཉོན་མོངས་པ་ཅན་གྱི་སེམས་ཀྱི་མཚན་མས་འདོད་པའི་བསམ་པ་སྟོན་པ་ནི་གཞོགས་སློང་ངོ་། །ནན་གྱིས་སློང་བ་ནི་ཐོབ་ཀྱིས་འཇལ་བའོ། །ཅི་རྙེད་པ་ཙམ་གྱིས་ཆོག་མི་ཤེས་ཏེ། གཞན་གྱི་རྙེད་པ་བསྟན་པས་རྙེད་པ་ལ་ལྷག་པར་སློང་བ་ནི་རྙེད་པས་རྙེད་པར་བྱེད་འདོད་པའོ། །ཡོན་ཏན་ལ་
ཡིད་ཆེས་པར་གྱུར་པ་དང་། ཧ་ཅང་བྱམས་ཆེས་པས་བླ་མ་རྣམས་ལ་ཞེས་མེད་པ་ནི་མ་གུས་པའོ། །ཚིག་མི་བཟོད་པ་ནི་བཀའ་བློ་མི་བདེ་བའོ། །གནོད་པ་ལ་འཛུད་པའི་བཤེས་གཉེན་ནི་སྡིག་པའི་གྲོགས་པོའོ། །ཟང་ཟིང་ལ་འཆུམས་པས་མི་བདེ་བའི་ཡོན་ཏན་སྟོན་ཞིང་ཡིད་ཆེས་
པར་བྱེད་པར་འདོད་པ་ནི་སྡིག་པ་འདོད་པའོ། །ཆེ་བ་རྣམས་ལས་རྙེད་པ་དང་བཀུར་སྟི་ཆེན་པོ་འདོད་པ་ནི་འདོད་ཆེན་ནོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་མི་བདེ་བའི་ཡོན་ཏན་སྟོན་ཅིང་ཡིད་ཆེས་པར་བྱེད་འདོད་པ་ནི་འདོད་པ་ཅན་ནོ། །གཤེ་བ་ལ་ཕྱིར་གཤེ་བ་ནི་མི་བཟོད་པའོ། །ཁྲོ་བ་དང་རྡག་

པ་དང་མཚང་འདྲུ་བ་ལ་ཕྱིར་མཚང་འདྲུ་བ་ཡང་དེ་དང་འདྲའོ། །བདག་གི་ལོངས་སྤྱོད་རྣམས་ལ་རྗེས་སུ་ཆགས་པ་ནི་ཞེན་པའོ། །གཞན་གྱི་ལོངས་སྤྱོད་རྣམས་ལ་རྗེས་སུ་ཆགས་པ་ནི་ཡོངས་སུ་ཞེན་པའོ། །དེ་བཞིན་དུ་བཟང་པོ་རྣམས་དང་ངན་པ་རྣམས་ལ་ཡང་མཐུན་མཐུན་དུ་སྦྱར་
བར་རིག་པར་བྱའོ། །ཡུལ་རྣམས་ལ་ལྷག་པར་ཞེན་པ་ནི་འདོད་ཆགས་སོ། །ཉེས་པར་སྤྱོད་པ་རྣམས་ལ་ལྷག་པར་ཞེན་པ་ནི་ཆོས་མ་ཡིན་པའི་འདོད་ཆགས་སོ། །བདག་དང་ཕ་མ་ལ་སོགས་པའི་ལོངས་སྤྱོད་དང་། ཡང་དག་པའི་ལོངས་སྤྱོད་དང་། གཞན་གྱི་རྫས་གཏམས་
པ་ལ་ཀུན་དུ་འཛིན་པ་ནི་མི་བཟད་པའི་ཆགས་པའོ། །འདུ་བྱེད་རྣམས་ལ་བདག་གམ་བདག་གིར་མཐོང་ན་རྟོག་པ་དང་ལྷན་ཅིག་སྐྱེས་པའི་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདུ་བྱེད་རྣམས་རྟག་པར་ལྟ་བ་ནི་སྲིད་པའི་ལྟ་བའོ། །ཆད་པར་
ལྟ་བ་ནི་མེད་པར་ལྟ་བའོ། །སྒྲིབ་པ་ལྔ་ནི་སྔ་མ་བཞིན་དུ་འདི་ལྟ་སྟེ། མཉམ་པར་གཞག་པའི་ས་ལས་འབྱུང་བ་དང་འདྲ་བར་རིག་པར་བྱའོ། །མི་འདོད་པ་བཞིན་དུ་དུས་མ་ཡིན་པར་གཉིད་ཀྱིས་ཀུན་ནས་དཀྲིས་པས་ནོན་པ་ནི་སྙོམ་པའོ། །གནས་མ་ཡིན་པ་ལ་འདོད་པ་ནི་
དགའ་བ་མ་ཡིན་པའོ། །ལུས་ཀྱི་གནས་ངན་ལེན་རགས་པས་སེམས་ལས་སུ་མི་རུང་བར་གྱུར་ནས་ལུས་བརྐྱང་བསྐུམ་བྱེད་པ་ནི་བྱ་རྨྱངས་སོ། །ཁ་ཟས་ཉུངས་པ་དང་མངས་པ་མི་ཤེས་པ་ནི་ཟས་ཀྱི་ཚོད་མི་ཤེས་པའོ། །བྱ་བའི་རིགས་པ་མི་བྱེད་པ་དང་། བྱ་བའི་མི་རིགས་
པ་བྱེད་པ་ལ་ཇི་ལྟར་ཐོས་པ་དང་བསམས་པ་དང་། བསྒོམས་པའི་ཆོས་རྣམས་ལ་བག་མེད་པ་སྔོན་དུ་བཏང་ནས་མི་འཇུག་པ་ནི་ཡིད་ལ་མི་བྱེད་པའོ། །སེམས་དམིགས་པ་ལ་བཏགས་པའི་ཡུར་བའི་གཉིད་ཀྱིས་ནོན་པའི་ཕྱིར་མི་རིགས་པར་འཇུག་པ་དང་། བདག་ཉིད་ལ་ཁྱད་དུ་
གསོད་པ་ནི་སེམས་ཞུམ་པའོ། །ཕ་རོལ་ལ་གནོད་པའི་རང་བཞིན་ཅན་ནི་གདུག་པའོ། །འཕྱས་འདོགས་པའི་རང་བཞིན་ཅན་ནི་འཕྱ་སྐྱེན་པའོ། །སློབ་དཔོན་དང་། བླ་མ་དང་། ཡོན་གནས་དང་། ཆོས་མཐུན་པ་པ་ལ་ནི་སླུ་བ་མི་དྲང་བའོ། །ལུས་དང་ངག་གི་ལས་བརླང་ལ་

སེམས་རྩུབ་ཅིང་མི་དེས་པ་ནི་མི་མཉེན་པའོ། །ཚུལ་ཁྲིམས་དང་། ལྟ་བ་དང་། སྤྱོད་པ་དང་། འཚོ་བ་མི་མཐུན་པ་ནི་མི་མཐུན་པར་འཇོག་པའོ། །ཆགས་པའི་སེམས་ཀྱིས་འདོད་པ་རྣམས་ལ་དམིགས་ནས་ཡིད་ཀྱིས་རྟོག་ཅིང་གོམས་པར་བྱེད་པ་དང་།
ཡང་དང་ཡང་དུ་བྱེད་པ་ནི་འདོད་པའི་རྟོག་པའོ། །གཞན་གྱིས་གནོད་པ་བྱས་པའི་རྒྱུ་ལ་དམིགས་ནས་སྡང་བའི་སེམས་ཀྱིས་རྟོག་ཅིང་གོམས་པར་བྱེད་པ་དང་། ཡང་དང་ཡང་དུ་བྱེད་པ་ནི་གནོད་སེམས་ཀྱི་རྟོག་པའོ། །རྣམ་པར་འཚེ་བའི་སེམས་ཀྱིས་གཞན་ལ་
གནོད་པ་བྱ་བ་ལ་དམིགས་ནས་ཡིད་ཀྱིས་སྔ་མ་བཞིན་དུ་བྱེད་པ་ནི་རྣམ་པར་འཚེ་བའི་རྟོག་པའོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་གཉེན་རྣམས་ལ་དམིགས་ནས་ཡིད་ཀྱིས་སྔ་མ་བཞིན་དུ་བྱེད་པ་ནི་གཉེན་ལ་རྟོག་པའོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཡུལ་གྱི་
མི་རྣམས་ལ་དམིགས་ནས་སྔ་མ་བཞིན་དུ་བྱེད་པ་ནི་ཡུལ་གྱི་མི་ལ་རྟོག་པའོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་དུས་གཞན་ལ་ལྟ་བ་ལ་དམིགས་ནས་ཡིད་ཀྱིས་སྔ་མ་བཞིན་དུ་བྱེད་པ་ནི་མི་འཆི་བའི་རྟོག་པའོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་
བདག་དང་གཞན་རྣམས་ཀྱི་ཐ་མ་དང་རབ་ལ་དམིགས་ནས་ཡིད་ཀྱིས་སྔ་མ་བཞིན་དུ་བྱེད་པ་ནི་ཁྱད་དུ་གསོད་པ་དང་མཚུངས་པར་ལྡན་པའི་རྟོག་པའོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་སྦྱིན་བདག་དང་འདྲིས་པའི་ཁྱིམ་རྣམས་ཀྱི་འབྱོར་པ་ལ་དམིགས་ནས་ཡིད་ཀྱིས་རྟོག་ཅིང་གོམས་
པར་བྱེད་པ་དང་། ཡང་དང་ཡང་དུ་བྱེད་པ་དེ་ནི་རིགས་ཀྱི་འབྱོར་པ་དང་མཚུངས་པར་ལྡན་པའི་རྟོག་པའོ། །མྱ་ངན་ལ་སོགས་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །ཀུན་དུ་སྤྱོད་པ་ནི་ཀུན་ནས་དཀྲིས་པ་ཡིན་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་ལ་ཀུན་ནས་དཀྲིས་པ་ཡོད་དོ། །
ཉེ་བའི་ཉོན་མོངས་པ་བརྒྱད་པོ་རྣམས་ནི་དུས་སྐབས་བཞིར་རྒྱུན་མི་འཆད་པར་ཀུན་དུ་སྤྱོད་དེ། དེ་བས་ན་དེ་རྣམས་ཉི་ཚེ་ཀུན་ནས་དཀྲིས་པར་རྣམ་པར་གཞག་གོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་ཚེ་ནི་ངོ་ཚ་མི་ཤེས་པ་དང་ཁྲེལ་མེད་པ་ཀུན་དུ་སྤྱོད་པའི་སྒོ་ནས་སྒྲིབ་པར་

བྱེད་དོ། །ལྷག་པའི་སེམས་ཀྱི་བསླབ་པའི་ཚེ་ནི་རྨུགས་པ་དང་གཉིད་དོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པའི་ཚེ་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་ནི་རྒོད་པ་དང་འགྱོད་པའོ། །ཆོས་མཐུན་པ་པ་རྣམས་དང་ཕན་ཚུན་ཆོས་དང་ཟང་ཟིང་ལ་ལོངས་སྤྱོད་པའི་ཚེ་ནི་ཕྲག་དོག་དང་སེར་སྣ་ཀུན་དུ་སྤྱོད་
པའི་སྒོ་ནས་སྒྲིབ་པར་བྱེད་དོ། །འདོད་པའི་འདོད་ཆགས་དང་གནོད་སེམས་ལ་སོགས་པ་འདོད་པ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་སྤྱོད་པའི་འདོད་པ་དང་མཚ