Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 131

Văn bản gốc(Tây Tạng)

Trang 16 / 21 (50.000 ký tự/trang)
ུན་དུ་སྤྱོད་དེ། དེའི་རྒྱུས་ནི་བདེ་འགྲོར་སྐྱེ་བར་འགྱུར་ཏེ། དེར་སྡུག་པའི་རྣམ་པར་སྨིན་པ་འཕེན་
ཅིང་། མངོན་པར་འགྲུབ་པ་ན་ལས་ཉི་ཚེ་རྒྱུར་འགྱུར་བར་འོས་ཀྱི། ཉོན་མོངས་པ་ཅན་གྱི་སྲེད་པའི་རང་བཞིན་ནི་དེ་ལྟ་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་སྲེད་པ་གང་ཡིན་པ་ནི་མི་དགེ་བ་མ་ཡིན་ནོ། །འོན་ཀྱང་ཉོན་མོངས་པ་ཅན་ཡིན་ཏེ། དེ་ནི་ཐམས་ཅད་ཀྱི་
ཐམས་ཅད་དུ་རྣམ་པར་སྨིན་པ་མེད་པ་ཁོ་ནའོ། །དེ་གལ་ཏེ་གཟུགས་དང་གཟུགས་མེད་པའི་སྲེད་པས་སྲེད་པར་འགྱུར་ན་ནི་དམ་པའི་ཆོས་ཐོས་པ་ལ་བརྟེན་ནས་འདོད་པའི་ཁམས་ལ་རགས་པར་མཐོང་སྟེ། རེག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་འཇིག་རྟེན་པའི་ཚོར་བ་ཚུལ་
བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་དང་ཕྲད་ནས་འདོད་པའི་ཁམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསམ་ཏེ་དགེ་བ་ཟག་པ་དང་བཅས་པ་བསྒོམས་པ་ལས་བྱུང་བའི་ལས་བྱེད་དོ། །དེས་ན་དེ་འདིར་བྱ་བའི་ལས་ཀྱིས་དེར་སྐྱེ་བར་འགྱུར་གྱི་ཉོན་མོངས་
པ་ཅན་གྱི་སྲེད་པས་ནི་མ་ཡིན་ནོ། །སྲེད་པ་ནི་ལས་དེའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཚེ་གྲོགས་ཀྱི་བྱ་བ་བྱེད་པར་ཟད་དོ། །དེ་བས་ན་སེམས་ཅན་རྣམས་ནི་ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་ཞེས་བྱའི་སྲེད་པ་ཇི་ལྟ་བ་བཞིན་དུ་འགྲོ་བ་ཞེས་མི་བྱ་བའི་ཕྱིར་རོ། །ཕྱི་རོལ་གྱི་དངོས་པོ་རྣམས་

ལ་འཇིག་རྟེན་གྱི་གདགས་པའི་སྒོ་ནས་འབྲས་བུ་འགའ་ཞིག་ཚོར་བ་པོ་ལས་རེས་འགའ་སྟོང་ལ་རེས་འགའ་ནི་མི་སྟོང་བར་སྣང་སྟེ་འབྲས་བུ་ལ་ཇི་ལྟ་བ་བཞིན་དུ་རྒྱུ་ལ་ཡང་དེ་དང་འདྲའོ། །དེ་ཡང་ཀུན་རྫོབ་ཀྱི་སྟོང་པ་ཡིན་གྱི་དོན་དམ་པའི་སྟོང་པ་ཞེས་ནི་
མི་བྱའོ། །དུས་ཐམས་ཅད་དུ་འདུ་བྱེད་ཐམས་ཅད་ཀྱི་འབྲས་བུ་དང་རྒྱུ་ཙམ་ཞིག་ནི་ཡོད་ལ་ཚོར་བ་པོ་དང་བྱེད་པ་པོ་ནི་མེད་པ་གང་ཡིན་པ་འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ཡང་རྣམ་པ་བདུན་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཕྱི་མའི་མཐའ་སྟོང་པ་ཉིད་དང་། སྔོན་
གྱི་མཐའ་སྟོང་པ་ཉིད་དང་། དབུས་ཀྱི་མཐའ་སྟོང་པ་ཉིད་དང་། རྟག་པ་སྟོང་པ་ཉིད་དང་། བདག་སྟོང་པ་ཉིད་དང་། ཚོར་བ་པོ་སྟོང་པ་ཉིད་དང་། བྱེད་པ་པོ་སྟོང་པ་ཉིད་དོ། །དེ་ལ་མ་འོངས་པའི་དུས་ན་འདུ་བྱེད་རྣམས་འདུ་བྱེད་ཀྱི་ཕུང་པོར་འདུག་སྟེ། དེ་ལས་འདུ་བྱེད་རྣམས་
སྐྱེ་བའི་ཚེ་འོང་བར་འགྱུར་བ་མེད་དོ། །གལ་ཏེ་དེ་ཡོད་པར་འགྱུར་ན་མ་འོངས་པའི་དུས་ན་རང་བཞིན་གྱིས་ཡོངས་སུ་གྲུབ་ཟིན་པ་དེ་དག་ནི་སྐྱེར་ཡང་མི་རུང་ལ་མི་རྟག་པ་ཉིད་དུ་སྣང་བར་ཡང་མི་འགྱུར་བའི་རིགས་ན་སྣང་ཞིང་ཡང་འདུག་སྟེ། དེ་བས་ན་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་ལ་མེད་
པ་ལས་ཡོད་པར་ཡང་འགྱུར་བ་འདི་ནི་ཕྱི་མའི་མཐའ་སྟོང་པ་ཉིད་དེ། དེ་ལས་འདས་པའི་དུས་ན་འདུ་བྱེད་རྣམས་ཕུང་པོར་འདུག་སྟེ། དེར་འདུ་བྱེད་སྐྱེས་ནས་འགག་པ་རྣམས་སོགས་པར་འགྱུར་བ་མེད་དེ། གལ་ཏེ་ཡོད་པར་གྱུར་ན་འདས་པའི་འདུ་བྱེད་ཀྱི་ཚོགས་རང་གི་བདག་ཉིད་
ཀྱིས་གནས་པའི་ཕྱིར་འདུ་བྱེད་འགག་པ་ཡང་མེད་པ་ཁོ་ནར་འགྱུར་ལ་འགག་པ་མེད་ན་ནི་རྟག་པ་ཉིད་དུ་ཡང་སྣང་བར་མི་འགྱུར་བའི་རིགས་ན་སྣང་ཞིང་ཡང་འདུག་སྟེ། དེ་བས་ན་འདུ་བྱེད་རྣམས་འགག་པའི་ཚེ་གང་དུ་ཡང་སོགས་པར་མི་འགྱུར་ལ་ཡོད་པ་ལས་འགག་པའི་རྒྱུ་
ལ་མ་ལྟོས་པར་རང་གི་ངང་གིས་ཕྱིར་མེད་པར་འགྱུར་བ་འདི་ནི་སྔོན་གྱི་མཐའ་སྟོང་པ་ཉིད་དོ། །འདུ་བྱེད་རྣམས་ཀྱི་སྐད་ཅིག་པ་སྐྱེས་ལ་མ་འགགས་པ་ལ་འདུ་བྱེད་ཙམ་དུ་སྣང་སྟེ། དེ་དག་ལ་དེ་མ་ཡིན་པའི་འདུ་བྱེད་ཀྱང་མེད་ལ་དོན་ཐ་དད་པར་འགྱུར་བ་ཡང་མེད་པ་འདི་ནི་དབུས་ཀྱིས་

མཐའ་སྟོང་པ་ཉིད་དང་། རྟག་པ་སྟོང་པ་ཉིད་དང་། བདག་སྟོང་པ་ཉིད་དུ་རིག་པར་བྱའོ། །བདག་མེད་ན་ནི་འབྲས་བུར་གྱུར་པའི་འདུ་བྱེད་རྣམས་ཀྱང་ཚོར་བ་པོས་སྟོང་ལ་རྒྱུར་གྱུར་པའི་ལས་ཀྱང་བྱེད་པ་པོས་སྟོང་པ་འདི་ནི་ཚོར་བ་པོ་དང་། བྱེད་པ་པོ་སྟོང་པ་ཉིད་དོ། །ཚོར་བ་པོ་དང་བྱེད་
པ་པོ་མེད་པས་ན་འདུ་བྱེད་ཙམ་གྱི་སྔོན་གྱི་སྐྱེ་བ་ནི་འགག་ལ་འདུ་བྱེད་ཙམ་གྱི་སྐྱེ་བ་གཞན་ནི་འབྱུང་བར་འགྱུར་གྱི་སྔོན་གྱི་རྣམས་འདོར་བ་པོ་ཡོངས་སུ་ཡང་མེད་ལ་ཕྱི་མ་རྣམས་ལེན་པ་པོ་ཡོངས་སུ་ཡང་མེད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཉིད་ཀྱིས་ཆོས་རྣམས་བསྐྱེད་དོ་
ཞེས་གསུངས་པ་དེ་ནི་བྱེད་པ་མེད་པའི་ཆོས་ཐམས་ཅད་ལ་སུས་ཀྱང་ཅི་ཡང་བསྐྱེད་པ་མེད་མོད་ཀྱི་འོན་ཀྱང་གང་ཡོད་ན་གང་འབྱུང་བར་འགྱུར་ལ་གང་སྐྱེས་ན་གང་སྐྱེ་བོར་འགྱུར་ཏེ། ཆོས་ཙམ་གྱི་རྒྱུ་དང་འབྲས་བུར་གྱུར་པ་དེ་ལ་ཆོས་རྣམས་ཉིད་ཀྱིས་ཆོས་རྣམས་བསྐྱེད་དོ་ཞེས་བརྡ་
འདི་འདོགས་པར་མཛད་དོ། །ཡིད་བདེ་བ་དང་མཐུན་པའི་ཡུལ་ལ་ནི་རྣམ་པ་ལྔས་ཉེ་བར་སྤྱོད་ཅིང་ཀུན་དུ་ཆགས་ཏེ་ཚུལ་བཞིན་མ་ཡིན་པའི་མཚན་མ་འཛིན་པར་བྱེད་དོ། །འདུན་པ་བསྐྱེད་དོ། །ལན་མང་དུ་རྗེས་སུ་རྟོག་པར་བྱེད་དོ། །ཡོངས་སུ་ཚོལ་བར་བྱེད་དོ། །དེའི་རྒྱུས་
བསོད་ནམས་དང་བསོད་ནམས་མ་ཡིན་པ་སྤྱོད་དོ། །ཡིད་བདེ་བ་དང་མཐུན་པའི་ཡུལ་ལ་ཇི་ལྟ་བ་དེ་བཞིན་དུ་ཡིད་མི་བདེ་བ་དང་། བཏང་སྙོམས་དང་མཐུན་པ་ལ་ཡང་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། །དེ་ལ་ཁྱད་པར་ནི་འདི་ཡོད་དེ་ཡིད་མི་བདེ་བ་དང་མཐུན་པ་རྣམས་ལ་ནི་
གནོད་སེམས་སུ་འགྱུར་རོ། །བཏང་སྙོམས་དང་མཐུན་པ་རྣམས་ལ་ནི་རྨོངས་པར་འགྱུར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ན་ཡུལ་ཐམས་ཅད་ལ་ཉེ་བར་སྤྱོད་པ་ན་བརྗེད་ངས་པ་ཙམ་གྱི་སྒོ་ནས་ཀྱང་ཉོན་མོངས་པ་སྐྱེ་བར་འགྱུར་བའི་རྒྱུར་རྟག་ཏུ་
མི་འགྱུར་ཏེ། དེ་བས་ན་རྟག་ཏུ་ཀུན་ནས་ཉོན་མོངས་པ་མེད་པར་གནས་པའི་ཕྱིར་རྟག་ཏུ་གནས་པ་ཞེས་བྱ་སྟེ། ཉེ་བར་སྤྱོད་པའི་ཕྱོགས་དང་མཐུན་པའི་ཡིད་བདེ་བ་དང་ཡིད་མི་བདེ་བ་གང་ཡིན་པ་དེས་ཀྱང་དགྲ་བཅོམ་པ་ནི་ཡིད་བདེ་བར་ཡང་མི་འགྱུར་ལ་ཡིད་མི་བདེ་བར་ཡང་མི་འགྱུར་

ཏེ་དགེ་བ་གང་ཡིན་པས་ནི་དེ་ལྟ་མ་ཡིན་ནོ། །རྟག་ཏུ་གནས་པར་བྱ་བ་དེ་དག་ནི་དཀའ་བ་དང་། མཆོག་ཡིན་པ་དང་། ཁ་ན་མ་ཐོ་བ་མེད་པའི་ཕྱིར་དེ་དག་དང་ལྡན་པ་ནི་དཀོན་པ་དང་། ཡོན་གནས་ཀྱི་མཆོག་ཡིན་པར་རིག་པར་བྱ་བ་ནས་སྤྱན་དྲང་བའི་འོས་ཡིན་
པའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ལྟ་སྟེ། རྣམ་གྲངས་བསྡུ་བ་ལས་འབྱུང་བ་བཞིན་ནོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་སྟོན་པའི་སྟོན་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱའོ། །ཉན་ཐོས་རྣམས་ཀྱི་ཉན་ཐོས་ཕུན་སུམ་ཚོགས་པ་ཡང་རྣམ་པ་
གཉིས་ཀྱིས་རིག་པར་བྱའོ། །རྣམ་པ་གཉིས་པོ་གང་གིས་སྟོན་པ་ཕུན་སུམ་ཚོགས་པར་རིག་པར་བྱ་ཞེ་ན། འདི་ལྟ་སྟེ། གཞན་ལ་ཕན་པ་བསྒྲུབ་པའི་སྒོ་ནས་ཚོར་བ་གང་ཅི་ཡང་རུང་བ་འདི་དག་འདིར་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བ་ལ་འཇུག་པར་བྱ་བའི་ཕྱིར་ཚོར་བ་རྣམས་
ཀྱི་རྟེན་བསྟན་པ་དང་། གཞི་བསྟན་པ་དང་། ཀུན་ནས་ཉོན་མོངས་པར་འགྱུར་བ་ཉེ་བར་སྤྱོད་པ་བསྟན་པ་དང་། སྟོན་པའི་རྟགས་མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པར་གཞག་པ་བསྟན་པ་དང་། རྣམ་པ་ཐམས་ཅད་དུ་ངེས་པར་འབྱུང་བ་བསྟན་པ་འདི་ནི་སྟོན་པ་ཕུན་
སུམ་ཚོགས་པ་དང་པོའོ། །ཡང་ན་བདག་ལ་ཕན་པ་བསྒྲུབ་པའི་སྒོ་ནས་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་གནས་པ་འདི་ནི་སྟོན་པ་ཕུན་སུམ་ཚོགས་པ་གཉིས་པ་ཡིན་པར་རིག་པར་བྱའོ། །དེ་ལ་རྣམ་པ་གཉིས་པ་གང་གིས་
ཉན་ཐོས་ཕུན་སུམ་ཚོགས་པར་རིག་པར་བྱ་ཞེ་ན། དེ་བཞིན་གཤེགས་པའི་ཆོས་བསྟན་པ་ནི་ཚད་མེད་དེ་སྙམ་དུ་རིག་ནས་ཐོས་པའི་ཕ་རོལ་ཏུ་ཕྱིན་པར་མི་ནུས་ལ། གལ་ཏེ་ཕ་རོལ་ཏུ་ཕྱིན་པར་ནུས་ན་ཡང་དེ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་དུ་བསྒྲུབ་པས་ངེས་པར་
འབྱུང་བར་བྱ་བའི་ཕྱིར་ཡིན་གྱི། གཟུང་བར་བྱ་བ་ཙམ་གྱི་ཕྱིར་མ་ཡིན་ནོ་སྙམ་དུ་རིག་ནས་ཚུལ་བཞིན་དུ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ཡིན་ཏེ། ཐ་སྙད་དང་སྒྲ་དང་ཚིག་ལྷུར་ལེན་པ་མ་ཡིན་པ་འདི་ནི་ཉན་ཐོས་ཕུན་སུམ་ཚོགས་པ་དང་པོའོ། །དེ་དེ་ལྟར་ཆོས་ཀྱི་རྗེས་སུ་

མཐུན་པའི་ཆོས་ལ་ཞུགས་ནས་ངན་ངོན་གྱིས་ཆོག་པར་མི་འཛིན་ཏེ་སྐྱེས་བུ་ཅང་ཤེས་བཟང་པོས་ས་ཇི་ཙམ་བགྲོད་པར་བྱ་ཞིང་ཐོས་པར་བྱ་བ་དེ་ཐོབ་པ་ཁོ་ནར་འགྱུར་བ་འདི་ནི་ཉན་ཐོས་ཕུན་སུམ་ཚོགས་པ་གཉིས་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་ལེགས་པར་གསུངས་པའི་ཆོས་
འདུལ་བ་ལ་སྟོན་པའི་སྟོན་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་གསུམ་གྱིས་རིག་པར་བྱའོ། །ཉན་ཐོས་ཀྱི་ཉན་ཐོས་ཕུན་སུམ་ཚོགས་པ་ཡང་རྣམ་པ་གཉིས་ཀྱིས་རིག་པར་བྱའོ། །སྟོན་པ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་རིག་པར་བྱ་བ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་
པ་ཐོག་མ་ཁོ་ནར་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ཉན་ཐོས་རྣམས་ལ་བརྡ་སྤྲོད་པར་མཛད་པ་འདི་ནི་ཕུན་སུམ་ཚོགས་པ་དང་པོའོ། །གཞན་ཡང་མ་དད་པ་རྣམས་དང་། ལོག་པར་ཞུགས་པ་རྣམས་བསྟན་པ་འདི་ལ་ཐབས་ལེགས་པར་འཇུག་པར་མཛད་པ་འདི་ནི་ཕུན་
སུམ་ཚོགས་པ་གཉིས་པའོ། །གཞན་ཡང་ཞུགས་ཟིན་པ་རྣམས་ཆོས་བཞིན་དུ་བསྡུ་བ་རྣམ་པ་བཞིས་སྡུད་པར་མཛད་པ་འདི་ནི་སྟོན་པ་ཕུན་སུམ་ཚོགས་པ་གསུམ་པའོ། །ཆོས་བཞིན་དུ་བསྡུ་བ་རྣམ་པ་བཞི་གང་ཞེ་ན། ནང་དུ་ཡང་དག་འཇོག་པའི་གདམས་ངག་འཚམ་པ་ལྐོག་ཏུ་
སྟོན་ཏེ། མི་འཚམ་པས་མ་ཡིན་པ་དང་། འགལ་བར་བྱེད་པ་ལ་མངོན་སུམ་དུ་འཚམ་པའི་ངོ་བཟློག་གི་ཚིག་གིས་སྨ་འབེབས་ཏེ་མི་འཚམ་པས་མ་ཡིན་པ་དང་། ཞེན་པ་ལ་བརྟེན་པའི་རྟོག་པ་རྣམས་ལ་ནང་གི་ཞི་བ་བསྟན་པ་དང་། རྟག་ཏུ་དུས་དུས་སུ་དམ་པའི་ཆོས་ཉན་དུ་གཞུག་
པའོ། །དེ་ལ་དམ་པའི་ཆོས་ལྟར་བཅོས་པ་དང་། སྤྱོད་པ་དང་འགལ་བ་མི་མཐུན་པའི་ཕྱོགས་མ་རྟོགས་པ་ནི་ནང་དུ་ཡང་དག་འཇོག་པའི་གདམས་ངག་འཚམ་པ་ལྐོག་ཏུ་བསྟན་པ་ཡིན་ནོ། །འགལ་བར་བྱེད་པ་བདེན་པ་དང་སྨ་དབབ་པས་འདུལ་བར་རིག་ནས་ཀུན་ནས་ཉོན་མོངས་པ་ཅན་
མ་ཡིན་པའི་སེམས་ཀྱིས་བྱེད་པ་ནི་འཚམ་པར་མངོན་སུམ་དུ་སྨ་འབེབས་པ་ཡིན་ནོ། །བདེན་པ་རྣམ་པར་ངེས་པའི་ཚུལ་གྱིས་འདོད་པའི་ཡོན་ཏན་རྣམས་ལ་ཞུགས་པའི་རྟོག་པ་རྣམས་ལ་ཉེས་པར་མཐོང་ནས་མཐར་གྱིས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་བར་གྱི་ཞེན་པ་ལ་

བརྟེན་པའི་རྟོག་པ་རྣམས་ཞི་བ་ནི་ནང་ཞི་བ་ཡིན་ནོ། །བདག་ཀྱང་ཡོངས་སུ་ངལ་བར་མི་བྱེད་ལ་གཞན་དག་ཀྱང་འཛིན་དུ་འཇུག་པའི་སྒོ་ནས་ནི་རྟག་ཏུ་དུས་དུས་སུ་དམ་པའི་ཆོས་ཉན་དུ་གཞུག་པ་ཡིན་པར་རིག་པར་བྱའོ། །ཉན་ཐོས་ཕུན་སུམ་ཚོགས་པ་རྣམ་པ་གཉིས་
གང་ཞེ་ན། འདི་ལ་ཉན་ཐོས་ནི་ཐོག་མ་ཁོ་ནར་སྟོན་པའི་ལྟ་བ་རུང་བར་བྱ་བ་འདི་ལྟ་སྟེ། ཆོས་རྣམས་ལ་བདག་མེད་པར་ལྟ་བ་ལ་ཞུགས་ཏེ། དེ་ནི་ཆོས་རྣམས་ལ་བདག་ཏུ་སྒྲོ་བཏགས་ནས་ལོག་པར་མངོན་པར་ཞེན་པར་ཡང་མི་བྱེད་ལ་ཀུན་རྫོབ་ཀྱང་ཆུད་གསོན་པར་མི་བྱེད་དེ་ལྷག་པའི་
བསམ་པས་རྗེས་སུ་འགྲོ་བར་ཡང་མི་བྱེད་ལ་རྗེས་སུ་ཐ་སྙད་འདོགས་པ་ལས་ཀྱང་འགལ་བར་མི་བྱེད་པ་འདི་ནི་ཉན་ཐོས་ཕུན་སུམ་ཚོགས་པ་དང་པོའོ། །དེ་ལྟ་བ་རུང་བར་བྱས་པ་ལ་ཞུགས་ནས། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་སྒྲུབ་ཅིང་ཆོས་བཞིན་དུ་བསྡུ་བ་རྣམ་
པ་བཞིས་བསྡུས་པས་ཆོས་གང་སྡུག་བསྔལ་བ་དང་བཅས་ཤིང་ཕོངས་པ་དང་བཅས་པ་དེ་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་སྤོང་བར་བྱེད་དོ། །ཆོས་གང་སྡུག་བསྔལ་བ་མེད་ཅིང་ཕོངས་པ་མེད་པ་དེ་དག་ནི་མངོན་སུམ་དུ་བྱེད་དེ། འདི་ནི་ཉན་ཐོས་ཕུན་སུམ་
ཚོགས་པ་གཉིས་པའོ། །དེ་ལྟར་ན་སྟོན་པ་དང་། ཉན་ཐོས་ཕུན་སུམ་ཚོགས་པས་བསྡུས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་འདི་ནི་གཅིག་ཏུ་ངེས་པར་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་རྣམ་པར་དག་པ་མཁས་པ་རྣམས་ཀྱིས་འཇུག་པར་བྱ་བའི་འོས་ཡིན་པར་རིག་པར་
བྱའོ། །གཞི་བསྡུ་བ་ལས་སྐྱེ་མཆེད་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་སྟེ་བསྡུ་བ་གཉིས་པ་རྫོགས་སོ།། །།སྤྱི་སྡོམ་ནི། རྣམ་པར་གཞག་པར་བྱ་བ་དང་། །ཀུན་རྫོབ་དང་ནི་དོན་དམ་དང་། །རེག་པའི་རྐྱེན་དང་སྲིད་འགག་དང་། །ཟས་སུ་འགྱུར་བ་ཐ་མ་ཡིན། །
སྡོམ་ནི། རྣམ་པར་གཞག་པར་བྱ་བ་དང་། །སྡུག་བསྔལ་ཕུང་པོ་བདེན་པ་བརྟག །བསྟན་པ་ཡོངས་སུ་བསྡུ་བ་དང་། །ཤེས་པ་ཆ་ཕྲ་མཐའ་བརྟག་དང་། །དཔྱོད་དང་མངོན་པའི་ང་རྒྱལ་དང་། །ཟབ་མོ་ཡང་ནི་ཐ་མ་ཡིན། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མདོར་བསྡུ་ན་རྣམ་པ་གསུམ་

དུ་རྣམ་པར་གཞག་པར་བྱ་སྟེ། སྔོན་གྱི་མཐའ་ནས་དབུས་ཀྱི་མཐར་ཇི་ལྟར་འབྱུང་བ་དང་། དབུས་ཀྱི་མཐའ་ནས་ཕྱི་མའི་མཐར་ཇི་ལྟར་འབྱུང་བ་དང་། ཇི་ལྟར་དབུས་ཀྱི་མཐར་བྱུང་སྟེ་འདུག་པ་རྣམ་པར་བྱང་བར་ཡང་འགྱུར་བའོ། །དེ་ལ་སྔོན་གྱི་མཐའ་ནས་དབུས་ཀྱི་མཐར་ཇི་ལྟར་
བྱུང་བ་དང་བྱུང་ནས་ཀྱང་དབུས་ཀྱི་མཐར་ཇི་ལྟར་འདུག་ཅེ་ན། ཇི་ལྟར་འདི་ནི་ཁ་ཅིག་སྔ་ནས་མི་མཁས་པས་མ་རིག་པའི་རྐྱེན་ལས་བྱུང་བའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལུས་དང་། ངག་དང་། ཡིད་ཀྱིས་ལས་བྱས་ཤིང་བསགས་ཏེ་དེའི་རྣམ་པར་
ཤེས་པ་ཡང་ལས་དེའི་རྗེས་སུ་འགྲོ་ཞིང་འཆི་བའི་དུས་བྱེད་པར་མ་གྱུར་གྱི་བར་དུ་རྗེས་སུ་འབྲང་སྟེ། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྒྱུར་གྱུར་ལ་ནང་དང་ཕྱི་རོལ་གྱི་སྲེད་པ་ཡང་རྣམ་པར་ཤེས་པ་དེའི་འབྲས་བུ་མངོན་པར་འགྲུབ་པའི་ཚེ་གྲོགས་བྱེད་པའི་ཚུལ་གྱིས་ཉེ་བར་གནས་
སོ། །དེ་འཆི་བའི་དུས་བྱས་ནས་སྔོན་གྱི་མཐའ་ནས་ད་ལྟར་གྱི་དུས་སུ་ལུས་མངོན་པར་འགྲུབ་པར་འགྱུར་ཏེ་མཐར་གྱིས་མའི་མངལ་དུ་རྒྱུའི་རྣམ་པར་ཤེས་པའི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་འབྲས་བུའི་རྣམ་པར་ཤེས་པ་འདི་ལྟ་སྟེ། མེར་མེར་པོ་ལ་སོགས་པའི་གནས་སྐབས་ཀྱི་
ཁྱད་པར་གྱིས་གོང་ནས་གོང་དུ་མངལ་ན་གནས་པ་དེ་མིང་དང་གཟུགས་ནས་འཁོགས་པ་ལ་ཐུག་པའི་བར་དུ་འགྱུར་རོ། །ཉིང་མཚམས་སྦྱོར་བར་སྦྱར་བའི་མོད་ལ་རྣམ་པར་ཤེས་པ་དེ་སྐྱེ་བར་འགྱུར་བའི་ལས་གང་ཡིན་པ་དེ་ནི་རྣམ་པར་སྨིན་པའི་སྒོ་ནས་འབྲས་བུ་སྨིན་ཟིན་པ་
ཡིན་ནོ། །རྣམ་པར་སྨིན་པ་ལས་བྱུང་བའི་རྣམ་པ་ཤེས་པ་དེ་ཡང་མིང་དང་གཟུགས་དེ་ཉིད་ལ་གནས་ཤིང་འདུག་གོ། །དེ་ཡང་མིག་ལ་སོགས་པ་རྟེན་དྲུག་པོ་རྣམས་ལ་གནས་ཤིང་འདུག་སྟེ། དེས་ན་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་སྟེ། དབང་
པོའི་གཟུགས་ནི་ལྷན་ཅིག་བྱུང་བ་དང་། མིང་འགགས་མ་ཐག་པ་ནི་རྣམ་པར་ཤེས་པ་དྲུག་པོ་རྣམས་ཀྱི་མཐུན་མཐུན་གྱི་རྟེན་ཡིན་ཏེ། དེ་ལ་བརྟེན་ནས་ཇི་སྲིད་འཚོའི་བར་དུ་རྣམ་པར་ཤེས་པ་འཇུག་པར་འགྱུར་རོ། །དབང་པོ་གཟུགས་ཅན་ལྔའི་རྟེན་ནི་དབང་པོའི་འབྱུང་བ་ཆེན་པོ་

རྣམས་དང་། དབང་པོའི་གནས་འབྱུང་བ་ཆེན་པོས་བསྐྱེད་པའི་གཟུགས་ཡིན་པ་དང་། མིང་གང་ཡིན་པ་སྟེ་གང་གིས་དབང་པོ་རྣམས་ཟིན་ཅིང་རྒྱུད་ལ་གཏོགས་ལ་རྒྱུན་གྱིས་གནས་པ་དེ་གཉི་ག་བསྡུས་པ་ནི་རྗེས་སུ་འཇུག་པའི་རྟེན་ཡིན་ཏེ། དེ་ལྟར་ན་རྣམ་
པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སྟེ། ད་ལྟར་གྱི་དུས་ན་ཚེའི་ཚད་ཇི་སྲིད་ཀྱི་བར་དུ་མདུང་ཁྱིམ་གྱི་ཚུལ་དུ་འདུག་གོ། །དེ་ལྟར་ན་སྔོན་གྱི་མཐའ་ནས་དབུས་ཀྱི་མཐར་འདུ་བྱེད་རྣམས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བར་
འགྱུར་ལ་སྐྱེས་ཟིན་པ་རྣམས་ཀྱང་དབུས་ཀྱི་མཐར་འཇུག་གོ། །དེ་ལ་མངལ་ནས་སྐྱེ་བའི་སྐྱེ་གནས་ཅན་གྱི་འཇུག་པའི་རིམ་པ་ནི་དེ་ཡིན་ཏེ། སྒོ་ང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་ནི་མའི་མངལ་མ་གཏོགས་པར་གཞན་ཐམས་ཅད་སྔ་མ་བཞིན་དུ་རིག་པར་བྱའོ། །སེམས་
ཅན་གཟུགས་ཅན་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པ་རྣམས་ལས་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཅན་ནི་དབང་པོ་ཡོངས་སུ་རྫོགས་བཞིན་དུ་སྐྱེ་བར་འགྱུར་ཏེ། ཁྱད་པར་ནི་དེ་ཡོད་དོ། །གཟུགས་མེད་པ་དག་ནི་རྣམ་པར་ཤེས་པ་མིང་ལ་ཡང་བརྟེན་ལ་གཟུགས་ཀྱི་ས་བོན་ལ་ཡང་བརྟེན་ཏོ། །
མིང་དང་གཟུགས་ཀྱི་ས་བོན་ཡང་རྣམ་པར་ཤེས་པ་ལ་བརྟེན་ཅིང་འདུག་སྟེ། གཟུགས་ཀྱི་རྒྱུན་ཆད་ཟིན་པ་ལས་ཀྱང་གཟུགས་ཀྱི་ས་བོན་དེ་ལས་ཕྱི་མ་ལ་འབྱུང་བར་འགྱུར་ཏེ། འདི་ལ་ཡང་བྱེ་བྲག་ནི་དེ་ཡོད་དོ། །བསོད་ནམས་ཀྱི་ལས་ཀྱིས་ནི་འདོད་པ་ན་སྤྱོད་པའི་ལྷ་
དང་མི་རྣམས་ཀྱི་ནང་དུ་སྐྱེའོ། །བསོད་ནམས་མ་ཡིན་པས་ནི་ངན་སོང་རྣམས་སུའོ། །མི་གཡོ་བས་ནི་གཟུགས་དང་གཟུགས་མེད་པ་རྣམས་སུའོ། །དབུས་ཀྱི་མཐའ་ནས་ཕྱི་མའི་མཐར་འདུ་བྱེད་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཇི་ལྟར་སྐྱེ་བར་འགྱུར། ཇི་ལྟར་ན་མི་
སྐྱེ་བར་འགྱུར། ཇི་ལྟར་ནི་མ་སྐྱེས་པ་ལས་རྣམ་པར་བྱང་བར་འགྱུར་ཞེ་ན། དེ་ལྟར་དབུས་ཀྱི་མཐར་བྱུང་བའི་གང་ཟག་དེས་ནི་སྔོན་གྱི་ལས་ཀྱི་འབྲས་བུ་རྣམ་པ་གཉིས་ཉམས་སུ་མྱོང་བར་འགྱུར་ཏེ། ནང་གི་རྣམ་པར་སྨིན་པའི་འབྲས་བུ་དང་། ཡུལ་ལས་སྐྱེས་པའི་ཚོར་བའི་དབང་གི་

འབྲས་བུའོ། །དེ་ནི་དམ་པའི་ཆོས་མ་ཡིན་པ་ལ་བརྟེན་པའམ། ཡང་ན་སྔོན་གོམས་པས་འབྲས་བུ་རྣམ་པ་གཉིས་ལ་ཀུན་དུ་རྨོངས་པར་འགྱུར་ཏེ། དེ་ནང་གི་རྣམ་པར་སྨིན་པའི་འབྲས་བུ་ལ་ཀུན་དུ་རྨོངས་པས་ཡང་སྲིད་པར་སྐྱེ་བ་མངོན་པར་འགྲུབ་པ་སྡུག་བསྔལ་ཡིན་པར་
ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །དེ་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་མ་རིག་པའི་དབང་གིས་སྔ་མ་བཞིན་དུ་འདུ་བྱེད་རྣམས་བྱེད་ཅིང་སོགས་ཏེ། དེའི་རྣམ་པར་ཤེས་པ་དེ་ཚེ་འདི་ཉིད་ལ་ལས་གསར་དུ་བྱེད་པ་ལས་དེའི་རྗེས་སུ་འགྲོ་བར་འགྱུར་ཏེ། དེ་ལྟར་ན་
མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སྐྱེ་ལ་འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སྐྱེའོ། །རྣམ་པར་ཤེས་པ་དེ་ཡང་ཚེ་འདི་ལ་རྒྱུར་གྱུར་པ་སྟེ། ཕྱི་མ་ལ་མངོན་པར་འགྲུབ་པའི་རྣམ་པར་ཤེས་པའི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར་རོ། །རྒྱུད་ཐམས་ཅད་ཀྱི་སྒོ་ནས་
ནི་རྣམ་པར་ཤེས་པ་དྲུག་གི་ཚོགས་ཞེས་བྱའོ། །རྣམ་པར་ཤེས་པ་དེ་ཡང་ཕྱི་མ་ལ་ཡང་སྲིད་པར་སྐྱེ་བའི་མིང་དང་གཟུགས་ཀྱི་ས་བོན་དང་ལྡན་ནོ། །མིང་དང་གཟུགས་ཀྱི་ས་བོན་དེ་ཡང་ཕྱི་མ་ལ་ཡང་སྲིད་པར་སྐྱེ་བའི་སྐྱེ་མཆེད་དྲུག་གི་ས་བོན་དང་ལྡན་ནོ། །སྐྱེ་མཆེད་དྲུག་གི་ས་
བོན་དེ་ཡང་ཕྱི་མ་ལ་ཡང་སྲིད་པར་སྐྱེ་བའི་རེག་པའི་ས་བོན་དང་ལྡན་ནོ། །རེག་པའི་ས་བོན་དེ་ཡང་ཕྱི་མ་ལ་ཡང་སྲིད་པར་སྐྱེ་བའི་ཚོར་བའི་ས་བོན་དང་ལྡན་ཏེ། འདི་ཡང་ཡང་སྲིད་པར་སྐྱེ་བའི་དབུས་ཀྱི་མཐར་འཕེན་པའི་རྒྱུ་ཡིན་པར་རིག་པར་བྱ་སྟེ། དེས་ན་རྣམ་པར་ཤེས་པ་
ལ་སོགས་པ་ནས་ཚོར་བ་ལ་ཐུག་པའི་ལུས་མཐའ་དག་འཕངས་སོ། །དེ་དེ་ལྟར་རྣམ་པར་སྨིན་པའི་འབྲས་བུ་ལ་ཀུན་དུ་རྨོངས་པ་སྔ་མ་ཤོས་ཀྱིས་ཡང་སྲིད་པར་སྐྱེ་བར་འཕངས་ནས་ཡུལ་ལས་སྐྱེས་པའི་འབྲས་བུ་ལ་ཀུན་དུ་རྨོངས་པ་ཅིག་ཤོས་ཀྱི་ཡུལ་གྱི་ཚོར་བ་ལ་དམིགས་
པའི་སྲེད་པ་སྐྱེད་པར་བྱེད་དོ། །སྲེད་པ་དེས་ནི་འདོད་པ་ཡོངས་སུ་ཚོལ་བའམ། སྲིད་པ་ཡོངས་སུ་ཚོལ་བར་བྱེད་དེ་འདོད་པའི་ཉེ་བར་ལེན་པའམ། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་ལེན་པར་བྱེད་དེ། ཉེ་བར་ལེན་པ་བླངས་

པའི་སྲིད་པའི་ཉེ་བར་ལེན་པ་དང་བཅས་ཤིང་ལྡན་པ། འཕེན་པའི་རྒྱུ་སྔ་མ་ལ་ནི་སྲིད་པ་ཞེས་བྱའོ། །སྐྱེ་བ་མངོན་པར་འགྲུབ་པའི་རྒྱུས་བསྡུས་པའི་སྲིད་པའི་འོག་ཏུ་འཆི་བའི་དུས་བྱས་ནས། འཕེན་པའི་རྒྱུས་ཇི་ལྟར་འཕངས་པའི་རྣམ་པར་ཤེས་པ་ལ་
སོགས་པའི་འདུ་བྱེད་རྣམས་ཚོར་བ་ལ་ཐུག་པ་ཡན་ཆད་རིམ་གྱིས་སམ། ཅིག་ཅར་འབྱུང་བར་འགྱུར་ཏེ། དེ་ལྟར་ན་ཚེ་འདི་ལ་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་
བ། སྐྱེ་བའི་རྐྱེན་གྱིས་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་སྡུག་བསྔལ་གྱི་ཁྱད་པར་རྣམས་སྐྱེ་བའི་གནས་ཁ་ཅིག་ཏུ་མངོན་པར་འགྱུར་རོ། །ཁ་ཅིག་ཏུ་ནི་ས་བོན་དང་འབྲེལ་བར་རིག་པར་བྱའོ། །དེ་ལྟར་ན་དབུས་ཀྱི་མཐའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང་། ཚོར་བའི་རྐྱེན་གྱིས་སྲེད་
པ་ལ་བརྟེན་ནས་ཕྱི་མའི་མཐར་འདུ་བྱེད་རྣམས་འབྱུང་བར་འགྱུར་རོ། །གལ་ཏེ་གཞན་གྱི་སྒྲའམ། སྔོན་གྱི་ཚོགས་ལ་བརྟེན་ཏེ། ཚེ་འདི་ལ་འབྲས་བུར་གྱུར་པའི་འདུ་བྱེད་རྣམས་དང་། དེ་དག་གི་རྒྱུ་དང་། དེ་དག་འགོག་པ་དང་། འགོག་པར་འགྱུར་བའི་ལམ་ཚུལ་བཞིན་དུ་ཡིད་ལ་བྱེད་ན་ནི་དེ་ཚུལ་བཞིན་དུ་ཡིད་ལ་
བྱེད་པའི་རྒྱུས་ཡང་དག་པའི་ལྟ་བ་ཡང་བསྐྱེད་ལ་བདེན་པ་རྣམས་ལ་རིམ་གྱིས་སློབ་པ་དང་མི་སློབ་པའི་ཡེ་ཤེས་མཐོང་བ་རྣམ་པར་དག་པ་ཡང་ཐོབ་པར་འགྱུར་རོ། །དེ་ཡེ་ཤེས་མཐོང་བ་དེས་མ་རིག་པ་དེ་དང་། སྲེད་པ་དེ་ཡང་མ་ལུས་པར་སྤོང་ངོ་། །དེ་སྤངས་པས་དེའི་དམིགས་
པ་གང་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གང་ཡིན་པ་དེ་ཡང་སྤོང་བར་འགྱུར་རོ། །དེ་སྤངས་པས་མ་རིག་པ་དང་བྲལ་བའི་ཕྱིར་ཚེ་འདི་ཉིད་ལ་ཤེས་རབ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་དོ། །མ་རིག་པའི་འདུས་ཏེ་
རེག་པ་ལས་བྱུང་བའི་ཚོར་བ་དང་མཚུངས་པར་ལྡན་པའི་སེམས་གང་ཡིན་པ་ལ་མཚུངས་པར་ལྡན་པའི་སྲེད་པ་དང་འདོད་ཆགས་ཡོད་པ་གང་ཡིན་པ་དེ་ཡང་སེམས་དེ་ལས་བྲལ་བ་དང་། འདོད་ཆགས་དང་བྲལ་བས་སེམས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་དོ། །དེའི་མ་རིག་པ་འགགས་

པས་མ་རིག་པ་མ་སྤངས་པར་ཡོད་པ་ལ་འདུ་བྱེད་དང་རྣམ་པར་ཤེས་པ་ལ་སོགས་པ་ནས། ཚོར་བ་ལ་ཐུག་གི་བར་དུ་ཕྱི་མའི་མཐའ་ལས་བརྩམས་ཏེ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་ཀྱང་མི་སྐྱེ་ལ་མི་སྐྱེ་བའི་ཆོས་ཅན་དུ་ཡང་འགྱུར་ཏེ། དེ་བས་ན་མ་རིག་པ་འགགས་པས་འདུ་བྱེད་
འགག་པའི་རིམ་གྱིས་རྣམ་པར་སྨིན་པ་ལས་བྱུང་བའི་རེག་པ་འགགས་པས་རྣམ་པར་སྨིན་པ་ལས་བྱུང་བའི་ཚོར་བའི་བར་དུ་འགག་ཅེས་བྱའོ། །ཚེ་འདི་ལ་མ་རིག་པ་འགགས་པས་མ་རིག་པའི་འདུས་ཏེ་རེག་པ་འགག །མ་རིག་པའི་འདུས་ཏེ་རེག་པ་འགགས་པས་མ་རིག་པའི་
འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འགག །མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་སྔ་མ་བཞིན་དུ་མི་སྐྱེ་བའི་ཆོས་ཅན་གྱིས་ལེན་པ་ལ་སོགས་པ་ནས་འཁྲུག་པ་ཡན་ཆད་ཀྱི་འདུ་བྱེད་རྣམས་འགག་ཅེས་
བྱའོ། །དེ་ལྟར་ན་ཚེ་འདི་ལ་འདུ་བྱེད་དེ་རྣམས་འཇུག་པར་མི་འགྱུར་རོ། །མི་འཇུག་ན་ཚེ་འདི་ལ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚེ་འདིའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེའི་ཚེ་དེའི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་
དང་གཟུགས་ཀྱི་རྐྱེན་གྱིས་ཀྱང་རྣམ་པར་ཤེས་པ་ཡོངས་སུ་དག་པ་རྣམ་པར་བྱང་བའི་ལུས་སོ། །ཇི་སྲིད་དུ་དེའི་རྣམ་པར་ཤེས་པ་དང་བཅས་པའི་ལུས་གནས་པ་དེ་སྲིད་དུ་མི་ལྡན་པའི་ཚོར་བ་མྱོང་སྟེ་ལྡན་པའི་ནི་མ་ཡིན་ནོ། །དེའི་རྣམ་པར་ཤེས་པ་དང་བཅས་པའི་ལུས་དེ་ཡང་སྔོན་གྱི་ལས་
ཀྱིས་འཕངས་པའི་ཚེའི་ཚད་ཇི་སྲིད་ཡོད་པ་དེ་སྲིད་དུ་གནས་སོ། །ནམ་དེའི་ཚེ་ཟད་པ་ན་རྣམ་པར་ཤེས་པས་ཟིན་པའི་ལུས་དང་སྲོག་གི་དབང་པོ་ཡང་སྤོང་བར་འགྱུར་ཏེ། སྲོག་གི་དབང་པོ་འདི་ཕན་ཆད་མ་ལུས་པར་མཐར་ཐུག་པར་འགྱུར་ཏེ་ཕྱིས་རྣམ་པར་སྨིན་པར་མི་འགྱུར་རོ། །རྣམ་པར་
ཤེས་པ་དེ་ཡང་ཚོར་བ་ཐམས་ཅད་དང་བཅས་ཏེ་འདིར་རང་གི་ངང་གིས་འགག་པ་དང་སྔ་ནས་ཀྱང་རྒྱུ་འགགས་པའི་ཕྱིར་གཞན་དུ་མཚམས་སྦྱོར་བ་མེད་པས་མ་ལུས་པར་འགག་སྟེ། འདི་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་གཏན་དུ་ཞི་བའི་གནས་ཡིན་ཏེ། དེ་

བས་ན་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་མྱ་ངན་ལས་འདས་པར་ཉེ་བར་འགྲོ་བ་མཐར་མྱ་ངན་ལས་འདས་པར་འགྱུར་བ་སྤྱོད་པར་བྱེད་དེ་དེ་བས་ན་འདི་ནི་སྔོན་གྱི་མཐའ་ནས་དབུས་ཀྱི་མཐར་འཇུག་པ་དང་། དབུས་ཀྱི་མཐའ་ནས་ཕྱི་མའི་མཐར་འཇུག་
པ་དང་། དབུས་ཀྱི་མཐར་འཇུག་ཅིང་རྣམ་པར་དག་པར་འགྱུར་བ་དང་རྣམ་པ་གསུམ་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་གཞག་པ་རྒྱས་པར་བསྟན་པ་ཡིན་ནོ། །རྣམ་པ་དགུས་སྡུག་བསྔལ་ཞིང་འདུག་པའི་ཡང་སྲིད་པར་སྐྱེ་བའི་ཤིང་ཕྱི་མ་ལ་བསྐྱེད་པའི་ཕྱིར་མི་མཁས་པས་
ཚེ་འདི་ལ་གསར་དུ་ལས་བྱས་པ་གང་ཡིན་པ་དེ་ནི་དེའི་སྡུག་བསྔལ་གྱི་ཤིང་གཞོན་ནུ་ལྟ་བུ་ཡིན་ཏེ། གལ་ཏེ་མི་མཁས་པ་དེས་ཟག་པའི་གནས་ཀྱི་ཆོས་རྣམས་ལ་ད་ལྟར་གྱི་དུས་ཀྱི་སྒོ་ནས་ནི་མནོག་ཡོད་པར་མཐོང་ལ་འདས་པའི་དུས་ཀྱི་སྒོ་ནས་ནི་ལྟ་བ་དང་ལྡན་པ་དང་། མ་འོངས་
པའི་དུས་ཀྱི་སྒོ་ནས་ནི་སེམས་འདོགས་པར་བྱེད་ན་དེ་ལྟར་གནས་པ་དེ་ནི་སྔོན་མ་སྤངས་པའི་སྲེད་པ་ལ་གོམས་པར་བྱས་པས་ཡང་རྒྱས་པར་འགྱུར་ཏེ། དེ་ལྟར་མི་མཁས་པའི་གང་ཟག་དེ་ནི་ཡང་སྲིད་པར་སྐྱེ་བའི་ཤིང་གཞོན་ནུ་དེའི་གྲུབ་པ་དང་བདེ་བ་འདོད་པ་ཡིན་ལ་སྲེད་པའི་ཆགས་པས་
ཀྱང་བརླན་པས་ན་སྔ་མ་བཞིན་དུ་ལེན་པའི་འབྲས་བུའི་རིམ་གྱིས་ཕྱི་མ་ལ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་ཡང་སྲིད་པར་སྐྱེ་བའི་ལས་དང་ཡང་སྲིད་པར་སྐྱེ་བའི་སྡུག་བསྔལ་གྱིས་ཤིང་གཞོན་ནུ་ལྟ་བུ་ལ་ཟག་པ་དང་བཅས་པ་བྱས་སུ་ཟིན་ཀྱང་ཉོན་
མོངས་པའི་གནས་ཀྱི་འདུ་བྱེད་རྣམས་ལ་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་མཐོང་ལ་སྤོང་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པའི་ཁམས་རྣམས་ལ་ཡང་ཞི་བ་ཉིད་དུ་མཐོང་བས་སྲེད་པའི་ཆགས་པས་སྦྱོར་བ་མེད་པའི་ཕྱིར་ལས་དེ་འགྲིབ་པར་བྱེད་ཀྱི་འཕེལ་བར་མི་བྱེད་དོ། །དེ་བས་
ན་མཁས་པ་དེ་ནི་ཤིང་གཞོན་ནུ་དེའི་གྲུབ་པ་དང་བདེ་བ་འདོད་པ་མ་ཡིན་ཏེ། སྲིད་པ་དང་སྲིད་པའི་རྐྱེན་གྱིས་ལེན་པ་ལ་སོགས་པ་སྤངས་ནས་ཡང་སྲིད་པར་སྐྱེ་བའི་ཤིང་དེ་ཉིད་ཅི་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་བ་དེ་ལྟ་བུར་དེ་ཡང་སེལ་བར་བྱེད་ན་ཕྱི་མ་ལ་འཕེལ་བར་ལྟ་ག་ལ་འགྱུར།

གཞན་ཡང་འདི་ན་གང་ཟག་ལུས་མངོན་པར་འགྲུབ་པ་ཁ་ཅིག་གིས་སྔོན་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེ་ཚེ་འདི་ལ་ལྡན་ཏེ་དེའི་ལུས་དེ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་དེ་གཅིག་ཏུ་བསྡུས་པ་ནི་ཡང་སྲིད་པར་སྐྱེ་བའི་ཤིང་ཆེན་
པོ་ཞེས་བྱ་སྟེ། གལ་ཏེ་ཉོན་མོངས་པ་དང་མཐུན་པའི་ཆོས་རྣམས་ལ་སྔ་མ་བཞིན་དུ་སེམས་འདོགས་པའི་བར་གྱི་གནས་པར་གྱུར་ན་དེའི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་སྔ་མ་གང་ཡིན་པ་དེ་ནི་རྩ་བ་ཐུར་དུ་ཟུག་པ་དང་འདྲ་བར་ཤིང་དེའི་མདངས་གསོ་བ་ཡིན་ནོ། །ཚེ་འདིའི་དུས་
གསུམ་གྱི་སྲེད་པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་རྩ་བའི་ཡལ་ག་དང་འདྲ་སྟེ། ཤིང་དེའི་བཅུད་གསོ་བ་ཡིན་པར་རིག་པར་བྱའོ། །དེའི་རྒྱུ་ལས་བྱུང་བ་ལས་དང་ཉོན་མོངས་པ་དེ་དང་ལྡན་པ་ས་བོན་ཐམས་ཅད་དང་ལྡན་པའི་རྣམ་པར་ཤེས་པས་ནི་ཕྱི་མ་ལ་ཉིང་མཚམས་སྦྱོར་བའི་ཚེ་མིང་དང་
གཟུགས་ལ་གནས་ཐོད་པར་འགྱུར་རོ། །དེ་ལྟར་ན་སྡུག་བསྔལ་གྱིས་ཤིང་དེ་ནི་ཡུན་རིང་པོར་གནས་པ་ཡིན་ལ་གང་ཟག་དེ་ཡང་དེའི་གྲུབ་པ་དང་བདེ་བ་འདོད་པར་རིག་པར་བྱ་སྟེ། འདི་ནི་དཀར་པོའི་ཕྱོགས་ཀྱང་སྔ་མ་བཞིན་དུ་རིག་པར་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་ནི་འཇིག་
རྟེན་པའི་ལམ་སྔ་མ་དང་། འཇིག་རྟེན་པའི་སློབ་དཔོན་ཐམས་ཅད་བོར་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ཏེ། ཉིད་ཀྱིས་གཞན་ལ་ཕན་པར་བཞེད་པས་སེམས་ཅན་ལ་ཐུགས་བརྩེ་བ་མངོན་སུམ་དུ་མཛད་ནས་བདེན་པ་དཔྱོད་པ་རྩོམ་པར་མཛད་དོ། །དེ་དེའི་ཚེ་སྡུག་བསྔལ་གྱི་བདེན་པ་
དཔྱད་པར་བཞེད་དེ་རྒ་ཤི་སྡུག་བསྔལ་གྱི་བདེན་པར་གཏོགས་པ་ལུགས་སུ་འབྱུང་བ་མ་ཡིན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བརྟག་པའི་སྒོ་ནས་བརྟག་པར་མཛད་དེ། དེ་རྒྱུ་ཆ་ཕྲ་བ་དང་། རྒྱུ་རགས་པ་དང་། ནོར་པ་མེད་པ་རྣམ་པ་གསུམ་གྱིས་རྒ་ཤིའི་ཚུལ་བཞིན་དུ་དཔྱོད་པར་མཛད་
དོ། །དེ་ལ་མངོན་པར་འགྲུབ་པའི་རྒྱུ་ཡང་སྐྱེ་བ་ཡིན་ལ། མངོན་པར་འགྲུབ་པ་ཡང་སྐྱེ་བ་ཡིན་ཏེ། སྔ་མ་ནི་ཆ་ཕྲ་བ་ཡིན་ལ་ཕྱི་མ་ནི་རགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་སྔ་མ་ཆ་ཕྲ་བ་ཤོས་ཡོད་པ་ལས་ཀྱང་རྒ་ཤི་འབྱུང་ལ་ཕྱི་མ་རགས་པ་ཤོས་ཀྱི་རྐྱེན་ལས་ཀྱང་རྒ་ཤི་འབྱུང་ངོ་སྙམ་དུ་

དཔྱོད་དེ། ཕྱི་མའི་རྒ་ཤི་གང་ཡིན་པ་དེ་ནི་ཆ་ཕྲ་བའི་སྐྱེ་བའི་རྒྱུ་ལས་བྱུང་བ་ཡིན་ནོ། །ཚེ་འདིའི་རྒ་ཤི་གང་ཡིན་པ་དེ་ནི་རགས་པའི་སྐྱེ་བའི་རྒྱུ་ལས་བྱུང་བ་ཡིན་ནོ། །དེ་ལ་ནོར་བ་མེད་པ་གང་ཞེ་ན། སྐྱེ་བའི་གནས་གཞན་དུ་གཏོགས་པའི་སྐྱེ་བ་རྣམ་པ་གཉིས་ནི་གཞན་
དུ་རྒ་ཤིའི་འབྲས་བུ་སྨིན་པར་མི་བྱེད་དོ། །རྒ་ཤི་ཇི་ལྟ་བ་བཞིན་དུ་སྐྱེ་བ་དང་། སྲིད་པ་དང་། ལེན་པ་དང་། སྲེད་པ་ཡང་ཚུལ་བཞིན་དུ་དཔྱོད་པ་རྣམ་པ་གཉིས་ཀྱིས་རིག་པར་བྱའོ། །དེ་ལྟར་ན་རྒ་ཤི་ལ་བརྟེན་ཏེ་ལུགས་སུ་འབྱུང་བ་མ་ཡིན་པའི་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་
པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་བརྟགས་པ་ཡིན་ནོ། །དེ་ལ་ཀུན་འབྱུང་བའི་བདེན་པ་དང་མཐུན་པའི་ཆོས་རྣམས་ནི་སྙིང་པོ་དང་འདྲ་བ་ཡིན་ནོ། །ཀུན་འབྱུང་བའི་བདེན་པ་དེ་ཉིད་ནི་སྣུམ་ལྟ་བུ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པ་ནི་འབར་བ་ལྟ་བུ་ཡིན་ནོ། །གང་ཟག་
མི་མཁས་པ་ནི་སྣུམ་ལྡུགས་པ་ལྟ་བུ་དང་སྙིང་པོ་བསྐུལ་བ་ལྟ་བུ་ཡིན་ཏེ། སྡུག་བསྔལ་འབར་བ་དེ་ཡང་ཡུན་རིང་པོར་འབར་རོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་བརྟགས་པའི་ཚུལ་གྱིས་ལམ་དང་འགོག་པའི་བདེན་པ་བརྟགས་པ་ཡིན་པར་རིག་པར་བྱའོ། །གང་
ཟག་ནི་གཉིས་ཏེ། བདག་ལ་གནོད་པ་བྱེད་པར་ཞུགས་ཏེ་བདག་ཉིད་ཀྱི་སྡུག་བསྔལ་འབར་བ་རྒྱུད་གཅིག་ལ་ཡོད་པ་གནས་པར་བྱ་བའི་ཕྱིར་སྣུམ་ལྡུགས་ཤིང་སྙིང་པོ་སྐུལ་བར་བྱེད་པ་དང་། གང་ཟག་ཅིག་ཤོས་ནི་བདག་ཉིད་དང་གཞན་སྐྱེ་བོའི་ཚོགས་ཆེན་པོ་ལ་གནོད་པར་ཞུགས་
པ་ཡིན་ཏེ། དེ་ནི་བདག་ཉིད་དང་གཞན་རྣམས་ཀྱི་སྡུག་བསྔལ་གྱི་མེའི་ཕུང་པོ་ཆེན་པོ་ལ་འདི་ལྟ་སྟེ། མེའི་ཕུང་པོ་དེ་ཡུན་རིང་པོར་གནས་པར་བྱ་བའི་ཕྱིར། དམ་པའི་ཆོས་མ་ཡིན་པ་སྔོན་དུ་བཏང་བ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ལོག་པར་བསྒྲུབ་པར་
བསྡུས་པའི་ཤིང་དང་། རྩྭ་དང་། བ་ལང་གི་ལྕི་བ་སྐམ་པོ་ལྟ་བུ་སྒྲུབ་པར་བྱེད་དོ། །འདི་ལ་བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔར་གྱུར་པ་ན་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་རྒ་ཤི་ལ་དམིགས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒོ་ནས་ཕྱི་མའི་མཐའི་སྡུག་བསྔལ་གྱི་བདེན་

པ་ལ་ལུགས་སུ་འབྱུང་བ་མ་ཡིན་པའི་ཚུལ་གྱིས་འཇུག་སྟེ། སྲེད་པའི་བར་དུ་ཚུལ་བཞིན་ཡིད་ལ་བྱེད་ཅིང་ཕྱི་མའི་མཐའི་སྡུག་བསྔལ་དང་ཕྱི་མའི་མཐའི་སྡུག་བསྔལ་ཀུན་འབྱུང་བ་ཡང་བརྟགས་ནས་དེ་དེ་ཙམ་གྱིས་ཆོག་པར་མི་འཛིན་ཏེ། ཕྱི་མའི་མཐའི་ཀུན་འབྱུང་བ་དེའི་རྒྱུར་གྱུར་
པ། ད་ལྟར་གྱི་སྡུག་བསྔལ་ཐམས་ཅད་ལ་ཡང་ལུགས་སུ་འབྱུང་བ་མ་ཡིན་པར་ཚོར་བ་དང་རེག་པ་དང་སྐྱེ་མཆེད་དྲུག་དང་མིང་དང་གཟུགས་དང་རྣམ་པར་ཤེས་པས་བསྡུས་པ་ལ་རྟོག་པར་མཛད་དོ། །དེ་ལ་མ་འོངས་པའི་སྡུག་བསྔལ་གང་ཡིན་པ་དེ་ནི་ཕྱིས་འབྱུང་བ་ཡིན་ནོ། །
དེའི་ཀུན་འབྱུང་བ་ཡང་ཕྱིས་འབྱུང་བ་ཡིན་ནོ་སྙམ་དུ་ཡང་དག་པར་མཁྱེན་ནས་མ་འོངས་པའི་དུས་ལ་བརྟེན་ཏེ་གང་ཡོད་པ་ལས་འབྱུང་བར་འགྱུར་སྙམ་དུ་རྟོག་གོ། །ཚེ་འདིའི་སྡུག་བསྔལ་རྣམ་པར་ཤེས་པ་ལ་ཐུག་པའི་བར་དེ་ནི་སྔོན་གྱི་ཀུན་འབྱུང་བ་ལས་བྱུང་ཞིང་གྲུབ་པ་ཡིན་ནོ། །བྱུང་
བ་གང་ཡིན་པ་དེ་ལ་ནི་འདི་ལྟར་འབྱུང་སྙམ་དུ་བརྟག་པའི་མི་རིགས་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་དེ་ནི་ད་ལྟར་གྱི་སྡུག་བསྔལ་བྱུང་ཟིན་པ་ལ་གཟིགས་ནས་ཕྱིས་འབྱུང་བ་བརྟག་པའི་ཡིད་ལ་བྱེད་པ་དང་ལྡན་པའི་སེམས་ལྡོག་པར་འགྱུར་རོ། །དེའི་གནས་ཕྱི་མའི་མཐའི་
ཀུན་འབྱུང་བའི་བདེན་པ་རིམ་གྱིས་ཡང་དག་པར་གཟིགས་ནས། ཕྱི་མའི་མཐའི་སྡུག་བསྔལ་གྱི་བདེན་པའི་གནས་ཕྱི་མའི་མཐའི་ཀུན་འབྱུང་བའི་བདེན་པ་ཡང་ཡང་དག་པར་གཟིགས་ཏེ། ཡང་རྣམ་པར་ཤེས་པ་ལས་ལུགས་སུ་འབྱུང་བ་ལ་འཇུག་སྟེ། དེ་ལྟར་ན་དེས་རྟེན་
ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་དང་། ལུགས་སུ་འབྱུང་བ་མ་ཡིན་པ་ཚུལ་བཞིན་དུ་སྡུག་བསྔལ་དང་ཀུན་འབྱུང་བ་བརྟགས་པ་ཡིན་ནོ། །དེའི་འོག་ཏུ་འགོག་པའི་བདེན་པ་བརྟག་པར་བཞེད་ནས་རྒ་ཤི་ཉིད་ནས་མ་རིག་པའི་བར་ལས་ལུགས་སུ་འབྱུང་བ་མ་ཡིན་པར་
འཇུག་གོ། །དེ་ཅིའི་ཕྱིར་ཞེ་ན། ད་ལྟར་གྱི་སྡུག་བསྔལ་གྱི་བདེན་པ་བྱུང་ཟིན་པ་དེ་ཇི་ལྟར་བྱས་ན་གཏན་འགག་པར་འགྱུར་རོ་ཞེ་ན། མ་རིག་པའི་རྐྱེན་གྱིས་བྱུང་བའི་ལས་གསར་དུ་མ་བྱས་ན་འགག་པར་འགྱུར་རོ་སྙམ་དུ་རྟོག་པའི་ཕྱིར་རོ། །དེས་དེ་ལྟར་བདེན་པ་གསུམ་པོ་རྣམ་པར་

དཔྱད་ནས་འགོག་པའི་བདེན་པ་འདི་ཐོབ་པར་བྱུང་བའི་ལམ་ནི་གང་ཡིན། སྲང་ནི་གང་ཡིན་ཞིག་གུ་སྙམ་དུ་ཚོལ་བར་བྱེད་དེ། དེ་སྔ་མ་བཞིན་དུ་སྔོན་གྱི་གནས་རྗེས་སུ་དྲན་པས་སྔོན་གྱི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཟག་པ་ཟད་པར་བྱ་བའི་གདམས་
ངག་སྟོན་པ་དང་འདྲ་བ་མངོན་སུམ་དུ་མཛད་ཅིང་དེ་འདི་སྙམ་དུ་དགོངས་ཏེ། དྲང་སྲོང་སྔ་མ་རྣམས་ཀྱིས་བགྲོད་ཅིང་རྗེས་སུ་བགྲོད་པའི་ལམ་སྔ་མ་བདག་གིས་རྙེད་དོ་སྙམ་སྟེ། འདི་ནི་དེའི་འཇིག་རྟེན་པའི་ཡིད་ལ་བྱེད་པ་ཁོ་ནས་བདེན་པ་བཞི་པ་དཔྱད་པ་ཡིན་ནོ། །དེས་ཡང་དག་པའི་
ལྟ་བ་དེ་ཉིད་ཀྱིས་རྗེས་སུ་འགྲོ་ཞིང་བདེན་པ་རྣམས་མངོན་པར་རྟོགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ན་སློབ་པ་དང་མི་སློབ་པའི་ཡེ་ཤེས་གཟིགས་པ་ཟག་པ་མེད་པ་ཤིན་ཏུ་རྣམ་པར་དག་པས་མངོན་སུམ་གྱི་ཚུལ་དུ་ཐུགས་
སུ་ཆུད་དེ། དེས་གང་གི་དོན་དུ་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་སྤྱད་པའི་དོན་དེ་བརྙེས་ནས་གཞན་རྣམས་ལ་ཕན་པར་བཞེད་པས་ལྷར་བཅས་པའི་འཇིག་རྟེན་གྱི་ཕྱིར་ཤིན་ཏུ་སྐལ་བ་དང་ལྡན་པ་སུ་ཡང་རུང་བ་དེ་དག་ལ་འཕགས་པའི་བདེན་པ་བཞི་ཡང་དག་པར་རྟོགས་པའི་བགོ་
བཤའ་མཛད་ཅིང་སྐྱེད་པར་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ནི་གནས་གསུམ་གྱིས་བསྡུས་ཏེ་གསུམ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་བྱེད་པ་མེད་པའི་སྒོ་ནས་ལེགས་པར་འདོགས་པ་དང་། དེ་ལ་བརྟེན་ནས་གཞན་ལ་ཕན་པ་སྒྲུབ་པ་
དང་། བདག་ལ་ཕན་པ་སྒྲུབ་པའོ། །དེ་ལ་བྱེད་པ་མེད་པའི་སྒོ་ནས་ལེགས་པར་འདོགས་པ་ནི་ཕྱི་མའི་མཐའི་སྡུག་བསྔལ་ལས། ཚེ་འདི་དང་སྔོན་གྱི་མཐའི་སྡུག་བསྔལ་ལུགས་སུ་འབྱུང་བ་མ་ཡིན་པའི་སྒོ་ནས་གང་དུ་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་
པར་ཤེས་པའི་རྐྱེན་གྱིས་ཀྱང་མིང་དང་གཟུགས་འབྱུང་སྟེ། མདུད་ཁྱིམ་གྱི་ཚུལ་དུ་གཅིག་ལ་གཅིག་རྟེན་ཅིང་འདུག་ལ་དེའི་བར་སྐབས་སུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་རང་གིས་མ་བྱས་པ་དང་། གཞན་གྱིས་མ་བྱས་པ་དང་། གཉི་གས་མ་བྱས་པ་དང་། རྒྱུ་མེད་

པ་ལས་ཀྱང་མ་བྱུང་བར་འདོགས་པ་དེ་ལྟ་བུ་གང་ཡིན་པ་འདི་ནི་བྱེད་པ་མེད་པའི་སྒོ་ནས་ལེགས་པར་འདོགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་རྣམས་ནི་མི་རྟག་པ་ཉིད་དེ་སྔོན་གྱི་མཐའ་ན་ཡང་མེད། ཕྱི་མའི་མཐའ་ན་ཡང་མེད། དབུས་ཀྱི་མཐའ་ན་ཡང་སྐད་ཅིག་
ཙམ་ཞིག་ཡོད་པར་ཟད་པའི་ཕྱིར། སྤྱོད་པ་དང་། བྱེད་པ་དང་། འཇུག་པ་དོན་དམ་པར་མི་དམིགས་ཤིང་། རྒྱུད་ལས་གདགས་པ་ཙམ་དུ་ཟད་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདོགས་པ་སྟེ། །དེ་བས་ན་ལེགས་པར་འདོགས་པ་ཞེས་བྱའོ། །དེ་ལ་ལེགས་
པར་འདོགས་པ་དེ་ལ་བརྟེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གནས་པས་བདེན་པ་རྣམས་ལས་བརྩམས་ཏེ། གཞན་དག་ལ་ཆོས་སྟོན་པ་འདི་ནི་གཞན་ལ་ཕན་པ་བསྒྲུབ་པའོ། །དེ་ཉིད་ལ་བརྟེན་ནས་བདག་ཉིད་ཀྱིས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་ཆོས་ཀྱི་རྗེས་སུ་
མཐུན་པའི་ཆོས་ནན་ཏན་དུ་སྒྲུབ་པ་དང་། ཚེ་འདི་ལ་མྱ་ངན་ལས་འདས་པ་ཐོབ་པ་ནི་བདག་ལ་ཕན་པ་བསྒྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ལ་སྔོན་གྱི་ཡེ་ཤེས་ཀྱི་ཚོགས་བསྒྲུབས་པའི་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པའི་ཉན་ཐོས་ནི་མཁས་པ་ཞེས་བྱའོ། །ལུང་དང་
ལྡན་པ་ནི་གསལ་བའོ། །རྟོག་པ་དང་ལྡན་པ་ནི་དུལ་བའོ། །ཆོས་རྣམས་ལ་གཞན་གྱི་དྲིང་མི་འཇོག་པས་ན་ཆོས་རྣམས་ལ་འཇིགས་པ་མེད་པའོ། །དམིགས་པའི་སྒོ་ནས་མྱ་ངན་ལས་འདས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པས་ན་བདུད་རྩི་མཐོང་བའོ། །ཟད་པ་དང་མི་
སྐྱེ་བའི་ཡེ་ཤེས་ལ་གནས་པས་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པས་ན་བདུད་རྩིའི་དབྱིངས་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་སོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་བཅུ་གསུམ་པ།
བྱིས་པ་ཕྱི་རོལ་གྱི་མུ་སྟེགས་ཅན་ནི་འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ལུས་ཀྱི་མི་རྟག་པ་རགས་པ་མཐོང་ནས་ལུས་འདུག་ཅིང་འཚོ་བ་དེའི་འཕེལ་བ་དང་འགྲིབ་པ་དང་། འཆི་བའི་ཚེ་དང་སྐྱེ་བའི་ཚེའི་འདོར་བ་དང་ལེན་པ་ལ་བལྟས་ནས་ལུས་འདི་ལས་སྐྱོ་ཞིང་མ་ཆགས་ལ་རྣམ་པར་གྲོལ་

བར་འགྱུར་ཏེ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ལས་ཀྱང་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་མོད་ཀྱི་འོན་ཀྱང་དེ་ནི་སྲིད་པའི་རྩེ་མོ་མན་ཆད་དུ་སོང་དུ་ཟིན་ཀྱང་ལུས་དེ་ལས་ཡོངས་སུ་མ་གྲོལ་བ་ཁོ་ནར་རིག་པར་བྱའོ། །
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ནི་སྙོམས་པར་འཇུག་པ་དེ་དང་དེར་རྣམ་པར་ཤེས་པ་དེ་སྦྱང་བ་བྱས་ཀྱང་བདག་དང་བདག་གིར་འཛིན་ཅིང་ཀུན་ནས་ཉོན་མོངས་པ་དང་བཅས་པས་གནས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མི་མཁས་པས་ཚེ་ཟད་ཅིང་ལས་ཟད་ནས་ཡང་ཕྱིར་ལྡོག་
པར་འགྱུར་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའི་འཕགས་པ་ཉན་ཐོས་ནི་འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ལུས་ཀྱི་མི་རྟག་པ་ཆེས་ཕྲ་བ་ཡང་དག་པར་མཐོང་ལ་རྣམ་པར་ཤེས་པའི་མི་རྟག་པ་ནི་དེ་ལྟ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འབྱུང་བ་ཆེན་པོ་
བཞི་ལས་བྱུང་བའི་ལུས་ཀྱི་ནི་དུས་གཞན་དུ་མི་རྟག་པར་སྣང་ལ་སྐད་ཅིག་རེ་རེ་ལ་ནི་འདྲ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པས་མི་མངོན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་མི་རྟག་པ་ནི་སྐད་ཅིག་རེ་རེའི་དམིགས་པ་ལས་དམིགས་པ་འཕོ་ཞིང་འགྱུར་བའི་ཚུལ་གྱིས་རྣམ་པ་དུ་སར་སྣང་མོད་ཀྱི་འོན་ཀྱང་
རྣམ་པར་ཤེས་པའི་མི་རྟག་པ་ནི་རགས་ཤིང་རྣམ་པ་དུ་མར་འདུག་བཞིན་དུ་དེ་ནི་རྟོགས་པར་དཀའ་བ་དང་། འཇུག་པར་དཀའ་བའི་ཕྱིར་མཆོག་ཏུ་ཆ་ཕྲ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་མིག་གི་ཡུལ་ཡིན་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ལུས་ཀྱི་སྐྱེ་
བ་དང་། འགྲིབ་པ་དང་། ལེན་པ་དང་། འདོར་བའི་མི་རྟག་པ་ནི་ཚུལ་བཞིན་མ་ཡིན་པའི་ཤའི་མིག་གི་ཡུལ་དུའང་འགྱུར་རོ། །རྣམ་པར་ཤེས་པ་མི་རྟག་པའི་ཆ་ཕྲ་བ་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའི་འཕགས་པ་ཉན་ཐོས་དེ་འཇུག་པར་འདོད་པ་ན་རྟེན་ཅིང་འབྲེལ་པར་
འབྱུང་བ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རེག་པ་ལས་བྱུང་བ་རང་གི་རྒྱུད་ལ་ཡོད་པའི་ཚོར་བ་རྣམས་ཀྱི་གནས་སྐབས་ཐ་དད་པ་ཡོངས་སུ་གཅོད་པའི་ཚུལ་གྱིས་རྣམ་པར་ཤེས་པ་དེའི་མི་རྟག་པ་ལ་འཇུག་གོ། །དེ་དེ་ལྟར་ཡེ་ཤེས་མཐོང་བ་དང་ལྡན་པས་རིམ་གྱིས་ཚོར་བའི་རྟེན་དུ་གྱུར་པའི་

ལུས་ལས་ཀྱང་སྐྱོ་བར་འགྱུར་ལ་རྒྱུར་གྱུར་པའི་རེག་པ་ལས་ཀྱང་སྐྱོ་བར་འགྱུར་རོ། །དེ་མ་ཡིན་པའི་རྒྱུར་གྱུར་པ་མིང་གིས་བསྡུས་པའི་འདུ་བྱེད་དུ་གཏོགས་པ་ཐམས་ཅད་ལས་ཀྱང་ཕུང་པོ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རྣམ་པར་གྲོལ་
ཞིང་གཏན་དུ་ཡོངས་སུ་གྲོལ་བར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའི་དགེ་སློང་ནི་རྣམ་པ་གསུམ་གྱིས་མཐའ་གསུམ་ཡང་དག་པར་དཔྱད་པས་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་རོ། །རྣམ་པ་གསུམ་པོ་ནི་གང་། མཐའ་གསུམ་པོ་དེ་དག་ནི་གང་ཞེ་ན། སྡུག་
བསྔལ་གྱི་གནས་དང་། སྡུག་བསྔལ་གྱི་གཞི་དང་། སྡུག་བསྔལ་གྱི་གཞིའི་གནས་ཏེ་རྣམ་པ་གསུམ་པོ་འདི་རྣམས་ཀྱི་མཐའ་གསུམ་སྟེ། དབུས་ཀྱི་མཐའ་དང་། འདས་པ་དང་མ་འོངས་པའི་མཐའ་འདི་རྣམས་ཡང་དག་པར་དཔྱོད་དོ། །དེ་ལ་སྡུག་བསྔལ་གྱི་ནང་གི་རྟེན་ནི་
ཕུང་པོ་ཡིན་ཏེ། གྲང་བ་དང་ཚ་བ་ལ་སོགས་པ་དང་། ན་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་གྱི་ཁྱད་པར་རྣམས་ཚེ་འདི་ཉིད་ལ་སྐྱེ་བའི་གནས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡོད་ན་དེ་ལ་བརྟེན་ནས་དེ་དག་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཕྱི་རོལ་གྱི་ཕ་མ་ལ་སོགས་
པའི་ཚོགས་ཡོངས་སུ་འཛིན་པའི་ཕུང་པོ་ནི་ཡོངས་སུ་ཚོལ་བ་ལ་སོགས་པའི་མཚོན་དང་། དབྱུག་པ་འཆང་བ་མན་ཆད་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་སྡུག་བསྔལ་གྱི་ཁྱད་པར་རྣམས་ཀྱི་གནས་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་ནོ། །ཕུང་པོ་དེ་
གཉིས་ཀ་ཡོངས་སུ་འཛིན་པའི་རྒྱུ་ནི་སྲེད་པ་སྟེ། ཀུན་འབྱུང་བའི་གནས་ཀྱི་སྲེད་པ་དེས་ཕུང་པོ་འདི་བསྐྱེད་པ་འདི་ནི་སྡུག་བསྔལ་གྱི་གཞིའོ། །སྲེད་པ་དེ་ཡང་དགའ་ཞིང་བདེ་བའི་ཡུལ་གཟུགས་ཀྱི་ཡུལ་ལ་གནས་ཏེ། སྐྱེ་བ་འདི་ནི་སྡུག་བསྔལ་གྱི་གཞིའི་གནས་ཡིན་ནོ། །འདོད་
ཆགས་དང་ཞེ་སྡང་གི་མེ་ཚ་བས་གདུངས་པའི་ཕྱིར་ཡུལ་ལ་སྲེད་ཅིང་སྐོམ་པ་གང་སུ་ཡང་རུང་བ་དག་ནི་ཟས་བཟང་པོ་དུག་དང་སྦྱར་བ་བཞིན་དུ་དགའ་ཞིང་བདེ་བའི་གཟུགས་ཀྱི་ཡུལ་གྱི་རོ་མྱོང་བར་བྱེད་ཅིང་འདོར་བར་མི་བྱེད་དེ། དེ་དག་ནི་སྲེད་པ་འཕེལ་བར་བྱེད་པའོ། །སྲེད་པ་འཕེལ་

བར་བྱེད་པ་གང་ཡིན་པ་དེ་དག་ནི་ཕྱི་མ་ཕུང་པོ་འཕེལ་བར་བྱེད་པའོ། །ཕྱི་མ་ལ་ཕུང་པོ་འཕེལ་བར་བྱེད་པ་གང་ཡིན་པ་དེ་དག་ནི་སྡུག་བསྔལ་འཕེལ་བར་བྱེད་པ་སྟེ། དེ་ལྟར་ན་དེ་དག་ནི་ཡང་དག་པར་འཆི་བར་འགྱུར་བ་ཡིན་པར་རིག་པར་བྱ་སྟེ། འདི་ནི་ད་ལྟར་
བྱུང་བ་དཔྱད་པ་ཡིན་པར་རིག་པར་བྱའོ། །ད་ལྟར་བྱུང་བའི་ཚུལ་གྱིས་ནི་འདས་པ་དང་མ་འོངས་པའི་ཚུལ་ཡང་རྟོགས་པར་བྱ་སྟེ། འདི་ནི་འདས་པ་དང་མ་འོངས་པ་དཔྱད་པ་ཡིན་པར་རིག་པར་བྱའོ། །དེ་ཡང་ཐ་སྙད་བཞི་ལ་བརྟེན་པའི་ཚད་མ་གསུམ་ལ་བརྟེན་ནས་དཔྱད་པ་
ཡིན་ཏེ། དེ་ལ་མཐོང་བ་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པའི་ཐ་སྙད་འདི་ནི་མངོན་སུམ་གྱི་ཚད་མའོ། །བྱེ་བྲག་ཕྱེད་པའི་ཐ་སྙད་གང་ཡིན་པ་འདི་ནི་རྗེས་སུ་དཔག་པའི་ཚད་མའོ། །ཐོས་པའི་ཐ་སྙད་གང་ཡིན་པ་འདི་ནི་ཡིད་ཆེས་པའི་ལུང་གི་ཚད་
མའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དཔྱོད་པ་ནི་རྣམ་པ་ལྔས་ཡང་དག་པར་ཞུགས་ན་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་བྱེད་པར་འགྱུར་ཏེ། ལྔ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་སྐྱེ་བའི་གཞི་ཡོངས་སུ་དཔྱོད་པ་དང་། འགོག་པའི་གཞི་ཡོངས་
སུ་དཔྱོད་པ་དང་། འགོག་པར་འགྱུར་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་དང་། རྟོགས་པ་ལ་མངོན་པའི་ང་རྒྱལ་མེད་པའོ། །དེ་ལྟར་ན་དེའི་དཔྱོད་པ་དེ་ལེགས་པར་བརྩམས་པ་དང་། འབྲས་བུར་གྲུབ་པ་
ཡིན་ནོ། །དེ་ལ་མ་འོངས་པའི་ཕུང་པོའི་རྒྱུའི་སྡུག་བསྔལ་ནས་བཟུང་སྟེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཀྱི་བར་དུ་ལུགས་སུ་འབྱུང་བ་མ་ཡིན་པ་རྣམ་པ་བཞིས་དཔྱོད་ཅིང་ཁོང་དུ་ཆུད་ལ་སྒྲུབ་པར་བྱེད་དོ། །རྒྱུ་ཡོད་ན་འབྲས་བུ་ཡོད་པ་དང་། རྒྱུ་མེད་ན་འབྲས་བུ་
མེད་དེ་ཞེས་ཕྱི་མ་ལ་རྣམ་པ་གཉིས་ཀྱིས་དཔྱོད་ཅིང་ཡོངས་སུ་དཔྱོད་པར་བྱེད་དོ། །ཡོངས་སུ་དཔྱད་ནས་རྒྱུ་མེད་པར་འགྱུར་བའི་ལམ་གང་ཡིན་པ་དེ་ཁོང་དུ་ཆུད་དོ། །ཁོང་དུ་ཆུད་ནས་དེ་བཞིན་དུ་ཡང་དག་པར་ཞུགས་པ་དེ་ནི་རྗེས་སུ་མཐུན་པའི་ཆོས་དཔྱོད་པ་ཡིན་ཏེ། དེ་ནི་མ་རིག་པའི་རྐྱེན་

གྱིས་བྱུང་བའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་གསར་གྱི་རྒྱུ་ཡོད་པ་ལས་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བར་འགྲོ་བ་དེའི་འབྲས་བུ་རྣམ་པར་ཤེས་པ་ཡོད་པ་ཚེ་འདི་ཉིད་ལ་ཡང་དཔྱོད་པར་བྱེད་དོ། །དེ་མེད་ན་དེ་ཡང་
མེད་པར་འགྱུར་བ་ཡང་དཔྱད་ནས་སྔ་མ་བཞིན་དུ་ཁོང་དུ་ཆུད་ཅིང་སྒྲུབ་པར་བྱེད་དེ་ཡང་དག་པར་སྒྲུབ་པ་ན་མ་རིག་པའི་རྐྱེན་གྱིས་བྱུང་བའི་ལས་གསར་ཡང་མི་བྱེད་ལ་ལས་རྙིང་རྣམས་ཀྱང་མྱོང་ནས་ཟད་པར་བྱེད་དོ། །སྔ་མ་བཞིན་དུ་ཚེ་འདི་པའི་ལམ་དང་། ལམ་གྱི་འབྲས་བུ་མྱ་ངན་ལས་
འདས་པ་ཡང་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །དེས་དེའི་ཚེ་ཉོན་མོངས་པའི་མེའི་བག་ལ་ཉལ་གྱི་ཚ་བ་དང་འབྲེལ་པ་རྣམ་པར་ཤེས་པ་དང་བཅས་པའི་ལུས་རྫ་མཁན་གྱིས་སོ་གཏོང་བའི་ཚ་བ་དང་ལྡན་པ་ལས་བུམ་པ་ཕྱུང་བ་བཞིན་དུ་མཆོག་ཏུ་བསིལ་བའི་མྱ་ངན་ལས་འདས་པ་ལ་
བཞག་པ་ཡིན་ནོ། །དེའི་ཉོན་མོངས་པའི་ཚ་བ་དེ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་བྲལ་བ་ཡིན་ནོ། །གྱོ་མོ་ལྟ་བུའི་ལུས་རྣམ་པར་ཤེས་པ་དང་བཅས་པས་བསྡུས་པའི་ཕུང་པོ་དེ་ཡང་བསིལ་བར་གྱུར་པ་ཡིན་ཏེ། དེ་སྔ་མ་བཞིན་དུ་ལུས་ཀྱི་ཐ་མའི་ཚོར་བ་མྱོང་བ་ན་ཞེས་བྱ་བ་ནས་
རྒྱས་པར་རིག་པར་བྱའོ། །དེ་ཇི་སྲིད་འཚོའི་བར་དུ་རྟག་ཏུ་གནས་པར་འགྱུར་ཏེ། དགྲ་བཅོམ་པའི་འབྲས་བུ་ལས་ཕྱིར་ཉམས་ཤིང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་མངོན་པར་འདུ་བྱེད་པའི་རྒྱུར་མི་འགྱུར་རོ། །རྟོགས་པ་ལ་མངོན་པའི་ང་རྒྱལ་མེད་པ་ཇི་ལྟ་བུ་ཞེ་ན། དེ་
དེའི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པའི་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་དང་ལྡན་ཏེ། དེ་འདི་སྙམ་དུ་ཡང་དག་པར་ན་འདི་ན་སུ་ཡང་འཁོར་བ་ཡང་མེད་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མེད་དོ། །ཆོས་དེ་དང་དེ་དག་སྐྱེས་པ་ལས་ཆོས་དེ་དང་
དེ་དག་སྐྱེ་བར་འགྱུར་ལ། དེ་དང་དེ་དག་འགགས་པས་དེ་དང་དེ་དག་འགག་པར་འགྱུར་བར་ཟད་དོ་སྙམ་དུ་སེམས་སོ། །མངོན་པའི་ང་རྒྱལ་ཅན་ནི་གཉིས་ཏེ། སློབ་པའི་མངོན་པའི་ང་རྒྱལ་ཅན་དང་། མི་སློབ་པའི་མངོན་པའི་ང་རྒྱལ་ཅན་ནོ། །དེ་ལ་སློབ་པའི་མངོན་པའི་

ང་རྒྱལ་ཅན་ནི་གང་གཞན་དག་ལ་ཡང་འདི་སྐད་ཀུན་དུ་སྦྱོར་བ་གསུམ་སྤངས་པས་ན་བདག་ནི་སོམ་ཉི་ལས་བརྒལ་ཏོ། །རང་གི་རྟོགས་པ་སློབ་པའི་རྣམ་པར་གྲོལ་བ་ལ་བདག་གིས་ཐེ་ཚོམ་མེད་པར་གྱུར་ཏོ། །འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་
ལྟ་བར་གྱུར་པ་ཐམས་ཅད་སྤངས་པས་ན། ལྟ་བའི་ཟུག་རྔུ་ཕྱུང་ངོ་ཞེས་རྗོད་པར་བྱེད་པའོ། །མི་སློབ་པའི་མངོན་པའི་ང་རྒྱལ་ཅན་ནི་འདི་སྐད་དུ་བདག་གིས་ནི་འདི་ལས་གོང་དུ་བྱ་བའམ། བྱས་པ་རབ་ཏུ་རྣམ་པར་དབྱེ་བ་མེད་དོ་ཞེས་རྗོད་པར་བྱེད་དེ་དེ་གཉི་ག་ཡང་རྟེན་ཅིང་འབྲེལ་
པར་འབྱུང་བའམ་མྱ་ངན་ལས་འདས་པ་ལས་བརྩམས་ནས། འཕགས་པའི་གཏམ་ཟབ་མོ་འཇིག་རྟེན་ལས་འདས་པ་སྟོང་པ་ཉིད་དང་ལྡན་པ། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་བརྗོད་པ་ན་གཏམ་དེ་ཁོང་དུ་མི་ཆུད་ཅིང་རྗེས་སུ་མི་འཇུག་སྟེ། དེ་
གཉིས་དེའི་རྒྱུས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བ་ལ་རང་གི་རྒྱུད་ལ་སོམ་ཉི་སྐྱེ་བར་འགྱུར་རོ། །ཉོན་མོངས་པ་སྤོང་བའི་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བ་ལ་ཡང་ཡིད་གཉིས་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སློབ་
པའི་མངོན་པའི་ང་རྒྱལ་ཅན་གྱིས་ནི་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་དང་འབྲེལ་པ་དང་ཡིད་ལ་བྱེད་པའི་རྗེས་སུ་ཞུགས་པ་དང་། སྤེལ་མར་འགྱུར་བའི་ངའོ་སྙམ་པའི་ང་རྒྱལ་ཆ་ཕྲ་བ་ཁོང་དུ་ཆུད་ལ་ཞི་གནས་ཀྱིས་ཀྱང་དེའི་རྒྱུད་ཉེ་བར་བརྟན་པར་གྱུར་པ་དང་། ཉོན་
མོངས་པ་རགས་པས་ཀྱང་མ་འདྲེས་ཏེ། དེས་ན་དེ་མ་ཐོབ་པ་ལ་ཐོབ་པོ་སྙམ་དུ་འདུ་ཤེས་པར་གྱུར་ལ་གཞན་དག་ལ་ཡང་བརྗོད་པའི་ཕྱིར་རོ། །མི་སློབ་པའི་མངོན་པའི་ང་རྒྱལ་ཅན་ནི་བདག་ནི་ཞི་བའོ། །བདག་ནི་མྱ་ངན་ལས་འདས་པའོ། །བདག་ནི་སྲེད་པ་མེད་པའོ། །བདག་
ནི་ཉེ་བར་ལེན་པ་མེད་པའོ་སྙམ་སྟེ། ཀུན་དུ་སྤྱོད་པ་ཆ་ཕྲ་མོ་མ་སྤངས་ལ་ངའོ་སྙམ་པའི་ང་རྒྱལ་དེ་ཁོང་དུ་མ་ཆུད་ནས་མ་ཐོབ་པ་ལ་ཐོབ་པོ་སྙམ་དུ་འདུ་ཤེས་པར་འགྱུར་ལ་གཞན་དག་ལ་ཡང་བརྗོད་དོ། །མི་སློབ་པའི་མངོན་པའི་ང་རྒྱལ་ཅན་དེ་ཡང་སྔར་སློབ་པའི་མངོན་པའི་ང་རྒྱལ་ཅན་དུ་

གྱུར་པ་ཁོ་ནར་རིག་པར་བྱ་སྟེ། དོན་དུ་བདེན་པའི་སློབ་པར་གྱུར་པ་ལས་ཕྱིས་མི་སློབ་པའི་མངོན་པའི་ང་རྒྱལ་ཅན་དུ་འགྱུར་བ་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་དེ་མ་ཐོབ་པ་ལ་ཐོབ་བོ་སྙམ་པའི་མངོན་པའི་ང་རྒྱལ་ལ་མངོན་པར་ཞེན་ནས་དུས་གཞན་དུ་གནས་པར་འགྱུར་ཞིང་
གཞན་དག་ལ་ཡང་བརྗོད་པར་འགྱུར་བ་དེ་ལྟ་བུར་དེའི་ཉོན་མོངས་པ་ཀུན་དུ་སྤྱོད་པ་རྒྱུན་མི་འཆད་པ་དེ་འདྲ་བར་སེམས་ཀྱིས་ཁྱབ་པར་བྱས་ཏེ་གནས་པར་མི་འགྱུར་གྱི་བརྗེད་ངས་པས་དེའི་ཉོན་མོངས་པ་ཀུན་དུ་སྤྱོད་པ་ཆུང་ངུ་ཡུན་རིང་པོ་མི་གནས་པ་དང་ལྡན་པ་ཙམ་དུ་ཟད་དེ་མྱུར་བ་ཁོ་ནར་
ཁོང་དུ་ཆུད་ཅིང་ཕྱིར་མེད་པར་འགྱུར་བའི་ཕྱིར་རོ། །དེ་གཉིས་དེ་ལྟར་སྔར་ནི་མ་ཐོབ་པ་ལ་ཐོབ་པོ་སྙམ་པའི་མངོན་པའི་ང་རྒྱལ་ཅན་དུ་གྱུར་ལ། ད་ལྟར་གྱི་ནི་སོམ་ཉི་དང་ཡིད་གཉིས་སུ་གྱུར་ནས་ཡི་ཆད་པའི་ཕྱིར་ཉམས་པར་འགྱུར་བའམ། གལ་ཏེ་བདག་གི་ཐོབ་པ་མེད་ན་ནི་དེ་ལྟ་
ན་གཞན་དག་གི་ཡང་མེད་པར་འགྱུར་རོ་སྙམ་དུ་འཕགས་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ངན་སོང་དུ་འགྲོ་བའི་རྒྱུ་ཡང་དག་པར་བླངས་པས་ན་ཕོངས་པར་འགྱུར་རོ། །འཕགས་པའི་གཏམ་ཟབ་མོ་ནས་སྔ་མ་བཞིན་དུ་མོས་པ་གང་ཞེ་ན། གང་གིས་རྟེན་ཅིང་འབྲེལ་
པར་འབྱུང་བ་དང་། མྱ་ངན་ལས་འདས་པ་མཚན་ཉིད་གསུམ་དང་ལྡན་པས་འདུས་བྱས་དང་འདུས་མ་བྱས་སུ་བསྟན་པ་སྟེ། འདི་ལྟར་འདུས་བྱས་ནི་མི་རྟག་པའོ། །འདུས་མ་བྱས་ནི་རྟག་པའོ། །འདུས་བྱས་རྣམས་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་ཞི་
བའོ། །འདུས་བྱས་དེ་དག་ཐམས་ཅད་ནི་བསྡུས་ན། སྡུག་བསྔལ་ཙམ་དང་། སྡུག་བསྔལ་གྱི་རྒྱུ་ཙམ་དུ་ཟད་དོ། །འདུས་མ་བྱས་དེ་ཡང་བསྡུས་ན་སྡུག་བསྔལ་རྒྱུ་དང་བཅས་པ་འགོག་པ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །ཚེ་འདི་ལ་མྱ་ངན་ལས་འདས་པ་ཐོབ་ཅིང་
སྡུག་བསྔལ་ཆད་པར་གྱུར་པའི་དགེ་སློང་གི་ནི་ཡང་སྲིད་པར་སྐྱེ་བའི་རྒྱུའི་ལམ་དང་ཕྱི་མ་ལ་དེའི་འབྲས་བུ་སྡུག་བསྔལ་འབྱུང་བར་མི་འགྱུར་ལ་ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་ཚེ་ཡང་དེའི་སྡུག་བསྔལ་ཉིང་མཚམས་སྦྱོར་བར་མི་འགྱུར་རོ། །སྔོན་གྱི་རྒྱུས་དྲངས་

པའི་ཕུང་པོ་ཡང་རང་གི་ངང་གིས་འགག་པར་འགྱུར་རོ། །སྡུག་བསྔལ་གྱི་མཐའ་ནི་དེ་ཡིན་ཏེ། འདི་ན་སུ་ཡང་སྔོན་འཁོར་བར་འགྱུར་བ་ཡང་མེད་ལ། ད་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཡང་མེད་དོ་ཞེས་དོན་འདི་སྟོན་པའི་གཏམ་གང་ཡིན་པ་དེ་ནི་
འཕགས་པའི་གཏམ་ཟབ་མོ་ནས་སྔར་སྨོས་པ་བཞིན་དུ་རིག་པར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་མཆོག་ཏུ་ཟབ་པ་ཡང་ཁ་ཅིག་ལ་གསལ་བ་ཁོ་ནར་སྣང་བ་གང་ཡིན་པ་དེ་ནི་རྣམ་པ་གཉིས་ལས་འགྱུར་ཏེ་སྟོན་པས་ཀྱང་དེ་བཞིན་དུ་ལེགས་པར་བསྟན་ལ་གང་ཟག་
དེ་ཡང་ཞིབ་མོ་བརྟགས་པ་མཁས་པ་མཛངས་པ་གསལ་བ་ཡིན་ཏེ་གང་ལ་བསྟན་པ་དང་། སུ་ཉན་པའོ། །ཚིག་གི་དོན་འདི་རྣམས་ནི་འདི་ལྟ་སྟེ། རྣམ་གྲངས་བསྡུ་བ་ལས་འབྱུང་བ་བཞིན་ནོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མདོར་བསྡུ་ན་རྣམ་པ་བཞིས་
མཆོག་ཏུ་ཟབ་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། རྒྱུ་དང་འབྲས་བུ་ཆ་ཕྲ་བ་ཤེས་པར་དཀའ་བ་དང་། བདག་མེད་པ་ཤེས་པར་དཀའ་བ་དང་། བྲལ་བའི་སེམས་ཅན་རྣམས་ལྡན་པར་ཤེས་པར་དཀའ་བ་དང་། ལྡན་པའི་སེམས་ཅན་རྣམས་འབྲལ་བར་ཤེས་
པར་དཀའ་བའོ། །དེ་ལ་རྒྱུ་དང་འབྲས་བུ་ཆ་ཕྲ་བ་ཤེས་པར་དཀའ་བ་གང་ཞེ་ན། བདེན་པ་བརྟག་པའི་ཚུལ་ལ་བརྟེན་ཏེ། སྲིད་པའི་ཡན་ལག་རྒ་ཤི་ལ་སོགས་པ་ནས་རྣམ་པར་ཤེས་པ་དང་། མིང་དང་གཟུགས་ལ་ཐུག་པ་རྣམས་ཀྱི་རྐྱེན་ཡོད་པ་གང་ཡིན་པ་སྟེ། རྐྱེན་ཡོད་པ་ཡང་
གང་ཞེ་ན། གང་གི་རྒྱུས་སྐྱེ་བ་སྟེ། གང་མ་སྤངས་ན་སྐྱེ་བར་འགྱུར་བ་དང་། སྐྱེས་པའི་འོག་ཏུ་ཡང་རྒ་ཤིར་འགྱུར་བར་ཤེས་པར་བྱའོ། །དེ་ལ་སྐྱེ་བའི་རྒྱུ་ཡང་སྐྱེ་བ་ཡིན་ལ་དེའི་རྒྱུ་ལས་བྱུང་བའི་མངོན་པར་འགྲུབ་པ་ཡང་སྐྱེ་བ་ཡིན་ཏེ། སྐྱེ་བ་སྔ་མ་ཤོས་ཡོད་ན། སྐྱེ་བ་
ཕྱི་མ་ཤོས་འབྱུང་ལ་སྐྱེ་བ་ཕྱི་མ་ཤོས་ཡོད་ན་རྒ་ཤི་འབྱུང་བར་འགྱུར་རོ། །དེ་ལ་སྐྱེ་བ་སྔ་མ་ཤོས་ནི་སྐྱེ་བ་ཕྱི་མ་ཤོས་ཀྱི་རྒྱུ་དང་། རྒ་ཤིའི་གཞི་ཡིན་ནོ། །སྐྱེ་བ་ཕྱི་མ་ཤོས་ནི་རྒ་ཤིའི་རྐྱེན་ཡིན་ནོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ལ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་སྟེ།

འདི་ནི་རྒ་ཤིའི་རྐྱེན་ཡོད་པ་ཡིན་པར་རིག་པར་བྱའོ། །སྐྱེ་བ་ཇི་ལྟ་བ་བཞིན་དུ་སྲིད་པ་དང་ལེན་པ་ཡང་དེ་དང་འདྲའོ། །ལེན་པ་རྣམ་པར་གཞག་པ་ནི་དེ་ལ་སྤྱིར་ན་འདུན་པའི་འདོད་ཆགས་ནི་ལེན་པའོ། །ཉེ་བར་ལེན་པ་བཞི་པོ་རྣམས་ནི་ལེན་པ་རྣམ་པར་གཞག་པ་སྟེ། ཇི་ལྟར་ཞེ་
ན། སྲེད་པ་ནི་འདོད་པ་ཡོངས་སུ་ཚོལ་བའི་སྒོ་ནས་ལས་ཀུན་དུ་སློང་བ་ཡིན་ནོ། །སྲིད་པ་འདོད་པའི་སྒོ་ནས་ཀྱང་ལས་ཀུན་ནས་སློང་བ་ཡིན་ནོ། །ལས་དེ་གཉི་གའི་སྒོ་ནས་ནི་སྡུག་པ་དང་། མི་སྡུག་པའི་ཚོར་བ་ལ་བརྟེན་ཏོ། །དེ་ཡང་སྐྱེ་མཆེད་དྲུག་གི་སྒོ་ནས་མ་རིག་པའི་
འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གང་ཡིན་པ་དེའི་རྐྱེན་གྱིས་འབྱུང་ངོ་། །གང་དེའི་རྐྱེན་དུ་མི་འགྱུར་བའི་ཚོར་བ་གཞན་ཡང་ཡོད་དེ། འདི་ལྟ་སྟེ། རིག་པའི་འདུས་ཏེ་རེག་པ་ལས་བྱུང་བ་དང་། རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་འདུས་ཏེ་རེག་པ་ལས་བྱུང་བའོ། །
ཚོར་བ་དེ་དག་ཐམས་ཅད་ཀྱང་དེ་དང་རེག་པ་འདྲ་བའི་རེག་པའི་རྐྱེན་ལས་བྱུང་བར་རིག་པར་བྱའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། རིག་པ་དང་མ་རིག་པ་དང་མཚུངས་པར་ལྡན་པ་ནི་ཚིག་བླ་དགས་ཀྱི་འདུས་ཏེ་རེག་པའོ། །དེ་ལས་བཟློག་པ་ནི་ཐོགས་པའི་འདུས་ཏེ་རེག་པའོ། །
རིག་པའི་འདུས་ཏེ་རེག་པ་དང་། མ་རིག་པའི་འདུས་ཏེ་རེག་པའི་ཚིག་བླ་དགས་ཀྱི་འདུས་ཏེ་རེག་པ་དང་འབྲེལ་བ་དེ་ཡང་ཅི་རིགས་པར་དམ་པའི་ཆོས་ཐོས་པ་དང་། དམ་པའི་ཆོས་མ་ཡིན་པ་ཐོས་པ་ལ་དམིགས་པ་ཡང་དག་པ་དང་། ལོག་པའི་ཐོས་པ་དང་། བསམས་
པ་དང་། བསྒོམས་པའི་ཤེས་པ་དང་། མཚུངས་པར་ལྡན་པའི་མིང་གི་རྐྱེན་ལས་བྱུང་བ་ཡིན་པར་རིག་པར་བྱའོ། །རིག་པ་ཡང་མ་ཡིན། མ་རིག་པ་ཡང་མ་ཡིན་པའི་འདུས་ཏེ་རེག་པས་བསྡུས་པ་ཐོབ་པའི་འདུས་ཏེ་རེག་པ་ནི་ནང་དང་ཕྱི་རོལ་གྱི་གཟུགས་ཀྱི་རྐྱེན་ལས་བྱུང་བར་
རིག་པར་བྱའོ། །དེ་ཡང་བསྡུས་ན་མིང་དང་གཟུགས་ཀྱི་རྐྱེན་གྱིས་རེག་པ་ཡིན་ནོ། །མིང་དང་གཟུགས་དེ་ཡང་སྐྱེ་མཆེད་དྲུག་པོ་ཉིད་དེ་ཆ་གཉིས་སུ་བྱས་ནས་རེག་པའི་རྐྱེན་དུ་འགྱུར་ཏེ། ཡིད་ཀྱི་སྐྱེ་མཆེད་གཟུགས་མེད་པ་དེ་ལས་གཞན་པའི་གཟུགས་མེད་པའི་ཆོས་རྣམས་དང་

མཚུངས་པར་ལྡན་པ་ཆ་གཅིག་ཏུ་བྱས་པ་ནི་མིང་ཡིན་ནོ། །དེ་མ་ཡིན་པའི་གཟུགས་ཅན་གྱི་སྐྱེ་མཆེད་རྣམས་ཆ་གཅིག་ཏུ་བྱས་པ་ནི་གཟུགས་ཡིན་ནོ། །མིང་དང་གཟུགས་དེ་ཡང་ཚེ་འདི་ལ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པས་འཕངས་པ་དང་།
ཟིན་པའི་རྐྱེན་ལས་བྱུང་བ་སྟེ། དེ་དང་མ་བྲལ་ན་མེད་པར་མི་འགྱུར་བའོ། །རྣམ་པར་ཤེས་པ་དེ་ཡང་ཉིང་མཚམས་སྦྱོར་བ་བླངས་ནས། མིང་དང་གཟུགས་ཁོ་ན་ལ་གནས་ཏེ་ལྷན་ཅིག་འབྱུང་བ་དང་། དེ་མ་ཐག་ཏུ་སྐྱེ་བའི་ཚུལ་གྱིས་འཇུག་གོ། །དེ་བས་ན་དེ་ཡང་ཚེ་འདི་ལ་མིང་དང་
གཟུགས་ཀྱི་རྐྱེན་ལས་བྱུང་བ་ཡིན་ཏེ། སྔོན་གྱི་ལས་ཀྱིས་འཕངས་པའི་མིང་དང་། གཟུགས་དང་རྣམ་པར་ཤེས་པ་ནི་གཅིག་ལ་གཅིག་བརྟེན་པ་དང་། གཅིག་གི་རྐྱེན་གཅིག་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་སྲིད་པའི་ཡན་ལག་རྣམ་པར་ཤེས་པ་དང་། མིང་དང་
གཟུགས་ལ་ཐུག་པ་འདི་རྣམས་ཀྱང་སྔ་མ་བཞིན་དུ་རྒ་ཤིའི་རྒྱུད་བཞིན་དུ་ཅི་རིགས་པར་རྐྱེན་ཡོད་པར་རིག་པར་བྱ་སྟེ། འདི་ནི་རྒྱུ་དང་འབྲས་བུ་ཆ་ཕྲ་བ་ཤེས་པར་དཀའ་བ་ཡིན་ནོ། །དེ་ཤེས་པར་དཀའ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་ཅིང་མཆོག་ཏུ་ཟབ་པ་ཡིན་ནོ། །བདག་མེད་པ་
དང་ཤེས་པར་དཀའ་བ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་དེ་ཇི་ཙམ་པ་དེ་ཙམ་དུ་སེམས་ཅན་གྱི་རིས་ཐམས་ཅད་ལ་སྤྱིར་སེམས་ཅན་ཞེས་བྱ་བའི་ཚིག་བླ་དགས་འབྱུང་སྟེ། ཚིག་བླ་དགས་དེའི་ལམ་ཡང་དེ་ཁོ་ན་ཡིན་པར་རིག་པར་བྱའོ། །
དེ་ལ་གནས་ནས་སེམས་ཅན་གྱི་རིས་ཐ་དད་པའི་བྱེ་བྲག་གིས་འདི་ལྟ་སྟེ། བྱ་དང་ཉ་དང་སྡིག་སྦྲུལ་དང་། ལྷ་དང་མི་ཞེས་བྱ་བའི་ངེས་པའི་ཚིག་འཇུག་པར་འགྱུར་རོ། །གདགས་པ་ནི་སོ་སོའི་མིང་གིས་དབྱེ་བ་སྟེ། འདི་ལྟ་སྟེ། ནེ་ཙོ་དང་། རི་སྐེགས་དང་། རྨ་བྱ་དང་། རྣམ་ཐོས་
ཀྱི་བུ་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ཤཱ་རིའི་བུ་དང་། བཟང་པོ་དང་། སྐྱབས་མེད་ཟས་སྦྱིན་དང་། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་བྱེ་བྲག་གིས་འཇུག་པ་སྟེ། དེ་ཙམ་གྱིས་ནི་ཐ་སྙད་དུ་གདགས་པའི་སྐྱེས་བུ་དེ་དག་ལ་ཚིག་

འཇུག་པར་འགྱུར་བའོ། །དེ་རྣམས་ཀྱི་ཚོར་བ་གང་ཅི་ཡང་རུང་སྟེ། རིག་པའི་འདུས་ཏེ་རེག་པ་ལས་བྱུང་བ་དང་། མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བ་དང་། རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་འདུས་ཏེ་རེག་པ་ལས་བྱུང་བ་དེ་དག་ཐམས་ཅད་ནི་མིང་དང་།
གཟུགས་དང་ལྡན་ཏེ། མིང་དང་གཟུགས་མ་ལུས་པར་འགགས་ན་ཚོར་བ་འབྱུང་བ་མེད་དོ། །འདི་ནི་བདག་མེད་པར་ཤེས་པར་དཀའ་བ་ཡིན་པར་རིག་པར་བྱའོ། །དེ་ལ་བྲལ་བའི་སེམས་ཅན་རྣམས་ལྡན་པར་ཤེས་པར་དཀའ་བ་གང་ཞེ་ན། འདི་ལྟར་འདི་ལས་ཕྱི་རོལ་
པའི་མུ་སྟེགས་ཅན་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བས་ཟིན་པ་ནི་རྣམ་པ་གསུམ་གྱི་སྒོ་ནས་བདག་མེད་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་དག་ལ་བདག་ཏུ་བརྟགས་ནས་ལྟ་ཞིང་སྟོན་པར་བྱེད་དེ། སྒོ་གསུམ་པོ་གང་ཞེ་ན། འདོད་པ་རྣམས་ལས་འདོད་ཆགས་
དང་མ་བྲལ་བ་ནི་འདོད་པ་དང་ལྡན་པའི་ཚོར་བ་རྣམ་པ་གསུམ་ལས་གཅིག་ལ་ནི་ཚོར་བར་བྱ་བའི་བདག་གིར་ལྟ་ལ། གཅིག་ལ་ནི་ཚོར་བ་པོར་བདག་ཏུ་ལྟའོ། །འདོད་པའི་འདོད་ཆགས་དང་བྲལ་ལ་བསམ་གཏན་གསུམ་པའི་འདོད་ཆགས་དང་མ་བྲལ་བ་ནི་བདེ་བའི་ཚོར་བ་གཅིག་པུ་
མྱོང་ཞིང་མྱོང་བར་བྱ་བ་དེ་ལ་ཡང་བདག་གིར་རྟོགས་པ་ན། ཚོར་བ་དེ་ལས་ཐ་དད་པའི་ཚོར་བ་པོའི་བདག་ཚོར་བ་དེའི་སྒོ་ནས་ཚོར་བའི་ཆོས་ཅན་ཚོར་བ་དེ་ཡང་རིག་པ་གང་ཡིན་པ་མཐོང་ངོ་། །བསམ་གཏན་གསུམ་པའི་གོང་མའི་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་
ཆ་ཕྲ་བ་ཁོང་དུ་མ་ཆུད་ནས། ཚོར་བ་མེད་ན་ནི་བདག་གིས་བདག་ནི་ཚོར་བ་མེད་དོ་སྙམ་དུ་བརྟགས་ནས་ལྟ་བར་བྱེད་དེ། དེ་དེ་དག་གི་རྣམ་པ་གསུམ་གྱི་སྒོ་ནས་བདག་ཏུ་ལྟ་བ་དེ་དག་ཐམས་ཅད་ནི་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཚོར་བ་གསུམ་པོ་རྣམས་མི་རྟག་པས་བདག་ཀྱང་མི་
རྟག་པའི་ཕྱིར་ཏེ། ཚོར་བ་གསུམ་པོ་དེ་བདག་ཏུ་མཐོང་བས་དེའི་ཕྱིར་མི་རུང་ངོ་། །བསམ་གཏན་བཞི་པ་དང་། དེའི་གོང་གང་ན་ཚོར་བའི་བདེ་བ་མེད་པ་དེ་ན་ཡང་བདེ་བ་ཚོར་བ་པོ་ཡང་མེད་པས་ན། དེ་ན་བདེ་བའི་ཚོར་བའི་སྒོ་ནས་ཚོར་བའི་ཆོས་ཅན་གྱིས་བདག་ཡོད་པར་མི་རུང་ངོ་། །

གཅིག་ཏུ་ན་བསམ་གཏན་བཞི་པ་དང་། དེའི་གོང་མ་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ན། གལ་ཏེ་སོ་སོར་ཉམས་སུ་མྱོང་བའི་བདག་མེད་དུ་ཟིན་ན་ནི་དེ་དག་གི་ཞི་བའི་སྙོམས་པར་འཇུག་པ་ལས་བྱུང་བའི་ཚོར་བས་བདག་ཞི་བར་གྱུར་ཏོ་སྙམ་དུ་འཛིན་
པ་ཡང་མེད་པར་འགྱུར་བ་ཞིག་ནི་དེ་ཡང་ཡོད་དེ་དེ་བས་ན་དེ་ཡང་མི་རུང་ངོ་། །དེ་ལ་གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པ་མ་ཡིན་དུ་ཟིན་ན་ནི་དེ་དེ་ལྟར་དེ་མ་ཤེས་པས། དེ་དག་གི་ལྟ་བ་མི་རུང་བར་མི་འགྱུར་བའི་རིགས་སོ། །ཆོས་འདི་པའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་
ནི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བས་ཟིན་པ་ན་ཐམས་ཅད་ལ་ཡང་མི་རིགས་པར་ཤེས་པས་བདག་ཏུ་མི་ལྟའོ། །དེ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་མཁས་ཏེ། དེ་བཞིན་འོངས་པ་ཤི་ཕན་ཆད་ཡོད་པར་མི་འཛིན་པས་ན་སྔ་མ་བཞིན་དུ་ཡོད་པ་ཡང་མ་ཡིན་མེད་
པ་ཡང་མ་ཡིན་པའི་བར་དུ་སྦྱར་རོ། །རྣམ་པར་གྲོལ་བའི་སེམས་དེ་ཉིད་ལ་ཡང་གང་འདི་སྐད་དུ་ཡོད་པར་འགྱུར་རམ་ཞེས་འདྲི་ན། དེ་ཡང་དེ་ཁོ་ན་བཞིན་ཏེ་ལན་མི་འདེབས་སོ། །མེད་པར་འགྱུར་བ་དང་། གཉི་ག་དང་། གཉི་གར་མི་འགྱུར་བ་དེ་དག་ཐམས་ཅད་ཀྱང་དེ་ཁོ་ན་བཞིན་ཏེ། ལན་མི་འདེབས་སོ། །
དེ་ལྟར་ཤེས་པ་སྔོན་དུ་བཏང་སྟེ། ལན་མི་འདེབས་པ་ལ་མི་ཤེས་པ་ཡིན་ནོ་སྙམ་དུ་བརྙས་པ་བྱེད་པ་དེ་ནི་དེ་ཉིད་ཀྱི་མི་ཤེས་པ་ཆེན་པོ་དང་ལོག་པར་ལྟ་བ་ཡིན་ནོ། །ཕྱི་རོལ་པ་དེ་ལྟ་བུའི་ལྟ་བ་སྤྱོད་པ་དེ་ནི་སྔ་མ་བཞིན་དུ་ལྟ་བ་རྣམ་པ་གསུམ་ལ་བརྟེན་ནས། ཚེ་འདི་ལ་བདག་གཟུགས་ཅན་
ནམ། གཟུགས་ཅན་མ་ཡིན་པའམ། ཆུང་ངུའམ་ཚད་མེད་པར་འདོགས་སོ། །ཇི་ལྟར་ཚེ་འདི་ལ་ནོར་བར་བརྟགས་ནས་དམིགས་ཤིང་སྟོན་པ་དེ་བཞིན་དུ་ཕྱིས་ཀྱང་ཕྱི་མ་མཐོང་བ་ཁོ་ནར་འགྱུར་རོ། །རྣམ་པ་དུ་མར་ནོར་བར་བདག་ཏུ་རྟོག་མོད་ཀྱི། འོན་ཀྱང་དེའི་འཇིག་ཚོགས་ལ་
ལྟ་བ་བག་ལ་ཉལ་དང་ལྡན་པ་ནི་རྣམ་པ་གཅིག་པུར་ཟད་དོ། །དེ་མ་སྤངས་པས་སྲིད་པའི་རྩེ་མོར་སོང་དུ་ཟིན་ཀྱང་འཇིག་རྟེན་པའི་ལམ་དམའ་བའི་སྒོ་ནས་དེ་དང་བྲལ་མོད་ཀྱི་ལྡན་པ་ཉིད་དུ་རིག་པར་བྱའོ། །འདི་ནི་བྲལ་བའི་སེམས་ཅན་རྣམས་ལྡན་པར་ཤེས་པར་དཀའ་བ་ཡིན་ཏེ།

དེ་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་འབའ་ཞིག་ཤེས་པས་འཇུག་གོ། །དེ་ལ་ལྡན་པའི་སེམས་ཅན་རྣམས་འབྲལ་བར་ཤེས་པར་དཀའ་བ་གང་ཞེ་ན། འདི་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་ལྡན་ན་ཚེ་
འདི་ཡང་བདག་ཏུ་མི་དམིགས་ཤིང་མི་འདོགས་ལ་དེ་ལྟར་མི་འགྱུར་རོ། །ལུས་དང་བྲལ་བའི་འོག་ཏུ་ཡང་བདག་ཏུ་མི་དམིགས་ཤིང་མི་འདོགས་སོ། །རྣམ་པར་ཤེས་པའི་གནས་བདུན་ལ་སེམས་ཅན་ཐམས་ཅད་བཏགས་ནས་ཐུར་དུ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་སྐྱེ་མཆེད་
དང་། ཡང་འབྱུང་བར་འགྱུར་བ་རྣམ་པར་ཤེས་པའི་སྐྱེ་མཆེད་དང་རྣམ་པར་ཤེས་པའི་གནས་དེ་དག་དང་། སྐྱེ་མཆེད་དེ་གཉིས་རྟེན་ཅིང་འབྲེལ་བར་འབྱུང་བའི་བདེན་པའི་ཚུལ་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན། །དགྲ་བཅོམ་པ་ཤེས་རབ་རྣམ་པར་གྲོལ་བའམ།
གཉི་གའི་ཆ་ལས་རྣམ་པར་གྲོལ་བ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པར་འགྱུར་ཏེ། དེ་ནི་ཚེ་འདི་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་སྣང་མོད་ཀྱི་འོན་ཀྱང་དེ་ནི་དེ་དང་བྲལ་བ་ཡིན་ནོ། །ཚོར་བ་མྱོང་བར་སྣང་མོད་ཀྱི། འོན་ཀྱང་དེ་ནི་ཚོར་བ་དང་བྲལ་ལོ། །རྣམ་པར་ཤེས་པ་དང་
མིང་དང་གཟུགས་སུ་སྣང་མོད་ཀྱི་འོན་ཀྱང་དེ་ནི་དེ་དང་བྲལ་ཏེ། འདི་ནི་ལྡན་པའི་སེམས་ཅན་རྣམས་འབྲལ་བར་ཤེས་པར་དཀའ་བ་ཡིན་ཏེ། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་འབའ་ཞིག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །རྣམ་པ་འདི་བཞིས་ནི་རྟེན་ཅིང་འབྲེལ་
བར་འབྱུང་བ་མཆོག་ཏུ་ཟབ་པར་རིག་པར་བྱའོ། །སྡོམ་ནི། ཁྱད་པར་ཀུན་རྫོབ་དོན་དམ་དང་། །ཆོས་ཉིད་དང་ནི་དེ་བྱེད་དང་། །སྟོང་ཉིད་ཆེན་པོ་རྣམ་པར་འབྱེད། །གང་གིས་བྱས་པ་ཐ་མ་ཡིན། །ཆོས་འདུལ་བ་འདི་ལ་ནི་བྱིས་པ་དང་མཁས་པ་གཉིས་སྔོན་གྱི་མཐའ་ནས་དབུས་ཀྱི་
མཐར་ཐུག་པའི་ཉོན་མོངས་པ་གཉིས་ལས་རྣམ་པར་ཤེས་པ་དང་བཅས་པའི་ལུས་འགྲུབ་པར་འགྱུར་ཏེ། ལུས་དེའི་རྐྱེན་གྱིས་ཕྱི་རོལ་གྱི་སེམས་ཅན་དང་། སེམས་ཅན་མ་ཡིན་པ་ཞེས་བྱ་བའི་མིང་དང་གཟུགས་ཀྱིས་བསྡུས་པའི་ཡུལ་གྱི་ཚོར་བ་རྣམ་པ་གསུམ་མྱོང་མོད་ཀྱི་འོན་ཀྱང་

མཁས་པ་ནི་བྱིས་པ་ལས་སྔོན་གྱི་མཐའ་དང་། ད་ལྟར་གྱི་མཐའ་དང་། ཕྱི་མའི་མཐའི་སྒོ་ནས་ཁྱད་ཆེ་བར་རིག་པར་བྱའོ། །དེ་ལ་དབུས་ཀྱི་མཐའ་གཏོགས་པའི་ཁྱད་པར་ནི་རྩ་བའི་ཉོན་མོངས་པ་གང་ལས་ལུས་གྲུབ་པར་གྱུར་པ་དེ་གཉིས་ཚེ་འདི་ལ་སྤོང་བར་འགྱུར་
ལ་དེས་དེ་གཉིས་སྤངས་པས་ཕྱི་མ་ལ་ཡང་ལུས་འཛིན་པར་མི་འགྱུར་ཏེ། འདི་ནི་ཕྱི་མའི་མཐར་གཏོགས་པའི་ཁྱད་པར་རོ། །ཅིའི་ཕྱིར་མཁས་པས་མཁས་པ་ཐོབ་པར་གྱུར་ཏེ། དེའི་ཚེ་འདི་ལ་ཀུན་འབྱུང་བའི་བདེན་པ་དང་བྲལ་བར་གྱུར་ལ་ཕྱི་མའི་མཐར་ཡང་སྡུག་བསྔལ་གྱི་བདེན་
པ་དང་བྲལ་བར་འགྱུར། ཅིའི་ཕྱིར་བྱིས་པ་རྣམས་བྱིས་པར་གྱུར་ཏེ། གང་གིས་ན་དེ་གཉིས་སྤོང་མི་ནུས་པར་གྱུར་ཞེ་ན། མཁས་པས་ནི་སྔོན་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་ཚངས་པར་སྤྱོད་པ་བཙལ་བ་སྤྱད་ལ་བྱིས་པས་ནི་མ་སྤྱད་པའི་ཕྱིར་ཏེ། འདི་ནི་བྱིས་པ་ལས་
མཁས་པ་ཁྱད་པར་དུ་གྱུར་པ་སྔོན་གྱི་མཐར་གཏོགས་པ་གང་ཡིན་པར་རིག་པར་བྱའོ། །འདི་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ། ཐོས་པ་དང་ལྡན་པའི་འཕགས་པའི་ཉན་ཐོས་ནི་ཀུན་རྫོབ་དང་དོན་དམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། རབ་ཏུ་ཤེས་པས་
ན་ཚེ་འདི་ལ་རྣམ་པར་ཤེས་པ་དང་བཅས་པའི་ལུས་དང་། ཆོས་ཐམས་ཅད་ལ་བདག་མེད་པར་ཤེས་ནས། འདི་ནི་བདག་གིའོ། །འདི་ནི་བདག་ཡིན་ནོ་སྙམ་དུ་མངོན་པར་ཞེན་པ་མེད་དོ། །འདི་ལྟ་སྟེ། དོན་དམ་པ་ལ་མཁས་པ་དེས་ནི་དེ་ལྟར་ལོག་པར་མངོན་པར་ཞེན་པ་
མེད་པས་སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུར་གཏོགས་པའི་ལས་བདག་གིར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་གཞན་གྱི་བྱེད་པ་པོ་གཞན་མ་ཡིན་ལ་མ་བྱས་པར་ཡང་བདེ་ལེགས་སུ་འགྱུར་བ་མེད་པར་རིག་ནས་ཉོན་མོངས་པ་དང་བྲལ་བར་བྱ་བའི་ཕྱིར་བརྩོན་པར་
བྱེད་དོ། །འདི་ལྟ་སྟེ། ཀུན་རྫོབ་ལ་མཁས་པ་དེས་ནི་ཡང་དག་པ་མ་ཡིན་པ་ལ་སྒྲོ་འདོགས་པ་དང་། ཡོད་པའི་དངོས་པོ་ཆུད་གཟོན་པ་ཡོངས་སུ་སྤངས་ནས། སྔོན་སེམས་པས་མངོན་པར་འདུས་བྱས་ཤིང་། སྨོན་པའི་སྒོ་ནས་འདོད་པའི་ཡིད་སྨོན་དུ་བྱས་པའི་ཚེ་འདི་རྣམ་

པར་ཤེས་པ་དང་བཅས་པའི་ལུས་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པའི་རྣམ་པ་ཐོས་པ་དང་བསམས་པ་ལས་བྱུང་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ལ་བརྟེན་པ་དེ་ཉིད་ཀྱིས་རྗེས་སུ་འཇུག་པས་རྣམ་པར་ཤེས་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་
སེམས་པའི་ཚོགས་རྣམས་ལ་ནི་སྡུག་བསྔལ་བར་རྟོག་གོ། །སྲེད་པའི་ཚོགས་ལ་དབྱེ་བའི་སྒོ་ནས་བརྟགས་པ་ནི་ཀུན་འབྱུང་བའི་བདེན་པ་བརྟགས་པ་ཡིན་པར་རིག་པར་བྱའོ། །དེ་བདེན་པ་འདི་གཉིས་ཀྱི་འབྱུང་བ་དང་འཇིག་པར་ཤེས་པས་ན། །རྒྱུ་ཀུན་འབྱུང་བར་གྱུར་ན་
ཇི་ལྟར་ཀུན་འབྱུང་བར་གྱུར་པ་དང་། རྒྱུ་འགགས་ན་ཇི་ལྟར་འགག་པར་འགྱུར་བ་དེ་ཡང་འདི་ལྟ་སྟེ། མཉམ་པར་གཞག་པའི་ས་པའི་འཇིག་རྟེན་པའི་ཡིད་ལ་བྱེད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་སོ། །དེ་ཡིད་ལ་བྱེད་པ་དེ་ཉིད་ལ་ཀུན་དུ་བརྟེན་པའི་རྒྱུས་གང་
གི་ཚེ་བདེན་པ་མངོན་པར་རྟོགས་པར་བྱེད་པས་ན། དེས་སྔར་ཐོས་པ་དང་བསམས་པ་ལས་བྱུང་བས་ནི་འཇིག་རྟེན་འབྱུང་བ་དང་། འཇིག་རྟེན་འགག་པ་ལེགས་པར་མཐོང་ཞིང་ལེགས་པར་ཁོང་དུ་ཆུད་དོ། །བསྒོམས་པ་ལས་བྱུང་བས་ནི་ལེགས་པར་ཡིད་ལ་བྱས་སོ། །བདེན་
པ་མངོན་པར་རྟོགས་པ་ལ་བབ་པའི་ཚེ་ནི་ཇི་སྙེད་ཡོད་པ་དང་། ཇི་ལྟ་བ་བཞིན་ཡོད་པའི་སྒོ་ནས་ལེགས་པར་བརྟེན་པ་དང་། ལེགས་པར་རྟོགས་ཏེ་གོ་རིམས་བཞིན་དུ་སྦྱར་རོ། །དེ་དེའི་ཚེ་ཐོས་པ་དང་བསམས་པ་ལས་བྱུང་བས་ནི་དམ་པའི་ཆོས་འདི་ལ་ཞུགས་སོ། །བསྒོམས་
པ་ལས་བྱུང་བས་ནི་ཉེ་བར་ཞུགས་སོ། །བདེན་པ་ཁོང་དུ་ཆུད་པའི་སྒོ་ནས་ནི་དམ་པའི་ཆོས་རྟོགས་ཞེས་བྱའོ། །གང་གི་ཕྱིར་ཞུགས་པ་དང་། ཉེ་བར་གྱུར་པར་ཞུགས་པ་དེའི་ཕྱིར་ནི་གཏིང་སླེབས་སོ། །གང་གི་ཕྱིར་དམ་པའི་ཆོས་རྟོགས་པ་དེའི་ཕྱིར་ནི་ཀུན་དུ་གཏིང་སླེབས་སོ། །
སློབ་པའི་ཤེས་རབ་ལ་ནི་འཇིག་རྟེན་གྱི་འབྱུང་བ་དང་། ནུབ་པའི་ཤེས་རབ་ཅེས་བྱའོ། །དེ་ཡང་ཟག་པ་མེད་པ་དང་། འཕགས་པའི་རྒྱུ་ལ་དམིགས་པས་ནི་འཕགས་པའོ། །ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱུང་བས་ན་དེའི་ཕྱིར་

ངེས་པར་འབྱུང་བའོ། །གཏན་དུ་མཐར་ཐུག་པར་འགྲོ་བས་ན་དེའི་ཕྱིར་ངེས་པར་བྱེད་པའོ། །དེ་དེ་དང་ལྡན་ན་གོང་དུ་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱའོ་སྙམ་ནས་དེ་ཉིད་ལན་མང་དུ་བྱེད་དེ་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་བསྒོམ་པའི་ལམ་
ལ་ངེས་པར་འབྱུང་བར་འགྱུར་རོ། །དེ་ལྟར་ན་དེ་ལ་ལས་དང་པོ་པའི་ས་ནས་བཟུང་སྟེ། དགྲ་བཅོམ་པའི་འབྲས་བུའི་ལམ་ལ་ཐུག་པའི་བར་དུ་བསྟན་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ནི་རྒྱུ་གཉིས་ཀྱིས་ཆ་
གཉིས་སུ་རྣམ་པར་གཞག་པ་ཡིན་ཏེ། ཇི་ལྟར་འཇུག་པ་དང་། གང་རྣམས་འཇུག་པའོ། །དེ་ལ་སྲིད་པའི་ཡན་ལག་བཅུ་གཉིས་ནི་འཇུག་པའོ། །དེ་དག་ཀྱང་ཅི་རིགས་པར་རིགས་པའི་རྒྱུ་དང་འབྲས་བུའི་རིམ་པས་འཇུག་པའི་ཕྱིར་ཏེ། རིགས་པའི་རྒྱུ་དང་འབྲས་བུའི་
རིམ་པ་དེ་ཐོག་མ་མེད་པའི་དུས་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ལུགས་གང་ཡིན་པ་དེ་ནི་ཆོས་ཉིད་དོ། །ད་ལྟར་གྱི་དུས་ཀྱི་སྒོ་ནས་ནི་ཆོས་གནས་པ་ཉིད་དོ། །འདས་པའི་དུས་ཀྱི་སྒོ་ནས་ནི་ཆོས་མི་འགྱུར་བ་ཉིད་དོ། །མ་འོངས་པའི་དུས་ཀྱི་སྒོ་ནས་ནི་ཆོས་ཇི་ལྟ་བ་ཉིད་དོ། །
རྒྱུ་མེད་པ་མ་ཡིན་པའི་སྒོ་ནས་ནི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དོ། །ཡང་དག་པ་ཇི་ལྟ་བའི་རྒྱུ་ལས་བྱུང་བའི་སྒོ་ནས་ནི་ཡང་དག་པ་ཉིད་དོ། །ཡང་དག་པ་ཇི་ལྟ་བའི་འབྲས་བུའི་སྒོ་ནས་ནི་བདེན་པ་ཉིད་དོ། །ཤེས་བྱ་ཡང་དག་པའི་སྒོ་ནས་ནི་དེ་ཁོ་ན་ཉིད་དོ། །ཡང་
དག་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་གནས་ཀྱི་སྒོ་ནས་ནི་མ་ནོར་བ་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ཚིག་རྣམ་པར་གཞག་པའི་གནས་ཀྱི་སྒོ་ནས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་དང་མཐུན་པ་ཉིད་དོ། །འདི་གཉིས་ལ་མཁས་པའི་ཐོས་པ་དང་
ལྡན་པའི་འཕགས་པ་ཉན་ཐོས་ནི་དུས་གསུམ་གྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡོངས་སུ་ཤེས་ནས་ཡོངས་སུ་སྤོང་བར་ཡང་བྱེད་ཅིང་བདེན་པ་མངོན་པར་རྟོགས་པར་ཡང་བྱེད་ལ་ཕྱི་རོལ་གྱི་ལྟ་བར་གྱུར་པ་རྣམས་དང་འབྲལ་བར་ཡང་འཐོབ་པར་འགྱུར་རོ། །སྔ་མ་བཞིན་དུ་

ཞུགས་པ་ནས་རྒྱས་པར་ཤེས་པར་