Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 121

Văn bản gốc(Tây Tạng)

Trang 7 / 17 (50.000 ký tự/trang)
་མི་འཇིག་པ་མ་ཡིན་པའི་ཕྱིར་རོ། །ཕྱི་རོལ་གྱི་ནི་ཅུང་ཟད་ཀྱང་ཕུང་པོར་གནས་པ་མེད་དོ། །གང་གི་ཕྱིར་ཞེ་ན། ཡན་ལག་དང་བཅས་པ་རྣམ་པར་དབྱེ་བ་ན། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་བ་ནི་
དམ་པའི་ཆོས་ཀྱི་འགྲེལ་པ་ལང་ཀ་འདི་ཉིད་དུ་གསུངས་པའི་བཤད་པ་འདི་དང་སྦྱར་བར་བྱ་སྟེ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཅི་ཞིག་སྣང་ཞེས་པ་ལ། ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་པའོ། །རྣམ་
པར་མི་འཇིག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་མི་འཇིག་པའི་རྟག་པ་གང་ཡང་མེད་དེ། དེ་མ་སྐྱེས་པ་ནི་མོ་གཤམ་གྱི་བུ་དང་། རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །ཐམས་ཅད་མཁྱེན་པས་དམ་པའི་ཆོས་ཀྱི་འགྲེལ་པ་འདི་ཉིད་དུ་གསུངས་པ། རྒྱུ་མེད་པར་འབྱུང་
བ་སུ་ཡང་མེད་དོ་ཞེས་ཏེ་ཆོས་ལ་བདག་མེད་པར་བསྒྲུབ་པར་གསུངས་པ། བློ་གྲོས་ཆེན་པོ་དེ་ལ་ཆོས་ལ་བདག་མེད་པར་ཤེས་པ་གང་ཞེ་ན། འདི་ལྟ་སྟེ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ཀྱི་རང་བཞིན་རྟོགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ་
ཀུན་བརྟགས་པ་ནི་ཇི་ལྟར་ཕྱི་རོལ་གྱི་རྡུལ་ཕྲ་མོ་ལས་བརྩམས་ཏེ། ཡན་ལག་ཅན་གྱི་རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་ཁྱད་པར་ལ་སོགས་པ་དེ་ལྟར་མེད་དེ། ཇི་ལྟར་ཐམས་ཅད་མཁྱེན་པས་གསུངས་པ། ཇི་བཞིན་དུ་བྱིས་པ་རྣམས་ཀྱི་དངོས་པོར་རྣམ་པར་བརྟགས་
པ་དེ་བཞིན་དུ་མེད་དོ་ཞེས་ཏེ། ཕྱོགས་ཀྱི་ཆ་ཐ་དད་པས་དབྱེ་བ་ན་རྡུལ་ཕྲ་མོ་ཉིད་ཀྱང་མེད་ན་དེ་ལས་བརྩམས་པའི་ཡན་ལག་གི་རྫས་སྦོམ་པོ་ལྟ་ག་ལ་ཡོད། ཚོན་གྱིས་བཙོས་པ་དང་། མ་བཙོས་པ་དང་། བསྒུལ་བ་དང་། མ་སྒུལ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་ལ་སོགས་
པ་ནི་ཐ་དད་པར་དབྱེ་བ་ན། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གཅིག་པར་མི་རིགས་ན་ཡོན་ཏན་དང་ལས་ལ་སོགས་པ་ཡང་དེ་ལ་གནས་པ་ལྟ་ག་ལ་འགྱུར། ཕུང་པོ་དག་རང་དང་སྤྱིའི་མཚན་ཉིད་དང་ཡང་བྲལ་བ་ཞེས་བྱ་བ་ནི་ཕུང་པོ་རྣམས་ལས་འབྱུང་

བ་བཞི་ལས་འབྱུང་བར་ཀུན་ཏུ་རྟོག་གོ། །སྤྱིའི་འབྱུང་བ་རྣམས་ཀྱི་རེག་པར་བྱ་བའི་མཚན་ཉིད་དོ། །ཁྱད་པར་གྱི་མཚན་ཉིད་སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། གཡོ་བའི་རང་བཞིན་ནོ། །དེ་དག་གི་རང་དང་སྤྱིའི་མཚན་ཉིད་ནི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་ལ་ཡང་སོ་སོར་
སྣང་སྟེ། དེའི་ཕྱིར་ཕུང་པོ་རྣམས་ནི་རང་དང་སྤྱིའི་མཚན་ཉིད་དང་བྲལ་བའོ། །རྟག་པ་དང་བདག་དང་། བདག་གིར་ཀུན་ཏུ་བརྟགས་པའི་མཚན་ཉིད་དང་བྲལ་བས་གཟུགས་བདག་མེད་པ་དང་། གཟུགས་ཅན་བདག་དང་། བདག་གི་གཟུགས་དང་། བདག་ལ་གཟུགས་ཞེས་པར་
ཀུན་ཏུ་མཐོང་བ་དེ་ཚོར་བ་ལ་སོགས་པའི་ཕུང་པོ་ཡང་རྩེ་མོ་ཉི་ཤུར་འཕགས་པ་འཇིག་ཚོགས་ལ་ལྟ་བའི་རི་ཡེ་ཤེས་རྡོ་རྗེས་བཅོམ་སྟེ། གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པར་འགྱུར་རོ། །བཙུན་གཙོའི་བྱང་ཆུབ་སེམས་དཔའ་ནི་བྱེད་པ་དང་། བྱེད་པ་པོ་དང་། ལས་དང་བྲལ་ཞིང་
གཡོ་བ་མེད་པའི་ཕུང་པོ་རྣམས་ལ། མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྒྱུ་དང་། ཉེ་བར་འབྲེལ་བ་རྣམས་སྣང་བའི་མཚན་ཉིད་དུ་ཤེས་སོ། །བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ལ་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ལྔ་དང་། རང་བཞིན་
དང་བྲལ་བར་རྣམ་པར་བསྒོམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ལ་བདག་མེད་པ་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་མཐུན་པ་བཞིན་དུ་བཤད་པར་བྱ་སྟེ། ཇི་ལྟར་འདིར་གསུངས་པ། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་
ཉིད་ནི་ཡིད་ཡིན་ནོ། །གང་གིས་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཀུན་གཞི་རྣམ་པར་ཤེས་པ་ཉིད་རྨི་ལམ་གྱི་དུས་སུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གི་རང་བཞིན་དུ་སྣང་ངོ་། །དྲུག་པ་རྣམས་འདས་དེ་མ་ཐག །རྣམ་ཤེས་དེ་གང་ཡིད་ཅེས་བྱ། །
ཉོན་མོངས་པའི་ཡིད་ཀྱང་གང་གི་ཚེ་ན། ང་རྒྱལ་དང་ལྡན་པར་སྐྱེ་བ་དེའི་ཚེ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་གཅིག་པུ་ཉིད་དུ་ཡིན་ཞེས་པར་བྱེད་དོ། །ཆོས་ལྔ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཉིད་དེ། མིང་དང་མཚན་མ་ལ་སོགས་པར་

བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ཆོས་ཀྱི་ཁྱད་པར་དུ་དབྱེ་བ་ནི། ཐོག་མ་མེད་པའི་འཁོར་བར་བདག་དང་གཞན་གྱི་དབང་གི་མཐུ་ལས་བྱུང་བ་དྲི་མ་དང་བཅས་པ་དང་། དྲི་མ་མེད་པ་ཡིན་ཏེ། གང་གི་ཚེ་ན་ཤེས་པར་བྱ་བ་སྦོམ་པོ་
དང་། ཕྲ་མོ་རྣམ་པར་གཞིགས་ཏེ་མི་དམིགས་པ་དེའི་ཚེ་བསམ་པས་མེད་ཅེས་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་གནས་པར་འགྱུར་རོ། །དེ་དེ་ལྟར་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རིག་པ་ཉིད་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་
ནས་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པས་བྱང་ཆུབ་སེམས་དཔའི་ས་དང་པོ་འཐོབ་པོ། །སྣང་བ་མེད་པའི་རབ་ཏུ་དབྱེ་བ་འཐོབ་པས། སའི་མཚན་ཉིད་རབ་ཏུ་དབྱེ་བ་ཁོང་དུ་ཆུད་པའི་ཕྱིར་རབ་ཏུ་དགའ་བའི་འོག་ཏུ་རིམ་གྱིས་ས་དགུ་ལ་ཡང་མཁས་པར་བྱས་ནས་ཆོས་ཀྱི་སྤྲིན་རབ་ཏུ་འཐོབ་
པོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱིས་དཔྱད་ནས་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ནས་སྣང་བ་མེད་པ་རབ་ཏུ་རྟོགས་པའི་ས་དང་པོ་གང་གི་ཚེ་ན་ཐོབ་པ་དེའི་ཚེ་དེ་ལས་གོང་མའི་སའི་སྣང་བའི་ཡོན་ཏན་གྱི་དོན་རྒྱ་ཆེར་ཏེ། ཇི་ལྟར་འདི་ས་བཅུ་ལས་འབྱུང་བ་དེ་བདག་ཉིད་
ཀྱང་མི་དམིགས་ན་བདག་གིས་ལྟ་ཅི་སྨོས་ཏེ། བདག་དང་བདག་གིར་ཆགས་པ་དང་བྲལ་ཏེ་བདག་གི་ཐམས་ཅད་ཡོངས་སུ་གཏོང་བས་རབ་ཏུ་དགའ་བར་འགྱུར་རོ། །དེའི་འདུས་པ་ནི་ས་དང་པོར་སྤོང་བར་འགྱུར་རོ། །དྲི་མ་མེད་པ་ནི་ཚུལ་ཁྲིམས་ཡོངས་སུ་འདག་སྟེ། གཉིས་སུ་
མི་དམིགས་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཡོངས་སུ་སྤོང་སྟེ། རྒྱུན་དུ་མཉམ་པར་འཇོག་པ་གསུམ་པར་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འདག་གོ། །གཉིས་སུ་མེད་པའི་རྣལ་འབྱོར་ལ་གནས་པས་མི་གཉིས་པའི་སེམས་ཀྱི་ནན་ཏན་ནི་བརྩོན་འགྲུས་སོ། །བསམ་གཏན་གྱི་
མི་གཉིས་པའི་རྣལ་འབྱོར་གྱིས་གནས་སོ། །ཤེས་རབ་ཀྱིས་དཔྱད་པས་གཉིས་སྟོང་པར་ཡོངས་སུ་ཤེས་པའོ། །ཤེས་རབ་ཀྱིས་མཁས་པ་དང་། སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་བས་གཞན་ལ་ཕན་པར་བྱེད་དོ། །སྨོན་ལམ་གྱིས་འཕངས་ཏེ། བདག་དང་གཞན་ལ་ཕན་

པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མཉམ་པར་བསམ་པའི་བཟང་པོ་སྤྱོད་པའི་སྨོན་ལམ་རྫོགས་པར་བྱེད་པའོ། །སྟོབས་ཀྱང་དེ་ལྟར་བསམ་པ་ཡོངས་སུ་དག་པས་གཞན་གྱི་སེམས་སུ་ཤེས་པའི་ཕྱིར་ཡོངས་སུ་མཐུན་པ་བཞིན་དུ་ཆོས་ཀྱི་སྦྱིན་པ་བྱེད་པའོ། །རྣམ་པ་དེ་ལྟ་བུའི་
བདག་དང་གཞན་གྱི་ཕན་པ་འབྱུང་བའི་ཆོས་ཀྱི་སྤྲིན་དུ་དབང་བསྐུར་བས་ས་བཅུར་རྣལ་འབྱོར་གྱི་དབང་པོ་ཁོ་ནར་རོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ། བདག་དང་གཞན་གྱི་དོན་ནུས་པས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་
སངས་རྒྱས་ཀྱི་སར་གཤེགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ལང་ཀར་གསུངས་པའི་འགྲེལ་པའི་ཚུལ་དུ་ཉོན་མོངས་པ་མེད་པའི་མི་ཤེས་པ་མ་ལུས་པར་སྤངས་ནས་ས་བཅུ་གཉིས་སུ་སྒྲིབ་པ་མེད་པའི་ཐམས་ཅད་མཁྱེན་པ་ཁོ་ན་བར་འཕགས་པ་ས་བཅུ་པ་ལས་རྒྱས་པར་ཆུད་
པར་བྱའོ། །དམ་པའི་ཆོས་ཀྱི་འགྲེལ་པ་ལང་ཀར་གསུངས་པ་འདིར་ནི་བདག་དང་གཞན་གྱི་མཐར་གྲུབ་པའི་རྩོད་པ་རྣམས་རྟོག་པར་ལྟ་བ་རྣམས་ཀྱི་སེམས་ཀྱིས་སེམས་ཅན་རྣམས་ལ་གཏན་ལ་དབབ་པའི་ཕྱིར་ཐམས་ཅད་མཁྱེན་པས་ཆོས་བཤད་པར་མཛད་པས་ཀུན་གཞི་རྣམ་པར་
ཤེས་པ་མངོན་སུམ་དང་རྗེས་སུ་དཔག་པས་རབ་ཏུ་བསྒྲུབ་པ་དང་། ཆོས་དང་གང་ཟག་ལ་བདག་མེད་པ་ཚད་མས་རྟོགས་པར་འགྱུར་བའི་ཚུལ་གྱིས་ཀྱང་བསྒྲུབས་སོ། །ཐམས་ཅད་མཁྱེན་པས་བདག་དང་གཞན་གྱི་སེམས་རྣམ་པར་སྦྱོང་བའི་དོན་ས་བཅུ་རྣམས་ཀྱིས་བསྟན་པའོ། །
ཆོས་ལ་བདག་མེད་པར་མཐོང་བས་བློ་གྲོས་ཆེན་པོ་འདི་ནི་ས་བཅུ་པའི་དབང་པོ་དང་། ཆོས་ཀྱི་སྐུ་ལ་མངའ་དབང་མཛད་པའི་དེ་བཞིན་གཤེགས་པར་འགྱུར་ཏེ་ཞེས་པ་དེ་ནི་དམ་པའི་ཆོས་ལ་མངོན་པར་འགྲུབ་པ་རྣམས་ཀྱི་ཡོན་ཏན་གྱི་དོན་རྒྱ་ཆེ་བ་སྟེ། མདོ་སྡེ་ཐམས་ཅད་དུ་རིག་
པར་བྱའོ། །ཐམས་ཅད་མཁྱེན་པའི་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་ནས་བདག་དང་གཞན་ལ་ཕན་འདོགས་པར་ནུས་པའི་ཤེས་རབ་དང་། སྙིང་རྗེ་དང་ལྡན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་འབྱུང་བའི་ཕྱིར་ཆོས་ཀྱི་སྐུ་ལ་མངའ་

དབང་མཛད་པ་དེ་བཞིན་གཤེགས་པར་འགྱུར་རོ། །ཉོན་མོངས་པ་ཐམས་ཅད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་རྩ་བ་ནས་བཏོན་པས་ཐམས་ཅད་མཁྱེན་པར་འགྱུར་བ་སྟེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ནི་སྤྱོད་ཡུལ་མ་ངེས་པའི་ཡེ་ཤེས་
ཀྱི་སྒྲིབ་པ་ཡང་ཡིན་ཏེ། གང་གིས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཟིལ་གྱིས་མནན་པས་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པའི་གཟུགས་ཉེ་བར་གནས་ཀྱང་མི་མཐོང་ཞིང་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་
རྣམས་ཆུད་པར་བྱེད་དེ། དེ་བས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་པས་མིག་གི་ལིང་ཏོག་དང་བྲལ་བ་བཞིན་དུ་མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ་རྣལ་འབྱོར་གྱི་དབང་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་
ཅད་དུ་རབ་ཏུ་འཇུག་གོ། །དེ་ལྟར་ན་གཟུགས་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་རྣམས་ཀྱིས་སྐྱེ་བོ་ཐམས་ཅད་མགུ་བར་མཛད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་དེ་ལྟ་བུ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ནི་དྲི་མ་དང་བཅས་པ་དང་དྲི་མ་མེད་པའི་རིམ་པས་འཁོར་བ་དང་། མྱ་ངན་ལས་
འདས་པ་དང་ལྡན་པར་རྣམ་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་སྟོབས་ཀྱི་རང་བཞིན་གྱིས་འོད་གསལ་ཞིང་བདག་དང་གཞན་ལ་ཕན་འདོགས་ནུས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ། ལེན་པའི་རྣམ་པར་ཤེས་པ་ཟབ་
ཅིང་ཕྲ། །འབབ་ལས་ཇི་ལྟར་འབྱུང་བའི་ས་བོན་ཀུན། །བྱིས་པ་རྣམས་ལ་ང་ཡིས་དེ་མ་བཤད། །བདག་ཏུ་རྟོག་པར་མ་གྱུར་ཅིག་པར་རོ། །ཐོག་མ་མེད་པའི་དུས་ཀྱི་ཁམས། །ཐམས་ཅད་ཆོས་ཀྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདའ་བའང་
མཐོང་འགྱུར་རོ། །དེ་ལ་མུ་སྟེགས་བྱེད་པ་རྣམས་ཀྱིས་སྒྲོ་འདོགས་དང་། སྐུར་པ་ནི་བདག་རྟག་གོ་ཞེས་བསྐྱེད་པ་དང་། རྣམ་པར་ཤེས་པ་ཐམས་ཅད་རྒྱུན་ཆད་པས་རྒྱུན་དུ་འབྱུང་བའི་ཀུན་གཞི་རྣམ་པར་ཤེས་པ་ཡང་རྒྱུན་ཆད་དོ་ཞེས་སྐུར་དུ་དོགས་ནས་བློ་གྲོས་ཆེན་པོས་

ཐམས་ཅད་མཁྱེན་པ་ལ་ཡོངས་སུ་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཀྱང་དོགས་པ་ཐམས་ཅད་རྣམ་པར་བཅད་པའི་སླད་དུ་བཀའ་སྩལ་པ། སྒྲོ་འདོགས་པ་དང་སྐུར་པ་དག །སེམས་ཙམ་ལ་ནི་ཡོད་པ་མིན། །ཞེས་གསུངས་པ་སྟེ། མུ་སྟེགས་བྱེད་པ་རྣམས་
ཀྱིས་བདག་རྟག་པའོ་ཞེས་བསྐྱེད་པ་དང་སྐུར་པ་ཡང་སེམས་ཀྱི་རྒྱུད་ལ་མི་རུང་སྟེ། སེམས་ཀྱི་རྒྱུད་ལ་འཆད་པ་མེད་པས་གསེར་ལྟ་བུའི་སེམས་ཀྱི་རྒྱུད་དུས་ཐམས་ཅད་དུ་རྣམ་པར་གནས་པའི་ཕྱིར་རོ། །གང་གིས་སེམས་ཀྱི་རྣམ་པར་གནས་པ་ཉིད་མི་ཤེས་པ་དེས་རྟག་པར་སྒྲོ་
འདོགས་པ་དང་། མི་རྟག་པར་ཆད་པར་རྟོག་པའི་མཐར་རྟོག་གོ། །གང་དག་གིས་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བའི་སེམས་མི་ཤེས་ནས་བསྐྱེད་པ་དང་སྐུར་པ་སྤྱོད་པ་དེ་དག་ནི་མཁས་པ་མ་ཡིན་ནོ། །བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་ཁྱད་པར་གྱི་སྟོབས་
ལས་ཤེས་པ་དང་། གསེར་རིན་པོ་ཆེ་དྲི་མས་འབགས་པར་འགྱུར་བ་ལྟ་བུའང་དྲི་མ་མེད་པར་འགྱུར་བ་ནི་རྒྱུད་ཀྱི་རྒྱུད་དུ་གནས་པའི་ཤེས་པ་ཐལ་བ་དང་། སའི་སེའུར་བཙོས་པ་ལྟ་བུའི་ཤེས་རབ་ཀྱི་རྣལ་འབྱོར་གྱིས་མགོ་འཁོར་བ་དང་བརྒྱལ་བ་དང་བྲལ་བ་ལྟ་བུ་དང་། མིག་གི་
ལིང་ཏོག་དང་བལ་བ་ལྟ་བུར་ཉོན་མོངས་པ་དང་། ཤེས་བྱ་དང་། ལས་ཀྱི་སྒྲིབ་པ་དང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་གཉིས་དང་། མི་གཉིས་པའི་ཏིང་ངེ་འཛིན་རྣམ་པར་དག་པ་མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་
ཅིང་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་བདག་དང་གཞན་ལ་ཕན་འདོད་སྤྱོད་པའི་སངས་རྒྱས་ཀྱི་དངོས་པོ་ཐོབ་པར་འགྱུར་རོ། །བློ་གྲོས་ཆེན་པོ་མེད་པ་ལ་སྒྲོ་འདོགས་པ་ནི་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན་འདི་ལྟ་སྟེ། མེད་པའི་མཚན་ཉིད་ལ་
སྒྲོ་འདོགས་པ་དང་ཞེས་བྱ་བ་ནི་རྟག་པ་དང་། བདག་ལ་སོགས་པར་སྒྲོ་འདོགས་པའོ། །མེད་པའི་ལྟ་བར་སྒྲོ་འདོགས་པ་ནི་བདེ་བ་དང་གཙང་བ་ལ་སོགས་པར་སྒྲོ་འདོགས་པའོ། །རྒྱུ་མ་ཡིན་པར་སྒྲོ་འདོགས་པ་ནི་ཚངས་པ་དང་། དབང་པོ་དང་། གཙོ་བོ་དང་། བྱུང་

བ་དང་། དུས་དང་། ངེས་པའི་ཚུལ་དང་། ལྷ་ལ་སོགས་པའི་རྒྱུ་ཡིན་པར་སྒྲོ་འདོགས་པའོ། །མེད་པའི་དངོས་པོར་སྒྲོ་འདོགས་པ་ནི་རྡུལ་ཕྲ་མོ་ལས་བརྩམས་པའི་ཡན་ལག་ཅན་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་དང་། འབྲེལ་
པ་དང་ཚིག་གི་དོན་དྲུག་ཏུ་འབྲུམ་བུ་ཟ་བ་པ་རྣམས་རྟོག་གོ། །ཚད་མ་དང་། གཞལ་བ་མ་གཏོགས་པ་དོགས་པ་དང་། དགོས་པ་དང་། གྲུབ་པའི་མཐའ་དང་། དཔེ་དང་། ཡན་ལག་དང་། རྟོག་པ་དང་། ངེས་པ་དང་། རྩོད་པ་དང་། ཟུག་ཟུག་ཏུ་སྨྲ་བ་དང་།
མཐོ་བཙམས་པ་དང་། རྒྱུར་སྣང་བ་དང་། ཀླན་ཀ་དང་། རིགས་དང་ཚར་གཅོད་པའི་གནས་རྣམས་རྐང་མིག་གི་སློབ་མ་རྣམས་ཀྱིས་མེད་པ་ལ་སྒྲོ་འདོགས་པའོ། །གྲངས་ཅན་རྣམས་ཀྱིས་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ནི་མེད་པ་ལ་སྒྲོ་འདོགས་པའོ། །སྐྱེས་བུའི་རང་བཞིན་
ནི་ཚོར་བ་ཅན་ཏེ། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པའི་ཡུལ་དུ་ལོངས་སྤྱོད་པས་ན་རྣམ་པ་སྣ་ཚོགས་ཀྱི་རྒྱུན་གྱིས་གཟུགས་ལ་རྟག་པ་མི་རིགས་སོ། །སེམས་ཅན་དང་། རྡུལ་དང་། མུན་པ་རྣམས་མཉམ་པའི་དུས་ན་གཙོ་བོ་སྟེ། དེ་ཡང་རྟག་ཅིང་མ་སྐྱེས་སོ་ཞེས་
པ་རིམ་པའི་ཁྱད་པར་དུ་དབྱེ་བས་ན་ཤིང་དང་ཐལ་བ་ལ་སོགས་པ་བཞིན་དུ་གཙོ་བོ་རིག་པ་མེད་པས་བློ་དང་། ཡིད་དང་། ང་རྒྱལ་ཆུད་པའི་རང་བཞིན་རྣམས་མི་རུང་ངོ་། །སྤྱིའི་དོན་མེད་པར་ཡང་སྒྲ་ལ་སོགས་པ་ཡུལ་དེ་ཙམ་ལྔ་དང་། བློའི་དབང་པོ་ལྔ་དང་།
ལས་ཀྱི་དབང་པོ་རྣམས་ཀྱང་མི་རུང་བ་ནི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་ཆུད་པའི་རང་བཞིན་གྱི་སྣང་བ་ཉིད་དོ། །དེ་བཞིན་དུ་རྫས་དང་། ཡོན་ཏན་ལ་སོགས་པ་དེ་ལྟ་བུར་དེ་དག་གི་ཁྱད་པར་ཡོངས་སུ་ཤེས་པས་ཀྱང་ཐར་པར་མི་རུང་སྟེ། རྩྭ་སྟན་དང་རྩིག་པ་
ལ་སོགས་པའི་ཁྱད་པར་ཡོངས་སུ་ཤེས་པ་བཞིན་ནོ། །ཀྵ་པ་ན་ཀ་མེད་པར་སྒྲོ་བཏགས་པ་ཡང་ཐར་པའི་རྒྱུ་མ་ཡིན་ཏེ། སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་དང་། ཁྱད་པར་གྱི་བདག་ཉིད་དུ་མེད་པར་འགྱུར་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པ་དང་

མེད་པར་འགྱུར་བ་དང་། སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་ཡང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པར་སྨྲ་བར་མི་བྱའོ། །ཁྱད་པར་གྱི་བདག་ཉིད་དུ་མེད་པར་འགྱུར་བ་ཡང་སྤྱིའི་བདག་ཉིད་དུ་སྨྲ་བར་མི་བྱའོ། །སྤྱིའི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་
པར་འགྱུར་བ་ཡང་ཅིག་ཅར་སྨྲ་བར་མི་བྱ་སྟེ། ཡུལ་དང་། དུས་དང་། རིམ་པ་དང་། རྣམ་པ་ལ་ལྟོས་ཏེ་ཐམས་ཅད་སྨྲ་བར་མི་བྱའོ་ཞེས་པ་དེ་ཁོ་ན་ཉིད་ཀྱི་ཚིག་གི་དོན་དུ་ཉེས་པ་མེད་དེ། སོམ་ཉི་དང་བཅས་པས་ནི་ཐར་པར་མི་རུང་ངོ་། །རྟག་པ་དང་བདག་ལ་
ཆགས་པས་བསླད་པའི་ཕྱིར། སྡུག་བསྔལ་གྱི་གནས་སུ་ལྷུང་བ་ནི་མར་མེར་ཕྱེ་མ་ལེབ་ལྷུང་བ་ནི་འཁོར་བར་ཡང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། མྱ་ངན་དང་འཆི་བའི་སྡུག་བསྔལ་གྱིས་དཀྲུགས་པར་བདག་ཏུ་ཆགས་པའི་ལོག་པའི་ཤེས་པས་ལྷུང་ངོ་། །སྲེད་པ་
དང་བཅས་པ་ཉིད་ཀྱི་ཕྱིན་ཅི་ལོག་གིས་སྐྱེ་བ་ཡིན་ཏེ། འདོད་ཆགས་དང་བྲལ་བ་ལ་སྐྱེས་པ་མཐོང་བའི་ཕྱིར་རོ། །སྐྱེས་མ་ཐག་པ་ལ་ཡུལ་ཁ་ཅིག་ཏུ་དགའ་བ་དང་། འཇིགས་པ་དང་མྱ་ངན་རྟོགས་པས་སྔོན་གྱི་གོམས་པ་རྗེས་སུ་དཔག་པར་བྱ་སྟེ། སྤོང་བ་དང་།
ལེན་པ་དང་། བཏང་སྙོམས་ཀྱི་བློ་རྣམས་ལ་བདེ་བ་དང་། སྡུག་བསྔལ་བར་བསྒྲུབ་པ་གདོན་མི་ཟ་བ་སྔར་བྱས་པའི་ཕྱིར་རོ། །རྟག་པ་དང་མི་རྟག་པར་མི་གཉིས་པར་སྨྲ་བ་རྣམས་ཀྱིས་མེད་པ་དངོས་པོར་སྒྲོ་འདོགས་པ་ཡང་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་
དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །དེ་དེ་བཞིན་དུ་ཁྲུས་དང་། སྦྱིན་སྲེག་དང་། གད་པ་དང་། གཡང་ས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། རྩ་བ་དང་། འབྲས་བུ་དང་། ལོ་མ་དང་། ལོ་མ་མ་ཡིན་པ་དང་། རིན་པོ་ཆེ་དང་།
གསེར་འཕྱང་བ་དང་། གར་དང་། གླུ་དང་། སིལ་ཁྲོལ་དང་། རལ་པ་དང་། སྤྱི་ཕུད་ཀྱིས་བརྒྱན་པ་དང་། ཐལ་བས་སྐུད་པ་དང་། འཛིན་པ་དང་། དེ་བཀྲུ་བ་དང་། དབུགས་ཐུབ་པ་ལ་སོགས་པ་ཆ་བྱད་སྣ་ཚོགས་དང་། བ་གླང་གི་བརྟུལ་ཞུགས་དང་། རྨ་བྱའི་

བརྟུལ་ཞུགས་ལ་སོགས་པ་བདག་ཏུ་ཆགས་པ་ཡོངས་སུ་མ་ཟད་པར་ཐར་པར་མི་རུང་སྟེ། དེ་དེ་ལྟར་ཐར་པར་སྨྲ་བ་རྣམས་ཀྱིས་མེད་པའི་དངོས་པོར་སྒྲོ་འདོགས་པའོ། །འཇིག་རྟེན་རྒྱང་འཕེན་པ་དང་། ཀུན་དུ་ལྟ་བ་དང་། སྤྱོད་པ་ཅན་རྣམས་ཕྱིའི་དོན་མེད་པར་ཕྱིའི་
དོན་དུ་སྒྲོ་འདོགས་པ་ནི་མེད་པ་དངོས་པོར་སྒྲོ་འདོགས་པ་སྟེ། རྟོག་པའི་རྒྱུན་དུ་སྒྲ་ཚངས་པ་དཔྱད་པ་ལ་སོགས་པར་བདག་དང་གཞན་གྱི་གྲུབ་པའི་མཐའ་ཞིབ་ཏུ་དཔྱད་ཀྱིས། དེ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ། །ཁྱད་པར་དུ་དགོངས་པའི་དོན་ནི་ཐམས་ཅད་མཁྱེན་པ་ཉིད་ཚད་མ་
ཡིན་ཏེ། བདག་གིས་ནི་རྟོག་པ་དང་སྒྲའི་རྗེས་སུ་འབྲང་སྟེ་བཤད་པར་སྦྱར་རོ། །བློ་གྲོས་ཆེན་པོ་འདི་ནི་སྒྲོ་འདོགས་པ་རྣམ་པ་བཞི་སྟེ། སྒྲོ་འདོགས་པའི་ལྟ་བ་ངན་པ་འདི་ཉིད་མི་དམིགས་པར་རབ་ཏུ་འབྱེད་པ་ན་མེད་པའི་ཕྱིར་སྐུར་པར་འགྱུར་ཏེ་ཞེས་བྱ་བའི་སྐུར་པའི་བཤད་པ་
ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཛད་པ་ནི་འདི་ལྟ་སྟེ་སྒྲོ་འདོགས་པའི་ལྟ་བ་ངན་པ་ལ་སོགས་པ་ཞེས་བྱ་བ་སྟེ། མི་དམིགས་ཏེ་རབ་ཏུ་འབྱེད་པ་ན་མེད་པའི་ཕྱིར་སྐུར་པར་འགྱུར་ཏེ། དེ་ཞེས་བྱ་བ་ལ་དམིགས་པ་ནི་ཤེས་རབ་ཀྱིས་དཔྱད་པ་ནའོ། །འདི་ཡོད་པ་དང་འདི་མེད་པའོ་ཞེས་གཉིས་
ཡོད་ན་སྒྲོ་འདོགས་པ་དང་། སྐུར་པར་རྣམ་པར་རྟོག་པར་འགྱུར་རོ། །ལྟ་བ་ཐམས་ཅད་ལས་བྲལ་བར་བྱེད་པ་ནི་སྟོང་པ་ཉིད་དོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ལ་སོགས་པ་སྟེ། ཕུང་པོར་མི་གནས་པ་དང་། རྣམ་པར་མི་འཇིག་
པ་མ་ཡིན་པའི་ཕྱིར་ཏེ། སྟོང་པ་ཉིད་ཀྱི་ལྟ་བ་ཐམས་ཅད་སྤོང་བར་འགྱུར་བའི་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་སོ། །མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་བཤད་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་
མངོན་པར་ཞེན་པའོ་ཞེས་ཏེ། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས་ནི་གཟུང་བ་དང་། འཛིན་པ་གཉིས་ཀྱི་རྣམ་པ་སྟེ། རྨི་ལམ་ལ་སོགས་པ་བཞིན་དུ་སྐྱེ་མཆེད་དང་། ཁམས་ཀྱི་བྱེ་བྲག་ཏུ་ཆུད་པའི་རང་བཞིན་གྱི་

སྣང་བ་ཉིད་སོ་སོར་སྣང་ངོ་། །དེ་ལ་སྤྱིའི་མཚན་ཉིད་ནི་གཟུགས་སུ་འགྱུར་བའི་མཚན་ཉིད་པས་ན་གཟུགས་སོ། །ཁྱད་པར་གྱི་མཚན་ཉིད་ནི་རྟེན་པ་ལ་སོགས་པའི་ལུས་སུ་གྲུབ་པ་དང་། སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། གཡོ་བའོ། །ཚོར་བ་མྱོང་བའི་མཚན་ཉིད་
ནི་སྤྱིའི་མཚན་ཉིད་དོ། །བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་ནི་ཁྱད་པར་གྱི་མཚན་ཉིད་དོ། །འདུ་ཤེས་མཚན་མར་འཛིན་པའི་བདག་ཉིད་ནི་སྤྱིའི་མཚན་ཉིད་དོ། །ཕྲ་བ་དང་། རྒྱ་ཆེ་བ་དང་། ཆུང་བ་དང་། ཆེན་པོར་སོང་བ་དང་། བུད་མེད་དང་། སྐྱེས་པ་ལ་སོགས་
པའི་མཚན་མར་འདུ་ཤེས་པ་ནི་ཁྱད་པར་གྱི་མཚན་ཉིད་དོ། །རྣམ་པར་རིག་པ་ནི་སོ་སོར་རྣམ་པར་ཆུད་པ་སྟེ། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་པ་འདུ་བྱེད་ཀྱི་ཕུང་པོའི་སྒྲར་བརྗོད་པ་སྟེ། དེ་དག་གི་ཁྱད་པར་ནི་ཚོར་བ་དང་།
སེམས་པ་དང་། འདུ་ཤེས་དང་། འདོད་པ་དང་། རེག་པ་དང་། བློ་གྲོས་དང་། དྲན་པ་དང་། མོས་པ་དང་། ཏིང་ངེ་འཛིན་ནི་སེམས་ཐམས་ཅད་ལ་སྟེ། ཞིབ་ཏུ་ནི་ཆོས་མངོན་པ་ལས་རིག་པར་བྱ་སྟེ། ཤེས་པ་རྣམས་འདུས་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །མིག་ལ་
སོགས་པའི་རྣམ་པར་ཤེས་པ་ཐམས་ཅད་དང་། གཟུགས་ལ་སོགས་པའི་ཡུལ་ཡང་རྨི་ལམ་གྱི་དུས་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་གཅིག་པོ་མ་གཏོགས་པར་གཞན་མེད་དེ། ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་ཏེ་མཚན་ཉིད་མེད་པ་ལ་མངོན་པར་ཞེན་པ་འབའ་ཞིག་གོ། །འདི་ནི་
འདི་ལྟ་སྟེ། དེ་བཞིན་གྱིས་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རང་བཞིན་ལ་ཕྱི་རོལ་གྱི་བར་སྒྲོ་འདོགས་སོ། །རྨི་ལམ་དང་རབ་རིབ་ལ་སོགས་པའི་རང་བཞིན་ལ་ཡང་དེ་ལྟ་བུའི་རྣམ་པ་ཡོད་པ་ཉིད་དོ། །དེ་ལྟ་བུར་ན་གཉིད་ཀྱིས་མ་ལོག་པའི་དུས་ན་ནི་ཡོད་ལ་རྨི་
ལམ་གྱི་དུས་ན་ནི་མེད་དོ་ཞེས་པར་རྣམ་པར་རྟོག་པ་ནི་སླད་མའི་བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས་སྐྱེས་པ་དེ་དག་ཐམས་ཅད་མཚུངས་སོ་ཞེས་ཐམས་ཅད་མཁྱེན་པས་བསྒྲུབ་པ་མཛད་པ་བློ་གྲོས་ཆེན་པོ་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་འདི་ནི་ཐོག་མ་མེད་

པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་སྣ་ཚོགས་ལ་མངོན་པར་ཞེན་པ་ལས་འབྱུང་ཞེས་པ་སྟེ། ཐོག་མ་མེད་པའི་དུས་ཀྱི་སྐད་ཅིག་མའི་རྒྱུན་འབྲེལ་པར་འབྱུང་བའི་སེམས་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་རྐྱེན་གྱི་ཁྱད་པར་གྱིས་དཀྲུགས་ཏེ།
མཉམ་པར་མི་འཇོག་པའི་མ་རིག་པའི་གནས་ངན་ལེན་པ་སྣ་ཚོགས་བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས་རྨི་ལམ་བཞིན་དུ་འཛིན་པ་དང་། གཟུང་བར་སྣང་བའི་འཁོར་བར་སྣང་ངོ་། །གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་རྣམ་པར་ཕྱེ་སྟེ་མི་དམིགས་
པ་དེའི་ཚེ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ཐམས་ཅད་མཁྱེན་པ་སེམས་ཅན་ཐམས་ཅད་ལ་ཕན་པར་འཇུག་པ་ནི་ལན་དུ་མར་བཤད་པ་ཡིན་ནོ། །བློ་གྲོས་ཆེན་པོ་གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་ཉིད་ལ་བདག་དང་། སེམས་
ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་ངན་པར་སྒྲོ་འདོགས་པ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ནི་མེད་པའི་ལྟ་བར་སྒྲོ་འདོགས་པ་ཞེས་བྱའོ་ཞེས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་སོ་སོར་སྣང་བ་ལ་ཕྱི་རོལ་གྱི་དོན་དུ་མངོན་
པར་ཞེན་པ་ནི་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའོ། །དེར་ཡང་རྟག་པ་དང་། བདག་དང་། བདག་གིར་མངོན་པར་ཞེན་པ་ནི་ལྟ་བ་ངན་པར་སྒྲོ་འདོགས་པའོ། །རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་རྣམས་ཀྱིས་ལོག་པའི་ཤེས་
པ་གཅིག་ནས་གཅིག་ཏུ་བརྒྱུད་པའོ། །བློ་གྲོས་ཆེན་པོ་མེད་པའི་རྒྱུར་སྒྲོ་འདོགས་པ་ནི་འདི་ལྟ་སྟེ། སྔོན་རྒྱུ་ལས་མ་སྐྱེས་པའི་རྣམ་པར་ཤེས་པ་ཕྱིས་སྒྱུ་མ་ལྟ་བུར་སྔོན་མ་བྱུང་ཞིང་མེད་པ་ལས་མིག་དང་། གཟུགས་དང་། སྣང་བའི་རྒྱུ་དང་། དྲན་པ་སྔོན་དུ་འཇུག་པས་འབྱུང་ངོ་ཞེས་པ་
ལ། སྔོན་མ་སྐྱེས་པའི་རྣམ་པར་ཤེས་པ་ཞེས་བྱ་བ་མེད་པའི་རྒྱུར་སྒྲོ་འདོགས་པ་འདི་ནི་ལོག་པའི་རྣམ་པར་རྟོག་པ་ཡིན་ཏེ། གལ་ཏེ་སྔོན་རྣམ་པར་ཤེས་པ་ཐོག་མ་མེད་པའི་དུས་རྒྱུན་དུ་རྣམ་པར་གནས་པའི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་མེད་ན་ནི་དྲན་པ་དང་སོ་སོར་བཤེས་པ་ལ་

སོགས་པ་ཇི་ལྟར་ན་ཡོངས་སུ་ཤེས་པར་འགྱུར། སྐྱེས་མ་ཐག་པ་རྣམས་ལ་ཡུལ་ཁ་ཅིག་ཏུ་དགའ་བ་དང་། འཇིག་པ་དང་། མྱ་ངན་འབྱུང་བ་སྣང་བའི་ཕྱིར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲན་པ་དང་། གཟུགས་དང་། སྣང་བའི་རྒྱུ་ལ་སྟོས་ཏེ། དེས་ན་ཐོག་མ་
དང་ཐ་མར་སྟོང་པ་ཡང་སྒྱུ་མ་དང་འདྲ་བར་རྣམ་པར་ཤེས་པ་སྐྱེ་བ་ནི་དེ་མ་ཐག་པའི་རྐྱེན་གཅིག་གི་རྒྱུ་གཅིག་ཡིན་པ་ལས་འབྱུང་སྟེ། སེམས་ཀྱི་རྒྱུད་ཀྱི་རྒྱུན་ཇི་ལྟ་ཇི་ལྟར་མི་འཆད་པ་ལྟར་སྔར་བསྒྲུབས་ཟིན་ཏོ། །བློ་གྲོས་ཆེན་པོ་མེད་པའི་དངོས་པོར་སྒྲོ་འདོགས་པ་ནི་འདི་ལྟ་སྟེ།
ནམ་མཁའ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་མ་བྱས་པའི་དངོས་པོར་མངོན་པར་ཞེན་ཅིང་སྒྲོ་འདོགས་པའོ་ཞེས་བྱ་བ་ལ་མ་བྱས་པ་ནི་ནམ་མཁའ་རྟག་གོ་ཞེས་སོ། །མྱ་ངན་ལས་འདས་པ་ལ་ཡང་དེ་བཞིན་དུ་རྟག་པའོ་ཞེས་མངོན་པར་ཞེན་པ་སྟེ། དེའི་དངོས་པོ་མེད་
པར་དངོས་པོར་མངོན་པར་ཆགས་པ་ནི་མེད་པའི་དངོས་པོར་སྒྲོ་འདོགས་པའོ། །འདུས་མ་བྱས་པའི་དངོས་པོ་ལ་རྣམ་པ་གསུམ་སྟེ། ཇི་ལྟར་ནམ་མཁའ་དང་། སོ་སོར་བརྟགས་ཏེ་འགོག་པ་མ་ཡིན་པ་སྟེ། གང་འདུས་མ་བྱས་པ་དེ་ནི་མ་སྐྱེས་པས་ན་རི་བོང་གི་རྭ་ལ་
སོགས་པ་དང་། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །དེས་ན་རྟག་པ་དང་རྡུལ་ཕྲ་མོས་བརྩམས་ཏེ། ཡན་ལག་ཅན་གྱི་རྫས་ལ་སོགས་པས་གང་རྟག་པ་གཞན་ཡང་མེད་པའི་དངོས་པོར་སྒྲོ་འདོགས་
པའོ་ཞེས་དེ་ལ་སྔར་སྨྲས་སོ། །བློ་གྲོས་ཆེན་པོ་ཆོས་འདི་དག་ཐམས་ཅད་ནི་དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་ལོག་པ་རི་བོང་དང་། རྟ་དང་། བོང་བུ་དང་། རྔ་མོའི་རྭ་དང་། སྐྲ་ཤད་འཛིངས་པ་ལྟ་བུ་ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་སྟེ། བློ་གྲོས་ཆེན་པོ་བྱིས་པ་རང་
གི་སེམས་སྣང་བ་ཙམ་དུ་མ་རྟོགས་པའི་བློ་ཅན་རྣམས་སྒྲོ་འདོགས་པ་དང་། སྐུར་བས་རྣམ་པར་རྟོག་སྟེ། འཕགས་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཐམས་ཅད་མཁྱེན་པས་རིན་པོ་ཆེའི་འབྱུང་གནས་ལས་བདུད་རྩི་བཏོན་བཞིན་དུ་དོན་དམ་པའི་སྙིང་པོ་ཆོས་ཀྱི་དེ་

ཁོ་ན་ཉིད་དབུ་མའི་བསམ་གཏན་གསུངས་པའོ། །དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་ལས་རྣམ་པར་ལོག་པ་ལ་བྱིས་པ་རྣམས་ཀྱིས་སྒྲོ་འདོགས་པ་དང་། སྐུར་པ་རྣམས་ཀྱིས་རྣམ་པར་རྟོག་པར་བྱེད་དོ། །རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་
པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་འཁོར་བར་བདག་དང་གཞན་གྱི་རྐྱེན་གྱི་དབང་གིས་བཏབ་པའི་འདུ་བྱེད་ཡོངས་སུ་སྨིན་པ་ལས་རྣམ་པ་སྣ་ཚོགས་ཀྱི་སེམས་སུ་འབྱུང་བ་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་སྣང་བ་དེར་རང་གི་སེམས་སྣང་བར་བྱིས་པ་མ་རྟོགས་པའི་བློ་ཅན་
རྣམས་ཀྱིས་ཡོད་པ་དང་མེད་པར་སྒྲོ་འདོགས་པར་བྱེད་དོ། །གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པར་ཤེས་པ་དེའི་ཚེ་ཁང་པ་དང་། སྡེ་དང་། ནགས་ལ་སོགས་པ་བཞིན་དུ་ཐམས་ཅད་
སྟོང་པར་མཐོང་ངོ་། །རབ་རིབ་ཅན་ལ་སྐྲ་ཤད་འཛིངས་པའི་རང་བཞིན་ལྟ་བུར་སྟོང་པ་ཡིན་པ་བསླད་པའི་མཐུས་རི་བོང་དང་། རྟ་དང་། བོང་བུ་དང་། རྔ་མོའི་རྭ་ལྟ་བུ་འབའ་ཞིག་གོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །དེ་ཡང་ཤེས་རབ་ཀྱིས་དཔྱད་དེ་མཐོང་ཡང་
མི་མཐོང་བ་ནི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། རྣམ་པར་བསྔོས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་གཞིགས་པ་ལ་སོགས་པ་མི་མཛེས་པར་བསྒོམ་པ་དེ་ཡང་མི་དམིགས་པའི་ཚུལ་དུའོ། །སེམས་ཀྱིས་བསླད་པའི་སྣང་བ་མ་གཏོགས་པར་ཕྱི་རོལ་གྱི་ཉིད་མི་
དམིགས་ན་མཛེས་པ་དང་མི་མཛེས་པ་རྣམ་པར་རྟོག་པ་ལྟ་ཅི་སྨོས། གཉིས་ཀྱི་རྣམ་པའི་ཤེས་པ་ཡང་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་འཁྲུལ་པ་ལས་ཉེ་བར་སྐྱེས་པ་ཤེས་རབ་ཀྱིས་གཉིས་ཀྱི་རྣམ་པ་སྟོང་པར་མཐོང་ངོ་། །གང་གི་ཚེ་ན་ཕྱི་རོལ་གྱི་བར་ཞེན་ཏེ་
རྣམ་པ་རྣམས་ཤེས་པ་མ་གཏོགས་པར་སྐྱེ་བ་མེད་པ་དེའི་ཚེ་མཉམ་པར་འཇོག་པ་མེད་པའི་མ་རིག་པས་ཉེ་བར་བསླད་པས་སྐྱེས་པ་དེ་དག་སྟོང་པ་ཉིད་དུ་ཁོང་དུ་ཆུད་དེ། ཤེས་རབ་མཉམ་པར་གཞག་པས་མཚན་མ་མི་མཐོང་ངོ་། །སེམས་ལ་སྨོན་པ་མེད་དེ། དེ་བཞིན་དུ་བསླད་

པའི་རྣམས་ལ་ལྷག་པར་ཆགས་པས་ཡིད་ལ་བྱེད་པ་མེད་དོ། །ཡིད་ལ་བྱེད་པ་མེད་པར་རྟོག་པར་གྱུར་པ་ན་བསམ་པ་མེད་པ་མི་གཉིས་པའི་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་ཆུད་པ་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། ཐུགས་རྗེའི་བག་ཆགས་ཀྱིས་བསྐུལ་ནས་སྣང་བ་དང་
བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་བརྙེས་ནས་མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པ་གཟུགས་རྣམ་པ་སྣ་ཚོགས་ཀྱི་དབང་པོ་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལྟ་བུ་དང་། སྤྲིན་ཆེན་པོ་ལྟར་གཞན་གྱི་དོན་དུ་འཕགས་
པའི་བདག་ཉིད་གདུང་བ་ཐམས་ཅད་སེལ་བ་དང་། ཕ་དང་སྨན་པའི་རྒྱལ་པོ་བཞིན་དུ་གཞན་གྱི་དོན་མཛད་དོ། །ཡོངས་སུ་དག་པ་རང་བཞིན་གྱིས་གཉེན་དེས་སྤྱོད་པ་རྒྱུ་གང་ཡང་མེད་པའི་གཉེན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཏེ། གཞན་གྱི་དོན་དུ་
འཁོར་བར་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་སོ། །བློ་གྲོས་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ལྔ་དང་། རང་བཞིན་དང་། བདག་མེད་པ་ཉིད་ཀྱི་མཚན་ཉིད་ཁོང་དུ་ཆུད་པར་
རྟོགས་ནས་གཞན་ལ་ཕན་པའི་ཕྱིར་གཟུགས་དང་ཆ་བྱད་དུ་མ་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་ལན་དུ་མར་བཤད་པ་ཡིན་ཏེ། ད་ནི་གཞུང་གི་བཤད་པ་སྦྱར་བར་བྱ་བ་ནི། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་ཡིན་ནོ། །གང་གིས་ཡུལ་རྣམས་འཛིན་པ་ནི། །
དེ་ནི་རྣམ་པར་ཤེས་ཞེས་བྱ། །ཚིགས་སུ་བཅད་པ་བསྡུས་པ་འདི་ཉིད་དུ་གསུངས་པ། ཆོས་ལྔ་རྣམས་དང་རང་བཞིན་དང་། །རྣམ་པར་ཤེས་པ་བརྒྱད་རྣམས་དང་། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་
སྟེ། ལུས་དང་ལོངས་སྤྱོད་དང་། གནས་སུ་རྣམ་པ་བརྒྱད་དང་། རྣམ་པ་དགུར་འབྱུང་ངོ་ཞེས་དེ་བཤད་ཟིན་ཏོ། །མིང་དང་མཚན་མ་ལ་སོགས་པ་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དེ་ཆོས་ལྔ་ཡང་བཤད་ཟིན་ཏོ། །རང་

བཞིན་ནི་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུད་འབྲེལ་པར་གནས་པ་ལ་དགོངས་པར་བརྟག་གོ། །ཆོས་དང་གང་ཟག་ལ་བདག་མེད་པ་གཉིས་ཀྱང་བཤད་ཟིན་ཏོ། །དེ་དེ་ལྟར་ཀུན་ནས་
ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་སེམས་ཡིན་པ་དང་། ཡོད་པ་དང་མེད་པའི་ཕྱོགས་ལས་རྣམ་པར་བྲལ་བ་རྣམ་པར་རྟོག་པ་མེད་ཅིང་ཆགས་པ་དང་བྲལ་བར་ཤེས་ནས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ནི་བཙུན་གཙོའི་བྱང་ཆུབ་སེམས་དཔས་
ཐོབ་ནས་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱིས་གཞན་གྱི་དོན་བྱེད་དོ། །རྨི་ལམ་དང་། སྒྱུ་མ་དང་། མིག་ཡོར་དང་། གཟུགས་བརྙན་དང་། ཆུ་ཟླའི་ཚུལ་གྱིས་ཆོས་སྐྱེ་བ་དང་། འཇིག་པ་དང་། རྟག་པ་དང་། ཆད་པ་དང་། བྲལ་བ་ཐམས་ཅད་
དེ་བཞིན་གཤེགས་པ་ཐམས་ཅད་ལས་མངོན་དུ་ཉན་ཞིང་ཞེས་བྱ་བ་དང་འབྲེལ་པ་སྟེ། སྟོང་པ་དང་སྐད་ཅིག་པའི་ཆོས་གཉིས་རྣམ་པ་དེ་དག་སྒྱུ་མ་དང་། རྨི་ལམ་དང་མིག་ཡོར་ལ་སོགས་པ་བཞིན་པས་ན་སྐྱེ་བ་དང་འཇིག་པའི་རྣམ་པར་སྣང་བ་ཙམ་དུ་སོ་སོར་སྣང་ངོ་། །རྟག་པ་དང་
བྲལ་བ་ནི་རྒྱུན་འབྲེལ་པར་འབྱུང་བའི་རྣམས་ཏེ། དེས་ན་རྟག་པ་དང་ཆད་པ་དང་བྲལ་བ་ཆུད་པའི་རང་བཞིན་གྱིས་ཆོས་ཐམས་ཅད་འཁོར་བ་དང་མྱ་ངན་ལས་འདས་པའི་མཉམ་པ་ཉིད་ཐོབ་པ་རྣམ་པ་དེ་ལྟ་བུ་རྣམས་ཐམས་ཅད་མཁྱེན་པ་ཐམས་ཅད་ལས་བཙུན་གཙོའི་བྱང་ཆུབ་སེམས་
དཔའ་རྣམས་ཀྱིས་མཉན་ཏེ་ཡོད་པ་དང་མེད་པའི་ཕྱོགས་ལས་རྣམ་པར་བསྒོ་བའི་ཕྱིར་རང་གི་སེམས་སྣང་བ་ཙམ་ལ་བཟུང་བས་ཕྱིའི་དོན་དངོས་པོ་མེད་པར་གཞན་ལ་སྟོན་ཏེ། སེམས་ཙམ་ཡང་བདག་དང་གཞན་གྱི་དབང་གི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་
པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་སྣང་ངོ་། །ཤེས་རབ་ཀྱིས་དཔྱད་ཅིང་ཆོས་འཆད་དོ། །གང་གི་ཚེ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་པ་དེ་ཡང་

གཉིས་ཀྱི་རྣམ་པ་སྟོང་པའི་སེམས་སྣང་བ་མེད་ཅིང་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་དང་བྲལ་བའི་དབུ་མའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་གོ། །སྙིང་རྗེའི་བག་ཆགས་ཀྱིས་རབ་ཏུ་སད་དེ། སྒྱུ་མའི་རྣམ་
པར་ཐར་པར་དག་པ་འཇིག་རྟེན་གྱི་ཏིང་ངེ་འཛིན་ལ་གནས་ཏེ་ཆོས་འཆད་དོ། །སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་ནས་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་ཞེས་བྱ་བ་དེ་ནི་ལན་དུ་མ་བཤད་པ་ཡིན་ནོ། །ད་ནི་སྟོང་པ་ཉིད་
དུ་རབ་ཏུ་འབྱེད་པའི་བཤད་པ་སྦྱར་བར་བྱ་སྟེ། ཀུན་བརྟགས་པའི་རང་བཞིན་གྱི་ཚིག་ཅེས་བྱ་བ་ལ་སོགས་པ་སྟེ། སྟོང་པ་ཉིད་རྣམས་ཀྱི་ཁྱད་པར་ནི་ཀུན་ཏུ་བརྟགས་པས་འབྱེད་དོ། །དོན་དམ་པའི་སྟོང་པ་ཉིད་ནི་འཛིན་པ་དང་གཟུང་བའི་རྣམ་པ་གཉིས་ཀྱི་རང་བཞིན་
གྱིས་སྟོང་ཞིང་སེམས་པ་མེད་པ་དང་། སྣང་བ་མེད་པའི་དོན་དམ་པའི་ལྡན་པ་མི་གཉིས་པར་ཡང་དག་པར་རིག་པའི་ཆོས་ཉིད་དོ། །དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་དེ་ལ་ཐ་དད་པར་སྣང་བའི་རྣམ་པར་རྟོག་པ་མེད་པ་ལས་རྣམ་པར་རྟོག་པས་སྒྲོ་
བཏགས་པ་རྣམ་པར་བཅད་པས་དབྱེ་བ་འབའ་ཞིག་སྟེ། རྟག་པ་དང་། བདག་དང་། བདག་གི་དང་། བྱེད་པ་པོ་དང་། ལས་དང་། བྱེད་པ་དང་། བསྐྱེད་པ་དང་། སྐྱེད་པ་དང་། བརྗོད་པ་དང་། རྗོད་པ་ལ་སོགས་པའི་ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་པའི་ཐ་སྙད་
རྣམ་པར་གཅད་པར་བྱ་བ་ནི་ཇི་ལྟར་ཚད་མའི་གཏམ་ལས་འབྱུང་བ། ཇི་ཙམ་ཆར་ནི་སྒྲོ་འདོགས་པ། །དེ་བསལ་ཕྱིར་ནི་གདོན་མི་ཟ། །དེ་སྙེད་དེ་བཞིན་སྒྲ་རྣམས་དང་། །དེས་ན་དེ་དག་ཐ་དད་ཡུལ། །ཞེས་པའོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ།
ནང་དང་ཕྱིའི་དངོས་པོའི་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ་མཐའ་མེད་པ་རྣམ་པར་བཅད་པའི་མདོའི་དོན་དུ་མདོར་བརྗོད་ན་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་འདིར་ཡང་སྟོང་པ་ཚིག་གི་དོན་ལ་མི་ཤེས་

པ་འཛིན་པ་རྣམ་པར་དགག་པའི་ཕྱིར་སེམས་ཅན་རྣམས་ལ་སྟོང་པ་ཉིད་རྣམ་པ་བདུན་གསུངས་པ་ནི་མཚན་ཉིད་སྟོང་པ་ཉིད་དང་། དངོས་པོའི་རང་བཞིན་སྟོང་པ་ཉིད་དང་། སྲིད་པ་སྟོང་པ་ཉིད་དང་། མི་སྲིད་པ་སྟོང་པ་ཉིད་དང་། ཆོས་ཐམས་ཅད་བརྗོད་
དུ་མེད་པ་སྟོང་པ་ཉིད་དང་། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་ཉིད་དང་། གཅིག་གིས་གཅིག་སྟོང་པ་ཉིད་དང་། བདུན་ནོ་ཞེས་ཏེ། ཇི་ལྟར་མི་ཤེས་པ་སྦོམ་པོ་ཀུན་ལས་ཉོན་མོངས་པ་བཟློག་པའི་ཕྱིར་ཐམས་ཅད་མཁྱེན་པས་རྣམ་པར་དབྱེ་བར་
གསུངས་པ། བློ་གྲོས་ཆེན་པོ་དེ་ལ་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་རང་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་ངོ་། །བློ་གྲོས་ཆེན་པོ་ཕན་ཚུན་དུ་འདུས་པ་ལ་ལྟོས་པ་དང་། རབ་ཏུ་དབྱེ་བའི་ཁྱད་པར་མེད་པའི་ཕྱིར་དང་། སྤྱིའི་མཚན་ཉིད་ནི་
འཇུག་པ་མེད་དེ། བློ་གྲོས་ཆེན་པོ་བདག་དང་། ཕ་རོལ་དང་། གཉིས་ཀ་མེད་པའི་ཕྱིར་མཚན་ཉིད་མེད་པས་ན་དེའི་ཕྱིར་དངོས་པོ་ཐམས་ཅད་མཚན་ཉིད་སྟོང་པ་ཞེས་བྱའོ་ཞེས་པ་ལ་རང་གི་མཚན་ཉིད་ནི་བདག་གི་མཚན་ཉིད་དེ། ཇི་ལྟར་འབྱུང་བ་རྣམས་ཀྱིས་རང་གི་མཚན་
ཉིད་ནི་སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། གཡོ་བ་རྣམས་དང་། སྤྱིའི་མཚན་ཉིད་ནི་རེག་པར་བྱའོ། །དེ་དག་ནི། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པ་སྟེ། སྦོམ་པོ་དང་། ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་འབྱེད་པས་དབྱེ་
བ་ན་ཕྱི་རོལ་ཉིད་དུ་མེད་པས་ཇི་ལྟར་ན་སྟོང་པ་ལ་རང་དང་སྤྱིའི་མཚན་ཉིད་ཡོད་པར་རིགས། འདུས་པ་ལྟོས་པ་ན་ཡང་མཚན་ཉིད་ཇི་ལྟར་ན་རིགས་ཏེ། འདུས་པ་རྣམ་པར་ཕྱེ་བ་ན་ཁང་པ་དང་། སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དེ་དེ་བས་ན་སྦོམ་པོ་དང་།
ཕྲ་མོའི་མཚན་ཉིད་ལ་རབ་ཏུ་དབྱེ་བའི་ཁྱད་པར་མེད་དོ། །རབ་ཏུ་དབྱེ་བའི་ཁྱད་པར་མེད་པའི་ཕྱིར་ཡང་བདག་དང་། ཕ་རོལ་དང་། གཉིས་ཀ་མེད་པས་མཚན་ཉིད་གནས་པ་མེད་དོ། །ནང་དང་ཕྱི་རོལ་གྱི་རྣམས་ལ་བདག་དང་། ཕྱི་རོལ་དང་། གཉི་གའི་རང་བཞིན་

མེད་པའི་ཕྱིར་གཟུང་བ་དང་། འཛིན་པའི་དངོས་པོར་རང་གི་མཚན་ཉིད་མ་གྲུབ་པོ། །གཉིས་ཀྱི་རྣམ་པའི་རང་བཞིན་མེད་པ་ཉིད་ལ་མཚན་མའི་གནས་དང་། མཚན་མའི་དངོས་པོ་ཀུན་རྟོག་པར་བྱེད་དེ། དེ་དག་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་
པ་སྣང་བ་བཞིན་དུ་རང་བཞིན་གྱིས་མ་སྐྱེས་པའོ། །རང་བཞིན་དུ་གྲུབ་ན་ནི་ཕ་རོལ་པོའི་དངོས་པོ་རྣམ་པར་བཅད་པར་ཡང་འགྱུར་ན། གང་གིས་རང་གི་མཚན་ཉིད་མ་གྲུབ་ན་དེ་ལ་གཞན་གྱི་མཚན་ཉིད་ཇི་ལྟར་ན་རྣམ་པར་གཅད། གང་གི་ཚེ་ན་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་
མོ་མཚན་ཉིད་མེད་པ་དེའི་ཚེ་ཤེས་པ་དེ་གཅོད་པ་པོའི་མཚན་ཉིད་ཀྱང་མེད་པ་ཉིད་དོ། །མཚན་ཉིད་ཀྱི་གཞི་དང་མཚན་ཉིད་ཀྱང་གཅིག་དང་ཐ་དད་པར་འགྲུབ་པ་མེད་དེ། ཇི་ལྟར་དབུ་མ་ལས་འབྱུང་བ། །མཚོན་བྱ་མཚན་ཉིད་གལ་ཏེ་གཞན། །མཚན་ལ་མཚན་ཉིད་མེད་པར་
འགྱུར། །གཅིག་ནའང་དེ་གཉིས་མི་འགྲུབ་སྟེ། །ཐ་དད་ན་ཡང་གཞན་དུ་མེད། །ཅེས་པའོ། །ཚ་བ་ལ་ཚ་བ་ཉིད་དང་ཚ་བའི་ཡོན་ཏན་གང་ཡང་རུང་སྟེ། གལ་ཏེ་ཐ་དད་པ་ཡིན་ན་མེ་ལས་ཚ་བ་མེད་པའི་སྐྱོན་དུ་འགྱུར་རོ། །རྟག་པ་དང་། མི་རྟག་པ་དང་། གཟུགས་ཅན་
དང་། གཟུགས་མེད་དང་། ཆོས་དང་། ཆོས་ཅན་ལ་སོགས་པ་གཞན་པ་ཡིན་ན་ནི་སྐྱོན་འདི་ཉིད་དུ་འགྱུར་ཏེ། དེས་ན་ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་དང་བྲལ་བའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །ཇི་ལྟར་ཚད་མའི་གཏམ་ལས་འབྱུང་། །དེར་
ཡང་གཞན་ནི་ལྡོག་པས་ན། །གཞན་ནི་ལྡོག་གྱུར་ཞེས་པ་ཡང་། །སྒྲ་དང་བློ་རྣམས་དེ་བཞིན་དུ། །བཏགས་པའི་རྗེས་སུ་ཐོགས་པར་འགྱུར། །སྦྱོར་མེད་ཐ་དད་མེད་པ་ནི། །དོན་དམ་དོན་ནི་བདག་ཉིད་ཀྱིས། །གཟུགས་ནི་གཅིག་དང་དུ་མ་དང་། །དེ་ནི་བློ་ཡི་འཁྲུལ་
པའོ། །མི་གཉིས་པ་དང་བརྗོད་དུ་མེད་པ་དེ་དག་ལ་ཆོས་དང་ཆོས་ཅན་གྱི་དངོས་པོར་མཚན་ཉིད་བརྟགས་ཏེ། སྤྱིར་སྒྲོ་བཏགས་པས་བརྗོད་པར་བྱའོ། །དངོས་པོའི་རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱི་དངོས་པོ་སྐྱེ་བ་མེད་པའི་ཕྱིར་ཞེས་པ་ནི་དེ་ལ་

དངོས་པོ་རྣམས་རང་གིས་ཐོག་མ་དང་ཐ་མར་སྟོང་པ་ཉིད་དུ་སྐྱེ་བ་སྟེ། སྐྱེས་པ་ནི་གང་ནས་ཀྱང་མི་འོང་ལ། འགགས་པ་ན་ཡང་གར་ཡང་ཚོགས་སུ་འགྱུར་བ་མེད་དེ། འབྲས་བུ་ཡང་གཉིས་ཀྱི་རྣམ་པའི་རང་བཞིན་གྱི་སྟོང་པ་ཉིད་དེ། གང་དག་གཉིས་ཀྱི་
རྣམ་པ་ཅན་ཡིན་པ་དེ་དག་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པ་སྣང་བ་བཞིན་དུ་དོན་དམ་པར་སྐྱེ་བའི་རང་བཞིན་མེད་པའོ། །བློ་གྲོས་ཆེན་པོ་སྲིད་པའི་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། བདག་དང་། བདག་གི་དང་བྲལ་བའི་ཕུང་པོ་རྣམས་རྒྱུ་དང་
ལྡན་པ་དང་། བྱེད་པ་དང་ལས་འབྱོར་པ་ལས་སྐྱེ་ཞིང་འབྱུང་སྟེ། དེའི་ཕྱིར་སྲིད་པའི་སྟོང་པ་ཉིད་ཅེས་བྱའོ་ཞེས་བྱ་བ་ལ་སྲིད་པའི་ཕུང་པོ་རྣམས་ནི་མཉམ་པར་འཇོག་པ་མེད་པའི་མ་རིག་པ་དང་། ལས་ལས་འབྱུང་བ་རྣམས་ཏེ། དེ་དག་ལ་བདག་དང་། བདག་གི་མི་
རིགས་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །བདག་གི་ཡང་ཕྱི་རོལ་གྱི་རྣམ་པར་ཕྱེ་བ་ན་རྟག་པ་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་ཏུ་བརྟགས་པས་སྟོང་པར་འགྱུར་རོ། །རྒྱུ་དང་ལྡན་པའི་འདུས་པའི་མཐུ་ལས་མི་རྟག་པ་དང་། སྟོང་
པའི་ཕུང་པོ་རྣམས་རྨི་ལམ་ལ་སོགས་པ་བཞིན་དུ་རབ་ཏུ་འབྱུང་བར་སྣང་ངོ་། །འདུ་བྱེད་ཐམས་ཅད་སྐད་ཅིག་པ། །མི་བརྟན་བྱེད་པ་ག་ལ་ཞིག །གང་འབྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་བྱ་བ་སྟེ། དེ་བས་ན་རྒྱུ་དང་ལྡན་པ་དང་། བྱེད་
པ་དེ་ཉིད་དང་། བྱེད་པ་པོ་ཡང་དེ་ཉིད་ཅེས་བྱའོ། །དེའི་ཕྱིར་རྒྱུ་དང་ལྡན་པ་དང་། བྱེད་པ་དང་། ལས་ནི་སྔ་མའི་འོག་ཏུ་འདི་ཡོད་པས་ན་འདི་ཡོད་པར་འགྱུར་རོ་ཞེས་པར་རྣམ་པར་གཞག་གི། སྐད་ཅིག་པ་ལ་ཐ་དད་པ་སྐྱེས་པ་དང་། གནས་པ་དང་། འགོག་པར་བྱེད་
པའི་བྱེད་པ་དང་། བྱེད་པ་པོ་དང་། ལས་སུ་ཀུན་ཏུ་བརྟགས་པའི་ཆོས་རྣམས་མེད་དོ་ཞེས་སྔར་བཤད་ཟིན་ཏོ། །མི་སྲིད་པའི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཕུང་པོ་རྣམས་ལ་མྱ་ངན་ལས་འདས་པ་ལ་སྔོན་སྲིད་པ་མ་ཡིན་ཏེ་ཞེས་པ་ནི་གཉིས་ཀྱི་རྣམ་པ་སྟོང་པ་

ཉིད་དང་། བསམ་པ་མེད་ཅིང་སྣང་བ་མེད་པ་དང་། དོན་དམ་པའི་བདེན་པ་ནི་མི་གཉིས་པར་ཡང་དག་པར་རིག་པ་ནི་དེའི་མྱ་ངན་ལས་འདས་པའོ། །བློ་གྲོས་ཆེན་པོ་བརྗོད་དུ་མེད་པའི་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་བརྗོད་དུ་མེད་པ་ཞེས་ཏེ། དོན་དང་སྒྲ་ཡི་ཁྱད་
པར་ལ། །ཕན་ཚུན་བརྗོད་བརྗོད་འདོད་པ་མིན། །དེ་སྔར་མཐོང་བ་མེད་པས་ན། །སྤྱིར་ནི་ཉེ་བར་བརྗོད་པར་བྱ། །ཞེས་པ་སྟེ། ཆོས་གང་དག་རིག་པར་བྱ་བ་དེ་དག་མངོན་པར་བརྗོད་པ་དང་འབྲེལ་པ་མེད་དེ། བདེ་ལ་སོགས་པའི་རང་བཞིན་ནི། །བསྙད་པར་མི་ནུས་
གཞན་མི་བསྟེན། །དེ་ཕྱིར་དེ་དག་རང་རིག་པ། །མངོན་པར་བརྗོད་དང་འབྲེལ་པ་མེད། །ཅེས་པའོ། །ཐམས་ཅད་མཁྱེན་པའི་དོན་འདི་ཉིད་སློབ་དཔོན་དིགྣཱ་ག་དང་། དྷརྨ་ཀཱིརྟི་ལ་སོགས་པས་རབ་ཏུ་སྣང་བར་བྱས་སོ། །འདི་ལྟ་སྟེ། ཀུན་ཏུ་བརྟགས་པའི་རང་བཞིན་
བརྗོད་དུ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པའི་རང་བཞིན་གྱིས་རང་གི་མཚན་ཉིད་བརྗོད་དུ་མེད་པའི་ཕྱིར་ཏེ། དབང་དོན་དེ་ནི་གཞན་ཉིད་དང་། །སྒྲ་ཡི་སྤྱོད་ཡུལ་གཞན་ཡིན་ཏེ། །སྒྲ་ལས་མིག་མེད་མཐོང་བ་སྟེ། །མངོན་སུམ་དུ་ནི་མཐོང་བ་མེད། །མེད་དང་འབྲེལ་
པས་གཞན་དུ་ནི། །བདག་ཚིག་ཅེས་ནི་སེམས་པ་སྟེ། །ཚིག་པའི་སྒྲས་ནི་གཞན་དུ་ཡང་། །ཚིག་པའི་དོན་ནི་ཤེས་པར་བྱེད། །ཅེས་པ་སྟེ། གཉིས་ཀྱི་རྣམ་པར་གསལ་བའི་རང་གི་མཚན་ཉིད་ཀྱང་སྒྲས་བརྗོད་པར་མི་ནུས་ན་གཉིས་ཀྱི་སྟོང་པ་ཉིད་ལྟ་ཅི་སྨོས་ཏེ། གང་གིས་
དེ་ལ་བརྗོད་པ་མེད་པ་དེས་ན་བརྗོད་དུ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་ཉིད་གང་ཞེ་ན། འདི་ལྟ་སྟེ། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་ཐམས་ཅད་ཀྱི་ཉེས་པའི་བག་ཆགས་
ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་ན་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་མེད་ཅེས་བྱའོ་ཞེས་པ་ནི་གང་གི་ཚེ་ན་རྣལ་འབྱོར་ཅན་གྱི་ཤེས་རབ་ཀྱིས་དཔྱད་དེ་ཕྱི་རོལ་གྱི་དངོས་པོ་ལ་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བས་སྒྲོ་བཏགས་པ་མི་མཐོང་བ་དེའི་ཚེ་

དེའི་སེམས་ཡུལ་གང་དུ་ཡང་མཛེས་པའི་རང་བཞིན་དུ་རབ་ཏུ་མི་འཇུག་པ་ནི་དེ་ལས་གཞན་པའི་ཉེས་པར་འཇུག་པའི་དབང་པོའི་ཤེས་པ་དང་། དབུགས་ཐུབ་པ་ཡང་དག་པར་རིག་པ་བཞིན་དུ་སེམས་པ་མེད་ཅིང་སྣང་བ་མེད་པའི་དོན་དམ་པ་མི་གཉིས་པ་
ཡང་དག་པར་རིག་པ་བདག་ཉིད་ཀྱིས་གནས་སོ། །རྒྱུན་དུ་མཉམ་པར་འཇོག་ཅིང་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་དང་ཆགས་པ་མེད་པ་དེའི་ཚེ་དེའི་ལོག་པའི་ཤེས་པའི་བག་ཆགས་མ་ལུས་པར་སྤོང་བར་འགྱུར་ཏེ། དེས་ན་དོན་དམ་པ་འཕགས་པའི་ཡེ་
ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་གང་ན་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ་ཞེས་པ་ནི་དངོས་པོ་ཐམས་ཅད་གཅིག་ལ་གཅིག་རྣམ་པར་ལོག་པའི་རང་བཞིན་པ་ཡིན་ཏེ། བུམ་པ་ལ་སྣམ་བུ་
མེད་དེ། ཇི་ལྟར་བ་ཏྲི་ཀ་ལས་འབྱུང་བ། དངོས་པོ་ཐམས་ཅད་རང་བཞིན་གྱིས། །བདག་གི་དངོས་པོར་རྣམ་པར་གནས། །རང་གི་དངོས་པོ་གཞན་དངོས་ཀྱིས། །རྣམ་པར་ལོག་པའི་ཆ་ཡི་ཕྱིར། །ཞེས་པ་སྟེ། ཐམས་ཅད་མཁྱེན་པས་གཞན་བསྩལ་བ་རྒྱ་
ཆེར་དགོངས་པས་ན་འདིར་རབ་ཏུ་བཤད་པ་ཡིན་ཏེ། དེ་བས་ན་འདི་སྐད་དུ་གསུངས་པ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་མྲི་ག་རའི་མིའི་ཁང་པ་ན་གླང་པོ་དང་། བ་ལང་དང་། ལུག་ལ་སོགས་པ་མེད་ཀྱང་དགེ་སློང་གིས་སྟོང་པ་མ་ཡིན་ནོ་ཞེས་ངས་བཤད་དེ། དེ་ནི་དེ་
དག་གིས་སྟོང་ཞེས་བྱ་བ་ཡང་། བློ་གྲོས་ཆེན་པོ་ཁང་པའི་དངོས་པོར་མེད་པ་མ་ཡིན། དགེ་སློང་རྣམས་ཀྱང་དགེ་སློང་གི་ངོ་བོར་མེད་པ་མ་ཡིན་ཏེ། གླང་པོ་དང་། བ་ལང་དང་། ལུག་ལ་སོགས་པའི་དངོས་པོ་དེ་དག་གུད་ན་མི་འཁོར་བ་ཡང་མ་ཡིན་ནོ་ཞེས་པའོ། །
བློ་གྲོས་ཆེན་པོ་ཏིང་ངེ་འཛིན་གྱི་གནས་མ་གཏོགས་པར་རང་ཡང་མི་སྐྱེ་ལ། མི་སྐྱེ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་མ་སྐྱེས་པ་དང་། རང་བཞིན་མེད་པ་སྟེ། སྐྱེ་བ་མེད་པ་ལ་དགོངས་ནས་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཞེས་བྱའོ། །བློ་གྲོས་ཆེན་པོ་སྐད་ཅིག་

མའི་རྒྱུད་ཀྱི་རྒྱུན་མེད་པ་དང་། གཞན་དུ་འགྱུར་བར་སྣང་བའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པ་སྟེ། དེའི་ཕྱིར་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པའོ་ཞེས་བྱ་བ་ལ་རང་ཡང་མི་སྐྱེ་བ་ནི་རྒྱུ་ལ་ལྟོས་པའི་ཕྱིར་རོ། །མི་སྐྱེ་བ་ཡང་མ་ཡིན་པ་ནི་སྔ་མའི་འོག་ཏུ་འདི་ཡོད་པ་ལས་འདི་
ཡོད་པར་འགྱུར་ཞེས་པ་སྟེ། དེའི་ཕྱིར་སྐྱེ་བའི་རང་བཞིན་མེད་པ་ལ་དགོངས་ཏེ། རྒྱུན་འབྲེལ་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་དེ་སྐད་ཅེས་བྱའོ། །ཐམས་ཅད་མཁྱེན་པས་རྒྱ་ཆེར་དགོངས་པའི་སྒྲའི་དོན་ནི་ས་དང་པོའི་དབང་པོས་དབུ་མར་སྨྲས་པ་ཡིན་ཏེ། བདག་ལས་མ་ཡིན་
གཞན་ལས་མིན། །གཉིས་དང་རྒྱུ་མེད་པ་ལས་མིན། །གར་ཡང་གང་ཞིག་དངོས་པོ་རྣམས། །ནམས་ཀྱང་སྐྱེ་བ་མེད་པའོ། །ཞེས་སོ། །བློ་གྲོས་ཆེན་པོ་མི་གཉིས་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། གྲིབ་མ་དང་། ཉི་མ་ལྟ་བུ་དང་། རིང་པོ་དང་ཐུང་ངུ་།
ནག་པོ་དང་དཀར་པོ་ལྟ་བུ་དག་གཉིས་སུ་རབ་ཏུ་ཕྱེ་བ་རྣམས་སོ་སོར་ཐ་དད་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པ་ལྟར་ཆོས་ཐམས་ཅད་མི་གཉིས་པ་སྟེ། བློ་གྲོས་ཆེན་པོ་དེ་ནི་མཚན་ཉིད་ཐ་དད་པའི་རྒྱུ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་གང་
ན་བ་དེ་ན་འཁོར་བ་མེད། འཁོར་བ་གང་ན་བ་དེ་ན་མྱ་ངན་ལས་འདས་པ་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་འཁོར་བ་དང་མྱ་ངན་ལས་འདས་པ་ལྟ་བུར་མི་གཉིས་སོ་ཞེས་བྱའོ་ཞེས་པ་ནི་དངོས་པོ་ཐམས་ཅད་རང་བཞིན་གྱིས་རྣམ་པར་ལོག་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་
སེམས་ནི་གསེར་ལྟ་བུ་སྟེ། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དུས་ན་སྐད་ཅིག་མའི་རྒྱུན་ཐ་དད་པས་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཕན་ཚུན་དུ་ཐ་དད་པའི་རང་བཞིན་དུ་ཡིན་ཏེ། དེ་དག་ཉིད་མི་གཉིས་པ་ཉིད་ནི་སེམས་ཅན་ནམ། གཅིག་ཉིད་གཅིག་གི་རང་
བཞིན་གང་ཡིན་པ་དེ་གཉིས་པོའི་མ་ཡིན་པའི་ཕྱིར་རོ། །རྟག་པ་དང་གཅིག་པའོ་ཞེས་མི་གཉིས་པར་སྨྲ་བ་རྣམས་ལ་ནི་གྲོལ་བ་དང་མ་གྲོལ་བ་དང་། ཕྱུག་དབུལ་བ་ལ་སོགས་པ་གཅིག་ཏུ་འགྱུར་རོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །སྟོང་པ་ཉིད་དང་། མི་སྐྱེ་བ་དང་།

མི་གཉིས་པ་དང་། རང་བཞིན་མེད་པའི་མཚན་ཉིད་མདོ་སྡེའི་ནང་དུ་ཆུད་པ་དེ་དག་དོན་འདི་ཉིད་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་མཚན་ཉིད་ལ་སོགས་པའི་སྟོང་པ་ཉིད་རྣམ་པ་བདུན་དུ་བཤད་པའོ། །མི་སྐྱེ་བ་ཡང་གཉིས་ཀྱི་རྣམ་པ་རྣམས་ཏེ། རྨི་ལམ་དང་།
མིག་འཕྲུལ་ལ་སོགས་པ་བཞིན་ནོ། །སྐད་ཅིག་པ་ལ་སྐྱེ་བ་དང་། འགོག་པ་ལ་སོགས་པའི་ཆོས་ཐ་དད་པ་མ་ཡིན་ཏེ། དེས་ན་ཡོངས་སུ་གྲུབ་པའི་ཆུད་པ་རྣམས་ཀྱིས་གཉིས་ཀྱི་རྣམ་པ་མི་སྐྱེ་བས་ན་རང་བཞིན་མེད་པའོ། །དེའི་ཕྱིར་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་
མདོ་སྡེར་ཡང་དོན་འདི་ཉིད་དོ། །སེམས་པ་མེད་པ་དང་། སྣང་བ་མེད་པའི་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་རྣམས་ནི་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་དོ། །དེ་ལ་ནང་དང་ཕྱི་རོལ་དུ་སོ་སོར་སྣང་བའི་གཉིས་ཀྱི་རྣམ་པའི་རྣམ་པར་རྟོག་པ་རྣམས་ཀྱི་སྟོང་པ་ཉིད་
མཐའ་མེད་པ་དང་གཞལ་དུ་མེད་པ་སྟེ་བྱིས་པ་རྣམས་ལ་མདོར་བསྡུས་པའི་དོན་རྣམ་པར་ཕྱེ་བའི་སྟོང་པ་ཉིད་ཁྱད་པར་འབའ་ཞིག་བཤད་དོ། །དེ་ནི་ལན་དུ་མར་ཡང་སྨྲས་སོ། །འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ནི། སེམས་ཅན་གྱི་ལོག་པའི་ཤེས་པའི་རྣམ་པར་
རྟོག་པ་ཇི་ཙམ་ཡོད་པ་དེ་རྣམ་པར་བཅད་པའི་ཕྱིར་དེ་ཙམ་ཉིད་དུ་སྟོང་པ་ཉིད་ཀྱི་རིམ་པ་གསུངས་པས་ན་སྟོང་པ་ཉིད་ལ་མཐའ་མེད་དོ། །དོན་དམ་པའི་སྟོང་པ་ཉིད་ནི་མི་གཉིས་པ་རྟོག་པའི་ཆོས་ཉིད་དེ། དངོས་པོ་དང་། དངོས་པོ་མེད་པ་རྣམ་པར་རྟོག་པ་དང་བྲལ་བས་
ན་དེ་ལ་ཐ་དད་པར་སྣང་བའི་རྣམ་པར་རྟོག་པ་མེད་དོ། །སེམས་ཅན་རྣམས་ཀྱི་ལོག་པའི་ཤེས་པའི་དཔེའི་དོན་དུ་ཐམས་ཅད་མཁྱེན་པས་སྨིག་རྒྱུ་ལ་སོགས་པ་གཞག་པ་ནི། བློ་གྲོས་ཆེན་པོ་འདི་ལྟ་སྟེ་དཔེར་ན། སྨིག་རྒྱུ་བ་ནི་རི་དགས་སླུ་བ་ཡིན་ཏེ། ཆུའི་དངོས་པོར་མངོན་
པར་ཞེན་པས་མངོན་པར་ཞེན་པར་བྱེད་པ་དེ་དེ་ལ་ཆུ་མེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་མདོ་སྡེ་བསྟན་པའི་ཆོས་ཐམས་ཅད་ཀྱང་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པ་མགུ་བར་བྱ་བ་ཡིན་ཏེ། དེ་ནི་འཕགས་པའི་ཡེ་ཤེས་རྣམ་པར་དགོད་པའི་གཏམ་ནི་མ་ཡིན་ནོ་ཞེས་བྱ་བ་ཕྱིའི་

དོན་ལ་ལྟོས་ཏེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པ་དང་། ཕུང་པོ་ལ་སོགས་པར་བསྟན་པ་ལྟ་བུ་ནི་བྱིས་པ་རྣམས་མགུ་བར་བྱ་བ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་སེམས་ཅན་གཟུད་པར་བྱ་བའི་ཕྱིར་བསྟན་པ་མཐའ་མེད་དོ། །ཇི་ལྟར་ཊཱི་ཀ་ལས་
འབྱུང་བ། །ཡང་དག་དོན་ལ་གཟིགས་མེད་པར། །གླང་པོ་བཙུན་པ་མཛད་ནས་ནི། །འཇིག་རྟེན་བློ་ནི་འབའ་ཞིག་གི། །ཕྱི་ཡི་སེམས་པ་སྤྲོས་པར་མཛད། །གང་ཟག་ལ་བདག་མེད་པར་བསྟན་པས་བདག་ལ་ཆགས་པ་ལོག་པའི་ཕྱིར་འཁོར་བའི་སྡུག་བསྔལ་ཡང་
བཟློག་གོ། །དེའི་འོག་ཏུ་ཆོས་ལ་བདག་མེད་པ་བསྟན་པས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དང་། སའི་ཁྱད་པར་ཐམས་ཅད་བསྒོམ་པ་དང་། བྱང་ཆུབ་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའི་བདག་དང་
གཞན་གྱི་དོན་དུ་ཞུགས་པའི་འཕགས་པ་དེ་དག་གི་ཕྱིར་བསྒོམ་པའི་གཏམ་དེ་མ་ཡིན་ནོ། །དེ་ཁོ་ན་རྣམ་པར་གཞག་པའི་གཏམ་མ་ཡིན་པ་ནི་དོན་དམ་པར་མ་ཡིན་ནོ་ཞེས་དགོངས་པར་རྟོག་གོ། །ཆོས་ཐམས་ཅད་ཡོངས་སུ་ཤེས་པ་དང་། དེ་ཁོ་ན་ཉིད་ལ་གདོན་མི་ཟ་བའི་ཕྱིར་
རྩོད་པའི་ཁྱད་པར་མེད་དོ། །དེ་བས་ན་དོན་གྱི་རྗེས་སུ་འབྲང་བར་བྱའི། བསྟན་པ་ཀློག་པ་ལ་མངོན་པར་ཆགས་པར་མི་བྱའོ་ཞེས་ཐམས་ཅད་མཁྱེན་པས་བློ་གྲོས་ཆེན་པོ་ལ་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བ་ལས་གསོལ་
པ་བརྒྱ་པོའི་འོག་ཏུ་རྣམ་པར་ཤེས་པ་བཤད་པ་དང་། སྟོང་པ་བཤད་པར་སྦྱར་བ་ལེའུ་གཉིས་སུ་གཏོགས་པ་རྣམ་པ་གསུམ་མོ།། །།དེ་བཞིན་གཤེགས་པའི་སྙིང་པོ་བཤད་པར་བརྩམས་པ་དེ་ལ་ཐམས་ཅད་མཁྱེན་པ་ལ་བློ་གྲོས་ཆེན་པོས་གསོལ་པ། གཏོགས་འདོད་
དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་རྣམས་ལ་ཡང་ཆུད་པའི་ཁྱབ་པའི་བསྟན་པ་མཆིས་ན་ཐམས་ཅད་མཁྱེན་པས་དེ་བཞིན་གཤེགས་པའི་སྙིང་པོའི་སྙིང་པོ་ལ་ཁྱད་པར་ཅི་ཞིག་གསུངས་པར་གྱུར། རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ཁྱོད་ཀྱིས་

གསུངས་ན་གང་གིས་སངས་རྒྱས་པའི་ཆུད་པ་མི་གཉིས་པའི་ཐེ་ཚོམ་ལྡོག་ཅིང་གདོན་མི་ཟ་བར་འགྱུར་བར་དེའི་ཁྱད་པར་བཤད་དུ་གསོལ། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོའོ་ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་
པར་ཀླག་པའོ། །ལྷ་ཆེན་པོས་སྨྲ་བ་ནི། ཇི་ལྟར་ཤིང་ལ་མེ་ཡོད་དང་། །ས་ཡི་ནང་དུ་ཆུ་ཡོད་པ། །དེ་ལྟར་ཐམས་ཅད་ལུས་རྣམས་སུ། །ཞི་བ་དག་པ་རྣམ་པར་གནས། །ཐམས་ཅད་འདི་ནི་ཞི་བདག་སྟེ། །ཞི་བ་ལས་ནི་རབ་ཏུ་འབྱུང་། །འབྱུང་པོ་ཀུན་ལ་ཞི་བ་ཡོད། །
ཞི་བ་གང་ཡིན་དེ་ང་ཉིད། །བརྟན་ཞིང་བྱིན་འགྲོ་དེ་བཞིན་དུ། །ཅུང་ཟད་གང་ནི་ས་ལ་ཡོད། །དེ་ཀུན་མཆོག་གི་དབང་པོ་ཡིས། །བདག་ཉིད་ཁྱབ་སྟེ་རབ་ཏུ་གནས། །སྔགས་ཀྱི་བདག་དང་སེམས་པ་ཅན། །སྐྱེས་བུ་རྣམ་པ་གཉིས་ཞེས་བྱ། །སྔགས་ལས་འདས་དང་སྔགས་
ཉིད་དང་། །དབང་ཕྱུག་མཆོག་ལ་རྣམ་པ་གཉིས། །གཏོགས་འདོད་ཡང་སྨྲ་བ། ང་ཡི་སྐྱེ་གནས་ཚངས་ཆེན་ཏེ། །དེར་བུ་འཇོག་པ་ང་ཡིན་ནོ། །འབྱུང་པོ་ཐམས་ཅད་འབྱུང་བ་ནི། །བ་རད་དེ་ལས་འབྱུང་བར་འགྱུར། །བདག་ནི་འབྱུང་པོ་ཀུན་ལ་གནས། །འབྱུང་
པོ་ཀུན་ཀྱང་བདག་ལ་སྟེ། །བདག་ལྡན་དེ་ལྟར་སུས་རིག་པ། །ཀུན་ཏུ་མཉམ་པ་མཐོང་བའོ། །སུ་ཞིག་ང་ལ་ཀུན་ཏུ་མཐོང་། །ཀུན་ཀྱང་ང་ལས་མཐོང་བ་ཡང་། །དེ་ལྟར་ང་ལ་སུས་ཤེས་པ། །དེ་ནི་ལས་ཀྱིས་མི་གོས་ཏེ། །ཞེས་བྱ་བ་རྒྱ་ཆེར་རོ། །ཚངས་པར་སྨྲ་
བ་པོ་བྷ་ཏ་ཧ་རི་ལ་སོགས་པ་ཡང་སྨྲ་བ། ཐོག་མ་མེད་པའི་ཚངས་པ་རྟག །ཡང་དག་སྒྲ་ནི་ཡིག་འབྲུ་གང་། །གང་ལ་དོན་དངོས་འབྱུང་བ་དང་། །འགྲོ་བའི་རབ་ཏུ་བྱེད་པ་ཡང་། །གང་ཡོངས་རྟོག་པ་ཐམས་ཅད་ལ། །བར་སྣང་ཡང་ནི་མི་གནས་ཏེ། །རྟོག་
པའི་ལུང་དང་རྗེས་དཔག་པས། །རྣམ་པ་དུ་མར་ཀུན་བརྟགས་པའོ། །འདས་ཀྱང་འདུ་འཛི་བྱེད་པ་དང་། །དངོས་དང་དངོས་མེད་རིམ་མི་རིམ། །བདེན་དང་བརྫུན་པར་སྣ་ཚོགས་བདག །བདེན་པ་ལས་ནི་རབ་ཏུ་སྣང་། །འབྱུང་པོ་རྣམས་ཀྱི་ནང་རྒྱུ་བ། །འགྲམ་དང་རིམ་

དུའང་སྣང་བ་སྟེ། །ཐར་པ་རབ་ཏུ་གྲོལ་བའོ། །གྲོལ་འདོད་རྣམས་ཀྱིས་བསྟན་པར་བྱེད། །དེ་ཡིས་ཚོར་བ་གཅིག་པོ་ཡང་། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིགས་པ་འབྱུང་བའི་མེ་མདག་དང་། །ཆུ་ཡི་ཕུང་པོར་ཆུ་བཞིན་དུ། །དེ་ཕྱིར་ད་རོད་རིགས་གནས་པ། །གསལ་
བའི་གྲོང་རྣམས་འགྱུར་བ་ནི། །སྤྲིན་རྣམས་ཆར་དང་ལྡན་པ་རྣམས། །རླུང་ལས་འབྱུང་བ་བཞིན་དུའོ། །གསུམ་གྱི་གཟུགས་སུ་དེ་སྣང་བ། །མུར་སྨྲ་ཐ་དད་རྣམས་ལ་ནི། །མཆོག་གི་ཡོངས་སུ་འགྱུར་བ་སྟེ། །ལྟ་བ་ཐ་དད་ཀྱིས་ནི་བཅིངས། །ཞི་ཞིང་རི་བདག་ཚངས་
པ་སྟེ། །དེ་ལས་བྱུང་བའི་མ་རིག་པ། །དེས་ནི་སྲིན་པོ་བཞིན་དུ་མེད། །གང་སྨྲ་མི་ནུས་རྣམ་དག་གོ། །ཇི་ལྟར་ནམ་མཁའ་རྣམ་དག་པར། །རབ་རིབ་འཁྲུལ་པའི་སྐྱེས་བུ་ཡིས། །རི་མོ་རྣམ་པ་སྣ་ཚོགས་ཀྱིས། །ཀུན་ཏུ་དང་བར་སེམས་པ་པ། །དེ་ལྟར་ཚངས་པ་
བདུད་རྩི་འདི། །འགྱུར་བ་མེད་པ་མ་རིག་པས། །རྙོག་པ་ལྟ་བུར་བྱེད་པས་ནི། །ཐ་དད་གཟུགས་སུ་སྣང་བ་སྟེ། །ལྷ་ས་རླུང་དང་ནམ་མཁའ་དང་། །རི་དང་ཆུ་དང་ཕྱོགས་རྣམས་ཀྱང་། །ནང་དུ་བྱེད་པའི་ཡང་དག་གི། །ཆ་རྣམས་ཕྱི་རོལ་བཞིན་དུ་གནས། །ཚུལ་
ནི་གཅིག་ཉིད་གང་ཡིན་ལས། །ཐ་དད་མཐུ་ནི་རྣམ་གནས་པས། །མཐུ་ལས་ཐ་དད་མ་ཡིན་ཡང་། །ཐ་དད་བཞིན་དུ་འབྱུང་བའོ། །ཚངས་སྒྲ་འདི་ནི་སྤྲུལ་པ་སྟེ། །སྒྲ་ཡི་མཐུ་ལས་གནས་པས་ན། །སྒྲ་ཙམ་ལས་ནི་བྱུང་བ་ཡང་། །དེ་དག་ཉིད་དུ་ཞ་བར་འགྱུར། །
རབ་ཏུ་བྱེད་པ་གཅིག་འབྱེད་ལས། །མང་པོར་རབ་ཏུ་ཕྱེ་བ་པ། །དེ་ནི་ལུང་སྟོན་རྟོག་པ་ལས། །ཚངས་པ་མཆོག་ནི་ཆུད་པར་འགྱུར། །ཞེས་རྒྱ་ཆེར་རོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་
ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་པ་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་

དཀྲིས་པ་ལྟར་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མས་ཡོངས་སུ་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན་པ། ཐེར་ཟུག་པར་
ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་མུ་སྟེགས་བྱེད་ཀྱིས་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་པ་རྣམས་ཀྱང་རྟག་པ་དང་། བྱེད་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇུག་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་
བགྱིད་དོ་ཞེས་བྱ་བ་ནི་རྟག་པ་དང་། གཅིག་པ་དང་། མི་འཇིག་པ་ཞེས་བྱ་བ་ལ་གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པར་སྨྲ་བ་དང་མཚུངས་སོ་ཞེས་སྔ་མའི་ཕྱོགས་སུ་གསོལ་བ་ནི་གླེངས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་
དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ་ཞེས་པ་དེར་ཐམས་ཅད་མཁྱེན་པའི་དགོངས་པ་གང་ཞེ་ན། རྟག་པ་ནི་མ་ཡིན་པས་ན་རི་བོང་གི་རྭ་ལྟར་དངོས་པོ་མེད་པའོ། །ཁྱབ་པ་གཅིག་པོ་སེམས་ཅན་ཐམས་ཅད་ཀྱི་ནང་ན་ཡོད་
པ་མི་རིགས་ཏེ། གྲོལ་བ་དང་། མ་གྲོལ་བ་དང་ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །འཁོར་བ་དང་མྱ་ངན་ལས་འདས་པའི་དུས་ན་སེམས་ཅན་མང་པོ་རྣམས་ཀྱིས་ཆུད་པ་མི་གཉིས་པའི་རྒྱུན་སྐད་ཅིག་པ་ཡིན་པར་སངས་རྒྱས་པ་རྣམས་སྨྲ་བས་ན་དེའི་
ཕྱིར་གླེང་པ་འདི་མི་རུང་ངོ་། །བདག་དང་གཞན་ལ་བྱམས་སྡང་དང་། །རྗོད་པ་བརྗོད་པ་དགོངས་པ་ནི། །རྨི་ལམ་དུ་ནི་སེམས་གཅིག་ལ། །འགལ་བའི་གཟུགས་ནི་བཞིན་དུའོ། །ཞེས་པ་རིག་སྔགས་འཛིན་པའི་མཐར་སྨྲ་བ་པོ་རྣམས་ཀྱིས་གང་སྨྲ་བ་དེ་ཡང་མ་རིག་
པས་གློངས་པ་ལ་ནི་རིགས་ཀྱི་མི་གཉིས་པ་ཡང་དག་པའི་ཆུད་པ་ལ་ནི་མ་ཡིན་ནོ། །སངས་རྒྱས་རྣམས་ལ་ནི་སེམས་ཅན་རྣམས་ཀྱི་ཆུད་པ་མང་པོ་སྟེ། ཕན་ཚུན་གྱི་དབང་གིས་ཕན་པར་བྱ་བ་དང་། ཕན་པར་བྱེད་པའི་དངོས་པོའི་རྒྱུན་འབྲེལ་པར་འབྱུང་བ་དེ་དག་ལ་ཀུན་

ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་རྣམ་པར་གཞག་པར་རིགས་སོ། །འཁོར་བའི་ཚེ་ན་མཉམ་པར་མི་འཇོག་པའི་མ་རིག་པ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་སྐྱེས་པས་རྟག་པ་དང་། བདག་དང་བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པ་རྣམས་གང་
གི་ཚེ་ན་ཆོས་བསྟན་པའི་ཚེ་གཞན་གྱི་དབང་དང་། ཤེས་རབ་ཀྱིས་དཔྱད་པ་ན་མི་རྟག་པ་དང་། བདག་མེད་པས་སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་ཡོངས་སུ་ཤེས་ནས་ཕྱིན་ཅི་ལོག་པའི་རྣམས་སྤངས་ཏེ། མྱ་ངན་ལས་འདས་པར་འགྱུར་རོ། །དེ་ནས་བདག་
མེད་པར་འཇིག་པར་འགྱུར་བའི་སེམས་ཅན་རྣམས་ལ་སེམས་ཀྱི་རྒྱུད་ཉིད་དེ་བཞིན་གཤེགས་པའི་སྙིང་པོར་སྟོན་ཏོ། །རྟག་པ་དང་། ཁྱབ་པ་དང་། གཟུགས་རྣམ་པ་སྣ་ཚོགས་ཀྱི་དབང་པོ་ནི་སེམས་ཙམ་རང་གི་མཚན་ཉིད་དུ་འཁོར་བ་དང་། མྱ་ངན་ལས་འདས་པ་སྤྱིར་རྗེས་
སུ་སོང་བ་དང་ལྡན་པའི་རང་བཞིན་གྱིས་འོད་གསལ་བ། རྐྱེན་གྱི་ཁྱད་པར་གྱིས་བཏབ་པའི་ཚོགས་རྣམས་ཀྱི་དྲི་མ་དང་བཅས་པ་དྲི་མ་མེད་པར་འབྱེད་པར་ཐམས་ཅད་མཁྱེན་པས་ཤེས་རབ་དང་། ཐབས་ལ་མཁས་པས་བཤད་དོ། །བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་
པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་བྱེད་པའི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱིས་ཆུད་པ་ཉིད་རྒྱུན་འབྲེལ་པར་འབྱུང་བ་ཡིན་ཏེ། དེ་བས་ན་མུ་སྟེགས་བྱེད་པའི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །ཐམས་ཅད་མཁྱེན་པས་དེ་བསྒྲུབ་པར་
གསུངས་པ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་
ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ན་བྱིས་པ་རྣམས་བདག་མེད་པས་འཇིག་པར་འགྱུར་བའི་གནས་རྣམ་པར་སྤོང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ་ཞེས་

བྱ་བ་ལ་འཛིན་པ་དང་། གཟུང་བའི་རྣམ་པས་སྟོང་པ། བསམ་པ་མེད་ཅིང་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་སྒྲར་བརྗོད་པའོ། །ཡང་དག་པའི་མཐའ་ནི་དོན་དམ་པ་མི་གཉིས་པའི་ཆོས་ཉིད་དོ། །མྱ་
ངན་ལས་འདས་པ་ནི་ཉོན་མོངས་པ་དང་། རྣམ་པར་རྟོག་པའི་སྣང་བ་མ་ལུས་པར་སྤངས་པའི་ཕྱིར་རོ། །མ་སྐྱེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། ཆོས་ཐམས་ཅད་ལ་བྱེད་པ་མེད་པའི་ཕྱིར་འབྲེལ་པ་མེད་པའོ་ཞེས་པ་དང་མ་ཞིག་པ་ལས་འབྲས་བུ་སྐྱེད་པར་མི་བྱེད་པ་སྟེ། ཇི་
ལྟར་སློབ་དཔོན་ཀླུ་བོས་བསྟོད་པ་ལས། བྱེད་པ་དགག་པར་སྨྲས་པ་ཡིས། །ཞིག་དང་རྣམ་པར་མ་ཞིག་པའི། །ས་བོན་ལས་ནི་མྱུག་འབྱུང་མེད། །ཅེས་བྱ་བ་ལ་སོགས་པ་སྟེ། མ་ཞིག་པ་འབའ་ཞིག་གི་འོག་ཏུ་འབྲས་བུ་འབྱུང་སྟེ་འདི་ཡོད་ན་འདི་ཞེས་བྱ་བར་རོ། །གང་
གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་གཉིས་པོ་མེད་དོ། །གཅིག་པོ་ཉིད་ནི་བྱེད་པ་དང་། བྱེད་པ་པོ་གང་དང་ཡང་འབྲེལ་པ་མེད་དོ། །གང་ཟག་ལ་བདག་མེད་པའི་སྐད་ཅིག་པ་གཅིག་ལ་སྐྱེ་བ་དང་། གནས་པ་དང་། འགོག་པའི་ཆོས་གུད་ན་མེད་དོ། །ཆོས་ལ་
བདག་མེད་པ་ལ་ཡང་གཉིས་ཀྱི་རྣམ་པ་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པ་སྣང་བ་བཞིན་པས་མ་སྐྱེས་པའོ། །དེ་ལྟར་སྟོང་པ་དང་མ་སྐྱེས་པའི་ཆོས་རྣམས་ལ་ཤེས་རབ་ཀྱིས་དཔྱད་དེ་ནང་དང་ཕྱི་རོལ་གྱི་སྦོམ་པོ་དང་། ཕྲ་མོའི་མཚན་མ་རྣམ་པར་ཕྱེ་བ་
ན་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་ཀུན་མི་མཐོང་བའི་ཚེ་ན་མི་གཉིས་པའི་སེམས་མཚན་མ་མེད་པའི་བདག་ཉིད་ཀྱིས་གནས་པར་འགྱུར་རོ། །སྨོན་པ་མེད་པ་ནི་དེའི་ཚེ་སེམས་ཀྱིས་མི་སྨོན་པའི་ཕྱིར་རོ། །སྣང་བ་མེད་པ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་ཅིང་ཀུན་
ནས་ཉོན་མོངས་པའི་དྲི་མ་ཀུན་དང་རྣམ་པར་བྲལ་བ་གསེར་ལྟ་བུ་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་སྒྲར་བརྗོད་པ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོར་ཐམས་ཅད་མཁྱེན་པ་

རྣམས་ཀྱིས་གཟུད་པའི་ཕྱིར་ཞེས་པ་ལ་ལན་དུ་མ་བཤད་པ་ཡིན་ནོ། །ཆོས་ལ་བདག་མེད་པའི་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ། བདག་
མེད་པར་བསྟན་པར་ཡང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ་ཞེས་བྱ་བའི་བསྡུས་པའི་དོན་ནི་རྫ་མཁན་གྱི་འཇིམ་པའི་གོང་བུ་ལ་ཡོ་བྱད་དུ་མའི་མིང་དུ་འདོགས་པ་བཞིན་དུ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་
སྙིང་པོ་རྣམ་གྲངས་དུ་མས་སྟོན་ཏོ། །སྩོགས་པའི་སྒྲ་ནི་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་ལ་སོགས་པའི་ཚིག་རྣམས་ཉེ་བར་བརྟག་པར་བྱའོ། །རང་བཞིན་གྱིས་འོད་གསལ་བ་ཡང་འཁོར་བ་ནི་དྲི་མ་དང་བཅས་པའི་ཆུད་པའོ། །མྱ་ངན་ལས་
འདས་པའི་དུས་ན་གསེར་གྱི་འབྱུང་ཁུངས་སུ་གསེར་གྱི་ཁམས་བཙོ་བ་ལ་སོགས་པའི་ཆོ་གས་དྲི་མ་མེད་པར་འགྱུར་བ་བཞིན་དུ་དེ་ཉིད་མ་རིག་པས་གློངས་པའི་ཉེས་པ་དྲི་མ་ཐམས་ཅད་ཤེས་རབ་ཀྱི་ཚུལ་གྱིས་སྤངས་ཏེ། རྣམ་པར་དག་པའི་སངས་རྒྱས་ཉིད་འཐོབ་པར་འགྱུར་བ་དེ་
སྤྱིར་བདག་དང་ཚངས་པ་དང་། དབང་པོ་ལ་སོགས་པར་སྨྲ་བ་དང་ཁྱད་པར་དུ་བདག་རྟག་པ་དང་། ཁྱད་པར་ལ་སོགས་པར་བརྟག་པར་མི་བྱའོ། །ཆུད་པའི་རྒྱུད་དེ་ཉིད་ལ་སེམས་ཅན་གཟུད་པའི་ཕྱིར་རྟག་པ་དང་། བདག་དང་བྱེད་པ་པོར་སྨྲ་བ་མངོན་པར་ཞེན་པ་
རྣམས་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་ཆོས་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པར་བྱ་བ་དང་། འཁོར་བའི་སྡུག་བསྔལ་ཟད་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བ་དང་། བདག་
དང་གཞན་ལ་ཕན་པར་བྱ་བ་དང་། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བ་དང་། བསོད་ནམས་དང་ཡེ་ཤེས་མངོན་པར་སྤེལ་བར་བྱ་བའི་ཕྱིར་ཤེས་རབ་དང་ཐབས་ལ་མཁས་པར་བསྟན་ཏོ། །རྣམ་པར་ཤེས་པ་མ་གཏོགས་པར་ཚིག་གི་དོན་གཞན་མེད་དོ་ཞེས་

ཐམས་ཅད་མཁྱེན་པས་སྟོན་པར་མཛད་པ། གང་ཟག་རྒྱུན་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དཔའ་བ་བྱེད་པ་པོར། །སེམས་ཙམ་པོ་ལ་རྣམ་པར་བརྟགས། །ཞེས་པ་སྟེ། གང་ཟག་ནི་སྐྱེས་བུ་དང་རིག་པ་པོ་ལ་སོགས་པར་
སེམས་ཉིད་ལ་མིང་ཐ་དད་པར་འདོགས་སོ། །ཆུད་པའི་རྒྱུན་མ་གཏོགས་པར་ཡང་རྟག་པ་དང་། བདག་དང་། དབང་པོ་དང་། ཕྱི་རོལ་གྱི་དམིགས་སུ་མེད་པའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་དུ་ཡང་དག་པར་ཚོར་བར་འབྱེད་པས་དབྱེ་བ་ན་རྟག་པ་པོར་མི་རིགས་ཏེ། ཤིང་
དང་ཐལ་བ་ལ་སོགས་པ་བཞིན་དུ་རང་བཞིན་གཞན་འབྱུང་བའི་ཕྱིར་རོ། །བློ་ཡང་སྐད་ཅིག་པ་གཞན་དུ་མི་གནས་ཏེ་གྲངས་ཅན་འདོད་པ་ལྟར་རྒྱུན་གྱི་ཡུལ་ལ་གཅིག་པར་ལྷག་པར་ཆགས་པར་མི་རིགས་ཏེ། སྔོན་པོ་དང་སེར་པོ་ལ་སོགས་པ་བཞིན་དུ་བློ་རྣམས་ཐ་དད་པའི་ཕྱིར་འཇིག་རྟེན་བྱུང་
ནས་འཇིག་པའི་མཐར་ཐུག་གི་བར་དུ་བློ་གཅིག་གོ་ཞེས་གྲངས་ཅན་སྨྲ་བ་དང་། སྐྱེས་བུ་ཡང་གྲང་བ་དང་དྲོ་བ་ལ་སོགས་པ་བཞིན་པས་ན་གཅིག་པར་མི་རུང་བ་སྟེ་ཚོར་བ་ཐ་དད་པའི་ཕྱིར་རོ། །ཕྱིའི་དོན་ཡང་རྣམ་པར་ཤེས་པ་མ་གཏོགས་པར་དངོས་པོ་ཡོད་པ་མ་ཡིན་ཏེ། རྨི་ལམ་
དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པའི་སྣང་བ་བཞིན་ནོ། །ཕུང་པོ་རྣམས་ཀྱི་སྦོམ་པོ་དང་། ཕྲ་མོ་རང་བཞིན་རྣམ་པར་གཞིགས་པ་ན་ཁང་པ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ། །གཟུང་བ་དང་འཛིན་པ་དག་ཀྱང་དུ་མར་མི་རིགས་པ་དང་།
ཤེས་པ་ཡང་རྣམ་པ་གཅིག་པར་མི་རུང་སྟེ། སྣ་ཚོགས་པ་གཅིག་པར་ཡང་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་བསླད་པའི་མཐུས་རྣམ་པ་སྣ་ཚོགས་རྣམས་ཀྱི་དབང་པོ་སོ་སོར་སྣང་སྟེ། ཤེས་རབ་ཀྱིས་དབེན་པར་ཡོངས་སུ་ཤེས་པ་ན་དྲི་མ་མེད་པ་མི་གཉིས་པར་འགྱུར་རོ། །རྐྱེན་
རྣམས་ནི་གཉིས་ཀྱི་རྣམ་པའི་ཤེས་པ་ལ་རྒྱུ་དང་། དམིགས་པ་དང་། དེ་མ་ཐག་པ་དང་། དབང་གི་རྐྱེན་དུ་ཀུན་བརྟགས་པའོ། །ཕྱི་རོལ་གྱི་དོན་མེད་པའི་ཕྱིར་གཟུང་བ་དང་འཛིན་པ་དག་ཀྱང་མེད་དེ་ཅིས་ན་རྒྱུ་དང་འབྲས་བུའི་དངོས་པོར་འཛིན་པར་འགྱུར། བསམ་པ་མེད་ཅིང་སྣང་

བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ནི་བདག་ལ་ཡང་རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་མི་འཛིན་ན་ཐ་དད་པར་ལྟ་ཅི་སྨོས། འདས་པ་དང་མ་འོངས་པ་ནི་མེད་ལ། མི་སྣང་ན་ཇི་ལྟར་ན་རྣམ་པར་རྟོག་པར་འགྱུར། སྔ་མའི་འོག་ཏུ་འདི་
ཡོད་པས་འདི་ཡོད་པར་འགྱུར་བ་འབའ་ཞིག་གོ་ཞེས་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པའི་རྣལ་འབྱོར་གྱི་དབང་པོ་རྣམས་སྟོན་ཏེ། དེར་ཡང་གང་གི་ཚེ་ན་སྐད་ཅིག་མ་སྔ་མ་ཡོད་པ་དེའི་ཚེ་ན་སྐད་ཅིག་མ་ཕྱི་མ་མེད་དེ་འབྲེལ་པ་མེད་པས་ན་སུའི་རྒྱུ་ཡིན་ཇི་ལྟར་བྱེད་པ་དབུ་མ་ལས་
བཀག་པ། ཡོད་དང་མེད་པའི་དོན་ལ་ནི། །རྐྱེན་རྣམས་ཡོད་པར་མི་རུང་སྟེ། །མེད་ན་རྐྱེན་ནི་སུ་ཡི་ཡིན། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་པ་སྟེ། དེའི་འོག་ཙམ་གྱི་འདི་ཡོད་ན་འདི་ཡོད་ཅེས་བྱ་བ་འབའ་ཞིག་སྟེ། གཞན་གྱི་ཁྱད་པར་མེད་ཀྱང་རྐྱེན་འགའ་ཞིག་ལས་རང་
བཞིན་ངེས་པའོ། །ཕྱི་རོལ་དང་ནང་གི་འཛིན་པ་དང་། གཟུང་བ་མེད་པས་ན་ཕྱི་རོལ་གྱི་དོན་མེད་དེ་ཇི་ལྟར་འདི་ཉིད་དུ་བསྒྲུབ་པར་མཛད་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པའོ། །དེས་ན་ཚོན་གྱིས་བཙོས་པ་དང་། མ་བཙོས་
པ་དང་། སྒུལ་བ་དང་། མ་སྒུལ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་ལ་སོགས་པས་དབྱེ་བ་ན་ཡན་ལག་གི་རྫས་མེད་པར་མ་ཟད་ཀྱི་རྡུལ་ཕྲ་མོ་ཡང་མེད་དོ། །གང་དག་ཡང་ཕྱོགས་ཐ་དད་པར་ཕྱེ་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་
བཞིན་དུ་སྟོང་པ་ཉིད་དོ། །བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུག་གི་བདག་ཉིད་དུ་གཙོ་བོ་ལ་ཡོན་ཏན་གསུམ་དུ་སུ་དག་ཀུན་ཏུ་རྟོག་པ་དེ་ལ་ཡང་དག་པར་རིག་པའི་རང་བཞིན་བར་ཡོངས་སུ་བསལ་བ་ཉིད་དོ། །བདེ་བ་དང་སྡུག་བསྔལ་ལ་སོགས་པའི་སིམ་པ་དང་
ཡོངས་སུ་གདུང་བ་ལ་སོགས་པའི་རང་བཞིན་པས་ན་བར་ཏི་ཀ་ལ་རྩོད་པ་རྒྱ་ཆེར་ཏེ། དེས་ན་ཁམས་གསུམ་པ་སེམས་ཙམ་མོ། །དབང་པོ་ཡང་ཆུད་པའི་རང་བཞིན་ཉིད་དེ། བྱེད་པ་པོ་དང་། ལས་དང་། བྱེད་པ་ལ་སོགས་པ་ཡོངས་སུ་ཤེས་པའི་ཁྱད་པར་ནི་ཆུད་པའི་

བདག་ཉིད་ཀྱི་ཡིན་ནོ། །དབང་པོ་ཡང་ཡུལ་གྱི་རྣམ་པ་སྣ་ཚོགས་སུ་ཡང་དག་པར་རིག་པར་འབྱེད་པས་ཕྱེ་བ་ན་ཇི་ལྟར་ན་རྟག་པ་ཡིན། ཤིང་དང་ཐལ་བ་ལ་སོགས་པ་བཞིན་དུ་རིམ་གྱི་ཁྱད་པར་གྱི་ཕྱིར་རོ། །གལ་ཏེ་འདོད་ཆགས་དང་བྲལ་བ་ཞིག་ན་ནི་གཞན་ལ་གནོད་
པ་ཇི་ལྟར་བྱེད་བར་འགྱུར། འོན་ཏེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་ནི་བདག་ཉིད་ནོར་བའི་ཤེས་པས་གཏི་མུག་གིས་རྙོག་སྟེ། བདག་ཉིད་ལ་ཕན་པར་མི་ནུས་ན་གཞན་ལ་ཕན་པར་ཅིས་ན་བྱེད་པར་འགྱུར། གང་ཡང་དབྱིབས་ཀྱི་ཁྱད་པར་ཡོད་པ་ཐམས་ཅད་ཇི་ལྟ་བ་བཞིན་གྱི་དབྱིབས་
བྱེད་པ་པོས་སྔར་བྱས་པའི་རྣམ་པ་ཇི་ལྟ་བུར་བཟུང་བ་དེ་ལྟ་བུར་གླིང་གི་བར་གྱི་སྒང་དང་། འབྲོག་དང་ཤིང་ལ་སོགས་པ་དེ་དག་ཐམས་ཅད་ནི་བློ་ཅན་གྱི་སྐྱེས་བུས་སྔར་བྱས་པར་མི་བཟུང་སྟེ། དེའི་ཕྱིར་རྣམ་པ་དེ་ལྟ་བུའི་འབྲས་བུ་ལས་རྣམ་པ་དེ་ལྟ་བུའི་རྒྱུ་ལ་རྗེས་སུ་དཔག་པའོ། །ལྷ་ཁང་
ལ་སོགས་པའི་འབྲས་བུ་ལས་ཐིག་བཏབ་པ་ལ་སོགས་པ་རྗེས་སུ་དཔག་པ་བཞིན་པ་འབྲེལ་པ་བཟུང་ནས་རྣམ་པ་དེ་ལྟ་བུ་ལ་ནི་ཆུད་པར་བྱ་བ་དང་། ཆུད་པར་བྱེད་པའི་དངོས་པོར་རུང་ངོ་། །དེ་ལ་ཅི་ཙམ་ཁྱད་པར་མེད་པ་ཉིད་ལས་ཁྱད་པར་དུ་རྗེས་སུ་དཔག་པར་བྱ་བ་ནི་གནམ་འཕང་དུ་བཀར་
བ་ལ་སོགས་པ་ཙམ་གྱིས་ཚུབ་མ་དང་ན་བུན་ལ་སོགས་པར་གཏོགས་པའི་ཆོས་འདྲ་བ་ཙམ་གྱིས་མེར་རྗེས་སུ་དཔག་པ་ལྟ་བུ་ནི་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་ལུས་དང་། བྱེད་པ་དང་། གནས་ཀྱི་གཞི་བློ་ཅན་ཁྱད་པར་གྱི་སྐྱེས་བུས་སྔར་བྱས་པར་མི་འཛིན་པས་ན་ཇི་ལྟར་ན་དེ་ལས་དབང་
པོར་རྗེས་སུ་དཔག་ཏུ་རུང་། མི་གཉིས་པའི་ཕྱོགས་ཀྱི་དབང་པོ་ཡང་རྟག་པ་དང་། གཅིག་པ་དང་ཁྱབ་པའི་དངོས་པོས་དངོས་པོ་ཐམས་ཅད་དེའི་རང་བཞིན་པ་ཡིན་ཏེ། ཞི་བ་པ་སྨྲ་བ་ལྟ་བུར་དབང་པོའི་རང་བཞིན་པའི་དངོས་པོ་རྣ