Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 121
Văn bản gốc(Tây Tạng)
Trang 10 / 17 (50.000 ký tự/trang)
་ཀྱི་རྣམ་པར་གསལ་བ་ དང་། བརྟགས་པ་ཡང་རྗོད་པ་དང་། བརྗོད་པ་སྤྱིར་རྣམ་པར་རྟོག་པ་གཉིས་ཀྱི་རྣམ་པའོ། །གཉིས་ཀྱིས་སྟོང་ཞིང་གཉིས་སུ་མེད་པར་ཡང་དག་པར་རིག་པ་ལས་གྲུབ་པའི་རང་བཞིན་མེད་ན་དེ་ཇི་ལྟར་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱིས་གཉིས་ཀྱི་རྣམ་པའི་བློས་རྣམ་ པར་བརྟགས་པ་ཡོད་པ་དང་མེད་པའི་རྣམ་པར་རྟོག་པས་སྤངས་པའོ། །གྲུབ་པའི་དངོས་པོ་ཡོད་དེ་ཕྱོགས་གོས་ཀྱི་རང་བཞིན་ལ་དངོས་པོ་དང་དངོས་པོ་མ་ཡིན་པར་གཉིས་སུ་བརྟགས་པ་ལྟ་བུ་དང་། སྤྱོད་པ་ཅན་རྣམས་ཀྱི་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་བརྟགས་པ་ལྟ་བུ་ ཡང་མ་ཡིན་ཏེ། བསམ་པ་མེད་ཅིང་སྣང་བ་མེད་པ་ཡོངས་སུ་གྲུབ་པའི་ཆུད་པ་སྟེ། དེར་རྣལ་འབྱོར་པ་རྣམས་ཀྱིས་བརྟགས་པ་ལྟ་བུར་སྤྱིར་རྗོད་པ་དང་། བརྗོད་པའི་རྣམ་པར་རྟོག་པ་མེད་དོ། །གཞན་གྱི་དབང་ལྟར་འཛིན་པ་དང་། གཟུང་བའི་རྣམ་པ་གསལ་བར་སྣང་བ་ཡང་མེད་དོ། ། དེས་ན་མི་གཉིས་པའི་ཏིང་ངེ་འཛིན་གྱི་དུས་ན་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་སྤངས་པའི་མྱོང་བར་གྲུབ་པའི་དངོས་པོ་ཡོད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་རྟོག་གོ། །གཞན་གྱི་དབང་གཉིས་ཀྱི་རྣམ་པར་གསལ་བས་ན་སྒྲོ་བཏགས་པ་རྣམ་པའི་རིམ་པས་ རྣམ་པར་རྟོག་ནུས་སོ། །ཇི་ལྟར་ན་རྣལ་འབྱོར་པ་རྣམས་ལ་རིགས་མཐུན་པ་དང་། མི་མཐུན་པའི་རྣམ་པ་ལས་བཟློག་པ་སྔོན་པོ་ལ་སོགས་པ་གསལ་བར་སྣང་བཞིན་དུ་གཞན་གྱི་དབང་སྣང་བར་འགྱུར། སྣ་ཚོགས་ཀྱི་ཕྱིར་དེར་རིགས་མཐུན་པའི་རྣམ་པར་སྒྲོ་འདོགས་པ་རྣམ་པར་རྟོག་པ་ འབྱུང་ངོ་། །དེས་ན་དེ་འདྲ་བའི་རེག་པ་ཡོད་དོ་ཞེས་ཐ་སྙད་འབྱུང་ངོ་། །རྣལ་འབྱོར་པ་ལྔ་པའི་ཚེ་ན་གང་ཡང་སྣང་བ་མེད་ཅིང་བསམ་པ་མེད་པའི་ཆུད་པ་རིགས་མཐུན་པའི་རྣམ་པར་རེག་པ་འཛིན་པ་དང་། གཟུང་བར་རྗེས་སུ་ཆུད་པའི་བློས་ཇི་ལྟར་ན་རྣམ་པར་བརྟགས་པ་གལ་ཏེ་དེ་ ཁོ་ན་ཉིད་མཁྱེན་པས་ཆོས་བཤད་པའི་དུས་སུ་བསྟན་དུ་ཟིན་ཏེ། འོན་ཀྱང་གཉིས་ཀྱི་རྣམ་པས་སྟོང་པ་ལ་སོགས་པའི་གཅིག་པར་སྒྲོ་བཏགས་ཏེ་འཇུག་པའི་མཚན་མ་སྟོན་ཏོ། །གལ་ཏེ་ཡང་བརྟགས་པ་དང་། གཞན་གྱི་དབང་བཞིན་དུ་ཤེས་ནས་གྲུབ་པའི་ཆུད་པ་མེད་དོ་ཞེས། ། སློབ་དཔོན་བྷ་བྱ་ལ་སོགས་པས་རྣམ་པར་རྟོག་ན་ནི་སྒྲ་བཞིན་པར་གྱུར་བས་བློས་ཅི་ཞིག་རྣམ་པར་བརྟགས་ཞེས་ཏེ། འོ་ན་ཅི་བདག་ལ་སོགས་པ་དང་མོ་གཤམ་གྱི་བུ་དང་། རི་བོང་གི་རྭ་ལ་སོགས་པ་རྣམ་པར་མི་རྟོག་གམ་སྒྲ་དང་རྣམ་པར་མི་རྟོག་པ་ནི་དངོས་པོ་ཡོད་པ་ཉིད་ལ་ འཇུག་པ་མ་ཡིན་ཞེས་ཀྱང་ཆོག་སྟེ་རྒྱ་ཆེར་རོ། །དེ་བས་ན་ཡོངས་སུ་གྲུབ་པ་ཡོད་དོ། །ཇི་ལྟར་དེ་དག་མིན་ཞེས་པ་ནི་དགག་པར་གསུངས་པ་སྟེ། དངོས་པོ་དང་དངོས་པོ་མ་ཡིན་པ་ཕན་ཚུན་དུ་རང་བཞིན་ཐ་དད་པ་རང་བཞིན་གཅིག་པར་མི་རིགས་ཏེ། གྲང་བ་དང་མེ་ བཞིན་ནོ། །དེ་བས་ན་དངོས་པོ་དང་དངོས་པོ་མེད་པར་ཁས་བླང་བ་མི་རིགས་སོ། །གཉིས་ནི་བརྟགས་པའི་རང་བཞིན་ལ། །ཞེས་བྱ་བ་སྟེ། གཉིས་ཞེས་བྱ་བ་ནི་ཡོད་པ་དང་མེད་པའི་རྣམ་པར་རྟོག་པའོ། །རང་བཞིན་དག་ནི་མི་གནས་ཏེ། །ཞེས་པ་ནི་ཕན་ཚུན་ དུ་ལྟོས་པའི་ཕྱིར་རང་དབང་དུ་རབ་ཏུ་མི་གནས་སོ། །ཤེས་རབ་ཀྱིས་རྣམ་པར་གཞག་པ་ན་དངོས་པོ་མེད་པའི་ཕྱིར་མེད་པ་ཡང་ཇི་ལྟར་ན་འགྱུར་ཞེས་སྨྲས་པ་ཡིན་ཏེ། ཡང་ན་འཛིན་པ་དང་གཟུང་བའི་རྣམ་པ་ཆུད་པ་མ་གཏོགས་པར་རང་བཞིན་མེད་པས་ན་དེ་དག་རབ་ཏུ་མི་གནས་ཞེས་བྱའོ། ། བརྟགས་པ་ནི་སྦོམ་པོ་གཅིག་པུའོ། །སྣ་ཚོགས་སྣང་བ་ནི་ཕྲ་བ་དཀར་པོ་ལ་སོགས་པའི་རྡུལ་འདུས་པར་སྣང་བ་ནི་རྣམ་པར་རྟོག་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་སྐྱེས་པའོ། །ཇི་ལྟར་གསུངས་པ། ཀུན་བརྟགས་པ་ལ་གནས་ནས་ནི། །གཞན་གྱི་དབང་ནི་ དམིགས་པར་འགྱུར། །ཞེས་དེ་བརླན་པ་ལ་སོགས་པའི་རྣམ་པར་རྟོག་པ་ལས་ཆུ་ལ་སོགས་པ་འབྱུང་ངོ་ཞེས་བྱ་བར་མུ་སྟེགས་བྱེད་པར་བརྟགས་པ་མ་གཏོགས་པར་གཞན་དུ་བཤད་དོ། །བརྟགས་པ་དང་གཞན་གྱི་དབང་གཉིས་ཀྱི་རྣམ་པས་སྟོང་པ་ནི་དག་པ་སྟེ་མི་གཉིས་པར་ཡང་ དག་པར་རིག་པ་འཕགས་པའི་སྤྱོད་ཡུལ་ལོ། །བརྟགས་པ་ནི་སྦོམ་པའི་རྫས་གཅིག་ལ་སོགས་པར་ཡོན་ཏན་དང་། ལས་དང་སྤྱི་ལ་སོགས་པས་གཞན་གྱི་དབང་གསལ་བའི་རྣམ་པ་རྡུལ་ཕྲ་མོ་འདུས་པར་སྣང་བ་ལ་ཁང་པ་དང་། སྡེ་དང་ནགས་ཚལ་ལ་སོགས་པ་ལྟར་སྦོམ་པོ་ ཡན་ལག་ཅན་གྱི་རྫས་སུ་ཀུན་ཏུ་རྟོག་གོ། །རྣམ་པ་གཞན་དུ་ཞེས་པ་ནི་གལ་ཏེ་གཟུགས་དང་། དྲི་དང་། རོ་དང་། རེག་པ་ཕྲ་བ་གསལ་བར་སྣང་བའང་ལྷན་ཅིག་ཏུ་རྒྱུ་བའི་གཞན་གྱི་དབང་ཞེས་བྱ་བ་མེད་པར་གྱུར་ན་ནི་དེའི་ཚེ་མུ་སྟེགས་སྨྲ་བར་གནས་པར་འགྱུར་ཏེ། སྦོམ་པོ་ཡན་ ལག་ཅན་གྱི་རྫས་ལ་སོགས་པར་སྨྲ་བར་རོ། །རྟོག་པ་ནི་སྤྱིར་སྒྲོ་འདོགས་པས་འཇུག་གོ། །དེས་ན་དེ་བརྟགས་ཞེས་བྱ་སྟེ། དེ་ཡོད་པས་ན་ཡང་རང་གི་མཚན་ཉིད་མཐོང་བའི་ཕྱིར་ན་རྒྱུ་ལས་འབྱུང་ངོ་། །འཛིན་པ་དང་གཟུང་བའི་རྣམ་པའི་གནས་ཀྱི་རྣམ་པར་རྟོག་པ་དག་ལས་ གྲོལ་བ་ནི་སྟོང་པ་གྲུབ་པ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའོ། །དེ་ཉིད་ཅེས་བྱ་བ་ནི་གཉིས་ཀྱི་རྣམ་པས་མི་གཉིས་པ་དེ་ཡིན་ཞེས་བྱ་བའི་དོན་ཏོ། །རྟོག་པའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོ་རེ་རེ་ལ་འབྲེལ་ཏོ། །ཚད་མ་ནི་མངོན་ སུམ་དང་རྗེས་སུ་དཔག་པའོ། །ཡིད་བརྟན་པ་བསྟན་པའི་ལུང་ངོ་། །དེ་ཡང་གནས་གསུམ་པོ་ཕན་ཚུན་དུ་འགལ་བ་མེད་པའི་དོན་དུ་ཡོངས་སུ་གཟུང་ངོ་། །འདི་ནི་རྣལ་འབྱོར་གྱི་ལམ་དུ་དབབ་པའི་ཕྱིར་ཁྱད་པར་གྱི་ཡེ་ཤེས་མ་སྐྱེས་པའི་དབང་དུ་མཛད་དེ་གསུངས་སོ། ། ཐམས་ཅད་མཁྱེན་པ་ལ་ནི་ཐམས་ཅད་མངོན་སུམ་ཉིད་དོ། །བརྟགས་པ་ཐོག་མར་བྱེད་པ་རྣམས་རིགས་པ་དང་། ལུང་གིས་འགལ་བ་མེད་པར་དཔྱད་དེ། །ཐེ་ཚོམ་བསལ་ནས་རྣམ་པར་རྟོག་པ་མེད་པས་རབ་ཏུ་འཇུག་པར་འགྱུར་རོ། །སོ་སོ་རང་གི་བློས་བླང་བ་དང་། དོར་བ་དེ་ཁོ་ན་ཉིད་གདོན་མི་ཟ་བར་ཡིད་ཆེས་པར་སྤྱོད་དོ། །ལྟ་བའི་རྣམ་པར་རྟོག་པ་སྤངས་ནས་ཞེས་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་རྣམ་པ་སྤངས་ནས་སོ། །གོང་ནས་གོང་དུ་ཞེས་པ་ནི་ཐོས་པ་དང་། སེམས་པ་དང་། བསྒོམ་པ་མཆོག་གི་རིམ་པས་ འབད་དོ། །འཛིན་པ་དང་གཟུང་བའི་རྣམ་པར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་རྣམ་པར་རྟོག་པ་མི་འབྱུང་བ་ནི་ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པའི་ཕྱིར་ཏེ། ཐེག་པ་གཅིག་པུ་མི་གཉིས་པའི་མཚན་ཉིད་ཀྱི་རྒྱུན་ཁོང་དུ་ཆུད་པར་འགྱུར་རོ། ། ཉན་ཐོས་དང་མུ་སྟེགས་བྱེད་རྣམས་ཀྱི་ཁོང་དུ་ཆུད་ལ་ང་ཉིད་ཀྱིས་ཐུགས་སུ་ཆུད་ཅེས་བྱ་བ་ནི་རང་གི་གྲུབ་པའི་མཐའ་ཁྱད་པར་དུ་གྲགས་པར་མཛད་པའི་དོན་དུ་ཐམས་ཅད་མཁྱེན་པས་བྱེ་བྲག་ཏུ་བརྗོད་དོ། །ཆོས་དང་གང་ཟག་ལ་བདག་མེད་པ་ཁོང་དུ་ཆུད་པའི་མཚན་ཉིད་སངས་ རྒྱས་ཀྱི་ཐེག་པ་གཅིག་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི་དེ་ཉིད་ཀྱི་ནང་དུ་གཏོགས་སོ། །དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་སྟོན་པ་མེད་པར་སྔར་མངོན་པར་རྫོགས་པར་སངས་རྒྱས་སོ། །དེས་ན་དེ་ལྟར་ཐེག་པ་གཅིག་པར་འགལ་ལོ་ཞེས་ཐམས་ཅད་ མཁྱེན་པ་ལ་བློ་གྲོས་ཆེན་པོས་གསོལ་བ་ནི་དེ་སྟེ་ཐེག་པ་གཅིག་པུ་ཉིད་ན་ནི་ཇི་ལྟར་ན་ཐེག་པ་གསུམ་ཞེས་འཁོར་གྱི་རྣམ་པར་རྟོག་པ་བློ་གྲོས་ཆེན་པོས་མཁྱེན་ནས་སྒྲའི་ཁྱད་པར་ལས་གླེངས་པར་བརྟག་གོ། །བདག་ཉིད་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ ཆོས་ཅན་པས་ན་ཞེས་པ་ནི་རང་གི་ཉོན་མོངས་པ་སྤོང་བར་མངོན་པར་མི་ཤེས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཕྱིར་ཤེས་བྱའི་སྒྲིབ་པ་སྤངས་པ་སྟེ། ཉེས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར། ལས་ཀྱི་བག་ཆགས་ཀྱང་སྤངས་སོ། །རང་སངས་ རྒྱས་དང་། འཕགས་པའི་ཉན་ཐོས་རྣམས་ཀྱིས་ནི་ཉོན་མོངས་པའི་སྒྲིབ་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་ནི་བདག་མེད་པ་གཉིས་ཐུགས་སུ་ཆུད་པའི་ཕྱིར་ལས་དང་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་གསུམ་སྤངས་སོ། །དེ་བས་ན་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ བསམ་པ་དང་། བག་ལ་ཉལ་བ་ཡོངས་སུ་མཁྱེན་ནས་མོས་པ་ཇི་ལྟ་བ་བཞིན་པའི་སྣོད་ཀྱི་སེམས་ཅན་རྣམས་ལ་ཆོས་སྟོན་པ་འབྱུང་བས་ན་གཟུད་པའི་རིམ་པས་ཚུལ་གསུམ་སྟོན་ཏོ། །ཆོས་ལ་བདག་མེད་པ་མ་རྟོགས་པ་དང་། རྒྱུ་གསུམ་མེད་པའི་ཕྱིར་དེ་དག་ལ་བདག་ཉིད་ཀྱིས་མངོན་ པར་རྫོགས་པའི་བྱང་ཆུབ་མེད་དོ། །ཐམས་ཅད་མཁྱེན་པ་ལ་ནི་ཆོས་ལ་བདག་མེད་པ་ཐུགས་སུ་ཆུད་པའི་ཕྱིར་བསམ་གྱིས་མི་ཁྱབ་པར་འགྱུར་བའི་ཡང་དག་པར་རྫོགས་པའི་བྱང་ཆུབ་མངའ་སྟེ། ཐམས་ཅད་མཁྱེན་པས་ཐུགས་སུ་ཆུད་པ་ནི་ཉན་ཐོས་ལ་སོགས་པས་བསམ་མི་ནུས་སོ། ། གང་ན་འགག་པ་མེད་པ་དེར་ནི་ཐམས་ཅད་མཁྱེན་པ་ཉིད་དང་འབྲེལ་ཏོ། །བསམ་གྱིས་མི་ཁྱབ་པར་འགྱུར་བ་མ་ཐོབ་པས་ན་ཉན་ཐོས་དེ་དག་ལ་ཐེག་པ་གཅིག་པུ་ཉིད་ཐེག་པ་གསུམ་དུ་ངས་བསྟན་ཏོ། །ཤེས་བྱ་དང་ཉོན་མོངས་པ་དང་། ལས་ཀྱི་སྒྲིབ་པའི་བག་ཆགས་ཀྱི་ཉེས་པ་དང་། ཏིང་ངེ་འཛིན་གྱི་མོས་པ་མེད་པར་གྱུར་པ་ན་དེ་དག་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །ཟག་པ་མེད་པའི་དབྱིངས་ནས་སླར་སད་པར་འགྱུར་བས་ན་ཐེག་པ་ཆེན་པོ་ལ་འཕགས་པའི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ནི་མར་མེ་ལྟ་བུ་མ་ཡིན་ནོ། །ཇི་ ལྟ་ཞེ་ན། ལས་དང་ཉོན་མོངས་པས་བཏབ་པའི་ལུས་སྣང་བ་སྤངས་ཏེ་འགོག་པ་ལས་མཉམ་པར་འཇོག་པ་བཞིན་དུ་སེམས་པ་མེད་ཅིང་སྣང་བ་མེད་པ་ཟག་པ་མེད་པའི་དབྱིངས་སུ་འཁོད་དོ། །ཐམས་ཅད་མཁྱེན་པའི་མངའ་དབང་གིས་དེ་ནས་ཕྱིས་སད་དེ་སྙིང་རྗེའི་བག་ཆགས་ཀྱིས་ བསྐུལ་ནས་ཡང་ཞེས་བྱ་བར་རོ། །ཚོགས་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་མཆོག་གིས་བདག་དང་གཞན་གྱི་དོན་འབྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསྐང་ནས་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་མཁྱེན་པའི་རྫོགས་པའི་བྱང་ཆུབ་ཀྱི་སྐུ་སྟེ། དེ་ ཡང་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་དབང་བྱེད་པ་རྣམ་པ་དེ་ལྟ་བུའི་དབང་བྱེད་པ་ཐོབ་ནས་མ་ལུས་པའི་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་འཇུག་པས་ན་ཇི་ལྟ་བུར་བཤད་པ་དེ་ལྟ་བུར་ཐེག་པ་གཅིག་པུ་ཉིད་དོ། །དེ་སྟེ་ཡང་བརྟགས་པ་ཐ་དད་པའི་ཕྱིར་ཐེག་པ་ ཐ་དད་དུ་འཛིན་ན་ནི་ཐེག་པ་གསུམ་ཉི་ཚེར་མ་ཟད་དེ་ལྷ་ལ་སོགས་པའི་ཐེག་པར་ཡང་སྦྱིན་པ་ལ་སོགས་པའི་དགེ་བ་ཐ་དད་པ་རྣམས་ཀྱིས་ཐུག་པ་མེད་པར་ཡང་འགྱུར་རོ། །ཇི་སྲིད་སེམས་རྣམས་འཇུག་པའི་བར། །ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ནི་ལུས་དང་ལོངས་སྤྱོད་དང་ གནས་སུ་སྣང་བ་ལ་བྱའོ། །དེ་ཡང་ཤིན་ཏུ་གྱུར་པ་ན་གཉིས་ཀྱི་རྣམ་པས་སྟོང་སྟེ། ཐེག་པ་དང་འགྲོ་བའི་རྣམ་པར་རྟོག་པ་མེད་དོ། །དེས་ན་གཉིས་སུ་མེད་པའི་སངས་རྒྱས་ཀྱི་ཐེག་པ་གཅིག་ངས་བསྟན་ཏོ། །གཞན་དུ་ནི་ཇི་ཙམ་དུ་སྣང་བར་འབྱེད་པ་དེ་ཙམ་དུ་ཐེག་པར་འབྱེད་ཅིང་། ལྷ་ལ་སོགས་པ་འགྲུབ་པའི་ལས་ཀྱང་ཐེག་པ་མ་ཡིན་པས་ན་ཐེག་པ་རྣམ་པར་གཞག་པར་ཡང་རྣམ་པར་མི་འགྱུར་ཏེ། དེ་ཡང་མཐའ་མེད་པས་ན་རྣམ་པར་གཞག་པ་ཡང་རྣམ་པར་གཞག་ཏུ་མེད་དོ། །དེ་སྟེ་གཞན་དུ་མེད་ན་ཅིའི་སླད་དུ་ཐེག་པ་གསུམ་དུ་བསྟན་ཞེས་པ་ལ་དྲང་ བའི་ཕྱིར་ཞེས་ཏེ། གསུམ་པོ་ཉིད་ཀྱིས་འཁོར་བའི་སྡུག་བསྔལ་ཡོངས་སུ་ཟད་པར་བྱེད་ནུས་ཀྱི་ལྷ་ལ་སོགས་པའི་ཐེག་པས་འཁོར་བའི་སྡུག་བསྔལ་བསྐྱིལ་བར་བྱེད་པ་ནི་མ་ཡིན་ནོ། །ཐ་མ་དང་། བར་མ་དང་། རབ་ཀྱི་ཤེས་རབ་ཀྱི་ཁྱད་པར་གྱིས་ཐེག་པ་གསུམ་མོ། །དེ་བཞིན་ དུ་རྣམ་པར་གྲོལ་བ་གསུམ་པོ་ཉོན་མོངས་པ་ཟད་པའི་མཚན་ཉིད་དུ་དྲང་བའི་ཕྱིར་རོ། །གང་ཟག་དང་ཆོས་ལ་བདག་མེད་པ་རིམ་པ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པའི་སངས་རྒྱས་རྣམས་ལའོ། །ཆོས་ལ་བདག་མེད་པ་ནི་ཐེག་པ་ གཅིག་པུ་ཉིད་དོ། །དེར་ཐེག་པ་དང་རྣམ་པར་གྲོལ་བ་ཁྱད་པར་མེད་དོ། །ཤེས་རབ་ཀྱི་དབང་པོ་ཤིན་ཏུ་མཆོག་ཉིད་ལ་ཡོད་པའི་ཕྱིར་ཏེ། ཆོས་ཉིད་ལ་འགལ་བ་མེད་པའི་ཕྱིར་གཞན་དུ་བཤད་པ་མེད་དོ། །ཆོས་ལ་བདག་མེད་པ་ཉིད་ཐེག་པ་ཆེན་པོའི་མཚན་ཉིད་དེ། རྣམ་པར་ གྲོལ་བ་རྣམ་པ་གསུམ་པོ་དེ་དག་ནི་དེ་ལས་འབྱུང་བས་ན་དེ་ཉིད་དུ་གནས་པའོ། །དེ་ནས་ཇི་ལྟར་ན་ཡང་འབྱུང་ཞེས་པ་དང་། དེའི་ཕྱིར་གསུངས་པ་མཉམ་ཉིད་ཡེ་ཤེས་ཞེས་པ་སྟེ་མི་གཉིས་པའོ། །ཉོན་མོངས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་མི་ཤེས་པ་སྟེ། དེའི་གྲོལ་བ་གང་ ཡིན་པ་དེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་གྲོལ་བ་དེ་དག་སྤངས་སོ་ཞེས་དགོངས་པའི་དོན་དུ་ཆུད་པའོ་ཞེས་དེ་འདི་སྐད་ཅེས་སྨྲས་པ་ཡིན་ཏེ། འཛིན་པ་དང་གཟུང་བ་མེད་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཤེས་བྱའི་སྒྲིབ་པ་སྤངས་པའི་གྲོལ་བ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ ཉོན་མོངས་པའི་གྲོལ་བ་དེ་དག་སྤངས་པའོ། །རྣམ་པར་གཡེང་བ་ནི་མི་བསྐྱོད་པ་སྟེ། དེ་བཞིན་དུ་ཕ་རོལ་གྱི་མཚན་ཉིད་སྲ་བ་དང་། གཤེར་བ་དང་། དྲོ་བ་དང་གཡོ་བ་དང་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པ་འདས་ཏེ་ཆོས་ལ་བདག་མེད་པར་ གནས་པ་མི་ཐོབ་པའོ་ཞེས་པ་ནི་མི་ཐོབ་པ་དང་། བཀའ་སྩལ་པ། ཉོན་མོངས་བག་ཆགས་རྣམས་དང་འབྲེལ། །ཞེས་པ་སྟེ། ཉོན་མོངས་པ་མེད་པའི་མི་ཤེས་པ་དང་ངོ་། །ཀུན་ནས་ལྡང་བ་ཞེས་བྱ་བ་ནི་ཀུན་ནས་ལྡང་བའི་རྒྱུ་བག་ཆགས་ཀྱི་ཉོན་མོངས་པ་དང་བྲལ་བ་རྣམས་སོ། །ཐ་ མར་ཕྱིན་པ་དེ་ལ་མེད། །ཅེས་པ་ནི་ཉན་ཐོས་སམ་ཟག་པ་མེད་པའི་དབྱིངས་ཀྱི་ཆུད་པའི་རྒྱུན་ལ་བསྙེམས་པ་སྟེ། འདི་ཙམ་གྱིས་མཐར་ཕྱིན་ཏོ་ཞེས་གནས་ལ་ཆད་པ་མེད་དོ། །ཇི་ལྟར་བདག་ཏུ་སྨྲ་བ་རྣམས། །སྲིད་ཆགས་མེད་པའི་བསམ་གཏན་པ། །སྲིད་པའི་རྩེ་མོར་ ཕྱིན་ཟིན་ཀྱང་། །ང་རྒྱལ་ལྕགས་ཀྱུས་དྲངས་ནས་ནི། །སེམས་ཅན་དམྱལ་བར་ཡང་ལྟུང་ངོ་། །ཞེས་པར་དེ་དག་ཀྱང་འཁོར་བར་ཡང་མི་ལྟུང་ངོ་། །མུ་སྟེགས་ནི་བསམ་གཏན་གྱིས་འཕངས་ཏེ། ཅི་ཙམ་དུ་གནས་པ་དེ་ནས་ཤི་འཕོས་ཏེ། ཡང་བདག་དང་བདག་གིར་ འཇིག་ཚོགས་ལ་ལྟ་བ་ལས་ཉོན་མོངས་པ་རྣམས་བྱུང་ནས་སེམས་ཅན་དམྱལ་བ་སྲིད་དོ། །ཇི་ལྟར་སྐྱེས་བུ་ར་རོ་བ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཟག་པ་མེད་པའི་དབྱིངས་ནས་ལངས་ཏེ་སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་ནས་ཞེས་པ་སྔ་མ་བཞིན་དུ་སངས་རྒྱས་ཀྱི་ཆོས་ ཀྱི་སྐུ་ཐོབ་པར་འགྱུར་ཞེས་པའོ། །ཡོད་དང་མེད་པ་གཉིས་ཀ་ཡང་། །དངོས་པོའི་དོན་དུ་འབྱུང་བ་དང་། །གཅིག་རྟག་དུ་མའི་ཕྱོགས་བཤད་པ། །སྐད་ཅིག་པ་དང་འགྲོ་མི་མཚུངས། །གཉིས་ཀྱི་ཆར་སྟོང་རྣམ་ཤེས་ཙམ། །ལང་ཀར་གཤེགས་པའི་མདོ་ཚུལ་ དང་། །ཡེ་ཤེས་དཔལ་བཟང་རིག་པ་ཡིས། །ལུས་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པའོ། །བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ལ་སྐུ་གཉིས་ཏེ། ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་ཁོང་དུ་ཆུད་པའི་ཡིད་ ཀྱི་སྐུའོ། །ས་དང་པོ་ནས་གོང་ནས་གོང་དུ་སའི་མཚན་ཉིད་ཡོངས་སུ་ཤེས་ནས་རྣལ་འབྱོར་ཅན་རྣམས་ཀྱིས་ཐོབ་པར་འགྱུར་བ་ནི་བྱང་ཆུབ་སེམས་དཔའི་ས་དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོངས་སུ་རྫོགས་ནས་དོན་དམ་པའི་ཏིང་ངེ་འཛིན་གྱི་བདེ་བའི་མཚན་ ཉིད་རབ་ཏུ་དགའ་བ་ཉེ་བར་སྐྱེའོ། །དེའི་ཚེ་འཁོར་བ་ལས་ལོག་པར་གྱུར་ནས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བར་གྱུར་པ་དང་། དེ་ལ་འཚོ་བའི་འཇིགས་པ་མེད་པ་དང་། མང་དུ་ཐོས་པས་ང་དང་འདྲ་བ་འཇིག་རྟེན་དུ་མེད་ན་ལྷག་པ་ལྟ་ག་ལ་ཞིག་སྙམ་ནས་འཇིགས་པ་ མེད་པས་འཁོར་དུ་སྤ་གོང་བ་མེད་པར་འགྱུར་རོ། །སངས་རྒྱས་བརྒྱ་མཐོང་བ་དང་། ཞིང་བརྒྱ་གཡོ་བར་བྱེད་པ་དང་། ལུས་བརྒྱ་སྟོན་པར་བྱེད་དོ། །དེ་དེ་ལྟ་བུར། ཚེ་དང་ལས་དང་ཡོ་བྱད་མོས། །སྨོན་ལམ་རྫུ་འཕྲུལ་སྐྱེ་དབང་དང་། །ཆོས་སེམས་དེ་བཞིན་ ཡེ་ཤེས་མཆོག །དཔའ་བོ་དབང་བཅུ་འདི་དག་ཐོབ། །ཆོས་དང་སེམས་དང་ཡེ་ཤེས་ཆེན་པོ་ནི་དང་པོ་དང་གོང་མའི་ས་ཁྱད་པར་དུ་དབྱེ་བ་ནི་འཕེལ་ལོ། །ཚེ་དང་ལས་དང་ཡོ་བྱད་ལ་སོགས་པའི་དབང་རྣམས་ཀྱི་ས་དང་པོར་འཁོར་བའི་སྐྱེ་བོ་ལས་བྱེ་བྲག་པར་འགྱུར་རོ། ། ཏིང་ངེ་འཛིན་གྱི་བདེ་བ་འཐོབ་པས་ཆོས་ཁོང་དུ་ཆུད་པ་ནི་ཐམས་ཅད་དུ་ཡོད་མོད་ཀྱི་རབ་ཏུ་དགའ་བ་ལ་སྦྱིན་པས་རབ་ཏུ་དགའ་བར་གྱུར་པའི་ཕྱིར་བཙུན་གཙོའི་བྱང་ཆུབ་སེམས་དཔའ་སེམས་ཅན་དང་འདྲེས་པར་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། །ས་གསུམ་དང་བཞི་དང་ལྔ་ལ་སོགས་པར་ ཆོས་ཁོང་དུ་ཆུད་པ་ཉིད་དེ་སེམས་ཅན་དང་འདྲེས་པ་མེད་པར་བརྟག་གོ། །ས་གསུམ་དང་བཞི་དང་ལྔ་ལ་རང་གི་སེམས་རྣམ་པ་མང་པོ་དབེན་པར་སྤྱོད་པས་སེམས་ཀྱི་རྒྱ་མཚོ་ལས་འཇུག་པའི་རྣམ་པར་ཤེས་པའི་རླབས་ཀྱི་མཚན་ཉིད་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས་ནི་གང་ ཟག་དང་ཆོས་ལ་བདག་མེད་པའི་ཏིང་ངེ་འཛིན་གྱིས་ཐོབ་པ་དང་པོ་དང་གཉིས་པ་ལ་སོགས་པ་ཡང་ཡོད་མོད་ཀྱི། དེར་སྦྱིན་པ་དང་། ཚུལ་ཁྲིམས་ཀྱིས་སེམས་ཅན་སྡུད་པར་བྱེད་པས་ན་སེམས་ཅན་གྱི་དོན་གྱི་ཕྱིར་བཙུན་གཙོའི་བྱང་ཆུབ་སེམས་དཔའ་ལ་རྟག་པར་མཉམ་པར་འཇོག་པ་མེད་དོ། ། གསུམ་པ་དང་། བཞི་པ་དང་ས་ལྔར་ཡང་སེམས་ཅན་གྱི་དོན་ལ་འགྲུས་པས་སེམས་ཅན་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་ལ་མངོན་པར་ཤེས་པས་རྟོག་གོ། །བདུད་འཚེ་བའི་རིགས་ཅན་རྣམས་ལ་སྦྱིན་པ་དང་། ཚུལ་ཁྲིམས་ཀྱིས་ཕན་འདོགས་ཀྱང་ཀྱལ་ཀ་བྱེད་པར་འགྱུར་ རོ། །གང་གིས་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། བདུད་འཚེ་བའི་རིགས་ཅན་གྱིས་ཐོས་ཏེ་གཙེ་བར་ཡང་མི་བྱེད་པས་ན་མངོན་པར་ཤེས་པ་ཐོབ་པས་སེམས་ཅན་གྱི་དོན་བྱེད་པའོ་ཞེས་སོ། །དེ་ནས་མངོན་པར་ཤེས་པ་བསྐྱེད་པས་ཆོས་དང་ཟང་ཟིང་ གི་སྦྱིན་པ་ལ་སོགས་པའི་ཐབས་རྣམས་ཀྱིས་གཞན་གྱི་དོན་བྱེད་ནུས་སོ། །དེའི་ཕྱིར་ས་གསུམ་དང་བཞི་དང་། ལྔ་ལ་སོགས་པ་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པ་སྐྱེད་པར་བྱེད་དེ། དེ་ལྟར་ན་དེ་དག་གིས་སེམས་གཞན་གྱི་དོན་ལས་འཕོ་བ་ མེད་པར་འགྱུར་རོ། །ཆུང་ངུ་དང་། བར་མ་དང་། ཆེན་པོའི་ཁྱད་པར་གྱིས་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ནས་སྐད་ཅིག་མར་འཇིག་པ་ཡོངས་སུ་ཤེས་པར་བྱའི་བྱེ་བྲག་ནི་ཉན་ཐོས་དང་ཐུན་མོང་ངོ་། །ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པ་ནི་ས་དྲུག་ཏུ་མཆོག་ ཏུ་མི་གཡོ། བདུན་པོར་ན་ཕྱི་རོལ་གྱི་དོན། མེད་པར་ཡོངས་སུ་ཤེས་པ་ཡིས། །གཉིས་ཀྱི་ཚུལ་སྤྲོས་མི་གཉིས་ཀྱིས། །ཡང་དག་རིག་པར་ཀུན་རིག་གྱུར། །མང་དུ་ཐོས་པས་སུ་ལའང་མེད། །ཐོས་ཀྱང་ཤེས་རབ་ལྡན་པ་མེད། །སེམས་ནི་སྐྱོ་བ་ཟད་པའི་ཕྱིར། །དེས་ན་ འཁྲུག་པ་མེད་པར་འགྱུར། །འཕགས་པ་ལང་ཀར་གཤེགས་པ་སློབ་དཔོན་མང་དུ་ཐོས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གཉིས་པར་ནི་བསྟོད་པ་ཟབ་མོ་དང་། གཉིས་སུ་མེད་པར་གསོལ་བ་བརྒྱ་དང་དེའི་བཀའ་ལན་བརྒྱ་དང་། ཀུན་གཞི་རྣམ་ པར་ཤེས་པ་ཡོངས་སུ་ཤེས་པ་དང་། སྟོང་པ་ཉིད་རྣམ་པར་གཞག་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་དཔྱད་པ་དང་། རྒྱུ་དང་འབྲས་བུ་དཔྱད་པ་དང་། སྒྲའི་དོན་བརྟགས་པ་ཡོངས་སུ་ཤེས་པ་དང་། རྩོད་པའི་གནས་ཐོར་བུ་དཔྱད་པ་མང་པོ་དང་། ལེའུ་ཕྲན་ དགུ་སྟེ་ལེའུ་གཉིས་པ་ཡང་རྫོགས་སོ།། །།ད་ནི་ལེའུ་གསུམ་པར་ཏིང་ངེ་འཛིན་ལས་བྱུང་བའི་ཡིད་ཀྱི་སྐུ་སྒྲུབ་པ་སྟེ་ཕྱི་རོལ་གྱི་དོན་མེད་པས་ན་སྣང་བའི་རང་བཞིན་དུ་སྟོན་པར་མཛད་དོ། །སྦོམ་པོ་དང་ཕྲ་བའི་ཡུལ་རྣམ་པར་གཞིགས་པ་ན་ཁང་པ་དང་། སྡེ་དང་ ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་ཡིན་པས་ཡང་དག་པར་རིག་པར་སྣང་བའི་ཆོས་ཉིད་ཀྱིས་དེ་ཐམས་ཅད་དུ་ཡོད་དོ། །གང་གི་ཚེ་ན་དེ་ལྟ་བུར་ཡོད་པ་དེའི་ཚེ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་ རྣམས། །སངས་རྒྱས་སྲས་ཀྱི་དབུས་ནས་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །ཞེས་བྱ་བ་དེས་འདི་འབྱུང་བ་ཡིན་ཏེ། དེ་ལྟར་ཕྱོགས་རྣམས་མ་ལུས་ཐམས་ཅད་དུ། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་ རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག། །ཅེས་པ་ཡིད་ཀྱི་སྐུ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་དུ་གར་ཡང་ཐོགས་པ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡིད་ ལྟར་མྱུར་བའི་ཏིང་ངེ་འཛིན་བརྙེས་པ་སྟེ། དེ་ལྟར་ན་རྡུལ་གཅིག་གི་ཆ་ལ་ཡང་ཐམས་ཅད་དུ་སྐད་ཅིག་ཏུ་སྣང་བ་ནི་གཟུགས་བརྙན་བཞིན་དུ་དུས་གསུམ་དུ་སྣང་བའི་ཚུལ་གྱིས་སོ། །ཇི་ལྟར་སྣོད་ཆུང་ངུའི་ཆུའི་ནང་དུ་གྲོང་དང་ཀུན་དགའ་ར་བ་དང་། གཞལ་མེད་ཁང་དང་། རི་དང་ནམ་ མཁའི་སྟེང་གི་སྐར་མའི་ཚོགས་མང་པོ་སྣང་བ་དེ་ལྟར། ཉག་མ་གཅིག་ཁྱོན་སངས་རྒྱས་མང་པོ་རྣམས། །གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པར། །ཞིང་ཡང་དེ་སྙེད་རྒྱལ་བ་དེ་དག་གི །དེ་དག་ཐ་དད་མཚན་ཉིད་ཐ་དད་ཆ། །གཟུགས་མེད་པའི་ཆོས་རྣམས་ནི་ཕྱོགས་སུ་མི་གནས་ཏེ། ཆུད་པ་དེ་དག་ལ་ཕྱོགས་སུ་གནས་པར་ངེས་པ་མེད་དོ། །དེར་སྣང་བ་ཡང་དེ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར་ཏེ། ཆུད་པའི་ཆོས་ཉིད་ནི་དེ་ལྟ་བུའོ། །རྡུལ་ཕྲ་མོ་ལས་བརྩམས་པའི་རྫས་ལ་སོགས་པའི་གཟུགས་ཅན་པར་གཞན་གྱིས་ཀུན་བརྟགས་པ་ནི་རྣམ་པར་དབྱེ་བ་ན་སྟོང་པ་ཉིད་ དོ། །ཚོན་གྱིས་བཙོས་པ་དང་མ་བཙོས་པ་དང་། བསྒུལ་བ་དང་། མ་བསྒུལ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་ལ་སོགས་པའི་རིམ་པས་ཕྱེ་བ་ན་ཁང་པ་དང་། སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་ནོ། །སོ་སོར་གནས་པ་རྣམས་ཀྱང་རྨི་ལམ་དང་། མིག་ འཕྲུལ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དོ། །དེ་དེ་ལྟར་གཉིས་ཀྱི་རྣམ་པས་སྟོང་པའི་འདུ་བྱེད་ཐམས་ཅད་ཀྱི་བསམ་གཏན་དང་བྱུང་བ་རྣམས་ཐམས་ཅད་མཁྱེན་པས་མི་གཉིས་པའི་ཆོས་ཉིད་དུ་སྒྲུབ་པར་མཛད་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་ཡིད་ཀྱི་ལུས་རྟོགས་པ་རབ་ཏུ་དབྱེ་བའི་མཚན་ཉིད་བསྟན་གྱི་ཉོན་ཅིག །བློ་གྲོས་ཆེན་པོ་ཡིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཉན་ཐོས་དང་ཐུན་མོང་མ་ཡིན་པར་བསྒོམ་མོ། །ས་དེ་ དག་གིས་མི་མཐུན་པའི་ཕྱོགས་སྒྲིབ་པ་ཡང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་ཡེ་ཤེས་རྣམས་ཀྱི་མི་མཐུན་པའི་ཕྱོགས་ནི་འཇུངས་པ་དང་། ངང་ ཚུལ་ངན་པ་དང་། མི་བཟོད་པ་དང་། ལེ་ལོ་དང་། གཡེང་བ་དང་། མ་རིག་པ་དང་། ཐབས་མེད་པ་དང་། མི་སྨོན་པ་དང་། མཐུ་མེད་པ་དང་། ཡོངས་སུ་ཤེས་པ་མེད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཐུག་ པར་རོ། །བྱང་ཆུབ་སེམས་དཔའ་ས་བརྒྱད་དུ་ནི་ཆོས་ཁོང་དུ་ཆུད་པས་ཞེས་བྱ་བ་ནི་ཁྱད་པར་དུ་གསུངས་པ་སྟེ། ས་བདུན་དག་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་གཉིས་དག་ནི་གནས་ཡིན་ཏེ། །ལྷག་མ་ས་ནི་ང་ཉིད་ཀྱིའོ། །དེར་བཙུན་གཙོའི་བྱང་ ཆུབ་སེམས་དཔའ་རྣམས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྒྱུ་མ་ལྟ་བུར་ཏེ། སྐྱེ་བ་མེད་པར་ནི་ས་བརྒྱད་དུ་ཐུགས་སུ་ཆུད་དོ། །ས་བདུན་གྱི་དབང་པོ་རྣམས་ནི་རྣམ་པར་ཤེས་པ་ཡོད་པར་ཆགས་ཏེ་འཇུག་པ་ནི་ཇི་ལྟར་ལང་ཀར་གཤེགས་པ་འདི་ཉིད་དུ་ཐམས་ཅད་མཁྱེན་པས་གསུངས་པ། ཕྱི་ཡི་དངོས་པོ་བསལ་ནས་སུ། །ཤེས་པ་ཙམ་དུ་འཇུག་པ་སྟེ། །འདི་ནི་དབུ་མའི་ནན་ཏན་དུ། །ང་དང་གཞན་གྱིས་བསྟན་པའོ། །དབུ་མའི་ཏིང་ངེ་འཛིན་ཀྱང་། དངོས་པོ་མེད་དང་དངོས་མེད་མིན། །ཡོད་དང་མེད་པ་མི་དམིགས་པ། །འདི་ནི་དབུ་མའི་ནན་ཏན་ཏེ། །ང་ དང་གཞན་གྱིས་བསྟན་པའོ། །ཞེས་སོ། །གང་ན་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་པ་རྣམས་དང་། ས་བདུན་དུ་ཕྱིན་པ་རྣམས་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ནོ། །འཛིན་པ་དང་གཟུང་བ་སྒྱུ་མ་ལྟ་བུར་མི་སྐྱེ་བའི་མཚན་ཉིད་དང་ཐོག་མ་དང་ཐ་མའི་མཐའ་ སྟོང་པ་དང་། བར་དུ་རང་བཞིན་གཉིས་ཀྱིས་སྟོང་པར་མཉམ་པར་རྟོགས་ཤིང་། རྨི་ལམ་དང་མིག་འཕྲུལ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་ཤེས་སོ། །འཇིག་རྟེན་མཐོང་ཡང་མི་དམིགས་པའི་ཚུལ་གྱིས་དེ་ལྟར་མི་མཐོང་སྟེ། བསམ་པ་མེད་ཅིང་ སྣང་བ་མེད་པ་དོན་དམ་པའི་བདེན་པ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་མི་གཉིས་པར་ཡང་དག་པར་རིག་པ་ཉིད་གནས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྙིང་རྗེའི་བག་ཆགས་ཀྱིས་གླེངས་ཏེ་བསམ་པ་མེད་ཅིང་སྣང་བ་མེད་པའི་ ཏིང་ངེ་འཛིན་དེ་ལྟ་བུ་ལས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་གླེང་ངོ་། །དེས་སད་པ་དང་ཆོས་ཀྱི་རང་བཞིན་ས་བརྒྱད་དུ་ཁོང་དུ་ཆུད་པས་སྣང་བ་དང་བཅས་པ་དག་པ་འཇིག་རྟེན་གྱི་ཏིང་ངེ་འཛིན་ལ་བཞུགས་པ་ནི་ཡིད་ཀྱི་སྐུ་སྟེ། གཟུགས་བརྙན་ལ་སོགས་པ་བཞིན་དུ་འབྱུང་བ་ དང་། འབྱུང་བ་ལས་གྱུར་པ་དང་འདྲ་བ་འཇིག་རྟེན་ཐམས་ཅད་དུ་ཁྱབ་པ་རྡུལ་གྱི་ཆར་ཡང་སྣང་ངོ་། །སྦོམ་པོ་དང་ཕྲ་མོ་སྣང་བ་འབྱེད་པས་སེམས་ཅན་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་རྣམ་པར་སྣོད་ཇི་བཞིན་པར་ཁོང་དུ་ཆུད་པར་ མཛད་པའི་ཕྱིར། དེས་ཆོས་སྟོན་ཏོ། །ཆོས་ཀྱི་ངོ་བོ་ཉིད་རྟོགས་པར་ཁོང་དུ་ཆུད་པའི་ཕྱིར་ཞེས་པ་ནི་ཆུད་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱི་ནང་དུ་སོང་བར་སྣང་བས་ན་ཡིད་ཀྱི་ཞེས་བྱའོ། །རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་ལུས་ཞེས་བྱ་བ་ལ་ལྷན་ཅིག་ཏུ་སྐྱེས་པའི་འདུ་བྱེད་ཅེས་བྱ་བ་ ནི་ལྷུན་གྱིས་གྲུབ་པར་རྒྱུ་བ་ངང་གིས་རོ་གཅིག་ཏུ་འགྱུར་རོ། །གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྟག་པར་མཉམ་པར་འཇོག་ཅེས་བྱའོ། །རིས་ནི་ངེས་པ་སྟེ། གང་གི་ཕྱིར་དེས་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉིད་ཀྱི་མ་འདྲེས་པའི་སྐུ་ ནི་ཡིད་ཀྱི་སྐུའོ། །ཐམས་ཅད་མཁྱེན་པ་རྣམས་ཀྱིས་ཐམས་ཅད་དུ་ཁྱབ་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞུགས་པའོ། །རྣལ་འབྱོར་ཐམས་ཅད་ཀྱི་དབང་པོ་གཟུགས་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་འཇིག་རྟེན་མཐའ་དག་གི་བསམ་པ་རངས་པར་མཛད་ པ། མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ། ཉོན་མོངས་པ་བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་རྩ་བ་ནས་བཏོན་པའི་ཡེ་ཤེས་ཀྱི་མེ་དང་ལྡན་པའི་སྐུ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཆུད་པ་ཉིད་དེ། འདོད་ཆགས་ལ་ སོགས་པའི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །ཇི་ལྟར་ཆུད་པ་ཐམས་ཅད་མཁྱེན་པའི་ཕྱོགས་སུ་རྣམ་པར་གནས་པར་ངེས་པར་མི་འགྱུར་བ་དེ་བཞིན་དུ་ཡིད་ཀྱི་སྐུ་ཐམས་ཅད་དུ་སོང་བའོ། །ཐེག་ཆེན་ང་ཡི་ཐེག་མ་ཡིན། །ཡི་གེ་མེད་ཅིང་སྒྲ་ཡང་མེད། །བདེན་པ་མེད་ ཅིང་རྣམ་ཐར་མེད། །སྣང་བ་མེད་པའི་སྤྱོད་ཡུལ་མིན། །འོན་ཀྱང་ཐེག་ཆེན་ཐེག་པ་སྟེ། །ཏིང་ངེ་འཛིན་ལ་དབང་བྱེད་ཅིང་། །ཡིད་ཀྱི་ལུས་ནི་སྣ་ཚོགས་ལ། །དབང་གི་མེ་ཏོག་དག་གིས་བརྒྱན། །ཞེས་ཏེ་ཐེག་པ་དེ་ནི་ཕྱིན་པར་བྱེད་པ་སྟེ། འགྲོ་བར་བྱེད་པས་ན་ཐེག་པའོ། །ཆེན་ པོ་ནི་བྱེད་པ་དང་བྱེད་པ་པོར་འབྲེལ་པར་མ་དགོངས་པའོ། །སྒྲ་ནི་ཆུད་པར་བྱེད་པའི་གདངས་ཏེ། དེའི་ཡན་ལག་ནི་ཡི་གེ་རྣམས་ཏེ། ཚིག་གི་དོན་གྱི་མཚན་མ་ཡིན་པས་ན་དེ་དག་དེ་ལྟ་བུར་སོ་སོར་ངེས་པའི་སྒྲ་དང་། དོན་གྱི་དོན་མེད་པའི་ཕྱིར་སྒྲ་རྣམས་ཀྱིས་དོན་དམ་པ་བརྗོད་པ་མེད་ དོ། །མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་ནི་སྤྱིར་བཏགས་པའི་དོན་ལ་སྒྲོ་བཏགས་ཏེ་འཇུག་པའི་ཕྱིར་བསམ་པ་མེད་ཅིང་། སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པར་བརྗོད་དུ་མེད་པ་དེ་ནི་ཐེག་པ་ཆེན་པོར་དགོངས་ པའོ། །འཕགས་པ་ཉན་ཐོས་དེ་རྣམས་ཀྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་ཡང་ཕྱིའི་དོན་དུ་མངོན་པར་ཆགས་ཏེ་འཇུག་པས་ན་གཉིས་སུ་མེད་པའི་ཐེག་པ་ཆེན་པོ་མ་ཡིན་ནོ། །རྣམ་པར་ཐར་པ་ནི་ཉན་ཐོས་རྣམས་ཀྱི་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་པ་རྡུལ་ཕྲ་མོའི་བར་དུ་སྐད་ཅིག་པ་ཐ་དད་པར་ཞུགས་པ་ཕ་རོལ་གྱི་དོན་སྦོམ་པོ་མི་རྟག་པའི་དམིགས་པ་དེ་ལྟ་བུ་ནི་ཐེག་པ་ཆེན་པོ་མ་ཡིན་ནོ། །གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པ་ཐེག་པ་ཆེན་པོའི་ཁྱད་པར་རོ། ། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་རྣམས་ནི། ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་ཏེ་གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ། ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་མི་དམིགས་པའོ། །དེས་ན། སྣང་བ་མེད་པའི་སྤྱོད་ ཡུལ་མིན། །ཞེས་ཏེ། སྣང་བ་མེད་པ་མི་གཉིས་པ་ཡང་དག་པར་རིག་པ་དོན་དམ་པའི་བདེན་པ་ཐེག་པ་ཆེན་པོ་ལ་དམིགས་པ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །འོན་ཀྱང་ཐེག་ཆེན་ཐེག་པ་སྟེ། །ཏིང་ངེ་འཛིན་ལ་དབང་བྱེད་ཅིང་། །ཡིད་ཀྱི་ལུས་ ནི་སྣ་ཚོགས་ལ། །དབང་གི་མེ་ཏོག་དག་གིས་བརྒྱན། །ཞེས་པ་ནི་ཐམས་ཅད་མཁྱེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ན་ཡིད་ཀྱི་ལུས་ཏེ། དེས་ན་ཐེག་པ་ཆེན་པོ་ཆེ་བས་ཡིད་མགྱོགས་པའི་ཏིང་ངེ་འཛིན་བཞིན་དུ་ཐམས་ ཅད་དུ་འགྲོ་བར་དགོངས་པའོ། །དབང་ནི་སྒྲིབ་པ་ཐམས་ཅད་སྤངས་ནས་སྒྲིབ་པ་མེད་པའི་ཐམས་ཅད་མཁྱེན་པའི་སངས་རྒྱས་ཁོ་ན་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཆོས་ཐམས་ཅད་ཐུགས་སུ་ཆུད་པའོ། །དེ་ནི་སྒྲིབ་པ་གསུམ་སྤོང་སྟེ། །ཤེས་བྱ་དང་། ཉོན་ མོངས་པ་དང་། ལས་ཀྱི་སྒྲིབ་པ་གསུམ་ནི་ཐམས་ཅད་མཁྱེན་པས་ཐམས་ཅད་དུ་ཐམས་ཅད་སྤང་ངོ་། །དེ་ལྟར་ན་མིག་གི་ལིང་ཏོག་དང་བྲལ་བའི་ཡེ་ཤེས་ནི་ཤེས་པར་བྱ་བ་ཐམས་ཅད་དུ་འཇུག་པས་ཐམས་ཅད་མཁྱེན་པས་ཐམས་ཅད་མཁྱེན་པའོ། །འདོད་ཆགས་ལ་སོགས་པའི་སྒྲིབ་ པས་བསྒྲིབས་པ་ན་ཉེ་བར་གྱུར་པ་ཡང་མི་ཤེས་སོ། །དེས་ན་འདོད་ཆགས་ལ་སོགས་པའི་སྒྲིབ་པ་སྤོང་བས་ཐམས་ཅད་མཁྱེན་པར་འགྱུར་རོ། །དེའི་རྫོགས་པའི་དབང་ནི་རྣལ་འབྱོར་གྱི་དབང་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་མཐུ་དང་། དཔག་ཏུ་མེད་པའི་ཡོན་ ཏན་གྱི་ཚོགས་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་དེ་ལ་མངའོ། །ཚིགས་སུ་བཅད་པའི་དོན་ལྷག་པར་བཤད་པར་བྱ་བ་ན་རང་དང་སྤྱིའི་མཚན་ཉིད་ཕ་རོལ་གྱི་བར་སྒྲོ་བཏགས་པ་ནི་རང་གི་སེམས་སྣང་བ་ཉིད་དུ་ཁོང་དུ་ཆུད་པ་རྣམས་ལ་སྟོང་པ་ཉིད་དང་། མཚན་མ་ མེད་པ་དང་། སྨོན་པ་མེད་པ་ནི་རྣམ་པར་ཐར་པ་གསུམ་མོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་ས་དང་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་གོང་ནས་གོང་དུ་ཡིད་ཀྱི་སྐུ་རྣམ་པར་ཕྱེ་བ་དཔྱད་པ་དང་པོའོ།། །།སུ་ཞིག་ གིས་མཚམས་མེད་པ་ཞིག་བྱས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་གསུམ་གྱི་དགེ་བ་མི་བྱེད་པ་ལ་དེའི་འགྱོད་པ་བསལ་བའི་ཕྱིར། ཉན་ཐོས་ལ་སོགས་པའི་གཟུགས་སུ་སྤྲུལ་པ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་ དཔའི་བྱིན་གྱི་རླབས་ཀྱིས་མཚམས་མེད་པ་བྱས་པས་དགེ་བ་སྤྱད་དེ། བསམ་གཏན་ལ་མཉམ་པར་འཇོག་ཅིང་ཆོ་འཕྲུལ་བྱེད་དོ་ཞེས་དེ་ལྟར་མཐོང་ནས་གཞན་གྱིས་ཀྱང་འགྱོད་པ་སྤངས་ཏེ་དགེ་བ་ལ་འཇུག་གོ་ཞེས་བསྡུ་བའི་དོན་ཏོ། །བརྩོན་པ་བོར་བ་ཞེས་བྱ་བ་ནི་བྱེད་པ་མེད་པའོ། །རྟག་ པ་དང་བདག་དང་བདག་གིར་མངོན་པར་ཆགས་པ་ནི་གང་ཟག་ལ་བདག་མེད་པས་འཕོའོ། །ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པས་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པས་འཛིན་པ་དང་གཟུང་བ་འཕོའོ། །ཁ་ཅིག་ལ་ནི་མི་གཉིས་པའི་ཆོས་ཉིད་ཁོང་དུ་ཆུད་པས་ཐེག་པ་གསུམ་སྤྱི་ ལའོ་ཞེས་སོ། །སོ་སོ་རང་གིས་རིག་པའི་ཆོས་ཉིད་ལ་སྒྲ་མི་འཇུག་པས་ན་དེ་བཅོམ་ལྡན་འདས་ཀྱིས་གང་གི་ནུབ་མོ་མངོན་པར་རྫོགས་པར་སངས་རྒྱས་ནས་གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བས་དེའི་བར་དུ་ཡི་གེ་གཅིག་ཀྱང་མ་བཤད་ཅེས་གསུངས་སོ། ། ཚིག་མེད་པ་ནི་སངས་རྒྱས་ཀྱི་ཚིག་གོ་ཞེས་བྱ་བ་ནི་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ཚིག་གིས་སྟོན་མི་ནུས་པའི་ཕྱིར་རོ། །རང་གི་མཚན་ཉིད་ལ་སྤྱིར་སྒྲོ་བཏགས་པ་འབའ་ཞིག་གིས་ཆས་བསྟན་པར་འཇུག་གོ། །སངས་ རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་སངས་རྒྱས་ཀྱི་སྤྱིའི་ཡིན་ཏེ། དེས་ན་ཆོས་དེ་ཁོ་ན་ཉིད་གཅིག་གིས་གསུངས་པ་ཡིན་ནོ། །དགོངས་ཏེ་གསུངས་པ་ནི་ཐམས་ཅད་ལ་བསྡུས་པའི་དོན་དུ་ཤེས་པར་བྱའོ། །ད་ནི་ཡོད་པ་དང་མེད་པ་དཔྱད་པ་བརྩམ་པར་བྱ་སྟེ། རང་གི་ སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པའི་ཕྱིར་བྱེད་པ་དང་བྱེད་པ་པོ་ལ་མངོན་པར་ཆགས་པ་ནི་བརྗོད་པ་དང་། བརྗོད་པའི་ཐ་སྙད་ལ་གོམས་པའི་ཕྱིར་རོ། །གཉིས་ཀྱི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་ནི་ཡོད་པ་དང་མེད་པའི་རྣམ་པར་རྟོག་པའི་ཐ་སྙད་དུ་འཇུག་གི། ནམ་ ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིག་པ་ནི་མི་དམིགས་པས་དེས་ན་དངོས་པོ་དང་དངོས་པོ་མེད་པར་ཀུན་བརྟགས་པ་གཉིས་ཀྱི་རྣམ་པའི་ཐ་སྙད་ཐམས་ཅད་མི་འཇུག་པས་བསམ་པ་མེད་ཅིང་སྣང་བ་མེད་པའོ། །དོན་དམ་པའི་ བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་འབའ་ཞིག་གོ། །ཐུགས་རྗེའི་བག་ཆགས་ཀྱིས་སད་དེ་མཆོག་ཏུ་ཡོངས་སུ་དག་པ་འདོད་ཆགས་དང་བྲལ་བ་གཟུགས་རྣམ་པ་སྣ་ཚོགས་ཀྱི་དབང་པོས་སྤྲུལ་པའི་ཐམས་ཅད་མཁྱེན་པ་དག་པ་འཇིག་རྟེན་པའི་སྣང་བ་དང་བཅས་པའི་ཏིང་ངེ་ འཛིན་ལ་བཞུགས་པ་ན་སེམས་ཅན་གྱི་དོན་དུ་གཉིས་པ་དང་མི་གཉིས་པའི་ཚུལ་མང་པོར་ཆོས་སྟོན་པ་འབྱུང་ངོ་། །དེ་ལྟར་ན་གྲངས་ཅན་རྣམས་ཀྱིས་རྒྱུ་ཐམས་ཅད་ཡོད་པས་དེ་དག་གི་རྒྱུ་དང་འབྲས་བུ་འཆད་དོ། །གང་དག་ལ་ཡང་བྱུང་ནས་རྣམ་པར་འཇིག་པ་དེ་དག་ལ་ནི་ཡོད་པ་ པ་དང་མེད་པའི་རྣམ་པར་རྟོག་པའོ། །རང་བཞིན་གྱིས་རྣམ་པར་གྲོལ་བ་ནི་སངས་རྒྱས་ཁོ་ན་སྟེ། དེའི་ཕྱིར་དེ་ལྟར་འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཉིད་ལ་མི་འབྱུང་ངོ་ཞེས་ཐམས་ཅད་མཁྱེན་པས་གྲུབ་པར་མཛད་པ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་རྣམས་གཅིག་པ་དང་ཐ་དད་པ་དང་། ནང་དང་ཕྱི་རོལ་དུ་མི་དམིགས་པའི་ཕྱིར་ཏེ། བློ་གྲོས་ཆེན་པོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལུས་མེད་པའི་ཕྱིར་ནང་དང་ཕྱི་རོལ་ཏུ་མི་དམིགས་སོ། །བློ་གྲོས་ཆེན་པོ་ འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་དངོས་པོ་རྣམས་ཁས་མི་ལེན་པའི་ཕྱིར་ཞེས་ཏེ། རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པ་རྣམས་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་འཁྲུལ་བའི་རྣམ་པ་ཅན་སོ་སོར་སྣང་ ངོ་། །དེ་དག་ཀྱང་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་ཡོངས་སུ་ཤེས་པས་མི་སྣང་ངོ་། །རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ལ་འདོད་ཆགས་ཀྱང་མེད། འདོད་ཆགས་དང་བྲལ་བ་ཡང་མེད་དོ། ། ཇི་ལྟ་ཞེ་ན། གཟུགས་མེད་པའི་ཕྱིར་དེ་ལྟར་ཕྱི་རོལ་གྱི་དོན་ལ་མཛེས་པ་དང་། མི་མཛེས་པར་མངོན་པར་ཆགས་པ་ཡང་མེད་དོ། །ཡུལ་མེད་པར་འདོད་ཆགས་ལ་སོགས་པ་གང་ཆགས་པར་འགྱུར་བ་དང་། གང་དུ་ཆགས་པར་འགྱུར་བ་དང་། གང་གིས་ཆགས་ པར་འགྱུར་བའི་ཆོས་དེས་དེ་ཀུན་མི་མཐོང་ངོ་། །འདོད་ཆགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བ་དང་། མཛེས་པར་མངོན་པར་ཆགས་པའི་ཕྱི་ནང་གི་མཚན་མ་གཅིག་པ་དང་། ཐ་དད་པ་མེད་པའི་ཕྱིར་ཏེ། ཇི་ལྟར་ འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། རབ་འབྱོར་འཆིང་བར་བཅིངས་པའི་རྒྱུ་མེད་པའི་ཕྱིར། ཆོས་ཐམས་ཅད་བཅིངས་པའང་མེད། གྲོལ་བའང་མེད་དོ་ཞེས་པའོ། །འདིར་ཡང་ཅི་དགོངས་ཤེ་ན། ཆུད་པ་ནི་རང་བཞིན་གྱིས་འོད་གསལ་ ལ་ཉོན་མོངས་པ་རྣམས་དངོས་པོ་མེད་པའི་ཕྱིར་གཞན་པ་དང་གཞན་པ་མ་ཡིན་པར་མི་སྲིད་དོ་ཞེས་སོ། ཇི་ལྟར་དབུ་མ་ལས་འབྱུང་བ། །ཞེན་འདོད་ཆགས་པ་མ་གཏོགས་པར། །གལ་ཏེ་འདོད་ཆགས་སྔར་གྱུར་ན། །དེ་ཡི་རྐྱེན་ལས་འདོད་འགྱུར་ན། །ཞེན་མེད་པར་ ནི་ཇི་ལྟར་འདོད། །འདོད་ཆགས་ཡོད་ན་ཞེན་པར་ཡང་། །རིམ་པ་དེ་ནི་མཚུངས་པ་སྟེ། །འདོད་ཆགས་བཞིན་དུ་ཐམས་ཅད་ཆོས། །འཇུག་པ་གཅིག་མིན་ཐ་དད་མིན། །མཚོན་བྱ་མཚན་ཉིད་གལ་ཏེ་གཞན། །མཚན་ལ་མཚན་ཉིད་མེད་པར་འགྱུར། །གཅིག་ནའང་ དེ་གཉིས་མི་འགྲུབ་སྟེ། །ཐ་དད་ན་ཡང་གཞན་དུ་མེད། །གལ་ཏེ་ཆོས་དང་ཆོས་ཅན་ཐ་དད་པ་ཡིན་ན་ནི་དེའི་ཚེ་རྟག་པ་དང་། མི་རྟག་པ་དང་གཟུགས་ཅན་དང་། གཟུགས་མེད་པ་དང་། ཚ་བ་ལ་སོགས་པ་ཐ་དད་པའི་ཕྱིར་རྟག་པ་མི་རྟག་པ་དང་མི་རྟག་པ་རྟག་པར་ འགྱུར་རོ། །གཟུགས་ཅན་གཟུགས་མེད་པར་འགྱུར་རོ། །ཚ་བ་ཚ་བ་མེད་པ་དང་། ཚ་བ་མེད་པ་ཚ་བར་འགྱུར་རོ། །དེ་ལྟར་མེ་ལ་སོགས་པ་ལ་ཚ་བ་ལ་སོགས་པའི་ཆོས་ཐ་དད་དོ་ཞེ་ན་ནི་མེ་ལ་སོགས་པའི་ཚ་བ་ལ་སོགས་པའི་རང་བཞིན་སྟོང་པ་ཉིད་དོ། །དེ་དེ་ ལྟར་མེ་དང་ཚ་བ་དང་། ཆོས་ཅན་དང་། མཚན་མར་བྱ་བ་དང་། མཚན་ཉིད་དང་། ཞེན་པ་དང་འདོད་ཆགས་ལ་སོགས་པ་དང་། ཐ་དད་པ་དང་ཐ་དད་པ་མེད་པར་དཔྱད་པས་གཉིས་ཀྱི་རྣམ་པའི་ཆོས་སུ་བརྟགས་པ་དེ་དག་སྟོང་པ་ཉིད་དོ། །གང་དག་ ཡང་གཟུགས་ལ་སོགས་པ་འཛིན་པ་དང་གཟུང་བའི་དངོས་པོར་གསལ་བར་སྣང་བ་དེ་དག་ཀྱང་དོན་དམ་པར་ན་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་སྐྱེ་བ་མེད་པའི་སྟོང་པ་ཉིད་དོ། །དེས་ན་རང་བཞིན་གྱིས་འོད་གསལ་བ་གྲུབ་པ་ནི་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་ དེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་དངོས་པོ་དང་དངོས་པོ་མེད་པར་མི་རྟག་པའི་ཕྱིར་ཀུན་ཏུ་རྟོག་པ་ཐམས་ཅད་ཀྱི་སྣང་བ་ཐ་དད་པའི་ཐ་སྙད་མེད་དོ། །ཐུགས་རྗེ་བག་ཆགས་ཀྱིས་བསྐུལ་ཏེ་སྣང་བ་དང་བཅས་པའི་ ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་པ་ན་ཆོས་སྟོན་པ་འབྱུང་ངོ་། །ཇི་ལྟར་དབུ་མ་ལས་འབྱུང་བ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པ་དང་། །བདེན་པ་གཉིས་ལ་བརྟེན་ནས་སུ། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་ འབྱུང་། །གང་དག་དངོས་པོ་རྣམས་ལ་ནི། །ཡོད་མེད་མཐོང་བ་བློ་ཆུང་རྣམས། །ཞི་བ་ཉེར་ཞི་བལྟ་བྱ་བ། །དེ་དག་གིས་ནི་མི་མཐོང་ངོ་། །གང་དག་ལ་ཡོད་པ་ཉིད་ལ་རྒྱུ་དང་རྐྱེན་ཡོད་པ་ནི་རྒྱུ་མེད་པ་ལས་ཡོད་པར་སྨྲ་བ་ཡིན་ཏེ། རྟག་པ་དང་བདེ་བ་ལ་སོགས་པའི་ དངོས་པོའི་མཚན་ཉིད་དུ་སྨྲ་བར་བྱེད་དོ། །དེས་ན་འདོད་ཆགས་ལ་སོགས་པའི་མཚན་མ་དང་བྲལ་བར་རིག་པར་བྱའོ། །རྐྱེན་ཀྱིས་ཡོད་པར་མ་བསྒྲུབས་ན། །ཞེས་པ་ནི་གང་གི་ཚེ་ན་གཅིག་པ་མེད་པ་དེའི་ཚེ་ན་གཉིས་པོ་མེད་ཅེས་སོ། །ཇི་ཙམ་དུ་གཉིས་ཀྱི་རྣམ་པའི་སེམས་པ་ དེ་ཙམ་དུ་ཡོད་པ་དང་། མེད་པའི་རྣམ་པར་རྟོག་གི། །གཉིས་སུ་མེད་པ་ལ་མ་ཡིན་ནོ། །རྟོག་པ་དང་ཡི་གེ་མེད་པ་ཞེས་པ་ནི་ཕུང་པོ་ལ་སོགས་པའི་རང་གི་མཚན་ཉིད་དུ་རྣམ་པར་རྟོག་པ་སྟེ། སྤྱིའི་རྣམ་པར་སྒྲས་སྒྲོ་བཏགས་ཏེ་རྣམ་པར་རྟོག་གོ་ཞེས་བྱ་བའི་བར་དུའོ། །ལེའུ་ གསུམ་པ་ལས་ཡོད་པ་དང་། མེད་པ་དང་། འཆིང་བ་དང་། རྣམ་པར་གྲོལ་བ་དཔྱད་པ་གཉིས་པའོ།། །།གྲུབ་པའི་མཐའི་ཚུལ་རྣམ་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བློ་གྲོས་ཆེན་པོ་གྲུབ་པའི་མཐའི་ཚུལ་ནི་འདི་ལྟ་སྟེ། སོ་སོ་རང་གིས་རིག་ པའི་བྱེ་བྲག་གི་མཚན་ཉིད་དེ། ཚིག་གི་རྣམ་པར་རྟོག་པ་དང་། ཡི་གེ་མེད་པ་ཟག་པ་མེད་པའི་དབྱིངས་རྟོགས་པ་ཐོབ་པར་བྱེད་པ། སོ་སོ་རང་གིས་རྟོགས་པའི་རང་གི་མཚན་ཉིད་མུ་སྟེགས་ཅན་དང་བདུད་ཐམས་ཅད་སྤང་ཞེས་པ་ནི་གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ་ཕྱི་རོལ་གྱི་ དོན་སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་བ་ན་མི་མཐོང་ཞིང་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་རྟོགས་པར་འགྱུར་རོ། །རྟག་པ་ནི་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་ཡིན་ནོ། །དེ་ལྟ་བུར་གཉིས་དང་མི་ གཉིས་པའི་རྟོགས་པའི་མུ་སྟེགས་ཀྱིས་བདུད་ཐམས་ཅད་ལ་ཐུབ་པར་བྱ་སྟེ། སེམས་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་རང་བཞིན་གྱིས་འོད་གསལ་བ་མཛེས་སོ། །བློ་གྲོས་ཆེན་པོ་དེ་ནི་གྲུབ་པའི་མཐའི་ཚུལ་ གྱི་མཚན་ཉིད་དོ། །དེ་ལ་བཤད་པའི་ཚུལ་གང་ཞེ་ན། འདི་ལྟ་སྟེ། བསྟན་པ་ཡན་ལག་དགུ་སྣ་ཚོགས་སུ་བཤད་པ་ཡིན་ཏེ། གཅིག་པ་དང་། ཐ་དད་པ་དང་། ཡོད་པ་དང་མེད་པའི་ཕྱོགས་སྤངས་པ་ཐབས་མཁས་པའི་ཆོ་ག་སྔོན་དུ་འགྲོ་བས་སེམས་ཅན་རྣམས་ལ་ བཤད་པ་འཇུག་སྟེ་ཞེས་པ་ནི་གང་དག་ལ་མི་གཉིས་པ་ཟབ་མོ་བཤད་པ་མངོན་དུ་མི་འཇུག་པ་དེ་དག་ལ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་ལ་གསུང་རབ་རྣམ་པར་གཞག་ཅིང་བཤད་པར་མཛད་དོ། །ཁ་ཅིག་ལ་ཡན་ལག་དགུ་སྟེ། སྐྱེས་པའི་ རབས་དང་། རྟོགས་པ་བརྗོད་པ་དང་། གླེང་གཞི་ནི་ད་ལྟར་དང་འདས་པའི་སྡེར་གཏོགས་པའི་ཕྱིར་རོ། །ཁ་ཅིག་ལ་ནི་ཡན་ལག་བཅུ་གཉིས་ནི་འདི་ལྟ་སྟེ། མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་ བརྗོད་པ་དང་། གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། ད་ལྟར་དང་། འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་དང་། ཆོས་བསྟན་པའོ། །གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་རབ་རིབ་དང་། རྨི་ལམ་དང་། མིག་འཕྲུལ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་ཆུད་པ་ལས་གཅིག་པ་དང་། ཐ་དད་པའི་དཔྱད་པ་དང་བྲལ་བའོ། །ཡོངས་སུ་གྲུབ་པ་ནི་འཛིན་པ་དང་། གཟུང་བའི་རྣམ་པས་སྟོང་པ་ཉིད་དོ། །དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའི་ཕྱིར། སྣང་བའི་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ཀྱིས་ཡོད་པ་དང་མེད་པར་བརྗོད་དུ་མེད་དོ། །ཇི་ལྟར་དབུ་མ་ལས་འབྱུང་བ། །སྟོང་པ་ཞེས་པར་སྨྲ་མི་བྱ། །མི་སྟོང་པར་ཡང་མ་ཡིན་ཏེ། །གཉིས་དང་མི་གཉིས་ཞེས་པར་ཡང་། །བཞི་ལ་རྣམ་བཞི་ག་ལ་ཞིག །ཅེས་པའོ། ། གསུང་རབ་ཀྱི་ཡན་ལག་ཕྱེ་སྟེ་བཤད་པ་མདོ་ནི་མདོའི་དོན་གྱི་ཕྱིར་ཏེ། ཇི་ལྟར་སོ་སོར་ཐར་པའི་མདོ་སྡེ་བཤད་པ་ནི། རྣམ་པར་འབྱེད་པ་རབ་ཏུ་འཆད་པ་ལ་སོགས་པ་སྟེ། འདུལ་བའི་མདོ་སྡེ་ནི་ལྷག་པའི་ཚུལ་ཁྲིམས་སོ། །བཤད་པའི་མདོ་སྡེ་ནི་ལྷག་པའི་སེམས་ནི་ མངོན་པར་དང་བར་བྱ་བའི་དོན་ཏོ། །དེ་ནི་ལུང་ཐ་དད་པའི་ཕྱིར་ཐ་དད་པ་སྟེ། རིང་པོའི་ལུང་དང་། བར་མའི་ལུང་དང་། ལྡན་པའི་ལུང་དང་། གཅིག་ཡན་ཆད་ཀྱི་ལུང་གི་མདོ་རྣམས་སོ། །ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམས་ནི་ཐེག་པ་ཆེན་པོ་ལ་མེད་དེ། ཇི་ལྟར་འཕགས་ མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལང་ཀར་གཤེགས་པ་དང་། ས་བཅུ་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་དང་། སྡོང་པོ་བརྒྱན་པ་དང་། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་དང་། ལྷ་མོའི་མདོ་སྡེ་ལ་སོགས་པའོ། །དབྱངས་ཀྱིས་བསྙད་པ་ནི་རྒྱུད་རིང་ བའོ། ལ་ལས་ནི་དབྱངས་ཀྱིས་བསྙད་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་རྣམས་ནི་གཅིག་པ་ཁོ་ནར་རྟོགས་པར་བྱེད་དེ། རྒྱུད་ཐུང་བ་ཙམ་ཞིག་ནི་ཚིགས་སུ་བཅད་པ། ཆེད་དུ་བརྗོད་པའི་གསུང་ནི་མདོ་ལས་སྤོབས་པ་དེ་ལྟ་བུར་བསྐྱེད་པའོ། ། ལུང་བསྟན་པ་ནི་མ་འོངས་པ་གསུངས་པའོ། །དབྱངས་ཀྱིས་བསྙད་པ་ནི་གདངས་ཀྱིས་སེམས་ཅན་མང་པོ་མགུ་བར་མཛད་དེ། ཇི་ལྟར་བ་ར་ཏའི་གཙུག་ལག་ལས་འབྱུང་བ། །གན་དྷར་ནི་ཤ་དབྱངས་དག་ནི། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་པ་དང་ བཅས་ལ། །བདེ་བར་དབྱངས་ནི་བླང་བར་བྱའོ། །ཞེས་ཏེ། ཆོས་བཤད་པས་ཀུན་ཏུ་སྐྱོ་བར་བྱ་བའི་ཕྱིར་རྣམ་པ་དེ་ལྟ་བུ་དབྱངས་ཀྱི་དཀྱིལ་འཁོར་གསུང་བར་མཛད་དོ། །རློམ་པ་དང་དཔའ་བོ་ལ་སོགས་པར་གསུང་བར་མི་མཛད་པ་ནི་རྩེད་མོ་རློམ་པར་བླ་བ་ནི། ལྔ་པ་དབུ་ མ་དབྱངས་དག་སྟེ། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ཞེས་པའོ། །གླེང་གཞི་ནི་སྔོན་འདས་པ་སྟེ། ལ་ལས་རྒྱུར་ཡང་བརྗོད་དོ། །ད་ལྟར་དང་འདས་པ་ནི་སྔ་མ་དང་འབྲེལ་པར་འགྲེལ་ཏོ། །སྐྱེས་པའི་རབས་ནི་སྔོན་གྱི་སྤྱད་ པའོ། །རྟོགས་པ་བརྗོད་པ་ནི་ཉན་ཐོས་རྣམས་ཀྱི་ཚེ་གཞན་དུ་སྤྱད་པ་ཉིད་དེ། ལ་ལས་དོན་གཅིག་པར་རྟོག་པ་ནི་ཇི་ལྟར་དཔལ་སྡེའི་རྟོགས་པ་བརྗོད་པ་དང་། གཙུག་ན་ནོར་བུའི་རྟོགས་པ་བརྗོད་པའོ། །སྐྱེས་པའི་རབས་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ཉིད་དུ་གྲགས་པའོ། ། ཤིན་ཏུ་རྒྱས་པ་ནི་ཐེག་པ་ཆེན་པོ་སྟེ། མདོ་སྡེ་འགྲེལ་པའི་ཆོས་མངོན་པ་ནི་ལྷག་པའི་ཤེས་རབ་པོ། །རྨད་དུ་བྱུང་བ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །ཆོས་བསྟན་པ་ནི་བསམ་གཏན་གྱི་མན་ངག་སྟེ། བྱང་ཆུབ་སེམས་དཔའ་གསུམ་དུ་ཡང་རྟོགས་པ་ཇི་བཞིན་པར་ གྱུར་པ་དང་ཡན་ལག་བཅུ་གཉིས་སོ། །ཡན་ལག་དགུ་ནི་གསུང་རབ་བསྡུ་བའི་ཕྱིར་ཏེ། གལ་ཏེ་དབྱངས་ཀྱིས་བསྙད་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་རྣམས་གཅིག་ཏུ་བསྡུའོ། །ཡང་ན་སྐྱེས་པའི་རབས་དང་། རྟོགས་པ་བརྗོད་པ་ནི་ད་ལྟར་ དང་། འདས་པ་དང་གླེང་གཞི་རྣམས་གཅིག་ཏུ་བསྡུ་ཞེས་ཏེ། ཐམས་ཅད་མཁྱེན་པའམ། ཡང་དག་པར་བསྡུ་བར་མཛད་པ་རྣམས་ཀྱིས་མདོ་དང་རྒྱ་ཆེར་དགོངས་པའི་དོན་དུ་བརྟག་གོ། །ཤིན་ཏུ་རྒྱས་པ་ནི་ཐེག་པ་ཆེན་པོ་སྟེ། བཙུན་གཙོའི་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་བྲོ་དང་། བྲོའི་འབྱུང་གནས་དང་། མིག་རྩི་དང་། གཏེར་མི་ཟད་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། རལ་གྲི་དང་། གཞལ་མེད་ཁང་ལ་སོགས་པ་སྔགས་ཀྱིས་འགྲུབ་པའི་འདུ་བྱེད་ནི་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་ཚོགས་ ཡོངས་སུ་བསྐང་བའི་ཕྱིར་མཁོའོ། །ཉན་ཐོས་པ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པའི་རྣམ་པར་འཕགས་པའི་བདེན་པ་བཞི་བསྒོམ་པ་སྐྱོ་བ་དང་འདོད་པ་ཆུང་བ་རྣམས་ལ་བྲོ་དང་བྲོའི་འབྱུང་གནས་དང་། མིག་རྩི་མི་དགོས་སོ། །དེ་དག་ གིས་ཀྱང་ཤིན་ཏུ་རྒྱ་ཆེ་བ་ནི་ཐེག་པ་ཆེན་པོར་ཟུར་བྱུང་བ་ཡིན་ཏེ། ཇི་ལྟར་འཕགས་པ་དགའ་བོས་ཡང་དག་པར་བསྡུ་བ་ན་སྨྲས་པ། སྟོབས་བཅུའི་གསུང་ནི་གཞལ་དུ་མེད་པ་སྟེ། །བཅོམ་ལྡན་འདས་ཀྱིས་ལྷའི་འཇིག་རྟེན་ལ་སོགས་པར་གསུངས་པའི་མདོ་སྡེ་མང་པོ་གང་ དག་བདག་གིས་མ་ཐོས་ཤིང་། དགེ་སློང་ཕ་ཁ་ཅིག་གིས་ཐོས་སོ་ཞེས་ཏེ། དེ་བས་ན་དེ་ལྟར་གནས་བརྟན་བཙུན་གཙོའི་ཚིག་གིས་དབང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། རྣམ་པར་ཐར་པ་གསུམ་པོ་ཐོབ་པའི་འཕགས་པ་ཉན་ཐོས་ཀྱིས་ལྷོ་ ཕྱོགས་ཀྱི་ཐོག་མའི་རི་དང་། ཐ་མ་རིའི་གནས་སུ་ཐེག་པ་ཆེན་པོ་ནི་སྡེ་སྣོད་བདུན་དུ་ཡང་དག་པར་བསྡུ་བར་བྱས་སོ། །འཕགས་པ་འོད་སྲུངས་དང་། འཕགས་པ་དགའ་བོ་དང་། ཨུ་པཱ་ལི་ལ་སོགས་པས་རྒྱལ་པོའི་ཁབ་ཏུ་སྡེ་སྣོད་གསུམ་ཡང་དག་པར་བསྡུས་ སོ། །ཤིན་ཏུ་རྒྱས་པ་ནི་ཐེག་པ་ཆེན་པོ་པར། འཕགས་པའི་ཉན་ཐོས་རྣམས་ཀྱིས་ཟུར་བྱུང་བ་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་ཕྱེ་བ་སྟེ། ཇི་ལྟར་མདོ་སྡེ་འདི་ཉིད་དུ་ཐེག་པ་ཆེན་པོར་བསྡུ་བ། ཆོས་ལྔ་རྣམས་དང་རང་བཞིན་དང་། །རྣམ་ པར་ཤེས་པ་བརྒྱད་རྣམས་དང་། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས་ཏེ་དེ་ལ་མཚན་མ་དང་། རྣམ་པར་རྟོག་པ་དང་། མིང་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དང་ཆོས་ལྔའོ། །དེ་དག་ནི་བརྟགས་ པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པར་བསྡུ་སྟེ། མཚན་མ་དང་། རྣམ་པར་རྟོག་པ་གཉིས་ནི་གཞན་གྱི་དབང་དུ་བསྡུའོ། །མིང་ནི་བརྟགས་པར་རོ། །ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དག་ནི་ཡོངས་སུ་གྲུབ་པར་རོ། །ལུས་དང་ལོངས་ སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་ནི་མཚན་མ་སྟེ། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུའོ། །དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པར་རྟོག་པའི་བདག་ཉིད་དེ། གཞན་གྱི་དབང་གསལ་བའི་གཟུགས་ཉིད་ལ་རྣམ་པར་རྟོག་གོ། །མིང་ནི་ངེས་པ་མེད་དོ། ། བརྟགས་པ་ལས་སྐྱེ་བས་ན་དེ་ལྟ་བུའི་ཕྱིར་ཀུན་བརྟགས་པའི་མཚན་ཉིད་དོ། །ཡང་དག་པའི་ཡེ་ཤེས་ནི་ཤེས་རབ་དཔྱོད་པའི་རང་བཞིན་ནོ། །དེ་ནི་གཉིས་ཀྱི་རྣམ་པ་དང་བྲལ་བ་མི་གཉིས་པའི་ཆོས་ཉིད་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པ། ཡང་དག་ པར་རིག་པའི་རང་བཞིན་དངོས་པོ་རྣམ་པར་མི་རྟོག་པའི་དེ་བཞིན་ཉིད་རྟོགས་པར་བྱེད་དོ། །བདག་མེད་པ་གཉིས་ནི། ཆོས་ལ་བདག་མེད་པ་དང་། གང་ཟག་ལ་བདག་མེད་པའོ། །ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། ཚོགས་སུ་མི་གནས་ པ་དང་། མི་འཇིགས་པ་མ་ཡིན་པའི་ཕྱིར་ནང་དང་ཕྱིའི་སྟོང་པ་ཉིད་ཅེས་ཏེ། རྣམ་པར་གཞིགས་པ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་ཕྱི་རོལ་གྱི་ཚོགས་སུ་གནས་པ་མེད་དོ། །ཇི་ལྟར་མདོ་སྡེ་འདིར་གསུངས་པ། གཟུགས་ནི་རྡུལ་ ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་སོ། །སྣང་བ་འདི་ཅི་ཞིག་ཅེས་པ་ལ། ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་སོ། །མི་འཇིགས་པ་མ་ཡིན་པ་ནི་རྟག་པ་གང་ཟག་ལ་སོགས་པ་མེད་དེ་མ་སྐྱེས་པས་ ན་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་ཁོ་ནའོ། །དེ་དེ་ལྟར་བདག་མེད་པ་གཉིས་ནི་སྟོང་པ་ཐམས་ཅད་ཀྱི་ཐབས་སུ་བཤད་པ་སྦྱར་བར་བྱའོ། །རང་བཞིན་ནི་ཆུད་པའི་དབྱིངས་ཏེ། ཆོས་ལྔའི་གནས་ཡིན་ཏེ། ཆོས་ཉིད་ལ་འགལ་བ་མེད་དོ། །བཙུན་ གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཐེག་པ་ཆེན་པོ་ལ་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཕྱིར་ས་དང་ཕ་རོལ་ཏུ་ཕྱིན་པས་ཐེག་པ་ཆེན་པོ་ཁྱད་པར་དུ་ཕྱེ་བ་ཡིན་ནོ། །ཐམས་ཅད་མཁྱེན་པས་ཉན་ཐོས་རྣམས་ལ་ཡང་སྟོང་པ་ཉིད་དང་། མཚན་ མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་རྟོགས་པར་མཛད་པའི་སླད་དུ་བསྟན་པ་ནི་ཇི་ལྟར་དགེ་སློང་དག་མིག་ནི་སྟོང་པ་ཉིད་དང་། གསོག་དང་། གསོ་བ་དང་། འདུ་ཤེས་ཙམ་པ་དང་། འདུས་བྱས་སུ་མཐོང་ངོ་། །དེ་བས་ན། གཟུགས་ནི་དབུ་བའི་གོང་བུར་མཚུངས། །ཚོར་ བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་ཆུ་ཤིང་དུ་ནི་སྣང་། །རྣམ་ཤེས་སྒྱུ་མ་ལྟ་བུའོ། །ཞེས་པ་ཉི་མའི་གཉེན་གྱིས་གསུངས། །ཞེས་པའོ། །དེ་དེ་ལྟར་གསུང་རབ་དང་མི་འགལ་བ་ལ། ཁ་ཅིག་གིས་ནི་འདོད། ཁ་ཅིག་གིས་ནི་མི་འདོད་དོ། །འདོད་པ་ དང་། མི་འདོད་པར་ཞུགས་པ་རྣམས་མི་སྤོང་ཞིང་བརྙས་པས་ན་དེ་དག་ལ་ཡང་ངན་སོང་ངོ་། །མཁས་པ་རྣམས་ནི་ལེགས་པར་གསུངས་པ་འཛིན་པ་ཡིན་པས་ན་ཤེས་རབ་ཅན་རྣམས་ཀྱིས་ཉན་པར་བྱེད་དོ། །རང་གི་སེམས་སྣང་བ་ཙམ་ཁོང་དུ་ཆུད་པས་རྟག་པ་དང་། བདག་ དང་། ཕྱི་རོལ་གྱི་དོན་ལ་སོགས་པར་རྣམ་པར་རྟོག་པར་མི་བྱེད་ཅིང་། ཐེག་པ་ཆེན་པོ་ཡང་དག་པ་ཇི་ལྟ་བུ་རྟོགས་པར་བྱེད་དོ། །ཉན་ཐོས་དང་མུ་སྟེགས་ཀྱི་རྟོག་པ་ལས་རྣམ་པར་གྲོལ་ཞིང་། ཚངས་པ་དང་དབང་པོ་ལ་སོགས་པ་བྱེད་པ་པོར་སྨྲ་བ་ལས་མ་གཏོགས་ པའི་ལས་དང་འབྲས་བུར་འབྲེལ་པ་ཁོང་དུ་ཆུད་པར་འགྱུར་རོ། །སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དགེ་བ་དང་མི་དགེ་བ་ལ་སོགས་པའི་འདུ་བྱེད་རྣམས་ཀྱིས་སུས་ཇི་ལྟར་སྦྱོར་བ་དེས། དེ་ལྟར་འགྲུབ་པར་འགྱུར་བས་ན་ས་དང་ཕ་རོལ་ཏུ་ཕྱིན་པར་ འབྱེད་པས་དབྱེ་བ་ན་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ཐམས་ཅད་མཁྱེན་པ་ཁོ་ནར་འགྱུར་རོ། །དེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་སྤྱོད་དོ། །མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་ བྲལ་བ། ཐམས་ཅད་མཁྱེན་པ། རྣལ་འབྱོར་གྱི་དབང་པོ་གཟུགས་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་རངས་པར་མཛད་པ། ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ཤེས་བྱ་དང་། ཉོན་མོངས་པ་དང་། ལས་ཀྱི་སྒྲིབ་པ་སྤངས་པ་སྟེ་ཐམས་ ཅད་མཁྱེན་པ་ཁོ་ནར་རོ། །དེའི་བགེགས་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པས་བསྒྲིབས་པ་སྟེ། དངོས་པོ་ཡང་དག་པ་ཉིད་ཉེ་བར་ཇི་ལྟར་གནས་པ་ཡང་མི་ཤེས་སོ། །ཤེས་པའི་སྤྱོད་ཡུལ་སོ་སོར་ངེས་པ་མེད་ཀྱང་སྒྲིབ་པ་སྤངས་པ་ན་མིག་གི་ལིང་ཏོག་དང་བྲལ་བ་བཞིན་ དུ་ཐམས་ཅད་ཤེས་སོ། །ཐོས་པ་དང་། སེམས་པ་དང་། བསྒོམ་པའི་རིམ་པར་དབྱེ་བ་ན་ཡེ་ཤེས་གོང་མ་ནས་གོང་མར་ཁྱད་པར་གང་དང་གང་ཡོད་པ་དེ་དང་དེ་ནི་སྔོན་ཐོས་པ་དང་། སེམས་པ་ལས་ཚོགས་ཀྱི་སྟོབས་ལས་བྱུང་བ་སྟེ། སློབ་མ་རྣམས་ཁྱད་པར་དུ་མཁས་པར་ འབྱེད་པ་བཞིན་ནོ། །སྐྱེས་མ་ཐག་པ་རྣམས་ལ་ཡང་དགའ་བ་དང་། འཇིགས་པ་དང་། མྱ་ངན་སྣང་སྟེ། དེས་ན་སྔོན་གྱི་གོམས་པ་རྗེས་སུ་དཔག་གོ། །ཚེ་གཞན་དུ་མཆོག་གི་རིམ་པར་དབྱེ་བ་ན་ཤེས་རབ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ འགྱུར་རོ། །ལྟ་བ་གཉིས་ཞེས་བྱ་བ་ནི་ཕྱི་རོལ་དོན་དུ་ལྟ་བ་དང་། བྱེད་པ་དང་། བྱེད་པ་ལ་སོགས་པར་ལྟ་བའོ། །རྐྱེན་ནི་མི་རྟག་པ་དེ་མ་ཐག་པ་ཙམ་གྱིས་སོ། །མི་སྤང་བ་ནི་སྤང་བར་མི་བྱ་བ་སྟེ་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ཟག་མེད་ཅེས་པ་ནི་རྟག་པར་སྣང་ བ་རྣམ་པར་རྟག་པ་ནི་མེད་དོ། །འདོད་ཆགས་ལ་སོགས་པ་རྣམས་ནི་ཕུང་པོ་ལུས་གཞན་གྱི་དབང་ལ་རྨི་ལམ་དང་འདྲ་བར་རྒྱུ་ཡོད་དོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་གྲུབ་པའི་མཐའི་ཚུལ་རྣམ་པར་ འབྱེད་པར་དཔྱད་པ་གསུམ་པའོ།། །།ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་ཞེས་བྱ་བ་ལ་སོགས་པ་ནི་བཙུན་གཙོའི་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་གསོལ་པའོ། །ཐམས་ཅད་མཁྱེན་པས་ཀྱང་གསོལ་བའི་ལན་དུ་གསུངས་པ། བློ་གྲོས་ཆེན་ པོ་དོན་རྣམ་པ་ཐ་དད་པ་སྣ་ཚོགས་སུ་ཡང་དག་པ་མ་ཡིན་པར་ཀུན་ཏུ་བརྟགས་པ་ལ་མངོན་པར་ཆགས་པས་མི་རྣམས་ཀྱི་རྣམ་པར་རྟོག་པ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའོ། །དོན་རྣམ་པ་ཐ་དད་པ་སྣ་ཚོགས་ནི་སྣང་བ་རྣམ་པ་སྣ་ཚོགས་པ་ཐམས་ཅད་མཁྱེན་ པས་དགོངས་པར་བརྟག་གོ། །མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་ནང་འཁྲུགས་པའི་མཐུས་རྣམ་པ་སྣ་ཚོགས་ཀྱི་རྣམ་པའི་རྣམ་པར་ཤེས་པ་འབྱུང་ངོ་། །བཅོམ་ལྡན་འདས་ཕྱི་རོལ་གྱི་དོན་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དོན་རྟོག་པའི་རྡུལ་ཕྲ་མོའི་རྫས་ལ་སོགས་ པ་སྣ་ཚོགས་ཀྱི་མཚན་ཉིད་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པ་གང་ལ་རྣམ་པར་རྟོག་པའི་མཚན་ཉིད་ཡོད་པ་དེ་དེ་ལྟ་བུའོ། །ཡོད་པ་དང་མེད་པའི་ཕྱོགས་སུ་ལྷུང་བའི་མཚན་ཉིད་གང་ལ་ཡོད་པ་དེ་དེ་ལྟ་བུ་སྟེ། དོན་དམ་པ་མི་གཉིས་པའི་ཆུད་པ་ལས་བཟློག་པའོ། །དེ་ཇི་ལྟར་ཕྱི་རོལ་གྱི་དོན་ལ་ ཚད་མས་གནོད་ཀྱང་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པ་འཇུག་པ་དེ་བཞིན་དུ་དོན་དམ་པ་མི་གཉིས་པའི་ཆུད་པ་ཡང་དབང་པོའི་ཤེས་པ་དང་། རྗེས་སུ་དཔག་པ་ཆ་ཤས་ཀྱི་རྒྱུ་དང་དཔེ་ལས་འདས་པ་དེར་ཡང་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་མཚུངས་ན་བཅོམ་ལྡན་འདས་ དེར་དེ་ཇི་ལྟ་བུ་ཞིག་ཅེས་གླེངས་པའོ། །དོན་དམ་པའི་མཚན་ཉིད་ལ་མངོན་པར་ཆགས་ཤིང་ཞེས་པ་ནི་མི་གཉིས་པ་ཡང་དག་པར་རིག་པའི་རང་གི་མཚན་ཉིད་དོ། །རྣམ་པར་རྟོག་པ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་སྟེ། དོན་དམ་པ་ལས་ལོག་པའི་ཕྱིར་རོ། །རྣམ་པ་སྣ་ཚོགས་ སུ་སྣང་བ་ལ་ཕྱི་རོལ་གྱི་རྟག་པ་དང་། མཛེས་པ་དང་། མི་མཛེས་པ་ལ་སོགས་པར་སྒྲོ་འདོགས་པ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་སྟེ། གཞན་གྱི་དབང་གི་གཟུང་བའི་ཆ་ལ་མངོན་པར་ཆགས་པའི་དོན་ཏེ། རྨི་ལམ་ལྟར་སྣང་བ་ལས་སླུ་བ་དང་། སླུ་བ་མེད་པའོ། །ཡོད་པ་ དང་། མེད་པར་ལྟ་བ་ནི་མུ་སྟེགས་བྱེད་ཀྱི་ལྟ་བའོ། །སོ་སོར་རྣམ་པར་རྟོག་པ་ནི་བདག་དང་། བདག་གིར་རྣམ་པར་རྟོག་པ་སྟེ། ཇི་ལྟར་གསུངས་པ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་པའོ། །འཕགས་པ་བློ་གྲོས་ཆེན་པོས་ ཀྱང་དེ་སྟེ་རྒྱུ་ལས་ཡང་དག་པ་མ་ཡིན་ཀུན་དུ་རྟོག་པ་འདི་ཡིན་ན་ནི་དོན་དང་སྒྲའི་ཆོས་སུ་མཐུན་པས་ཇི་ལྟར་ན་ཕྱི་རོལ་གྱི་དོན་མ་མཆིས། དེས་ན་མི་མཚུངས་པའི་རྒྱུར་འགྱུར་རོ་ཞེས་གླེངས་པ་ལས་ཐམས་ཅད་མཁྱེན་པས་ཀྱང་གླེང་བ་ལ་ཡོངས་སུ་སྤོང་བར་མཛད་པ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ འབྱུང་བ་འམ་ལྡོག་པ་མེད་དོ་ཞེས་ཏེ། ཡང་དག་པ་ལ་དེས་བརྗོད་དུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཡོད་པ་དང་མེད་པ་ལས་རྣམ་པར་རྟོག་པ་མི་འབྱུང་བ་དང་། ཕྱི་རོལ་གྱི་སྣང་བའི་དངོས་པོ་མེད་པ་དང་། རང་གི་སེམས་སྣང་བ་ཙམ་དུ་རྟོག་པ་སྟེ། བློ་གྲོས་ཆེན་ པོ་བྱིས་པ་རྣམས་རང་གི་སེམས་རྣམ་པ་སྣ་ཚོགས་སུ་ཕྱི་རོལ་གྱི་བར་སྒྲོ་བཏགས་པས་བསམ་པ་སྐྱོན་ཅན་དུ་གྱུར་ནས་རྣམ་པར་རྟོག་པས་བརྟགས་ཏེ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྣ་ཚོགས་ཀྱི་དངོས་པོའི་མཚན་ཉིད་ལ་མངོན་པར་ཆགས་པས་ལོ་རྒྱུས་ལས་བྱུང་བ་སྔོན་དུ་འགྲོ་བའི་རྣམ་ པར་རྟོག་པའི་འབྱུང་བར་བཤད་དོ་ཞེས་ཏེ། ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་འཕགས་པ་བཙུན་གཙོ་བྱམས་པས་བཤད་པ་ནི། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེས་ན་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ཀྱང་དེ་ན་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཡང་ དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་པས་ཏེ། སེམས་དང་སེམས་ལས་བྱུང་བ་འདུས་པ་ལས་རྣམ་པར་རྟོག་པ་འབྱུང་ངོ་ཞེས་བྱའོ། །ཇི་ལྟར་ནང་འཁྲུགས་པས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་ སྣ་ཚོགས་ཀྱི་རྣམ་པ་འབྱུང་སྟེ། དེས་ན་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པའོ། །དེ་གཉིས་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱང་དེ་ན་ཡོད་དོ། །དེ་ན་ཡང་དེ་ཡོད་དེ། བྱིས་པ་རྣམས་ལ་ཡང་དག་པ་མ་ཡིན་པས་ཡོངས་སུ་རྟོག་པའོ། །ཡོད་པ་དང་མེད་པ་ལས་རྣམ་པར་རྟོག་ པ་མི་འབྱུང་བ་ཞེས་བྱ་བ་ནི་སྣང་དུ་ཟིན་ཀྱང་ནོར་པའི་རྣམ་པ་ལ་སྐྱེ་བ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །གཉིས་ཀྱི་རྣམ་པ་མེད་པ་ཉིད་པས་ན་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པ་སྣང་བ་བཞིན་དུ་སྐྱེ་བ་མེད་དོ། །ཐོག་མ་མེད་ པའི་སེམས་ཀྱི་རྒྱུད་གང་ལ་ཡང་སྐྱེ་བ་དང་གནས་པ་དང་། འགོག་པ་ལ་སོགས་པ་ཀུན་རྟོག་པ་དེ་ལ་ཡང་ཐ་དད་པའི་བྱེད་པ་དང་བྱེད་པ་པོར་འབྲེལ་པར་མི་རུང་བར་ཐམས་ཅད་མཁྱེན་པས་རིགས་པ་བཞིན་གྱིས་བསྒྲུབ་པར་མཛད་པ། ཡོད་པ་དང་མེད་པ་ལས་མི་སྐྱེ་ ཞེས་ཏེ། ཡོད་པ་ནི་དངོས་སུ་ཡོད་པས་གྲངས་ཅན་ལ་སོགས་པས་ཀུན་བརྟགས་པའི་སྐྱེ་བ་མི་རུང་ངོ་། །མེད་པ་ཡང་དངོས་པོ་བྱ་མི་ནུས་ཏེ། དངོས་པོ་མེད་ཅེས་པ་ནི་ཅང་མི་བྱེད་པ་ནི་བྱེད་པ་དགག་པར་གྱུར་པ་ཉིད་ཅེས་བྱ་སྟེ། རྣམ་གྲངས་མང་པོར་བཤད་དོ། །འོན་ཏེ་ཡོད་པ་དང་ མེད་པ་ལས་མི་སྐྱེ་ན་ནི་ཇི་ལྟར་ན་འདིས་བྱེད་དོ་ཞེས་བྱ། འཛིན་པ་དང་གཟུང་བའི་དངོས་པོ་ཡང་མི་རུང་ངོ་ཞེས་པ་དེ་ཐམས་ཅད་མཁྱེན་པས་བསྒྲུབ་པར་མཛད་པ་བྱེད་པ་པོ་དང་། ལས་དང་། བྱེད་པའི་ཐ་སྙད་མི་རུང་བ་ནི་དོན་ཇི་བཞིན་པའི་འཛིན་པ་དང་། གཟུང་བ་མེད་པའི་ཕྱིར་རོ། ། གཉིས་ཀྱི་རྣམ་པའི་ཤེས་པ་ལ་རྣམ་པར་རྟོག་པ་འབྱུང་ངོ་། །བློ་གྲོས་ཆེན་པོ་གཞན་དུ་ན་ཞེས་པ་ནི་འཛིན་པ་དང་གཟུང་བའི་དངོས་པོར་བྱེད་པ་དང་། བྱེད་པ་པོས་བསྐྱེད་དོ་ཞེས་རང་གི་སེམས་སྣང་བ་ལ་ཀུན་བརྟགས་ཏེ། ཕྱི་རོལ་གྱི་དངོས་པོ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་ པའོ། གང་གི་ཚེ་ན་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ། སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་བ་ན་ཕྱི་རོལ་གྱི་མི་དམིགས་པ་དེའི་ཚེ་མི་གཉིས་པའི་ཡེ་ཤེས་གནས་སོ། །འཛིན་པ་དང་གཟུང་བ་རྒྱུན་དུ་འབྱུང་བ་ཡང་བྱེད་པ་དང་། བྱེད་པ་པོ་དང་། རྗོད་པ་དང་། བརྗོད་པ་ལ་སོགས་ པ་རྣམ་པར་རྟོག་པའི་སྣང་བ་ཐམས་ཅད་དང་བྲལ་བའི་དོན་དམ་པའི་བདེན་པ་ཞེས་བྱའོ། །སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་དོ་ཞེས་བྱ་བར་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་དག་པ་འཇིག་རྟེན་པའི་རབ་ཏུ་ཆུད་པ་ལ་ཐམས་ཅད་མཁྱེན་པ་བཞུགས་པ་ན་སེམས་ཅན་ཐམས་ཅད་ ལ་རྣམ་པ་སྣ་ཚོགས་ཀྱི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རབ་ཏུ་སྣང་བར་མཛད་པའི་དོན་དུ་ལས་དང་འབྲས་བུར་སོ་སོར་ངེས་པར་འབྲེལ་པའི་ཆོས་སྟོན་པ་འབྱུང་ངོ་། །སྣང་བ་བཞིན་དུ་རྗེས་སུ་མཐུན་པར་ཁོང་དུ་ཆུད་པར་མཛད་པའི་ཕྱིར་ཕྱོགས་དང་། རྒྱུ་དང་། དཔེ་དང་། ཁྱབ་ པའི་ཚུལ་དང་། ཆོས་མཐུན་པ་དང་། མི་མཐུན་པར་མཐུན་པར་གསུངས་སོ། །གང་སྐྱེས་པར་རིག་པ་དེ་ནི་མི་རྟག་པ་སྟེ། ཐལ་མོའི་སྒྲ་དང་། རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། ཆུ་ཟླ་ལ་སོགས་པ་བཞིན་དུ་ཐོག་མ་དང་། ཐ་མའི་མཐར་སྟོང་པའོ། །སྐྱེས་པ་ནི་ རིག་པར་འགྱུར་རོ་ཞེས་བྱ་བའི་ཚད་མས་ཆུད་པ་རྣམས་ནི་ཐམས་ཅད་མཁྱེན་པའོ། །ཡོད་པ་དང་མེད་པའི་རྣམ་པར་རྟོག་པས་བསླད་དེ། གཉིད་ཀྱིས་མ་ལོག་པའི་དུས་ན་ནི་གཟུགས་ཡོད་ལ་རྨི་ལམ་གྱི་དུས་ན་མེད་དོ་ཞེས་གང་དག་གྲངས་ཅན་དང་། ནེ་ཡི་ཡ་ཡི་ཀ་དང་། ཁྱད་ པར་ཅན་དང་། ཀྵ་པ་ན་ཀ་དང་། དཔྱོད་པ་ཅན་དང་། འཇིག་རྟེན་རྒྱང་པན་ལ་སོགས་པ་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པ་དེ་དག་ལ་ཕྱི་རོལ་གྱི་དོན་ནི་སྣང་བ་ཙམ་དང་། མཚུངས་པས་ན་ལྷག་པར་བསྒྲུབ་པ་མེད་དོ་ཞེས་སྤྱིས་ཁྱབ་པའི་ཚུལ་དུ་གསུངས་སོ། །གང་གིས་གཟུགས་ ནི་དེ་ལྟར་ཅུང་ཟད་ཅིག་ནི་ཡོད། ཅུང་ཟད་ཅིག་ནི་མེད་དོ་ཞེ་ན་ནི་མི་མཚུངས་པར་སྨྲ་བར་ཡང་འགྱུར་ན་དེ་འཕགས་པ་བློ་གྲོས་ཆེན་པོས་གླེངས་པ་ལ་ཐམས་ཅད་མཁྱེན་པས་ཡོངས་སུ་སྤོང་བ་ནི་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་ཞེས་ཏེ། ཕྱི་རོལ་གྱི་སྦོམ་པོ་དང་། ཕྲ་མོ་རྣམ་པར་བརྟགས་པ་ནི་ བླ་འོག་ཏུ་ཕྱོགས་ཀྱི་ཆར་འབྱེད་པས་རྣམ་པར་ཕྱེ་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ། །རྡུལ་ཕྲ་མོ་རྣམས་ཀྱང་ཡན་ལག་མེད་པས་ན་བླ་འོག་ཏུ་ཆགས་ཤིང་ཚོགས་སུ་འདུ་བར་མི་རུང་བ་ནི་སེམས་དང་སེམས་ལས་བྱུང་བ་བཞིན་ ནོ། །དེས་ན་བདག་དང་གཞན་གྱི་རྒྱུད་དབང་དང་མཉམ་པར་མི་འཇོག་པའི་མ་རིག་པས་རྣམ་པ་སྣ་ཚོགས་སུ་བསླད་པས་རྣམ་པར་ཤེས་པ་སྣ་ཚོགས་གྱི་རྣམ་པ་སྣང་ངོ་། །གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་ནས་ཤེས་པར་བྱ་བ་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་ སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པས་གནས་སོ། །གཞན་གྱི་དོན་དུ་ཐུགས་རྗེས་སྣང་བ་དང་བཅས་པ་དག་གིས་འཇིག་རྟེན་གྱི་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་པ་ན་ཕྱི་རོལ་གྱི་དོན་མེད་པར་ཡང་ཆོས་འཆད་པ་འབྱུང་ ངོ་། །བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་རྣམས་སུ་ཉོན་མོངས་པ་དང་ཉོན་མོངས་པ་མེད་པའི་ཆོས་ཐམས་ཅད་བསྡུ་བ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་ བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའོ། །སྡུག་བསྔལ་དང་། ཀུན་འབྱུང་ཀུན་ནས་ཉོན་མོངས་པ་རྣམས་ནི་བརྟགས་པ་དང་། གཞན་གྱི་དབང་གཉིས་སུ་བསྡུའོ། །ཉོན་མོངས་པ་མེད་པ་རྣམས་དང་། འགོག་པ་དང་ལམ་གྱི་བདེན་པ་ཡོངས་སུ་གྲུབ་ པར་བསྡུའོ། །ཁམས་གསུམ་འདི་ནི་སེམས་ཙམ་མོ་ཞེས་སོ། །ས་བཅུ་པ་དང་། ལང་ཀར་གཤེགས་པ་ལས་གསུངས་པ་ནི། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། ། ཡང་ལང་ཀར་གཤེགས་པར་གསུངས་པ། བརྟགས་པ་དང་། རྣམ་པར་བརྟགས་པ་དང་། ཆོས་ཉིད་ཀྱི་གཟུགས་ཞེས་ཏེ། བརྟགས་པ་དངོས་པོ་ཙམ་པ་དང་། །ཁྱད་པར་དུ་ནི་རྣམ་པར་བརྟགས། །རང་གི་མཚན་ཉིད་གང་ཡིན་པ། །ཆོས་ཉིད་གཟུགས་ནི་དེ་ཡིན་ནོ། །ཞེས་པའོ། ། དེ་ལ་བརྟགས་པ་ནི་གཞན་གྱི་དབང་ཉིད་དུ་བརྟགས་པའོ། །དེ་ཉིད་ལ་རྟག་པ་དང་མི་རྟག་པ་ལ་སོགས་པའི་ཆོས་སུ་རྣམ་པར་རྟོག་གི། རྟག་པ་ལ་སོགས་པ་བརྟགས་པའི་ཡུལ་ནི་མེད་དོ། །གཉིས་ཀྱི་རྣམ་པའི་འཁྲུལ་པ་དང་བྲལ་བ་ནི་གྲུབ་པ་སྟེ། ཆོས་ཉིད་ཀྱི་གཟུགས་ ཞེས་བྱའོ། །འཕགས་པ་བཙུན་གཙོ་བྱམས་པའི་དགོངས་པ་བྱེད་པ་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པའི་བཤད་པ་ནི། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །དེ་ན་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། ། ཞེས་པ་སྟེ། ཁམས་གསུམ་གྱི་ཆོས་ཀུན་ནས་ཉོན་མོངས་པ་དང་། ཉོན་མོངས་པ་མེད་པ་ཐམས་ཅད་ཀྱང་སེམས་དང་སེམས་ལས་བྱུང་བའི་ཚོགས་སུ་བསྡུའོ། །ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སེམས་ ལས་བྱུང་བ་རྣམས་ཡོངས་སུ་ཟད་པར་འགྱུར་རོ། །ཀུན་དུ་འགྲོ་བ། ཚོར་བ་སེམས་པ་འདུ་ཤེས་དང་། །འདོད་པ་རེག་པ་བློ་དྲན་དང་། །ཡིད་ལ་བྱེད་པ་མོས་པ་དང་། །ཏིང་ངེ་འཛིན་སེམས་ཀུན་ལ་སྟེ། །སེམས་ལས་བྱུང་བ་དག་པ་རྣམས་ནི་ཐམས་ཅད་མཁྱེན་པའི་དག་པ་འཇིག་རྟེན་གྱི་ སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལས་འབྱུང་ངོ་། །བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་དེར་རིག་པ་དང་། རིག་པ་པོའི་དངོས་པོར་སེམས་བདག་ཉིད་ལ་ཡང་མི་རྒྱུ་ན་བག་ཆགས་ཀྱིས་དུས་ཀྱི་ཀུན་དུ་འགྲོ་བའི་སེམས་ལས་ བྱུང་བ་རྣམས་སྣང་བར་འགྱུར་བ་ལྟ་ཅི་སྨོས། འོན་ཀྱང་ཐུགས་རྗེའི་བག་ཆགས་ཀྱིས་བསྐུལ་ཏེ། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་སེམས་ལས་བྱུང་བ་དག་པ་རྣམས་སོ་སོར་སྣང་ངོ་། །རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་ པའི་གཉེན་པོར་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་རྣམ་པར་སྤྱིར་སྒྲ་དང་དོན་དུ་སྒྲོ་བཏགས་སྟེ། གཉིས་ཀྱི་རྣམ་པའི་ཤེས་པ་དང་། རང་གི་མཚན་ཉིད་ལ་ཡང་ཆོས་སྟོན་པ་འཇུག་སྟེ། དེ་ནི་ལན་དུ་མར་བཤད་པ་ཡིན་ནོ། །བརྟགས་ པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་རྣམས་སུ་ཆོས་ཐམས་ཅད་ཀྱི་མཚན་ཉིད་འབྱེད་པ་སྟེ། དེ་ལ་ཐམས་ཅད་མཁྱེན་པས་བརྟགས་པ་ལ་རྣམ་པ་བཅུར་སྔར་བཤད་པ་ནི་གཟུགས་ལ་སོགས་པ་ཡུལ་ལྔ་དང་། མིག་ལ་སོགས་པ་དབང་པོ་ལྔ་སྟེ། ཕྱི་ རོལ་གྱི་དོན་དུ་སྒྲོ་བཏགས་ཏེ། རྡུལ་ཕྲ་མོའི་བརྩམས་པའི་རྫས་དང་། ཡོན་ཏན་ལ་སོགས་པར་རྟོག་པས་བརྟགས་པ་ཁོ་ནར་བརྟག་གོ། །གཞན་གྱི་དབང་ནི། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་དུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། ། རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཞེས་པར་གསལ་ལོ། །ཀུན་གཞི་རྣམ་པར་ཤེས་པ་ནི། །གཞན་གྱི་དབང་དུ་རྒྱུ་དང་རྐྱེན་ལས་སྐྱེས་པ་སྟེ། བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་དམ་པ་དང་དམ་པ་མ་ཡིན་པའི་ཆོས་བཤད་པ་ལ་སོགས་པ་སྣ་ཚོགས་ཀྱི་རྒྱུས་ བཏབ་པའི་འདུ་བྱེད་སྣ་ཚོགས་ཉིད་འབྱུང་ངོ་། །གཞན་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པའི་སྒྲས་བརྗོད་པར་བྱ་བ་ནི་ཀུན་གཞི་འདི་ལས་ཡང་དག་པ་མ་ཡིན་པ་ཕྱི་རོལ་གྱི་གཞན་པར་ཡོངས་སུ་རྟོག་པའོ། །སེམས་དང་སེམས་ལས་བྱུང་བའི་ཚོགས་གཉིས་ཀྱི་ རྣམ་པ་ཡང་དག་པ་མ་ཡིན་པ་སྟེ། དེར་ཡང་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བ་ལ་རྟག་པ་དང་། མི་རྟག་པ་དང་། ཕྱི་རོལ་གྱི་ལ་སོགས་པར་སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པ་འབྱུང་ངོ་། །དེ་ཉིད་དུ་མཚན་མ་དང་། མིང་དང་། རྟོག་པ་དང་། ཡང་དག་པའི་ཡེ་ ཤེས་དང་། དེ་བཞིན་ཉིད་ཅེས་བྱ་བའི་ཆོས་ལྔ་རྣམ་པར་གཞག་གོ། །དེ་ལ་གཉིས་ཀྱི་ཁྱད་པར་བསྟན་པར་བྱ་སྟེ། གཞན་གྱི་དབང་སྒྲ་དང་དོན་དུ་འབྱེད་པ་ན་མཚན་མའོ། །གཞན་གྱི་དབང་དེ་ཉིད་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བའོ། །མིང་ནི་བརྟགས་པའི་དངོས་ པོར་བསྡུ་སྟེ། ཀུན་ཏུ་བརྟགས་པ་ནི་རྟག་པ་དང་། བདག་ལ་སོགས་པ་དངོས་པོའི་ཡུལ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་གཞན་གྱི་དབང་དུ་བསྡུའོ། །ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དག་ནི་ཡོངས་སུ་གྲུབ་པར་བསྡུ་སྟེ། དེ་ལྟར་ན་ཡང་དག་པའི་ཡེ་ཤེས་ ཀྱི་ལམ་གྱིས་དེ་བཞིན་ཉིད་གཉིས་ཀྱི་རྣམ་པ་དང་བྲལ་བ་ཉིད་ཡང་དག་པའི་མཐའ་རྟོགས་པར་བྱེད་དེ། དེ་ནི་ལན་དུ་མར་བཤད་པ་དང་སྦྱར་བར་བྱའོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་ཡང་དག་པ་མ་ཡིན་པ་ཞེས་ ཡོངས་སུ་རྟོག་པ་མདོའི་དོན་དུ་དཔྱད་པ་བཞི་པའོ།། །།རྒྱུ་རྣམས་དང་རྐྱེན་རྣམས་ཀྱིས། །གང་རྣམས་འཇིག་རྟེན་འབྱུང་ཞེས་པ། །མཐའ་བཞི་དང་ནི་ལྡན་པ་སྟེ། །དེ་དག་ང་ཡི་ཚུལ་ནི་ཤེས། །ཞེས་པ་ནི་གཉིས་མེད་པའི་ཤེས་པ་ལ། རྒྱུ་དང་འབྲས་བུའི་དངོས་ པོར་གཟུང་གི །གཉིས་མེད་པ་ལ་ནི་མ་ཡིན་ནོ། །གང་གཉིས་ཀྱི་གཟུགས་ཡིན་པ་དེ་ནི་རྨི་ལམ་དང་། སྐད་ཅིག་པ་སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་དོ་ཞེས་རྒྱུ་དང་འབྲས་བུར་འབྲེལ་བ་ཡང་འཛིན་གྱི། བྱེད་པ་དང་། བྱེད་པ་པོ་དང་འབྲེལ་པ་ནི་མེད་དོ། །སྐད་ཅིག་གི་ དུས་མ་གཏོགས་པར་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པ་མི་སྲིད་པའི་ཕྱིར་ཏེ། ཇི་ལྟར་དགེ་འདུན་ཆེན་པོ་པ་རྣམས་ཀློག་པ། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། ། ཅེས་ཏེ། དེ་དེ་ལྟ་བུར་ལྷག་པའི་སྐྱེ་བ་དང་། འགོག་པ་ལ་སོགས་པའི་ཆོས་མེད་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་ལ་སོགས་པའི་མཚན་ཉིད་ཅན་ཏེ། ཇི་ལྟར་དབུ་མ་ལས་འབྱུང་བ། །འགོག་མེད་སྐྱེ་བ་མེད་པ་དང་། །རྟག་མེད་ཆད་པ་ མེད་པ་དང་། །གཅིག་དོན་དུ་མའི་དོན་མིན་དང་། །འོང་བ་མེད་པ་འགྲོ་བ་མེད། །ཅེས་བྱ་བ་ལ་སོགས་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྔར་བཤད་པའོ། །གལ་ཏེ་སྐྱེ་བ་འདུས་བྱས་ན། །མཚན་ཉིད་གསུམ་ལྡན་དེར་རིག་སྟེ། །འོན་ཏེ་སྐྱེ་བ་འདུས་མ་བྱས། །འདུས་བྱས་ མཚན་ཉིད་ཇི་ལྟར་རུང་། །དེ་དེ་ལྟར་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་འགྱུར་བས་སྨྲ་བ་བདུན་དུ་ཕྱེ་བ་ལས་མ་གཏོགས་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རིག་པར་བྱའོ། །གྲངས་ཅན་རྣམས་ནི་ཡོད་པར་སྨྲ་བ་སྟེ། ཡོད་པ་སྐྱེའོ་ཞེས་པ་ནི་ དངོས་པོར་ཡོད་པས་ན་སྐྱེ་བར་མི་རིགས་སོ། །མེད་པ་སྐྱེའོ་ཞེས་པ་ན། ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་