Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 121

Văn bản gốc(Tây Tạng)

Trang 6 / 17 (50.000 ký tự/trang)
་དུ་གཟུགས་ཐ་མི་དད་པ་དང་། རྨི་ལམ་གྱི་ཆུད་པ་རང་བཞིན་གྱི་གཟུགས་ཐ་མི་དད་པར་སྣང་བ་དེ་བཞིན་དུ་ཅིག་ཅར་སྣང་བ་
ཡིན་ཏེ་ལྷན་ཅིག་ཏུ་སྣང་བར་ངེས་པ་ན་སེམས་རང་གིས་གཟུང་བ་དང་ཐ་མི་དད་པ་ནི་ཐམས་ཅད་མཁྱེན་པའི་ཚད་མའོ། །ཡུལ་དང་རྣམ་པར་མི་ལྡན་པས། །ཞེས་བྱ་བ་ལ་སོགས་པ་ནི་འགྱུར་བ་རྣམ་པ་སྣ་ཚོགས་ལས་ཡུལ་རྣམ་པ་སྣ་ཚོགས་འབྱུང་ངོ་། །རྨི་ལམ་ལ་སོགས་པ་དང་ཁུར་སྐམ་རིང་པོ་
བཞིན་དུ་རིམ་དང་ཅིག་ཅར་རོ། །ལྔ་པོ་རྣམས་ལ་སྣང་བར་མངོན། །ཞེས་པ་ནི་ཅིག་ཅར་རོ། །མཉམ་པར་གཞག་པ་ནི་གཡེལ་བར་གནས་པའི་ཡིད་བཞིན་ཏེ། དེ་ལ་མཉམ་པ་ཅིག་ཅར་དུ་གྱུར་ཏེ། ལྔ་པོ་རྣམས་ཀྱིས་མྱོང་བའི་རིམ་པ་མེད་པ་ནི་ལྟད་མོ་ལྟ་བ་བཞིན་ནོ། །མཚན་འགྱེད་པ་
བཞིན་དུ་སེམས་ཅན་མགུ་བར་མཛད་པའི་སླད་དུ་ཆོས་རྣམ་པ་སྣ་ཚོགས་ཅིའི་སླད་དུ་གསུངས། ཚོན་ལ་རི་མོ་ཡོད་པ་མིན། །ཞེས་ཏེ། རྒྱུ་ལ་འབྲས་བུ་ཡོད་པ་མ་ཡིན་ཏེ། དེའི་འབྲས་བུ་མི་དམིགས་པའི་ཕྱིར་རོ། །དེས་ནི་གྲངས་ཅན་གྱིས་ཡོད་པ་ལས་འབྲས་བུ་འབྱུང་བ་བཀག་པའོ། །
ཡང་དག་ལ་ནི་ཡི་གེ་མེད། །ཅེས་བྱ་བ་ནི་བརྗོད་དུ་མེད་ཅིང་མི་གཉིས་པ་ཡང་དག་པར་རིག་པའོ། །བཤད་པ་དག་ནི་འཁྲུལ་པའོ། །ཞེས་པ་ནི་གཟུགས་ཀྱི་ཕུང་པོ་མེད་པས་ན་སྒྲ་ཡང་མེད་པའི་ཕྱིར་རོ། །སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གཞན་གྱི་དབང་གི་རྣམ་པ་སྣ་ཚོགས་ཀྱི་ཆོས་ལ་གནས་ཏེ།
སྤྱིའི་མཚན་དུ་ཡང་དག་པར་སྟོན་ཏོ། །ཅིའི་སླད་དུ་རྣལ་འབྱོར་པ་རྣམས་ལ་སྤྱིའི་མཚན་ཉིད་དུ་སྟོན་ཞེས་དེ་སྐད་དུ་དོགས་པ་གསུངས་པ། སོ་སོ་རང་རིག་གང་དག་ནི། །ཞེས་བྱ་བ་ལ་སོགས་པའོ། །རྒྱལ་བའི་སྲས་ལ་འདི་སྐད་བསྟན་གྱི་ཞེས་བྱ་བ་ལ་སོགས་པ་ནི་རྒྱལ་བའི་སྲས་རྣམས་ལ་
གཉིས་སུ་མེད་པའི་སྤྱིའི་རྣམ་པར་སྟོན་ཏོ། །བྱིས་པ་རྣམས་ལ་ནི་ཕུང་པོ་ལ་སོགས་པ་གཉིས་ཀྱི་རྣམ་པར་སྤྱིར་སྒྲོ་བཏགས་ཏེ་སྟོན་ཏོ། །གཞན་གྱི་དབང་ལ་གཟུགས་ལ་སོགས་པའི་ཕུང་པོ་མེད་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་སྟོན་ཏོ། །སེམས་ཙམ་ཉིད་སྣང་བའི་ཆོས་རྣམས་ཀྱིས་

ཕྱིའི་དོན་དུ་མོས་པ་མགུ་བར་བྱ་བའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོར་སྟོན་ཏོ། །ཟབ་མོའི་ཆོས་ལ་མོས་པའི་ཕྱིར་རྣམས་ལ་མོས་པའི་མི་གཉིས་པ་སྟེ། སྨན་པས་རྣམ་པ་དུ་མའི་ཐབས་ཀྱི་སྨན་བཏང་བ་བཞིན་ནོ། །རྟོག་པ་ཅན་ནི་རྟག་པ་དང་། བདག་ལ་སོགས་པར་
སྨྲ་བ་དང་། འཕགས་པ་ཉན་ཐོས་རྣམས་ཕྱིའི་དོན་དུ་སྨྲ་བ་རྣམས་ཀྱི་གནས་འཕོས་པའི་ཀུན་གཞི་རྣམ་པར་ཤེས་པ་མི་གཉིས་པ་ནི་ཡུལ་མ་ཡིན་ནོ། །རང་གི་སེམས་སྣང་བ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རང་གི་སེམས་ལ་སྣང་བས་མཛེས་པ་ལ་སོགས་པའི་རྣམ་པར་རྟོག་པའི་
མཚན་ཉིད་ནི་མི་གནས་པར་རིག་པར་བྱའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །དེར་སྤྱོད་པའི་བདག་ཉིད་ནི་ཤེས་རབ་པོ། །འདི་ནི་འདི་ཁོ་ན་ཉིད་དོ་ཞེས་གདོན་མི་ཟ་བའི་མཚན་ཉིད་ནི་ཡེ་ཤེས་སོ། །དེ་ལ་གནས་ཏེ་ཤེས་པར་བྱ་བ་སྦོམ་པོ་དང་
ཕྲ་མོ་གང་གི་ཚེ་གང་དུ་མི་དམིགས་པ་དེའི་ཚེ་སྣང་བ་མེད་པའི་ཏིང་ངེ་འཛིན་རྟོགས་པར་འགྱུར་བ་དེ་ལྟ་བུར་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་ལ་བརྩོན་པར་བྱའོ། །སྔོན་གྱི་སངས་རྒྱས་ཀྱི་སྨོན་ལམ་དང་། བདག་གི་སྨོན་ལམ་མཐུན་པར་གདབ་པར་བྱ་བ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་བཞིན་
དུའོ། །ཇི་ལྟར་མི་གཡོ་བའི་ས་སྣང་བ་མེད་པ་ལས་ལངས་ཏེ་སྨོན་ལམ་རྣམས་ཀྱིས་གཞན་གྱི་དོན་མཛད་པའོ། །སོ་སོ་རང་གིས་རིག་པ་དེ་ཡང་མི་གཉིས་པ་དང་རྣམ་པ་གཉིས་སུ་མེད་པ་གཞན་གྱི་དབང་གི་རང་བཞིན་ཏིང་ངེ་འཛིན་ལས་སྐྱེས་པ་ཡང་ཤེས་སོ། །བོང་བུ་འཐེང་པོ་ལྟ་བུ་ནི་
སྔོན་གྱི་ཤིན་ཏུ་ཕྲ་མོར་རྒྱུ་བ་སྤངས་ཏེ་མི་གཡོ་བར་གྱུར་པའོ། །དེ་ལ་སྣང་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་ཐར་པ་གསུམ་ཐོབ་པའི་ཉན་ཐོས་རྣམས་དང་། མུ་སྟེགས་ཅན་ཐམས་ཅད་ལའང་སྣང་བ་མེད་པའི་བསམ་གཏན་ཡོད་དོ། །དེ་ལ་རིག་འཛིན་པའི་མཐའ་སྨྲ་བ་དང་།
ཞི་བ་དང་། མཐུ་བོ་ཆེར་སྨྲ་བ་མི་གཉིས་པར་སྨྲ་བ་རྣམས་ལ་སྣང་བ་མེད་པའི་མཚན་ཉིད་ཅན་མི་གཉིས་པའི་བསམ་གཏན་ཡོད་དོ། །དེ་བས་ན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་གཙུག་ལག་མང་དུ་ཐོས་ནས་ཡོངས་སུ་འདྲིས་པ་ལས་འབྱུང་ངོ་། །སྔོན་གྱི་སངས་རྒྱས་ཀྱི་

སྨོན་ལམ་རྣམས་ལ་རང་གི་སྨོན་ལམ་དུ་བྱིན་གྱིས་བརླབས་པ་ལས་འབྱུང་ངོ་། །སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་སྔར་སྨོས་པ་བཞིན་དུ་བཤད་པའོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ནི་གང་གི་ཚེ་ན་གཞན་གྱི་དབང་ལ་སྒྱུ་མ་ལྟ་བུར་ཤེས་པ་
དེའི་ཚེ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པར་མི་འགྱུར་རོ། །སྒྱུ་མ་ལྟ་བུའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་རྒྱུ་རྣམས་ཀྱིས་ས་བཅུ་སྟེ། སྦྱིན་པ་ལ་སོགས་པའི་ཚོགས་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ས་ཁོང་དུ་ཆུད་པའི་རྟོགས་པ་རྒྱུ་བ་ལ་སོགས་པ་འབྱུང་སྟེ། སྣང་བ་མེད་པའི་ཏིང་ངེ་འཛིན་
ལ་སའི་རིམ་པ་མེད་པ་ནི་ཇི་ལྟར་འདིར་གསུངས་པ། །སྣང་བ་མེད་ལ་རིམ་ཅི་ཡོད། །ཅེས་སོ། །ཚིག་བརྒྱ་རྩ་བརྒྱད་རབ་ཏུ་ཕྱེ་བའི་གནས་ཞེས་བྱ་བ་ནི་བརྟག་པ་དང་། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་རབ་ཏུ་མངོན་པའི་རང་བཞིན་ཏེ། ཀུན་
རྫོབ་དང་དོན་དམ་པའི་བདེན་པའི་གཞིའོ། །དེ་ལ་འཕགས་པའི་ཡེ་ཤེས་ཀྱི་དབང་པོའི་རང་བཞིན་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་བྱེད་པས་ཕྱེ་བའོ། །ཚིག་བརྒྱ་རྩ་བརྒྱད་ལ་སོགས་པར་ཀུན་ཏུ་བརྟགས་པ་སྒྲ་དང་དོན་གྱི་ཐ་སྙད་ནི་གཞན་གྱི་དབང་སྣང་བ་ལ་འཇུག་
པ་རྣམ་པ་སྣ་ཚོགས་སུ་འབྱེད་པར་དྲིས་པ་དེ་ལ་གྲུབ་པ་གཉིས་སུ་མེད་པའི་འཕགས་པའི་ཡེ་ཤེས་སུ་ལན་གླན་ནོ། །གང་ལ་གནས་ཤིང་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་ལ་སོགས་པ་མཚན་ཉིད་གསུམ་ལ་ནི་རང་གི་མཚན་ཉིད་ནི་སྲ་བ་དང་། གཤེར་བ་དང་། དྲོ་བ་
ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པའོ། །ཡོངས་སུ་བརྟགས་པར་རྟོགས་པར་རབ་ཏུ་ཕྱེ་བ་དེ་ཉིད་དུ་མུ་སྟེགས་ཅན་རྣམས་ཀྱི་རྟག་པ་དང་བདག་ལ་སོགས་པ་རྣམ་པར་འཕྲོ་བའི་རྣམ་པར་རྟོག་པ་དེ་གཞག་གོ། །བྱེ་བྲག་ཤིན་ཏུ་རྟོགས་པ་གང་གིས་ཞེས་བྱ་བ་ནི་མཚན་
ཉིད་རྣམ་པ་གསུམ་གྱིས་ཆོས་ལ་བདག་མེད་པ་རབ་ཏུ་རྒྱུ་བ་ཤིན་ཏུ་སྦྱངས་ཏེ། ཤེས་རབ་ཀྱིས་དཔྱད་དེ་བདག་མེད་པ་ཉིད་ཁོང་དུ་ཆུད་པས་མཁས་པར་འགྱུར་རོ། །འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱི་བདག་གི་དོན་གྱི་བསམ་གཏན་གྱི་བདེ་བ་ལས་འདས་ཏེ་གཞན་གྱི་དོན་དུ་དོན་དམ་

པ་སངས་རྒྱས་ཀྱི་སར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གང་ཡེ་ཤེས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཅན་ཤེས་རབ་ཀྱིས་དཔྱད་པར་བསམ་དུ་མེད་དོ། །ཆོས་ལྔ་དང་རང་བཞིན་རྟོགས་པ་ལས་རྣམ་པར་ལོག་པ་ནི་གཉིས་སུ་མེད་པ་མཚན་མ་མེད་ཅིང་ཀུན་ཏུ་བརྟགས་པ་དང་།
གཞན་གྱི་དབང་གིས་རྣམ་པར་འབྱེད་པ་དང་བྲལ་ཞེས་བྱ་བའི་བར་དུའོ། །སྒྱུ་མའི་སྤྱོད་ཡུལ་ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་རྫོགས་ལོངས་སྤྱོད་པའི་སྐུ་དང་། སྤྲུལ་པའི་སྐུ་མཛེས་པ་སོ་སོར་ཐོབ་པོ། །བློ་གྲོས་ཆེན་པོ་འདི་ལ་མུ་སྟེགས་ཀྱི་ལྟ་བ་ཅན་མུ་སྟེགས་
ཅན་ལ་ལ་མེད་པ་ལ་མངོན་པར་ཞེན་པ་དག་ཅིང་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཞི་བ་པ་རྣམས་སྨྲས་པ། དངོས་པོ་མེད་པས་ཐར་པར་སྨྲས། །དངོས་པོར་རྟོག་ལས་འཆིང་བ་སྟེ། །དེ་བས་དངོས་པོ་ཡོངས་སྤངས་ནས། །སྟོང་པའི་དངོས་པོར་འཇུག་པར་གྱིས། །སྟེང་སྟོང་འོག་ཀྱང་སྟོང་པ་དང་། །
དབུས་སུ་གནས་མེད་སྟོང་པས་ན། །དངོས་མེད་གཏོགས་པ་ཀུན་སྟོང་པ། །དེ་ནི་ཏིང་འཛིན་སྤྱོད་ཡུལ་ལོ། །བདག་སྟོང་དང་ནི་ཡིད་སྟོང་དང་། །ཕྱི་སྟོང་རྣལ་འབྱོར་རིག་པ་སྟེ། །སྟོང་སུས་སུ་ཡིས་མངོན་ཤེས་པ། །ངེས་པར་དེ་ནི་གྲོལ་བར་འགྱུར། །བརྟགས་པ་དང་གཞན་གྱི་
དབང་དང་། ཡོངས་སུ་གྲུབ་པའི་རང་བཞིན་མངོན་པར་མི་ཤེས་པས་གཞན་གྱི་དབང་ལྟར་ཡོངས་སུ་གྲུབ་པ་ལ་རྟོག་གོ། །རྣམ་པར་རྟོག་པའི་བློའི་རྒྱུ་ནི་སྒྲ་དང་དོན་ཡིན་ཏེ། དེ་ཟད་པའི་རང་བཞིན་ཞེས་བྱ་བའི་བར་དུའོ། །གང་ཤེས་པའི་ཡུལ་ཡིན་པ་དེ་ཐམས་ཅད་མེད་དོ་ཞེས་པར་
དགོངས་པའི་དོན་དུ་མངོན་ནོ། །འདི་སྐད་ཅེས་སྨྲས་པ་ཡིན་ཏེ། ཤེས་པ་དང་ཤེས་པར་བྱ་བའི་མཚན་ཉིད་ཀྱི་ཆོས་རི་བོང་གི་རྭ་ལྟར་མེད་ཀྱང་རྨི་ལམ་དང་། མིག་འཕྲུལ་བཞིན་འགྲོ་བར་སྣང་ངོ་ཞེས་སོ། །གཞན་ཡང་འབྱུང་བ་ལ་སོགས་པ་ནི་གང་ཁྱད་པར་ཅན་ལ་སོགས་པས་རྟོག་པར་
བྱེད་པའོ། །འབྱུང་བ་ནི་ས་ལ་སོགས་པའོ། །ཡོན་ཏན་ནི་གཟུགས་ལ་སོགས་པའོ། །རྡུལ་ནི་ཤིན་ཏུ་ཕྲ་བའོ། །དེ་དང་སྦྱོར་བའི་ཡོན་ཏན་ལས་སྐྱེས་པའི་རྡུལ་གཉིས་ནི་རྡུལ་ལོ། །དེ་བཞིན་དུ་རྡུལ་གཉིས་པ་དང་། གསུམ་པ་ལ་སོགས་པ་རིམ་གྱིས་སྦོམ་པོ་ཡན་ལག་གི་རྫས་གྲུ་

གསུམ་དང་། གྲུ་བཞི་དང་། ཟླུམ་པོ་ལ་སོགས་པའི་དབྱིབས་སུ་གནས་པར་རྟོག་པར་བྱེད་དོ། །དེ་ཡང་རྫས་ཁོ་ན་ལ་སོགས་པར་སྤྱིར་ཡང་རྟོག་གོ། །རི་བོང་གི་རྭ་མེད་པ་དང་། སྦོམ་པོའི་ཕྱིའི་རྫས་བ་གླང་གི་རྭ་ཡོད་དོ་སྙམ་དུ་རྟོག་པ་བློ་གྲོས་ཆེན་པོ་དེ་དག་ཡོད་པ་དང་མེད་པའི་མཐའ་གཉིས་ཀྱི་
ལྟ་བར་ལྷུང་ཞིང་རང་གི་སེམས་ཀྱི་ཁམས་ཀྱི་ཡུལ་དུ་རྣམ་པར་རྟོག་པ་གང་ཡོད་པ་དེས་དངོས་པོ་དང་དངོས་པོ་མེད་པའི་ཐ་སྙད་རྣམས་བརྟས་པར་བྱེད་དེ་འཕེལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ལུས་ལ་སོགས་པ་ནི་སེམས་ཙམ་ལ་རྣམ་པར་རྟོག་པ་ཡོད་པས་ཕྱི་རོལ་གྱི་སྒྲོ་བཏགས་ཏེ་ལྡོག་པ་ལས་རི་བོང་གི་རྭ་
མེད་དོ་ཞེས་རྟོག་པར་འགྱུར་རོ། །གང་དག་ཡང་མེད་པ་ནི་ཡོད་པ་ལས་རྣམ་པར་ལོག་པའི་དངོས་པོ་རྣམས་རྟོག་པ་དེ་དག་གིས་རྟོག་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཕན་ཚུན་ལྟོས་པའི་རྒྱུའི་ཕྱིར་རོ། །ཡོད་པ་ལྡོག་པས་མེད་པ་སྟེ། །མེད་པ་ལྡོག་པས་ཡོད་པ་སྟེ། །རང་དབང་དུ་དོན་དམ་པར་
ཡོད་པ་དང་མེད་པ་གཉི་གར་ཡང་མི་འགྲུབ་པོ། །གང་གི་ཕྱིར་དེ་ལྟར་ཡོད་པ་དང་མེད་པ་ཡིན་པས་ན་རྟོག་པར་མི་བྱ་སྟེ། དངོས་པོ་དང་དངོས་པོ་མེད་པར་རྟོག་པར་མི་བྱ་བ་ནི་དབུ་མའི་ཏིང་ངེ་འཛིན་ཏོ། །དེ་དེ་ལྟར་ཕྱིའི་དངོས་པོ་ཡོད་པར་བཏགས་པ་དེ་ཇི་ལྟར་མེད་པར་འགྱུར་བ་རིགས་པར་ཞེན་པ་
གཞན་གྱིས་བསྒྲུབ་པར་གསུངས་པ་རྡུལ་ཕྲ་རབ་ཀྱི་བར་དུ་བརྟགས་ན་ཞེས་བྱ་བ་ལ་སོགས་པ་སྟེ། སྦོམ་པོ་ཡན་ལག་ཅན་གྱི་རྫས་ལས་བརྩམས་ཏེ་རྡུལ་ཕྲ་མོའི་གཟུགས་ཀྱི་བར་དུ་སྦོམ་པ་དང་། ཕྲ་བ་དེ་ཐམས་ཅད་ཕྱོགས་ཀྱི་ཆར་དབྱེ་བས་ཕྱེ་བ་ན་སྟོང་ཞིང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་
རྣམ་པར་ལོག་པ་ཡིན་ཏེ། དེ་བས་ན་བ་གླང་གི་རྭ་ཡོད་དོ་ཞེས་བརྟག་པར་མི་བྱའོ། །དངོས་པོ་མི་དམིགས་ཏེ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྒྱུའོ། །རྣམ་པར་རྟོག་པ་མི་འབྱུང་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ནི། གང་ཕྱིར་སྒྲ་ནི་བརྗོད་པ་ལས། །གང་ཚེ་དོན་གང་རྟོག་པར་བྱེད། །དེ་
ནི་སྒྲ་ཡི་དོན་དུ་སྨྲས། །དོན་གྱི་མཚན་ཉིད་གཞན་མིན་ནོ། །ཞེས་བྱཱ་ཀ་ར་ཎ་པ་རྟོག་པར་བྱེད་དེ། གང་ན་ཡོད་པ་དང་དགག་པའི་ཚུལ་སྒྲ་འཇུག་པ་དེར་ཚིག་གི་དོན་ཡོད་པའམ་མེད་པའོ་ཞེས་བརྟག་གོ། །རྣམ་པར་རྟོག་པ་མི་འབྱུང་བའི་མཚན་མ་ཐོས་ནས་ཞེས་པ་ནི་འཇུག་པའི་མཚན་མ་མེད་པས་དོན་མེད་

དོ་ཞེས་རྗེས་སུ་དཔག་པ་འཇུག་གོ་ཞེས་པའོ། །དེ་དེ་ལྟ་བུའི་སྔ་མའི་ཕྱོགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་མི་འབྱུང་བ་ལས་ལྟོས་ཏེ་དེ་མེད་པ་མ་ཡིན་ནོ་ཞེས་པའོ། །དེ་ཇི་ལྟ་བུ་ཞེས་པ་དང་། རྒྱུ་གསུངས་པ་དེ་ནི་རྣམ་པར་རྟོག་པ་འབྱུང་
བའི་རྒྱུ་སྟེ་ཞེས་པའོ། །དེ་ནི་བརྗོད་པར་བྱ་བ་ལས་རྣམ་པར་རྟོག་པ་འབྱུང་སྟེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྒྲུབ་པ། ཐོག་མ་མེད་པའི་བག་ཆགས་ལས། །རྣམ་རྟོག་འབྱུང་བར་ཡོད་གནས་པ། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །དངོས་དང་དངོས་མེད་གཉི་ག་གནས། །ཞེས་པ་སྟེ།
གང་ན་བརྗོད་པར་བྱ་བར་བརྟག་པའི་དོན་དུ་མ་བརྩམས་པ་དེར་སྒྲ་མི་འཇུག་གོ། །སྒྲ་མི་འཇུག་པའི་ཕྱིར་དོན་མེད་ཅེས་བྱ་བར་མི་རུང་ངོ་། །བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ནི་དེའི་རྭ་ལས་བརྟེན་ཏེ་བྱུང་བའོ་ཞེས་བྱ་བ་ལ་སོགས་པ་ནི་གང་ལ་བརྟེན་ཏེ་རྣམ་པར་རྟོག་པ་བྱུང་བ་དེ་ལ་ལྟོས་པས་ན་དེ་མེད་པ་མ་ཡིན་
ཏེ། དེ་བརྟེན་པའི་རྒྱུ་ཡིན་པས་ན་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་རྣམ་པར་སྤངས་པའོ། །དེ་ནི་རྒྱུ་ལས་གཞན་པ་མ་ཡིན་ཏེ། གཞན་པ་མ་ཡིན་པར་གྱུར་ན་ནི་གཞན་མ་བཟློག་པ་ལས་བྱུང་བ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་ཁྱད་པར་དུ་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལ་ལྟོས་ཏེ་ཞེས་བྱ་བ་
ནི་བརྗོད་པར་བྱ་བ་ལ་ལྟོས་ཏེའོ། །གལ་ཏེ་རྣམ་པར་རྟོག་པ་ལས་བརྗོད་པར་བྱ་བ་ཐ་དད་པར་གྱུར་པ་ནི་དེའི་ཚེ་རི་བོང་གི་རྭའི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུར་རོ། །དེ་སྟེ་ཐ་དད་པ་མ་ཡིན་ན་ཤེས་པ་གལ་ཏེ་བརྗོད་པར་བྱ་བ་ལས་རྣམ་པར་རྟོག་པ་ཐ་མི་དད་པར་གྱུར་པ་ནི་དེའི་རྒྱུ་ལས་བྱུང་བ་ཞེས་
བྱ་སྟེ། རྒྱུ་ནི་གཞན་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱི་བར་དུ་རབ་ཏུ་བརྟགས་ན་མི་དམིགས་པས་རྭ་དང་རྣམ་པར་རྟོག་པ་ཐ་མི་དད་པའི་ཕྱིར་རྭ་མེད་པ་བཞིན་དུ་དེ་ཡང་མེད་པར་འགྱུར་རོ། །དེ་གཉིས་ཀའི་དངོས་པོ་མེད་ན་ཞེས་པ་ནི་སྒྲ་དང་དོན་གཉིས་ཀའི་དངོས་པོ་མེད་པས་ཅི་ལ་ལྟོས་ཏེ་རི་བོང་གི་རྭ་མེད་
ཅེས་བྱ། དེ་ལས་གཞན་པའི་རྭ་དང་སྒྲ་མེད་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་ཕན་ཚུན་དུ་ལྟོས་ནས་ཡོད་པ་དང་མེད་པ་མི་འགྱུར་ན་ནི་དེའི་ཚེ་རི་བོང་གི་རྭ་མེད་ལ་དེ་ལས་གཞན་པའི་རྭ་ཡོད་དོ་ཞེས་སྨྲ་བར་མི་བྱའོ། །རྒྱུ་མི་མཉམ་ཞེས་བྱ་བ་ནི་ཕན་ཚུན་དུ་བརྟེན་པའི་

ཕྱིར་རོ། །ནམ་མཁའི་དངོས་པོ་ཡོངས་སུ་རྟོགས་པ་ལས་མི་མཁས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ཐོགས་པ་དང་བཅས་པའི་གཟུགས་ཀྱི་ཡུལ་གྱི་དངོས་པོ་མེད་པའི་རང་བཞིན་ཙམ་ནི་ནམ་མཁའ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏེ། ཐོགས་པ་དང་བཅས་པའི་
གཟུགས་ཀྱི་ཡུལ་ཉིད་ནམ་མཁའ་སྟེ། གང་གིས་ཐོགས་པ་དང་བཅས་པའི་གཟུགས་བསྩལ་བའི་ཚེ་སྦུ་བུར་བརྟག་པ་སྟེ། དེས་ན་དངོས་པོ་གཞན་པར་གྱུར་པ་ལྔ་པའམ། གཟུགས་མ་གཏོགས་པར་ནམ་མཁའ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་སྒྲུབ་པར་གསུངས་པ། གཟུགས་
རྣམས་ཀྱི་འབྱུང་བའི་རྗེས་སུ་ཞུགས་པའི་ཕྱིར་གཟུགས་ཉིད་ཀྱང་ནམ་མཁའ་སྟེ། དེའི་གཟུགས་མ་གཏོགས་པར་ནམ་མཁའི་དངོས་པོ་གཞན་མེད་པས་ན་ནམ་མཁའ་ཉིད་གཟུགས་ཞེས་བྱ་སྟེ། སྦུ་བུར་གནས་པ་ལ་དགོངས་པའོ། །གཞག་པ་དང་གཞིའི་ཚུལ་དུ་ནམ་མཁའ་དང་
གཟུགས་སོ་སོའི་རྣམ་པ་ཐ་དད་པ་རིག་པར་བྱའོ། །སྒྲའི་དོན་དུ་སྟེ། དངོས་པོའི་དོན་ཉིད་དུ་ཡོད་པ་ཡང་མ་ཡིན་ནོ་ཞེས་དགོངས་པའི་དོན་ཏོ། །དངོས་པོ་དང་དངོས་པོ་མེད་པར་གཟུགས་དང་ནམ་མཁའ་རྗེས་སུ་ཞུགས་པས་དེ་ལྟར་ན་གཅིག་གི་གནས་གཅིག་ཡིན་ནོ། །འབྱུང་བ་ཞེས་
བྱ་བ་ལ་སོགས་པ་ནི་ནམ་མཁའི་དངོས་པོ་མེད་པས་ན་དེར་མི་གནས་པ་ཡིན་ཏེ། དེ་དག་ལ་ཡང་ནམ་མཁའ་མེད་པ་མ་ཡིན་པ་ནི་བྱུང་བའི་ཡུལ་དུ་ནམ་མཁའ་ཡོད་པར་འགྱུར་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ནམ་མཁའ་དང་རི་བོང་གི་རྭ་དག་ནི་བརྟགས་པའི་དངོས་པོར་ཆོས་མཚུངས་པར་
གསུངས་པའོ། །དེ་ལྟར་བ་གླང་གི་རྭ་ལ་སོགས་པ་ཡོད་པས་བ་ལང་གི་རྭ་ལ་ལྟོས་ཏེ་རི་བོང་གི་རྭ་མེད་པར་གྱུར་ན་ནི་བ་ལང་གི་རྭ་ཅི་ལས་ལྟོས་ཏེ་མེད་པར་འགྱུར་ཞེས་དགོངས་ནས་གསུངས་པ། བ་ལང་གི་རྭ་ལ་སོགས་པ་སྟེ། རྭ་སྦོམ་པོ་རྡུལ་ཕྲ་མོར་ཕྱེ་བ་ན་ཁང་པ་དང་། སྡེ་དང་ནགས་
ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ། །རྡུལ་ཕྲ་མོ་ཡང་ཕྱོགས་ཀྱི་ཆར་གཞིགས་ན་རྡུལ་ཕྲ་མོ་ཡང་མི་གནས་ཏེ་སྟོང་པར་འགྱུར་རོ་ཞེས་པ་ནི་ཤེས་རབ་ཀྱིས་ཆོས་ལ་བདག་མེད་པར་བསྒྲུབ་པའོ། །དེ་ཡང་དེ་ལྟ་བུའི་ཆོས་ཅན་ནོ་ཞེས་བྱ་བ་ནི་ཕན་ཚུན་དུ་གཅིག་ལ་གཅིག་ལྟོས་ཏེ་ཆོས་དང་ཆོས་

ཅན་དང་། མཚན་མར་བྱ་བ་དང་། མཚན་ཉིད་ལ་སོགས་པ་གང་རྟོག་པ་དེ་རང་བཞིན་ཐ་དད་པར་མི་འགྲུབ་པས་ན་དེ་ཐམས་ཅད་སྟོང་པའོ། །རི་བོང་དང་བ་ལང་གི་རྭ་ཞེས་བྱ་བ་ལ་སོགས་པ་ནི་བརྟགས་པ་དང་གཞན་གྱི་དབང་གི་དངོས་པོ་ལ་ལྟ་བའི་རྣམ་པར་རྟོག་པ་དང་བྲལ་
བར་བྱའོ། །དེ་ལ་རྟོག་པ་དང་བྲལ་བར་བྱའོ་ཞེས་པའོ། །དེ་ལ་རྟག་པ་དང་། བདག་དང་། ནམ་མཁའ་དང་། རི་བོང་གི་རྭ་ལ་སོགས་པ་ནི་བརྟགས་པའི་ཕྱིར་རོ། །བ་ལང་གི་རྭ་དང་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པའི་རང་བཞིན་པ་རྣམས་ནི་གཞན་གྱི་དབང་ཉིད་དེ་
གསལ་བས་ན་དོན་གྱི་བྱ་བ་བྱེད་དོ། །རང་གི་སེམས་སྣང་བའི་རྣལ་འབྱོར་བསྟན་པར་བྱའོ་ཞེས་པ་ནི་ཕྱིའི་དོན་མེད་པས་ན་འདི་སྐད་དུ་གསུངས་པ། རང་གི་སེམས་སྣང་བ་ལ་རྣམ་པར་རྟོག་པ་རྗེས་སུ་རྟོག་པའི་ཡིད་དུའང་འགྱུར་བར་བྱའོ་ཞེས་པས་ཏེ། རང་གི་སེམས་སྣང་བ་ལས་ལྷག་པའི་ཕྱིའི་
དོན་རྣམ་པར་རྟོག་པར་མ་བྱེད་ཅིག་ཅེས་པའོ། །སྣ་ཚོགས་སྣང་བ་ཡོད་པ་མིན། །ཞེས་བྱ་བ་ལ་སྣང་བའི་ཕྱིར་ཏེ། ཅི་མཆིས་ཞེས་པ་དང་། གསུངས་པ་དང་། སྣ་ཚོགས་ཀྱི་སེམས་ཡོད་དོ་ཞེས་དགོངས་པའི་དོན་ཏོ། །སྣང་བ་ལས་ནི་སེམས་འབྱུང་སྟེ། །ཞེས་བྱ་བ་ནི་རང་གི་ཡན་ལག་ཉིད་ལས་འབྱུང་
གི་ཕྱིའི་དོན་ལས་ནི་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཞེས་པ་དང་། གསུངས་པ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་མི་ལས་སྣང་བ་ཡིན། །ཞེས་ཏེ། རྨི་ལམ་ལ་སོགས་པ་བཞིན་པས་ན་ཕྱིའི་དོན་མེད་དོ་ཞེས་སོ། །ཇི་ལྟར་ན་ཕྱིའི་དོན་མེད་ཅེས་པ་དང་། གསུངས་པ། སེམས་
དང་ཡིད་དང་རྣམ་པར་ཤེས། །རང་བཞིན་དང་ནི་ཆོས་ལྔ་དང་། །བདག་མེད་མི་གཉིས་དག་པ་ཡང་། །རྣམ་པར་འདྲེན་པས་རབ་ཏུ་གསུངས། །ཞེས་ཏེ། དེ་ལ་རང་བཞིན་ནི་ཆོས་ཀྱི་དབྱིངས་ཏེ། དག་པ་དང་མ་དག་པ་སྟེ། ཡེ་ཤེས་དང་གང་ཆུད་པ་ཡིན་པའོ། །སེམས་ལ་སོགས་པའི་
ཤེས་པ་བརྒྱད་ནི་སྔར་བཤད་ཟིན་ཏོ། །བདག་མེད་པ་ནི་གང་ཟག་ལ་བདག་མེད་པའོ། །མི་གཉིས་པ་དག་ནི་ཆོས་ལ་བདག་མེད་པའོ། །མི་གཉིས་པ་ཡང་གཞན་གྱི་དབང་དང་སྒྱུ་མ་ལ་སོགས་པའི་རང་བཞིན་པ་ཉིད་ཡོད་དེ། དངོས་པོ་དང་དངོས་པོ་མེད་པ་མེད་པས་ན་དེ་གཅད་པའི་དོན་དུ་དོན་

དམ་པའི་བདེན་པ་མི་གཉིས་པའི་ཡེ་ཤེས་དག་པ་པར་དགོངས་པའོ། །མིང་དང་མཚན་མ་ལ་སོགས་པ་ལྔ་ནི་བཤད་ཟིན་ཏོ། །རིང་པོ་དང་ཐུང་ངུ་ལ་སོགས་པ་ནི་རྒྱུ་དང་དཔེ་དང་བཅས་ཏེ་འདས་པའི་དོན་རིང་པོ་དང་། ཐུང་ངུ་ལ་སོགས་པ་བཞིན་ནོ་ཞེས་ཚིགས་སུ་བཅད་པས་གསུངས་པའོ། །གཅིག་ལ་
གཅིག་ལྟོས་ཏེ་ཡོད་པ་དང་མེད་པར་འགྱུར་བ་ནི་རྡུལ་ཕྲན་དུ་ནི་རྫས་བཤིག་སྟེ། ཕྱོགས་ཀྱི་ཆར་ཕྱེ་བ་ན། གཟུགས་ལ་རྣམ་པར་བརྟག་མི་བྱ། །ཞེས་ཏེ། བ་ལང་གི་རྭ་ལ་སོགས་པ་སྟོང་པས་ན་དེ་ལ་ལྟོས་ཏེ་རི་བོང་གི་རྭ་ལྟ་ག་ལས་ན་འགྱུར། དེ་ལྟར་ཕྱིའི་དོན་མེད་པས་སེམས་ཙམ་པོ་ཉིད་འབའ་ཞིག་
སྟེ། དེ་ཡང་། འཁྲུལ་པ་རྣམས་ཀྱི་ལྟ་བ་ངན་པས་བསལ་མི་འགྱུར། །ཞེས་ཏེ། རྙོག་མ་བསལ་ཏེ་ཆུ་བཞིན་དུ་དངས་པར་འགྱུར་བས་ན་ཡོངས་སུ་དག་པར་འགྱུར་ཞེས་པའི་བར་དུའོ། །རྟོག་པ་ནི་ཚད་མ་དང་། གཞལ་བ་ལ་སོགས་པ་ཕྱིའི་དོན་དུ་ལྟ་བས་རྣམ་པར་གཞག་པར་རྣམ་པར་རྟོག་གི །སེམས་
ཙམ་དུ་སྣང་བ་ལ་ནི་མ་ཡིན་ནོ། །ཉན་ཐོས་ཕྱིའི་གཟུགས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། མི་མཛེས་པར་རྟོག་པར་བྱེད་དོ། །དོན་དམ་པའི་བདེན་པ་མི་གཉིས་པའི་ཡེ་ཤེས་རྣམ་པར་མི་རྟོག་ཅིང་སྣང་བ་མེད་པ་ནི་འཕགས་པ་སའི་དབང་པོ་བདག་མེད་པ་གཉིས་
རྟོགས་པ་རྣམས་ཀྱི་སོ་སོར་བདག་གིས་རྟོགས་པའི་སྤྱོད་ཡུལ་ཡིན་ཏེ། ཡང་དག་པར་རིག་པའི་རང་བཞིན་མར་མེ་ལྟར་བདག་ཉིད་དུ་སྣང་བའོ། །རང་གི་སེམས་སྣང་བའི་རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཁ་ཅིག་གསེར་ལ་སོགས་པ་སའི་སེའུ་ལ་སོགས་པས་བཙོ་བ་བཞིན་དུ་
རིམ་གྱིས་དྲི་མ་མེད་པར་འགྱུར་རོ། །ཁ་ཅིག་ནི་ཅིག་ཅར་ཏེ་མར་མེས་ཁྱིམ་གྱི་ཡོ་བྱད་ལ་སོགས་པ་སྣང་བར་བྱེད་པ་བཞིན་ནོ་ཞེས་འཕགས་པ་བློ་གྲོས་ཆེན་པོས་དེ་ལྟར་བསམས་ཏེ་ཐམས་ཅད་མཁྱེན་པ་དེ་ལ་དེ་སྐད་དུ་གསོལ་བའོ། །བཞད་གད་ལ་སོགས་པར་རིམ་གྱིས་འཇུག་པ་ནི་གང་གི་ཚེ་
ན་གླུ་མི་ལེན་ཏེ། དེ་ལྟར་ན་བྱ་བ་ཁ་ཅིག་ནི་རིམ་དུ་འབྱུང་། ཁ་ཅིག་ནི་ཅིག་ཅར་འབྱུང་སྟེ། ཇི་ལྟར་མེ་ལོང་གི་ནང་དུ་གཟུགས་སྣ་ཚོགས་སྣང་བ་རྣམ་པར་མི་རྟོག་པའི་ཤེས་པས་ཅིག་ཅར་སྣང་བ་སྟེ། འཛིན་ཞེས་བྱ་བའི་དོན་ནོ། །དེ་ལྟར་རིགས་པའི་རིམ་པར་སོང་བའི་སའི་དབང་པོ་རྣམས་ཀྱི་

ཉོན་མོངས་པ་མེད་པའི་མི་ཤེས་པའི་རྒྱུད་དེ་མི་སྣང་བའི་སེམས་ཀྱི་རྒྱུད་རྣམས་དེ་བཞིན་གཤེགས་པས་སྦྱོང་ངོ་། །རང་གི་སེམས་སྣང་བའི་གནས་ངན་ལེན་གྱི་བག་ཆགས་དང་བྲལ་བ་མིག་གི་ལིང་ཏོག་དང་བྲལ་བ་བཞིན་པའི་བསམ་དུ་མེད་པའི་ཡེ་ཤེས་ཅན་རྣམས་ལ་རྒྱལ་བའི་
སྤྱོད་ཡུལ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡུལ་ཅིག་ཅར་སྟོན་ཏོ། །ཤེས་པར་བྱ་བའི་ཡུལ་ཐམས་ཅད་དུ་ས་བཅུའི་དབང་ཕྱུག་རྣམས་ཀྱི་དར་ལ་མེ་ཏོག་ལྟ་བུའི་སྒྲིབ་པ་བསལ་ཏེ། སངས་རྒྱས་ཀྱི་སར་གཟུད་པར་མཛད་དོ། །འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་ལ། ལུས་དང་
གནས་དང་། ལོངས་སྤྱོད་ཀྱི་ཡུལ་ནི་ལུས་དང་ས་དང་། མིག་ལ་སོགས་པའི་ཤེས་པའི་ཤེས་པར་བྱ་བ་རྣམས་དེ་ཅིག་ཅར་འབྱུང་ངོ་། །རྒྱུ་དང་འདྲ་བའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་མི་གཉིས་པའི་མཚན་ཉིད་མངོན་པར་རྫོགས་པའི་བྱང་ཆུབ་ལས་ལངས་ཏེ་ཡིད་ཀྱི་སོ་སོར་སྣང་བ་རྫོགས་
ལོངས་སྤྱོད་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལས་སྒྱུ་འདྲ་བ་སྤྲུལ་པའི་སྐུ་འབྱུང་སྟེ། ཡུལ་དུ་ཞུགས་པར་གཤའ་བའི་སེམས་ཅན་རྣམས་ཆོས་རྣམ་པ་སྣ་ཚོགས་བསྟན་པས་ཅིག་ཅར་ཡོངས་སུ་སྨིན་པར་བྱས་ཏེ། འོག་མིན་གྱི་གནས་ན་གཞལ་མེད་ཁང་གི་ཕོ་བྲང་དུ་རྣམ་པར་སྣང་མཛད་ཀྱི་སྐུ་སྣང་
བ་རྣལ་འབྱོར་དུ་སྦྱོར་བ་གང་དག་ལ་ཡོད་པ་དེ་དག་ལ་ཐོས་པ་དང་། སེམས་པ་དང་། བསྒོམ་པ་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱིས་གཞོག་གོ། །རྣལ་འབྱོར་དུ་སྦྱོར་ཞེས་བྱ་བ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་རྣལ་འབྱོར་གཉིས་སུ་དགོངས་པར་བརྟག་གོ། །
ཆོས་ཉིད་ཀྱི་སངས་རྒྱས་ནི་མི་གཉིས་པའི་བྱང་ཆུབ་ཀྱི་ཏིང་ངེ་འཛིན་གྱི་སྐུ་ལས་བཞེངས་ཏེ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པའི་རྣམ་པར་སྣང་མཛད་ཀྱི་སྐུ་ནི་སྒྱུ་དང་འདྲ་བའི་སྤྲུལ་པའི་སྐུའི་འོད་ཟེར་རྣམས་ཀྱིས་རྣམ་པར་མཛེས་སོ། །རྣམ་པར་སྣང་བར་མཛད་པས་ན་རྣམ་པར་སྣང་
མཛད་ཅེས་བྱའོ། །འཕགས་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཅེས་བྱ་བ་ནི་གཉིས་སུ་མེད་པ་ཆུད་པའི་རང་བཞིན་གྱི་ཆོས་ཀྱི་སྐུ་སྟེ། མར་མེ་ལྟར་རབ་ཏུ་སྣང་བའི་བདག་ཉིད་དོ། །ཇི་ལྟར་ན་ཡང་སོ་སོ་རང་གིས་རིག་པའི་མཚན་ཉིད་རང་བཞིན་ལགས་ཞེས་པ་དང་། དེའི་ཕྱིར་གསུངས་

པ་ཡོད་པ་དང་། མེད་པའི་ལྟ་བ་ངན་པ་བཟློག་པས་ཞེས་བྱའོ། །ཇི་ལྟར་རྒྱ་ཆེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་དངོས་པོས་མངོན་པར་རྟོགས་པ་མ་ཡིན། དངོས་པོ་མེད་པས་ཀྱང་མེད་པ་མ་ཡིན་ཏེ། ཅི་ཞེ་ན་དངོས་པོ་དང་དངོས་པོ་མེད་པས་མཉམ་པས་སོ། །དེ་ཉིད་ཀྱི་
སྔོན་གྱི་སྨོན་ལམ་གྱིས་སེམས་ཅན་གྱི་དོན་དུ་བྱ་བ་གཞལ་དུ་མེད་དོ། །ཆོས་ཉིད་འདྲ་བར་འབྱུང་བའི་སངས་རྒྱས་ནི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལས་བཞེངས་པའི་ཐམས་ཅད་མཁྱེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ། རང་དང་སྤྱིའི་མཚན་ཉིད་དུ་རྟོགས་པ་རྣམས་ཀྱི་
ཁྱད་པར་སྟོན་ཏོ། །ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་རང་གི་མཚན་ཉིད་ནི་སྲ་བ་དང་། བརླན་པ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པ་སྟེ། དེ་དག་གི་ཁྱད་པར་རོ། །རང་གི་སེམས་སྣང་བ་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་
དང་། མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པའི་རང་བཞིན་ལྟར་གཟུགས་ལ་སོགས་པ་སྣང་བ་ལ་བག་ཆགས་ཀྱི་རྒྱུ་དང་མཚན་ཉིད་དང་འབྲེལ་ཅིང་ཕྱིའི་དོན་མེད་པར་སྟོན་ཏོ། །དེ་ནས་འདི་སྐད་ཅེས་སྨྲས་པ་ཡིན་ཏེ། རང་གི་སེམས་སྣང་བ་ནི་སྣང་བ་ཉིད་ཡིན་ཏེ། དེ་དག་གི་རྒྱུ་ནི་བག་
ཆགས་ཡིན་པ་དང་། མཚན་ཉིད་ནི་མཚན་མར་འབྲེལ་ཏོ། །ཡོངས་སུ་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བ་ནི་རྟག་པ་དང་། མི་རྟག་པ་ལ་སོགས་པར་རྟོག་པ་ནི་རྒྱུ་ལས་འབྱུང་བ་སྟེ། རྟག་པ་དང་མི་རྟག་པ་ལ་སོགས་པའི་ཡུལ་གྱི་དངོས་པོ་རྣམས་དེའི་
གཟུགས་མ་གཏོགས་པར་མེད་དོ། །ཇི་ལྟར་ན་ཡང་ཕྱིའི་དོན་མེད་ཅེས་པ་དང་། གསུངས་པ། སྒྱུ་མའི་ཡན་ལག་རྣམ་པ་མང་པོའི་སྐྱེས་བུ་དེའི་བདག་ཉིད་མ་ཡིན་པ་སྣ་ཚོགས་ལ་མངོན་པར་ཞེན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཇི་བཞིན་དུ་སྒྱུ་མ་ལ་སོགས་པའི་ཕྱིའི་དངོས་པོར་མི་འབྱུང་
ཞིང་། རང་གི་སེམས་ཀྱི་སྣང་བ་ཙམ་ཉིད་ཡིན་པ་དེ་བཞིན་དུ་འགྲོ་བ་ཐམས་ཅད་ཀྱི་རང་གི་སེམས་སྣང་བ་ཙམ་ཉིད་དོ། །བློ་གྲོས་ཆེན་པོ་གཞན་ཡང་ཡོངས་སུ་བརྟགས་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བའི་མཚན་ཉིད་ནི་རྟག་པ་དང་། བདག་དང་། རྡུལ་ཕྲ་མོ་དང་། ཡན་ལག་ཅན་དང་།

རྫས་ལ་སོགས་པའོ། །གཞན་གྱི་དབང་ནི་སྔོན་པོ་ལ་སོགས་པའི་རྣམ་པར་རང་བཞིན་གསལ་བའོ། །དེ་ཉིད་དུ་རྟག་པ་དང་། བདག་དང་བདེ་བ་དང་། གཙང་བའི་དངོས་པོར་མངོན་པར་ཆགས་པ་ལས་རྣམ་པར་རྟོག་པ་འབྱུང་ངོ་། །ཇི་ལྟར་ཐམས་ཅད་མཁྱེན་
པས་འདི་ཉིད་དུ་གསུངས་པ། རྟག་པ་ཡི་ནི་རང་བཞིན་གྱིས། །དངོས་པོ་ཐམས་ཅད་མ་སྐྱེས་ཏེ། །གཞན་དབང་ལ་ནི་བརྟེན་ནས་ནི། །མི་ཡི་རྣམ་རྟོག་སྐྱེ་བའོ། །དེ་ཉིད་དུ་དཔེ་གསུངས་པ། རྩྭ་དང་ཤིང་དང་གྱོ་མོ་ལ་བརྟེན་ཏེ་སྒྱུ་མ་འབྱུང་ཞེས་སོ། །དེའི་རྒྱུ་དང་གཟུགས་གསུང་བར་
མཛད་པ། སྔགས་དང་མི་ལྡན་པ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། གང་དག་ལ་འཁྲུལ་པའི་ས་བོན་ཡོངས་སུ་ཇི་ལྟར་སྨིན་པ་རིམ་དང་ཅིག་ཅར་དུ་དེ་དག་ལ་དེ་ལྟར་དུ་སྟོན་ཏོ། །སྒྱུ་མ་བྱེད་པས་སེམས་ཅན་ཐམས་ཅད་ལ་གཟུགས་ཀྱི་ཡན་ལག་གི་ལུས་རྣམས་ཀྱིས་སྡེ་བཞིན་དུ་གཟུགས་རྣམ་
པ་སྣ་ཚོགས་འཆང་བའི་ཕུན་སུམ་ཚོགས་པ་སྒྱུ་མའི་སྐྱེས་བུའི་ལུས་རང་བཞིན་གཅིག་ཏུ་མ་གྲུབ་པར་སྟོན་ཏོ། །སེམས་ཅན་གྱི་ལུས་སུ་གང་གི་གཟུགས་འདུས་པ་དེའི་གཟུགས་ནི་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གཅིག་པ་མ་ཡིན། དེ་བས་ན་དེ་ལྟར་རྣམ་པར་
རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་བརྟག་པ་སྟེ། ཇི་བཞིན་དུ་འཁྲུལ་པའི་གཟུགས་ལ་ངེས་པར་འཛིན་པ་དེ་བཞིན་དུ་དེ་ལ་རྣམ་པར་རྟོག་གོ། །ཇི་བཞིན་དུ་སེམས་ཅན་རྣམས་ཀྱི་གཟུགས་ལ་སྣ་ཚོགས་ཀྱི་རྣམ་པར་འབྱུང་བ་ལྟ་བུར་དངོས་པོའི་རང་བཞིན་ཡང་དག་པར་དེའི་བདག་ཉིད་མ་ཡིན་པ་
བཞིན་དུ་གཞན་གྱི་དབང་ལ་བརྟེན་ཏེ་རྣམ་པར་རྟོག་པའི་རྣམ་པར་འབྱུང་བ་གཞན་གྱི་དབང་སྔོན་པོ་ལ་སོགས་པའི་རྣམ་པར་མཛེས་པ་དང་མི་མཛེས་པ་ལ་སོགས་པའི་རྣམ་པར་རྟོག་པའི་མཚན་ཉིད་དུ་གྲུབ་པ་མངོན་པར་ཞེན་པས་བག་ཆགས་ལ་ཡོངས་སུ་རྟོག་ཅིང་བྱ་བ་འབྱུང་བ་སྟེ། བག་ཆགས་
ལས་འབྱུང་བར་འགྱུར་རོ། །འདི་ནི་ཞེས་བྱ་བ་ལ་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ཀྱིས་བཤད་པ་སྟེ། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱིས་སྐུའི་གསུང་གི་རྣམ་པར་རྟོག་པ་རྒྱ་ཆེ་བ་ཆོས་ཀྱི་སྐུའི་ཕྲིན་ལས་གང་དུ་འབྱུང་ཞེས་པ་དང་། གསུངས་པ། ཆོས་ཉིད་ཀྱི་སངས་རྒྱས་ནི་

ཞེས་པ་ལ་སོགས་པ་སྟེ། དེ་ལ་སེམས་ཀྱི་རང་བཞིན་གྱི་མཚན་ཉིད་དང་བྲལ་བ་ཞེས་པ་ནི་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་གཉིས་ཀྱི་རྣམ་པ་དང་བྲལ་བའོ། །འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་རྣམ་པར་གཞོག་གོ་ཞེས་བྱ་བ་ནི་སྣང་བ་མེད་ཅིང་
གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟོག་པ་བཞིན་དུ་བཞེངས་པའི་ཡེ་ཤེས་ཀྱི་རྣམ་པར་ཤེས་པ་མར་མེ་བཞིན་དུ་རང་གིས་རང་དུ་སྣང་བའི་བདག་ཉིད་ངེས་པར་འཇུག་པའི་ཤེས་པ་ཡང་དག་པར་རིག་པ་བཞིན་དུ་ཡང་དག་པར་རིག་པའི་རང་བཞིན་མི་གཉིས་པ་སྤྱིར་སྒྲའི་དོན་གྱི་རྣམ་པར་ཡུལ་མེད་ཅིང་མི་གཉིས་
པའི་མཚན་ཉིད་པ་ཡིན་ནོ་ཞེས་རྣམ་པར་གཞོག་གོ། །སོ་སོ་རང་གིས་རིག་པ་ཆུད་པ་ཉིད་དེའི་སྤྱོད་ཡུལ་ཏེ། ཡུལ་ཡིན་གྱི་གཞན་ཡོད་པ་མ་ཡིན་ནོ་ཞེས་ཟློག་པར་བྱེད་པའི་གསུང་ངོ་། །དེ་ལྟར་ཆོས་ཀྱི་སྐུའི་རྣལ་འབྱོར་ཡང་དག་པར་རྟོག་པ་ནི་རྫོགས་ལོངས་སྤྱོད་པའི་སྐུའི་ཕྲིན་ལས་སུ་རྣམ་
པར་གཞག་པར་བསྟན་ནས་འཕྲུལ་པས་སྤྲུལ་པའི་སྐུའི་ཕྲིན་ལས་རྣམ་པར་གཞག་པར་མཛད་པ་ནི་འཕྲུལ་པས་སྤྲུལ་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་ཐར་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་
ཆོས་བཤད་པར་མཛད་དོ། །ཕྱི་དང་རྣམ་པར་ཤེས་པ་གཉིས་ཀྱི་རྣམ་པར་མོས་པ་ཇི་བཞིན་པའི་སེམས་ཅན་རྣམས་ལ་རྒོལ་བ་དང་། ལན་གདབ་པའི་ཆོ་འཕྲུལ་རྣམས་ཀྱིས་ཀྱང་སྟོན་ཏོ། །རྣམ་པར་ཤེས་པ་འཇུག་པའི་མཚན་ཉིད་ཅེས་བྱ་བ་ནི་མི་གཉིས་པ་ཡང་དག་པར་རིག་པ་ཙམ་མོ། །
མུ་སྟེགས་ཅན་གྱི་ལྟ་བ་དང་མཐུན་པ་ལས་འདས་པའི་མཚན་ཉིད་ནི་རྟག་པ་དང་། བདག་དང་། ཕྱིའི་དོན་ལས་འདས་པ་སྟེ། ཆོས་དང་གང་ཟག་ལ་བདག་མེད་པར་སྟོན་ཏོ། །སྣང་བ་མེད་ཅིང་མི་གཉིས་པར་ཆུད་པའི་ཆོས་ཀྱི་སྐུ་ལས་བཞེངས་ཏེ་སྣང་བ་ཇི་བཞིན་པ་ལྟར་ཞིང་སྣང་བ་དང་བཅས་
པའི་ཏིང་ངེ་འཛིན་སྒྱུ་མའི་རྣམ་པར་ཐར་པ་ལ་ཞུགས་པའི་སངས་རྒྱས་རྣམས་ཀྱིས་དམིགས་པ་མེད་ཅིང་དམིགས་པ་དང་བྲལ་བ་གཉིས་སུ་མེད་པར་ཐུགས་སུ་ཆུད་པ་བཞིན་ནོ། །དེ་ཉིད་ཀྱི་ཁྱད་པར་སྟོན་པ་ནི་བྱ་བ་དང་། དབང་པོ་དང་། ཚད་མའི་མཚན་ཉིད་ཐམས་ཅད་ལ་རྣམ་པར་ལོག་པ་ཞེས་

པ་སྟེ། བྱེད་པ་པོ་དང་། ལས་དང་། བྱེད་པ་དང་བྲལ་བའི་ཕྱིར་བྱ་བ་ཐམས་ཅད་ལ་རྣམ་པར་ལོག་པའོ། །ཤེས་པར་བྱ་བ་མེད་པའི་ཕྱིར་དབང་པོ་ཚད་མའི་མཚན་ཉིད་རྣམ་པར་ལོག་པས་ན་དེའི་ཕྱིར་དེ་ལྟར་བྱིས་པ་རྣམས་ཀྱི་ཡུལ་མ་ཡིན་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་པོ་
རྣམས་ལས་ཐབས་དུ་མར་རབ་ཏུ་སྣང་བར་མཛད་པ་ནི་དེའི་ཕྲིན་ལས་སོ། །ཉན་ཐོས་ཀྱི་ཐེག་པ་ལ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པ་སོ་སོ་རང་གིས་རིག་པའི་ཁྱད་པར་གྱི་མཚན་ཉིད་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ་
རྣམས་ཀྱིས་མི་གཉིས་པ་ཡང་དག་པར་རིག་པར་བྱའོ། །གང་དག་ཀྱང་ཕྱིའི་དོན་དུ་མངོན་པར་ཞེན་པ་དེ་དག་གི་དངོས་པོ་རྣམ་པར་རྟོག་པའི་རང་བཞིན་ལ་མངོན་པར་ཞེན་པའི་མཚན་ཉིད་ནི་ལུས་ལ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམ་པར་རྟོག་པ་རྣམས་ཀྱིས་དངོས་པོའི་རང་བཞིན་ལ་མངོན་པར་
ཞེན་པ་ནི་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་རྣམས་ལ་མཚན་ཉིད་རྣམ་པ་གཉིས་སུ་ཡོངས་སུ་ལྟ་བའི་ཕྱིར་རོ། །ཆོས་དང་གང་ཟག་ལ་བདག་མེད་པའི་ཁྱད་པར་དུ་འབྱེད་པ་སྟེ། ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། མི་རྟག་པ་དང་། བདག་མེད་པ་
དང་། སྡུག་བསྔལ་བ་དང་། མི་མཛེས་པར་བསྒོམ་པ་དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །དེའི་ཕྱིར་ན་དེ་ལྟར་དེར་ཐོག་མར་སྟོང་པ་སྨོས་ཏེ། སྟོང་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་རྟག་པའི་ཡུལ་གྱི་བདེན་པ་མཐོང་བའི་ཕྱིར་རོ། །སྐྱེ་བ་ནི་སྲིད་པ་དང་།
ལོངས་སྤྱོད་པ་དང་བྲལ་བའི་ཕྱིར་རོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རང་དང་སྤྱིའི་ཕྱི་རོལ་རྣམ་པར་འཇིག་པ་མེད་པའི་མཚན་ཉིད་ཀྱི་ཕྱིར་ཏེ། དེ་ལ་རང་གི་མཚན་ཉིད་ནི་གཟུགས་ལ་རྣམ་པ་གཉིས་སམ། རྣམ་པ་ཉི་ཤུ་ཞེས་བྱ་བ་ལ་སོགས་པའོ། །གཟུགས་
དང་ཚོར་བ་ལ་སོགས་པ་སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་། བདག་མེད་པ་ལ་སོགས་པའོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་མཚན་ཉིད་རྣམ་པ་དེ་ལྟ་བུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་རང་གི་སེམས་སྐྱོ་བའི་འོག་ཏུ་སེམས་མཉམ་པར་འཇོག་གོ། །རང་གི་

སེམས་མཉམ་པར་གཞག་ནས་ཞེས་བྱ་བ་ནི་སེམས་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་བས་ན་བསམ་གཏན་དང་། རྣམ་པར་ཐར་པ་ལ་སོགས་པ་རྟོགས་པར་འགྱུར་རོ། །བག་ཆགས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་གྱུར་པས་གང་འཆི་འཕོ་བ་དེ་དང་བྲལ་བའོ། །
ཡང་ན་དབང་པོ་རྣོ་བས་བསམ་གཏན་ལ་སོགས་པ་རྣམས་ཀྱིས་བསམ་དུ་མེད་པའི་བག་ཆགས་ཡོངས་སུ་གྱུར་པ་ཤས་ཆེ་བས་ན་འཆི་འཕོ་དང་བྲལ་བའོ། །འཕགས་པ་སོ་སོ་རང་གིས་རིག་པ་ནི་བདེ་བ་ཡང་དག་པར་ཚོར་བ་སྟེ། རྣམ་པར་འཕྲུལ་པ་དང་བྲལ་བའི་ཕྱིར་རོ། །རྣམ་པ་དེ་འདྲ་བའི་བདེ་
བ་ཐམས་ཅད་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བདེ་བས་ཡང་ལོག་པར་རྟོག་པ་དཀའ་བའི་བདེ་བ་ཡིན་ནོ། །འགོག་པ་ལ་སྙོམས་པར་འཇུག་པའི་བདེ་བ་ཡང་ད་ལྟར་གྱི་ཚེ་ལ་བདེ་བར་གནས་པའི་དོན་དུ་བཞག་པ་དེ་ཡང་ཁོང་དུ་ཆུད་ནས་ཀྱང་སེམས་ཅན་གྱི་དོན་ལ་ལྟོས་ཏེ་
བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་མི་བྱ་སྟེ། བསླབ་པར་མི་བྱ་དེར་གནས་པར་ནི་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་པོ་རྣམ་པར་རྟོག་པའི་རང་བཞིན་ལ་མངོན་པར་ཆགས་པ་ཞེས་བྱ་བ་ནི་སྨོས་པར་བཤད་པ་འཆད་པ་ཡང་རིག་པར་བྱ་སྟེ། ཕྱིའི་དངོས་པོར་རྣམ་
པར་རྟོག་པས་རང་བཞིན་ལ་མངོན་པར་ཆགས་པའོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་ནི་ཁ་དོག་དང་དབྱིབས་ཀྱི་རང་བཞིན་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཞིབ་ཏུ་སྒྲུབ་པར་མཛད་པ་འདི་ལྟ་སྟེ། སྔོན་པོ་དང་སེར་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱེད་
པ་མེད་པར་འབྱུང་བ་ནི་བྱེད་པ་པོ་དང་། ལས་དང་། བྱེད་པ་དང་བྲལ་བ་རྣམས་ཏེ། ཇི་ལྟར་གསུངས་པ། འདུ་བྱེད་ཐམས་ཅད་སྐད་ཅིག་པ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །རིགས་པ་དང་ལུང་དང་། ཚད་
མ་ཞེས་བྱ་བ་ལ་སོགས་པ་ལ། རིགས་པ་དང་ལུང་ནི་རིགས་པ་དང་ལྡན་པའི་ལུང་ལ་སྟེ། ཐོག་མར་དགེ་ཞེས་བྱ་བ་ལ་སོགས་པའོ། །ཚད་མ་ནི་མངོན་སུམ་དང་རྗེས་སུ་དཔག་པ་སྟེ། སྐད་ཅིག་མར་འཇིག་པ་དང་། བདག་མེད་པ་ལ་སོགས་པར་སྒྲུབ་པར་བྱེད་པའོ། །

དེ་དེ་ལྟར་ཕུང་པོ་ལ་སོགས་པའི་མཚན་ཉིད་ཁོང་དུ་ཆུད་ནས་དེ་ལ་མངོན་པར་ཞེན་པ་བཙུན་གཙོའི་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱ་བ་ནི་བཟློག་པར་བྱའོ། །ཇི་ལྟར་བཟློག་པར་བྱ་ཞེས་པ་དང་། དེར་གསུངས་པ། ཆོས་ལ་བདག་མེད་པའི་མཚན་ཉིད་ལ་རྗེས་སུ་གཞུག་
ཅེས་སོ། །གང་ཟག་ལ་བདག་མེད་པར་ནི་ཕྱིའི་དོན་དུ་སྨྲ་བའི་ཉན་ཐོས་པ་རྣམས་གནས་སོ། །ཆོས་ལ་བདག་མེད་པ་ནི་ཞི་བ་པ་དང་། གཏོགས་འདོད་པ་དང་། རིག་སྔགས་འཛིན་པའི་མཐར་སྨྲ་བ་པོ་རྣམས་གནས་སོ། །དེ་ལྟ་བ་གཉིས་ལས་སེམས་ཅན་རྣམས་རིགས་པས་བཟློག་སྟེ། ས་
དང་སའི་རིམ་པར་མཚམས་སྦྱོར་བ་ལ་གནས་པར་བྱ་བ་ནི་འཇུངས་པ་ལ་སོགས་པའི་ཉེས་པ་སྤོང་དུ་བཅུག་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་སར་རིམ་གྱིས་དགོད་པར་བྱའོ། །དེ་ལ་རིམ་ཞེས་བྱ་བ་ནི་འཇུངས་པའི་གཉེན་པོར་སྦྱིན་པ་དང་། ངང་ཚུལ་ངན་པའི་གཉེན་པོར་ཚུལ་ཁྲིམས་དང་། ངན་
དུ་སྨྲ་བ་ལ་སོགས་པ་ཁྲོ་བའི་གཉེན་པོར་ཇི་མི་སྙམ་ཞིང་བཟོད་པ་དང་། ལེ་ལོའི་གཉེན་པོར་བརྩོན་འགྲུས་དང་། མཉམ་པར་མི་འཇོག་པའི་གཉེན་པོར་བསམ་གཏན་དང་། མ་རིག་པའི་གཉེན་པོར་ཤེས་རབ་དང་། ཐབས་མེད་པའི་གཉེན་པོར་ཤེས་རབ་ཀྱིས་ཐབས་ལ་མཁས་པ་དང་། སྨོན་
པ་མེད་པའི་གཉེན་པོར་བཟང་པོ་སྤྱོད་པའི་སྨོན་ལམ་དང་། རྣལ་འབྱོར་གྱི་ལམ་གྱི་སྟོབས་ཆུང་བའི་གཉེན་པོར་སྟོབས་དང་། ཉོན་མོངས་པ་དང་། ཉོན་མོངས་པ་མེད་པའི་མི་ཤེས་པ་ཐམས་ཅད་ཀྱི་གཉེན་པོར་ཡེ་ཤེས་ཏེ། ས་བཅུའི་རིམ་གྱིས་མཚམས་སྦྱོར་བའི་ཁྱད་པར་བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་ལ་དགོད་པར་བྱ་ཞིང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་ཚོགས་རྣམས་ཀྱིས་སངས་རྒྱས་སུ་དགོད་པར་བྱའོ། །རྟག་པ་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ་སོགས་པ་ལ། རྟག་པ་ནི་རྒྱུན་རྟག་པའི་ཕྱིར་རོ། །མི་རྟག་པ་ནི་སྐད་ཅིག་མའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ནི་
བསམ་མི་ནུས་པའོ། །མུ་སྟེགས་བྱེད་པ་རྣམས་རྒྱུ་རྣམས་ལ་རྟག་པ་དང་། བསམ་གྱིས་མི་ཁྱབ་པར་སྨྲའོ་ཞེས་པ་ནི་གླེང་བའོ། །ལྷ་ཆེན་པོ་དང་། གཏོགས་འདོད་དང་། ཚངས་པ་དང་། བདག་དང་། རྡུལ་ཕྲ་མོ་ལ་སོགས་པ་ནི་གནས་ཀྱི་དཀྱིལ་འཁོར་གྱི་དངོས་པོ་རྣམས་ཀྱི་རྒྱུ་

རྟག་པ་དང་། བསམ་གྱིས་མི་ཁྱབ་པས་ནུས་སོ་ཞེས་མི་གཉིས་པར་སྨྲ་བ་རྣམས་རྟོག་པ་དང་། རྒྱུ་རྣམས་ཀྱི་རྒྱུ་མ་རིག་པའི་མཐུ་བསམ་གྱིས་མི་ཁྱབ་པོ་ཞེས་མི་གཉིས་པར་སྨྲ་བ་རྣམས་ཀྱང་སྨྲའོ། །གཉིས་པར་སྨྲ་བ་རྣམས་ཀྱང་རྡུལ་གཉིས་པ་ལ་སོགས་པའི་རིམ་གྱིས་རྡུལ་ཕྲ་མོ་རྣམས་ལ་ཡན་
ལག་མེད་ཀྱང་ཡན་ལག་དང་བཅས་པའི་རྫས་རྩོམ་པར་བྱེད་ཅེས་དེ་སྐད་དུ་གླེངས་པ་དེར་ཐམས་ཅད་མཁྱེན་པས་སྤོང་བར་གསུངས་པ། མུ་སྟེགས་བྱེད་པ་རྣམས་རྒྱུ་ནི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ཉིད་ཐོབ་པར་མི་འགྱུར་རོ་ཞེས་སོ། །དེའི་རྒྱུ་གསུངས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་པའོ། །རྒྱུའི་
རང་གི་མཚན་ཉིད་དང་ལྡན་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དེའི་རྒྱུའི་རང་གི་མཚན་ཉིད་དང་ལྡན་པ་མ་ཡིན་ཏེ། རྟག་པ་ལ་རྒྱུ་མེད་པས་ན་རི་བོང་གི་རྭ་ལྟར་དངོས་པོ་མེད་པའོ་ཞེས་སོ། །ཐམས་ཅད་མཁྱེན་པས་ཚད་མའི་དོན་ཉིད་དུ་གསུངས་པ། བློ་གྲོས་ཆེན་པོ་གང་གིས་རྟག་པ་དང་། བསམ་གྱིས་མི་ཁྱབ་
པ་དེའི་རྒྱུའི་རང་གི་མཚན་ཉིད་དང་མི་ལྡན་པ་ནི་རྟག་པ་བསམ་གྱིས་མི་ཁྱབ་པ་རི་བོང་གི་རྭ་ལྟར་མ་སྐྱེས་པས་ན་རང་བཞིན་མེད་པའི་ཕྱིར་རང་བཞིན་གང་གིས་མངོན་པར་བྱ། བྱེད་པ་པོའམ། ཤེས་པར་བྱེད་པ་མངོན་པར་བྱེད་པའི་རྒྱུ་གང་གིས་རྗེས་སུ་དཔག་པར་བྱ། མ་སྐྱེས་པ་ནི་དངོས་པོ་མེད་པས་ན་
རྟག་པ་དང་། བསམ་གྱིས་མི་ཁྱབ་པའོ་ཞེས་རྟག་པ་དང་། བསམ་གྱིས་མི་ཁྱབ་པར་སྨྲ་བར་མི་རུང་ངོ་། །དེ་སྟེ་རྒྱུའི་རང་གི་མཚན་ཉིད་ནི་རག་ལུས་པའོ་ཞེས་བརྒྱ་ལ་མུ་སྟེགས་བྱེད་པས་ཁས་ལེན་ན་དེའི་ཚེ་དེ་ལས་གཞན་པའི་བྱས་པ་ཅན་བཞིན་དུ་མི་རྟག་པར་འགྱུར་རོ། །ངའི་ཞེས་བྱ་བ་ལ་
སོག་པ་པས་ནི་རང་གི་ཕྱོགས་ཀྱི་ཁྱད་པར་གསུངས་པའོ། །རྟག་པ་ནི་རྒྱུན་རྟག་པའི་ཕྱིར་རོ། །གང་ན་བསམ་པ་མེད་པ་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པར་རིག་པ་དེ་ནི་རྟག་པ་བསམ་གྱིས་མི་ཁྱབ་པས་དེ་ནི་དབང་པོའི་ཤེས་པ་འཇུག་པ་ཡང་དག་
པར་འཇུག་པར་ཤེས་པ་བཞིན་ནོ། །དོན་དམ་པའི་རྒྱུ་མཚན་ཉིད་དང་ལྡན་པ་ནི་མི་གཉིས་པར་ཡང་དག་པར་རིག་པའི་མཚན་ཉིད་པས་ན་མི་གཉིས་པར་ཡང་དག་པར་རིག་པའི་མཚན་ཉིད་ཀྱི་དངོས་པོའི་མཚན་ཉིད་ཀྱི་དངོས་པོའོ། །དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་ནི་ཡོད་པ་དང་མེད་

པའི་རྣམ་པར་རྟོག་པ་མེད་པའོ། །འཕགས་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཡང་དག་པར་རིག་པ་རང་བཞིན་གཉིས་སུ་མེད་པའི་ཕྱིར་ཡོངས་སུ་གྲུབ་པར་དགོངས་པ་ཡིན་གྱི་གཞན་གྱི་དབང་དངོས་པོ་དང་དངོས་པོ་མེད་པ་དང་བྲལ་ཞིང་གཉིས་སུ་མེད་པ་སྒྱུ་
མ་ལ་སོགས་པའི་རང་བཞིན་ནི་མ་ཡིན་ནོ། །ཆུད་པའི་རང་བཞིན་ནི་ཡང་དག་པར་རིག་པའི་དངོས་པོ་ཉིད་ཡང་དག་པར་ན་མཚན་ཉིད་དོ། །དེས་ན་མཚན་ཉིད་དང་ལྡན་པའོ། །གང་ན་མཚན་ཉིད་དང་ལྡན་པ་མེད་པ་དེས་ན་རྣམ་པ་གཉིས་དང་མ་བྲལ་བས་ན་མཚན་ཉིད་དང་ལྡན་པ་མ་ཡིན་ཏེ། མངོན་
པར་བརྗོད་པར་བྱའོ། །མུ་སྟེགས་བྱེད་པ་རྟག་པར་སྨྲ་བ་མ་གཏོགས་པའི་སྐད་ཅིག་མའི་རྒྱུན་གསུངས་པ་རྒྱུ་དང་ལྡན་པ་ཡིན་གྱི། རྒྱུ་མེད་པ་ལས་བྱུང་བ་ནི་མ་ཡིན་ནོ་ཞེས་སོ། །ཇི་ལྟར་ན་ཡང་མི་གཉིས་པའི་ཡེ་ཤེས་ཀྱི་རྒྱུ་དོན་དམ་པའི་ཡེ་ཤེས་ཡིན་ཞེས་པ་དང་གསུངས་པ་ཡོད་པ་དང་བྲལ་
བས་ན་ཞེས་སོ། །དོན་དམ་པ་མ་ཡིན་པའི་གཞན་གྱི་དབང་ནི་ཡོད་པ་དང་མེད་པ་གཉིས་ཀྱི་རྣམ་པ་ཡིན་ཏེ། དེ་ལས་འདས་པའི་ཡོངས་སུ་གྲུབ་པ་དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་ཐམས་ཅད་དུ་ཁྱབ་པ་བརྗོད་དུ་མེད་པ་སྟེ། དེ་བཞིན་གཤེགས་པ་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆུད་
པའི་རྒྱུན་གྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་ཡིན་ཏེ། དབང་པོ་ལ་སོགས་པས་མ་བྱས་པས་ན་མ་བྱས་པ་དང་། འདུས་མ་བྱས་པས་ན་ནམ་མཁའི་ཆོས་སུ་བརྟག་གོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་མི་གཉིས་པའི་ཆོས་ཉིད་དོ། །དངོས་པོ་མི་རྟག་པའི་མཚན་ཉིད་ཀྱི་རྒྱུ་ལས་གྱུར་པའི་ཕྱིར་ཞེས་བྱ་བ་ལ་
སོགས་པ་ནི་མི་རྟག་པའི་དངོས་པོ་རྣམས་ཀྱི་མཚན་ཉིད་ཀྱི་རང་བཞིན་འབྱུང་བའི་རྒྱུ་ཡོད་དེ། དེས་ན་དེ་དག་མི་རྟག་པའོ། །རྒྱུ་དང་ལྡན་པ་མ་ཡིན་པར་ཡོད་པ་ནི་རྟག་པ་སྟེ་ཞེས་པ་ནི་རྟག་པའི་རྒྱུ་དེ་ལས་མེད་དེ། དེས་ན་བདག་གིས་བྱས་པའི་རྒྱུའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་རྟག་
པ་མ་ཡིན་ནོ། །དེ་དག་གི་རྒྱུ་མེད་དོ་ཞེས་དོན་འདི་འབྱུང་སྟེ། དེ་རྒྱུ་མ་ཕྱེ་བས་ན་རྟག་གོ་ཞེས་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་བརྟག་པ་འབའ་ཞིག་ཏུ་ཟད་དོ། །རྒྱུ་དང་བྲལ་བ་རྣམས་ནི་མ་སྐྱེས་པས་ན་རི་བོང་གི་རྭ་བཞིན་དུ་མེད་པ་ཉིད་དོ། །མུ་སྟེགས་བྱེད་པ་རྣམས་རྟག་པ་དང་།

བསམ་གྱིས་མི་ཁྱབ་པ་རྟོག་པ་ནི་དུས་ཐམས་ཅད་དུ་གནས་པས་ན་རྟག་པ་བསམ་པ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པ་སྟེ། མི་གཉིས་པ་རྣམ་པར་མི་རྟོག་པ་དང་། སྣང་བ་ཐམས་ཅད་དང་བྲལ་བའི་ཕྱིར་ཤེས་པ་ནི་དེ་ལྟ་བུར་ཡང་གྲོལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །ཚད་མ་
སྔ་མའི་དོན་ཉིད་ཞིབ་ཏུ་གསུངས་པ། བློ་གྲོས་ཆེན་པོ་དེ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། བྱས་པའི་དངོས་པོ་མེད་པས་རྟག་པ་ཉིད་དུ་མཐོང་ནས་རྗེས་སུ་དཔག་པའི་ཚད་མའི་བློས་མ་བྱས་པ་ནི་རྟག་པར་འགྱུར་ཞེས་དེ་ལྟར་ན་ནི་ངའི་ཡང་རྒྱུ་ཉིད་ཀྱི་སྟེ། མ་བྱས་པས་བྱས་པའི་དངོས་པོ་རྣམས་འཇིག་
པའི་མཚན་ཉིད་དུ་མེད་པས་རྟག་པར་མཐོང་ནས་རྒྱུ་མེད་པར་བསྟན་པའི་ཕྱིར་རྟག་པ་སྟེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དངོས་པོ་མེད་པ་ཉིད་དེ། དེ་ལྟ་བས་ན་འཕགས་པའི་ལྷས་དོན་དེ་ཉིད་སྨྲས་པ། རྟེན་འབྲལ་འབྱུང་ཡོད་མེད་པ་ནི། །ནམས་ཀྱང་སུ་ཞིག་གང་དུ་ཡང་། །ཅུང་ཟད་
ཡོད་པ་མ་ཡིན་ཏེ། །དེས་ན་དེ་ནི་རྟག་པའོ། །རྒྱུ་མེད་པ་ནི་དངོས་པོ་མེད། །རྒྱུ་ལྡན་པ་ཡང་རྟག་པ་མིན། །དེས་ན་རྒྱུ་མེད་གྲུབ་པ་མེད། །ཡང་དག་རིག་པས་གྲུབ་མེད་གསུངས། །དེ་སྟེ་རྒྱུ་དང་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ནི་གལ་ཏེ་རྟག་པ་དང་བསམ་གྱིས་མི་ཁྱབ་པ་
བསྒྲུབ་པའི་རྒྱུ་ཞིག་ཡོད་ན་ནི་དེའི་ཚེ་རུང་ངོ་ཞེས་དེ་ནི་ཐམས་ཅད་མཁྱེན་པས་དགོངས་པའོ། །རྟག་པ་དང་བསམ་གྱིས་མི་ཁྱབ་པ་བསྒྲུབ་པའི་རྒྱུ་གང་ཡང་མེད་པས་ན་དེའི་ཕྱིར་ཉེ་བར་བསྡུ་བར་མཛད་པ། རྒྱུའི་རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པ་ཞེས་ཏེ། གང་གིས་སྒྲུབ་པར་བྱེད་པ་དེའི་དངོས་
པོ་མེད་པས་ན་དེ་མེད་པའི་ཕྱིར་དེ་མ་སྐྱེས་པས་རི་བོང་གི་རྭ་ལྟར་དངོས་པོ་མེད་དོ་ཞེས་ཚད་མའི་དོན་ཏོ། །རྒྱུན་གྱིས་རྟག་པའི་དབང་གསུངས་པ། ང་ཡི་ཞེས་བྱ་བ་ལ་སོགས་པ་ལ། བྱས་པའི་དངོས་པོ་དང་། དངོས་པོ་མེད་པ་རྣམ་པར་སྤངས་པས་ན་ཞེས་བྱ་བ་ནི་དེ་མ་ཡིན་པའི་ཕྱིར་སེ་གོལ་གྱི་སྒྲ་
ལ་སོགས་པའི་མཚན་ཉིད་ཀྱི་སྐད་ཅིག་པ་དེ་མ་ཐག་ཏུ་མཚམས་མི་སྦྱོར་བ་ནི་མཚན་ཉིད་ཐ་དད་པའི་ཕྱིར་རོ། །རྒྱུད་མ་སྐད་ཅིག་མ་འདྲ་བ་རྣམ་པར་མི་འཆད་པས་ན་སེམས་ཀྱི་རྒྱུད་རྟག་གོ་ཞེས་སྐད་ཅིག་མ་འཇིག་པ་རྣམ་པར་དགོངས་པའི་དོན་ཏོ། །མི་གཉིས་པར་སྨྲ་བ་རྣམས་ཀྱིས་ཕྱི་རོལ་གྱི་དངོས་པོ་

མེད་པས་རྟག་པར་རྗེས་སུ་དཔག་པར་རིགས་པ་མ་ཡིན་ཏེ། འགྱུར་བའི་གྲོགས་བྱས་པས་ན་མི་རྟག་པ་ཡིན་ལ། མ་བྱས་པའི་ཕྱིར་མི་གཉིས་པར་རྟག་གོ་ཞེས་པ་ཕྱོགས་དེ་ལ་རྒྱུ་མེད་པས་ན་རི་བོང་གི་རྭ་བཞིན་དུ་མེད་པ་ཁོ་ན་སྟེ། དེ་བས་ན་ཕྱི་རོལ་གྱི་དངོས་པོ་མེད་པས་
རྟག་པ་རྗེས་སུ་དཔག་པའི་ཕྱིར་རྟག་པ་མ་ཡིན་ནོ། །སྨྲ་བ་པོ་གང་ཡང་ཕྱི་རོལ་མེད་པའི་ཕྱིར་རྟག་པ་ལ་རྗེས་སུ་དཔོག་པས་དངོས་པོ་རྣམས་རྟག་པས་ན་རྟག་པ་དང་བསམ་དུ་མེད་པ་སྟེ་ཞེས་སྨྲ་བ་དེ་རྟག་པ་དང་། བསམ་དུ་མེད་པ་དེའི་རྒྱུའི་རང་གི་མཚན་ཉིད་མི་ཤེས་ཏེ། རྨི་ལམ་དང་མིག་འཕྲུལ་གྱི་
མཚན་ཉིད་ཀྱིས་དངོས་པོར་གྱུར་པ་དེ་མེད་པས་ན་དེ་མེད་དོ་ཞེས་པར་རྒྱུ་མེད་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་མེད་པར་མི་ཤེས་སོ་ཞེས་དགོངས་པའི་དོན་ཏོ། །གཏམ་བྱར་ཡང་མི་རུང་ངོ་ཞེས་པ་ནི་སྨྲ་བར་མི་བྱའོ། །ཕྱི་རོལ་གྱི་དོན་དངོས་པོ་རྟག་པས་རྟག་པར་རྗེས་སུ་དཔག་གོ་ཞེས་གང་ནས་དེ་སྐད་
དུ་འབྱུང་བ་དེར་ཡང་གཉིས་པར་སྨྲ་བ་རྣམས་ཀྱིས་རྡུལ་ཕྲ་མོ་རྣམས་རྟག་པའི་རྒྱུ་མེད་པས་ན་རི་བོང་གི་རྭ་ལྟར་དངོས་པོ་མེད་ཅེས་སོ། །ཚད་མས་ཁྱབ་པའི་ཚུལ་སྤྱིར་གསུངས་པས་གཉིས་པ་དང་མི་གཉིས་པར་སྨྲ་བ་རྣམས་ཀྱིས་རྗེས་སུ་དཔག་པ་ཐམས་ཅད་མཁྱེན་པ་སུན་དབྱུང་བའི་ཕྱིར་མི་གཉིས་པར་
སྨྲ་བ་རྣམས་ཀྱིས་རྟག་པའི་རྗེས་སུ་དཔག་པར་ཇི་ལྟ་བུར་མི་རུང་བ་ནི་དཔྱད་པའོ། །གཉིས་པར་སྨྲ་བ་རྣམས་ཀྱིས་དཔྱད་པར་མི་བྱ་སྟེ། ཕྱི་རོལ་གྱི་དངོས་པོ་རྟག་པས་རྗེས་སུ་དཔག་པ་ནི་རྡུལ་ཕྲ་མོ་རྣམས་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ཞེས་ཏེ་ཇི་ལྟ་ཞེ་ན་ཡན་ལག་ཅན་གྱི་ཆའི་དངོས་པོ་
མེད་པས་སོ། །ཕྱི་རོལ་གྱི་ཡན་ལག་ཅན་གྱིས་ཐམས་ཅད་ཡན་ལག་གི་ཆ་དང་བྲལ་ན་དངོས་པོ་མེད་པ་སྟེ། དེས་ན་མཐའི་རྡུལ་རྣམས་རྟག་པ་ཡིན་པས་ན་རྗེས་སུ་དཔག་པའོ། །ཇི་ལྟར་སྣང་བ་བྱེད་པས་སྨྲས་པ། བོང་བ་རྣམ་པའི་ཆར་ཕྱེ་བ་ན་འཇམ་པ་དང་། ཆེར་འཇམ་པ་ལ་
སོགས་པར་ཁྱད་པར་དུ་ཆ་རྣམས་སུ་བཟུང་བ་གང་དེ་ལས་ཡང་བ་མེད་པ་ནི་རྡུལ་ཞེས་བྱའོ་ཞེས་པའི་རྟག་པར་སྨྲ་བ་པོའི་མུ་སྟེགས་ཅན་རྣམས་རྟག་པར་སྨྲ་བ་པོ་རྣམས་ཁོང་དུ་མི་ཆུད་པ་རྣམས་ཀྱིས་རྟག་པ་རྗེས་སུ་དཔག་པ་ཐམས་ཅད་མཁྱེན་པས་མི་འཐད་པར་རྒྱུ་མེད་པར་བསྟན་པ་ལ་སོགས་པ་

སྤྱིར་བཤད་པ་བཞིན་ནོ། །འཁོར་བའི་སྡུག་བསྔལ་རྣམ་པར་རྟོག་པའི་འཇིགས་པས་སྐྲག་པ་དག་ཅེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དོན་དུ་འཁྲུལ་ནས་གཟུགས་ལ་སོགས་པའི་ཕུང་པོ་མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པས་ཤིན་ཏུ་སྐྲག་ནས་མྱ་ངན་ལས་འདའ་བ་ཚོལ་བར་བྱེད་དེ། རྣམ་
པར་རྟོག་པ་གཉིས་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པའི་མྱ་ངན་ལས་འདས་པ་མི་ཤེས་སོ། །ཕྱིའི་དོན་ལ་མངོན་པར་ཞེན་པས་ཐེག་པ་གསུམ་དུ་རྟོག་པར་བྱེད་ཅེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཁྱད་པར་མི་ཤེས་པ་ཞེས་བྱ་བ་ནི་རང་བཞིན་བདེན་པ་མངོན་པར་མི་ཤེས་པས་
དངོས་པོ་ལ་རྣམ་པར་རྟོག་པ་མེད་པ་དང་། དབང་པོ་རྣམས་ཀྱི་ཡུལ་མ་འོངས་པའི་རྒྱུན་བཅད་པས་སྲིད་པ་དང་ལོངས་སྤྱོད་ལ་སྐྱོ་བའི་ཕྱིར་འགོག་པའི་དབྱིངས་ཀྱི་མྱ་ངན་ལས་འདས་པ་མངོན་སུམ་དུ་འབྱེད་པའོ། །ཇི་ལྟར་འདི་ཉིད་དུ་གསུངས་པ། ཏིང་འཛིན་དྲེགས་པས་མྱོས་པ་ནི། །
དེ་དག་ཟག་མེད་དབྱིངས་སུ་གནས། །སོ་སོ་རང་གིས་རིག་པ་ཞེས་བྱ་བ་ལ་སོགས་པ་ནི་ཆུད་པའི་རང་བཞིན་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའི་གནས་འཕོས་པའི་མཚན་ཉིད་མི་གཉིས་པར་ཡང་དག་པར་རིག་པའི་མྱ་ངན་ལས་འདས་པ་གཉིས་ཀྱི་
ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྤངས་པ་ལས་འགྱུར་བ་ནི་མི་ཤེས་སོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སེམས་ཙམ་ཉིད་དུ་སྣང་བ་མེད་པ་ནི་མྱ་ངན་ལས་འདའ་བ་ཞེས་བྱའོ། །ཇི་ལྟར་བདུན་བརྒྱ་པ་ལས་འབྱུང་བ། འདི་ཉིད་མྱ་ངན་ལས་འདས་པ་སྟེ། གང་ཞེ་ན། སེམས་པ་མེད་པ་ཉིད་
དོ་ཞེས་ཏེ། དེ་ལྟར་སྨྲ་བ་པོར་མི་འགྱུར་རོ། །རང་གི་སེམས་སྣང་བའི་སྤྱོད་ཡུལ་དུ་མངོན་པར་མི་ཤེས་པ་སྟེ་ཞེས་བྱ་བ་ནི་གཉིས་ཀྱིས་རྣམ་པར་སེམས་མི་ཤེས་པའོ། །ཕྱི་རོལ་གྱི་སྣང་བ་སེམས་ཀྱི་སྤྱོད་ཡུལ་དུ་མངོན་པར་ཞེན་པ་ཞེས་བྱ་བ་ནི་གཟུང་བའི་ཆ་ལ་ཕྱི་རོལ་གྱི་བར་རྟོག་པར་བྱེད་དེ།
དེ་དག་ཀྱང་འཁྲུལ་པས་ན་འཁོར་བར་རབ་ཏུ་འཁོར་རོ། །གཞན་ཡང་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དབང་གི་སྐྱེ་བའི་རང་བཞིན་མེད་པས་གསུང་ངོ་། །དེའི་རྒྱུ་གསུངས་པ། རང་གི་སེམས་སྣང་བའི་དངོས་པོ་མེད་པ་དང་ཞེས་པ་སྟེ། རྨི་ལམ་

དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པའི་རང་བཞིན་བཞིན་ནོ། །ཇི་ལྟར་ན་མ་སྐྱེས་ཞེས་པ་དང་། རིགས་པ་གཞན་གསུངས་པ། མེད་པ་ལས་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་སོ། །ཡོད་པ་ན་དངོས་པོར་ཡོད་པའི་ཕྱིར་སྐྱེ་བ་མེད་དོ། །མེད་པ་ཡང་བསྐྱེད་མི་ནུས་
པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་ལ་བྱེད་པ་པོ་དང་། ལས་དང་བྱེད་པ་མངོན་པར་འབྲེལ་བ་མེད་དེ། ཇི་ལྟར་དབུ་མ་ལས་འབྱུང་བ། །ཡོད་དང་མེད་པའི་དོན་ལ་ནི། །རྐྱེན་རྣམས་ཡོད་པ་མ་ཡིན་ཏེ། །མེད་ན་རྐྱེན་ནི་སུ་ཡི་ཡིན། །ཡོད་པ་རྐྱེན་གྱིས་ཅི་ཞིག་བྱ། །བྱིས་
པ་སོ་སོའི་སྐྱེ་བོ་རྣམས་གྱིས་ཡང་དག་པ་མ་ཡིན་པར་སོ་སོར་བརྟགས་པའི་རང་བཞིན་དུ་རྣམ་པར་བརྟག་པའི་ཕྱིར་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་མ་ཡིན་པའི་ཕྱི་རོལ་གྱི་དོན་ཡོངས་སུ་རྟོག་པར་བྱེད་དོ། །རྣམ་པ་དེ་ལྟ་བུའི་རང་བཞིན་ལ་ཡང་རྟག་པ་དང་། མཛེས་
པ་དང་། གཙང་བ་ལ་སོགས་པར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་མ་ཡིན་པར་ཀུན་ཏུ་བརྟགས་པ་སྟེ། ཡང་དག་པ་མ་ཡིན་པ་ཀུན་ཏུ་བརྟགས་པའི་རང་བཞིན་རྣམ་པར་བརྟགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་དམ་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གྲུབ་པ་མི་གཉིས་པ་
ཡང་དག་པར་རིག་པ་ལས་གསུངས་པ། འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྟག་པ་དང་། གཞན་གྱི་དབང་གིས་གཉིས་ཀྱི་རྣམ་པའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ནི་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་
པའི་རང་བཞིན་ཏེ། དེ་ཉིད་གཉིས་སུ་མེད་པའི་རང་བཞིན་གྱི་མཚན་ཉིད་དུ་སྐྱེའོ། །མཚན་ཉིད་ནི་དེ་ཉིད་སྐྱེ་བ་གྲུབ་པའི་མཚན་མ་སྟེ། རྟོག་པར་བྱེད་པའོ། །དེ་ཉིད་དངོས་པོ་ཡིན་པས་ན་གཞན་དག་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མི་སྐྱེ་བ་སྟེ། གཉིས་ཀྱི་རྣམ་པའི་རྣམས་
ཤེས་རབ་ཀྱིས་དཔྱད་པ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་མི་རུང་ངོ་། །དེའི་འོག་ཏུ་འབྱུང་ཞེས་བྱ་བ་ཡང་རང་བཞིན་མེད་པས་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་ནོ། །བྱིས་པ་རྣམས་ལ་རང་བཞིན་གྱི་འཁྲུལ་པ་ཡོད་པས་ན་བྱིས་པ་རང་བཞིན་དུ་རྣམ་པར་བརྟགས་པས་མི་གཉིས་

པའི་རང་བཞིན་སྤྱོད་ཡུལ་དུ་མི་འགྱུར་རོ། །དེ་དོན་དམ་པའི་བདེན་པ་མི་གཉིས་པར་ཆུད་པའི་རང་བཞིན་གཟུང་བ་དང་། འཛིན་པའི་ཡུལ་མ་ཡིན་ཞེས་པའི་བར་དུའོ། །ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་སྐྱེ་བ་དང་། གནས་པ་དང་།
འཇིག་པའི་ལྟ་བར་ལྷུང་བའི་བསམ་པ་ཞེས་བྱ་བ་དེ་ལ་བྱིས་པ་རྣམས་འཛིན་པ་དང་གཟུང་བ་གཉིས་ལ་མངོན་པར་ཞེན་པས་རབ་རིབ་ཅན་རྣམས་རྣམ་པ་གཉིས་སུ་འཁྲུལ་པ་བཞིན་དུ་སྐྱེ་བ་དང་། གནས་པ་དང་། འཇིག་པ་རྣམས་རྟོག་གོ། །དོན་དམ་པར་ནི་རྨི་ལམ་དང་། མིག་འཕྲུལ་
ལ་སོགས་པ་བཞིན་དུ་གཞན་གྱི་དབང་གིས་འཁྲུལ་པའི་རྣམ་པ་རྣམས་ལ་སྐྱེ་བ་དང་། གནས་པ་དང་། འཇིག་པ་མེད་དོ། །མཚན་ཉིད་ཡོངས་སུ་འདྲིས་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་སྤྱི་དང་ཁྱད་པར་གྱི་མཚན་ཉིད་རབ་ཏུ་རྟོགས་པ་དེའི་ཤེས་པ་འཇུག་གོ། །དེ་ལ་སྤྱིའི་
མཚན་ཉིད་ནི་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་ལ་སོགས་པའོ། །ཁྱད་པར་གྱི་མཚན་ཉིད་ནི་རྟེན་པ་ལ་སོགས་པའི་ལས་དང་། སྲ་བ་དང་། རླན་པ་དང་། དྲོ་བ་དང་། གཡོ་བར་གྲུབ་པའོ། །ཡང་འབྱེད་པའི་མཚན་ཉིད་ལ། གཟུགས་ནི་
དབང་པོ་ལྔ་དང་དོན། །ལྔ་དང་རིག་བྱེད་མ་ཡིན་གཟུགས། །རྣམ་གཉིས་རྣམ་པ་ཉི་ཤུ་སྒྲ། །བརྒྱད་པོ་རོ་ནི་རྣམ་པ་དྲུག། །དྲི་ནི་རྣམ་པ་བཞི་དང་རེག །བཅུ་གཅིག་གི་བདག་ཉིད་ཅེས་བྱ་བ་ལ་སོགས་པའོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བར་འཇུག་པ་ནི་མངོན་པར་འདུ་བྱེད་པ་དང་།
ནན་ཏན་བྱ་བའི་བར་དུའོ། །འཇུག་པ་དེས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཟབ་མོ་མི་གཉིས་པའི་མཚན་ཉིད་ལ་ནན་ཏན་མི་བྱེད་པའོ། །ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་ལྟ་བས་ཞེས་བྱ་བ་ནི་བདག་གི་དོན་དུ་ལྟ་བས་འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གཞན་གྱི་
དབང་གི་རྣམ་པ་ཉིད་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་ལ་སོགས་པའི་རྣམ་པས་འདོད་ཆགས་དང་བྲལ་ནས། ཀུན་ནས་ལྡང་བའི་ཉོན་མོངས་པ་དང་། ཉོན་མོངས་པའི་བག་ཆགས་ཀྱི་ཉོན་མོངས་པ་རྣམས་སྤང་པའི་ཕྱིར་རོ། །བསམ་

གྱིས་མི་ཁྱབ་པའི་འཕོ་བ་དང་ལྡན་པ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་དང་ལྡན་པ་སྟེ། སེམས་པ་མེད་ཅེས་པའི་བར་དུའོ། །ཇི་ལྟར་འདིར་གསུངས་པ། དེ་དག་ཏིང་འཛིན་མྱོས་པས་མྱོས། །ཟག་པ་མེད་པའི་དབྱིངས་ན་འཁོད། །ཅེས་སོ། །ཇི་
ལྟར་བདུན་བརྒྱ་པ་ལས་འབྱུང་བ། འདི་ཉིད་མྱ་ངན་འདས་པ་སྟེ། །གང་ཞེ་ན། བསམ་པ་མེད་ཅེས་པའོ། །སེམས་པ་མེད་པའི་ཏིང་ངེ་འཛིན་དེ་ལས་ལངས་ནས། སེང་གེའི་སྒྲ་སྒྲོགས་པ་ནི་བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་དུ་ས་
ལྔ་དང་། ས་དྲུག་ཏུ་ཉོན་མོངས་པ་སྤངས་པར་གྱུར་ཀྱང་། མྱ་ངན་ལས་འདས་པའི་འདུ་ཤེས་མེད་དོ། །གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ནས་སྐད་ཅིག་མར་འཇིག་པ་ཡོངས་སུ་ཤེས་པའི་ཕྱིར་འཕགས་པའི་ཉན་ཐོས་རྣམས་ཕུང་པོར་སྣང་བ་རྣམས་ལས་སྐྱོ་བར་འགྱུར་རོ། །བྱང་
ཆུབ་སེམས་དཔའ་རྣམས་ནི་ཆོས་དང་གང་ཟག་ལ་བདག་མེད་པར་ཡོངས་སུ་ཤེས་ནས་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པའི་རང་བཞིན་འཁོར་བ་ལ་སྐྲག་པར་འགྱུར་བ་མེད་ཅིང་སྙིང་རྗེས་དེ་དག་འཇུག་གོ། །བློ་གྲོས་ཆེན་པོ་གཞན་དག་ནི་བདག་དང་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་ཤེས་
པས་མྱ་ངན་ལས་འདའ་བ་ཚོལ་ཞིང་གང་དག་སྐད་ཅིག་པར་འཇིག་པར་ཁོང་དུ་ཆུད་པར་མི་བྱེད་པ་རྣམས་སོ། །གཞན་དག་ནི་ཞེས་བྱ་བ་ལ་སོགས་པ་རྒྱུ་ལས་སྡུག་བསྔལ་འབྱུང་བར་ཤེས་ནས་མྱ་ངན་ལས་འདས་པའི་བློ་ཅན་དུ་གྱུར་པ་ནི་ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་གྲངས་ཅན་ལ་སོགས་
པ་ལ་ཆོས་ལ་བདག་མེད་པ་མཐོང་བ་མེད་ཅིང་ཕྱི་རོལ་གྱི་དོན་དུ་ལྟ་བས་ཐར་པ་མེད་དེ། ལོག་པའི་ཤེས་པ་སྤོང་བའི་བདག་མེད་པ་གཉིས་ཡོངས་སུ་ཤེས་པས་ཐར་པར་འགྱུར་ན་དེ་ནི་དེ་དག་ལ་མེད་དོ། །ཇི་སྲིད་དུ་ལོག་པའི་ཤེས་པ་ཡོད་པ་དེ་སྲིད་དུ་མ་རིག་པ་སྤོང་བ་མེད་དེ། འཁོར་
བ་ཡང་མ་རིག་པ་ལས་འབྱུང་། ཡང་དག་པར་ཤེས་པ་ལས་མྱ་ངན་ལས་འདས་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །མུ་སྟེགས་ཅན་རྣམས་ནི་འབྱུང་བ་མ་ཡིན་པ་ལ་འབྱུང་བར་འདུ་ཤེས་པ་སྟེ། ལྟ་བ་ངན་པས་རྟག་པ་དང་། བདག་དང་། ཚངས་པ་དང་། དབང་

པོ་དང་། གཙོ་བོ་དང་། དུས་དང་། འབྱུང་བ་དང་། རྡུལ་ཕྲ་མོ་ལ་སོགས་པ་རྒྱུར་སྨྲ་བའི་རྣམས་རྟག་པར་ཚངས་པ་དང་། དབང་པོ་ལ་སོགས་པས་སྣང་བ་དང་། མཆོད་སྦྱིན་དང་། ཞུགས་པ་དང་། ཁྲུས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། གླུ་དང་གར་
དང་། རིན་པོ་ཆེ་དང་རྩ་བ་འཆང་བ་དང་། སྦྱོར་བ་དང་དྲི་མ་འཆང་བ་དང་། གྲང་བ་དང་། དྲོ་བ་དང་། ཉི་མས་གདུངས་པ་དང་། སྐྲ་འབལ་བ་དང་། ཚེར་མ་ལ་འགྲེ་བ་དང་། ཁ་འཚོ་བ་ལ་སོགས་པ་བསམ་གཏན་གྱི་བར་ཆད་བྱེད་ཅིང་འཁྲུལ་པ་དང་མཉམ་པར་འཇོག་པ་
མ་ཡིན་པའི་སེམས་ཀྱིས་ཐར་པ་མ་ཡིན་པ་ལ་ཐར་པར་འདུ་ཤེས་པའོ། །འདུ་འཛི་མེད་པའི་རྐྱེན་ནི་བདེན་པའི་དངོས་པོ་ལ་མངོན་པར་གནས་ཏེ་རང་སངས་རྒྱས་ཀྱི་མངོན་པར་ཤེས་པ་སྐྱེད་པར་བྱེད་དོ། །རང་རང་གི་ལུས་ཀྱི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་རྣམ་པ་མང་པོས་ནི་ནམ་མཁར་
འཕགས་པ་ལ་སོགས་པའོ། །ཟུང་གི་ཆོ་འཕྲུལ་ནི་འབར་བ་དང་ཆར་པ་འབེབས་པ་ལ་སོགས་པ་སྟེ། རྣམ་པ་དེ་ལྟ་བུའི་ཆོ་འཕྲུལ་དེ་ལྟ་བུ་བཤད་པ་ན་དགའ་བར་འགྱུར་རོ། །དེ་ལ་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པ་ལ་སོགས་པ་ནི་ཕུང་པོ་ལ་སོགས་པའི་རང་བཞིན་
མེད་པར་ཤེས་པ་སྟེ། ཐོས་པ་དང་སེམས་པའི་ཤེས་རབ་ཀྱིས་དཔྱད་དེ་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །བསྒོམ་པའི་ཤེས་རབ་ཀྱིས་བདག་ཉིད་རབ་ཏུ་སྣང་བ་དོན་དམ་པའི་བདེན་པ་མི་གཉིས་པ་ཆུད་པའི་མཚན་ཉིད་མངོན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་
པ་ནི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་མཚན་ཉིད་ཆེན་པོ་དང་ལྡན་པར་བརྟག་གོ། །གསུམ་པོ་འདི་དག་ལས་གང་བསྟན་ཀྱང་རུང་སྟེ་ཞེས་བྱ་བ་ནི་གཞན་གྱི་དབང་སྣང་བ་དང་བཅས་པ་དང་། སྣང་བ་མེད་ཅིང་བསམ་པ་མེད་པའི་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་
ཡོངས་སུ་གྲུབ་པ་དང་། ཕྱི་རོལ་གྱི་རྣམ་པར་རྟོག་པའི་གནས་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ལ་སོགས་པ་བསྟན་ཀྱང་རུང་སྟེ་མི་སྐྲག་གོ། །ཐེག་པ་གསུམ་ལ་མ་ངེས་པའི་རིགས་ནི་གང་ལ་དགའ་བ་དེ་ལ་རྗེས་སུ་སྦྱར་བར་བྱའོ། །ཡོངས་སུ་སྦྱར་བའི་ས་ཞེས་བྱ་བ་ནི་འཇུག་པའི་རིམ་

གྱིས་གང་རིགས་སུ་རྣམ་པར་གཞག་པ་འདི་ལ་བྱའོ། །གནའ་རིམ་གྱིས་ཞིང་གི་བཀོད་པ་འཇུག་པའི་གཏན་ཚིགས་པའི་རྒྱུར་ནི། མྱ་ངན་ལས་འདས་པ་ངས་སྨྲས་ཞེས་པའོ། །འདི་ལྟར་དམ་པའི་ཆོས་པུཎྜ་རཱི་ཀ་ལས་འབྱུང་བ་དེ་ལྟར་ཡང་མི་རྟག་པ་དང་། སྡུག་བསྔལ་
བ་དང་། མི་མཛེས་པ་ལ་སོགས་པའི་རྣལ་འབྱོར་གྱིས་འདོད་ཆགས་དང་བྲལ་བ་གང་ཟག་ལ་བདག་མེད་པར་ཞུགས་པའི་རྣམས་ཆོས་བདག་མེད་པར་གཟུང་བར་བྱའོ་ཞེས་བྱའོ། །སྣང་བ་མེད་པའི་ས་ལ་འཇུག་པའི་ཕྱིར་ཐོག་མར་སྣང་བ་དང་བཅས་པར་རྣམ་པར་དགོད་པར་བྱའོ་ཞེས་དགོངས་
པར་བརྟག་གོ། །དེ་བཞིན་དུ་ཡང་བསྒྲུབ་པར་མཛད་པ་སོ་སོ་རང་གི་ཀུན་གཞི་ཞེས་བྱ་བ་ལ་སོགས་པ་སྟེ། ལུས་དང་། ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པར་འཁྲུལ་པའི་བག་ཆགས་ཡོངས་སུ་སྨིན་པའི་སྟོབས་ལས་འགྱུར་ཏེ། དེའི་རང་གི་ཉོན་
མོངས་པའི་བག་ཆགས་དག་དང་བྲལ་ནས་ཆོས་ལ་བདག་མེད་པ་མི་གཉིས་པའི་ཆུད་པ་མཐོང་བའི་ཕྱིར། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོའི་ཏིང་ངེ་འཛིན་གྱི་བདེ་བ་བདག་གི་དོན་དུ་འཐོབ་ནས་སྙིང་རྗེའི་ས་བོན་རབ་ཏུ་སངས་པ་ཡང་གཞན་གྱི་དོན་དུ་
རྒྱལ་བའི་སྐུའི་ཆོས་ཀྱི་སྐུ་ཉིད་ཐོབ་པར་འགྱུར་རོ། །ཉན་ཐོས་རྣམས་ཀྱིས་ནི་ཕྱི་རོལ་གྱི་ཉིད་བསླད་པའི་འབྲས་བུའོ། །བྱིས་པ་རྣམས་ལ་ཐེག་པ་གསུམ་དང་། ཐེག་པ་གཅིག་དང་། ཐེག་པ་མེད་པར་གསུངས་པའི་འཕགས་པ་རྣམས་ལ་ཐེག་པ་གསུམ་བདེན་པ་སྟེ། གཉིས་སུ་མེད་
པའི་ཆོས་ཉིད་དུ་སྨྲ་སྟེ་ཞེས་བྱ་བར་སྦྱོར་རོ། །དེའི་རྒྱུར་གསུངས་པ། དམ་པའི་དོན་གྱི་སྒོ་མོ་ལ་སོགས་པ་ནི་སེམས་ཙམ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་རྟོག་པའི་བསམ་གཏན་ལ་སོགས་པ་དེ་དག་ཐམས་ཅད་མེད་དོ། །
སེམས་ཅན་ཐམས་ཅད་ལ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱིས་དེ་དག་ཐམས་ཅད་སངས་རྒྱས་སུ་དགོད་པར་བྱའོ། །དུས་ཀྱི་རིམ་པ་ལ་ལྟོས་ཏེ། རིགས་དང་རིགས་མེད་པར་རྣམ་པར་གཞག་པ་ཡིན་ཏེ། ཇི་ལྟར། ཏིང་ངེ་འཛིན་

གྱི་རྒྱལ་པོ་ལས་འབྱུང་བ། འགྲོ་བ་འདི་ཀུན་སངས་རྒྱས་འགྱུར། །སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་པའོ། །འདོད་ཆེན་པ་རྣམས་ཐར་བར་འགྱུར་ཀྱང་། དེ་དག་ཐར་བར་མི་འགྱུར་ཏེ། ལོག་པའི་ཤེས་པས་མངོན་པའི་ང་རྒྱལ་ཅན་དམ་པའི་ཆོས་སྤོང་བས་དགེ་བའི་རྩ་བ་
ཐམས་ཅད་སྤོང་བའི་ཕྱིར་རོ། །གཉིས་པ་ནི་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པས་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཐར་པ་མི་འཆད་དོ། །ཤིན་ཏུ་མྱ་ངན་ལས་མི་འདའ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་ཐོག་མ་ནས་མྱ་ངན་ལས་འདས་པར་ཤེས་རབ་ཀྱིས་ཤེས་ནས་དེའི་
དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་གྱི། ཉན་ཐོས་ལྟར་ཡོངས་སུ་མྱ་ངན་ལས་མི་འདའོ། །མ་ཡིན་ཞེས་བྱ་བ་ནི་ཉན་ཐོས་འདོད་ཆེན་པ་སྟེ། ཇི་སྐད་ཅེས་སྨྲས་པ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དགེ་བ་ཆེ་
ནས་ནམ་ཞིག་དེ་མྱ་ངན་ལས་འདས་པར་འགྱུར་རོ། །རང་བཞིན་གྱི་མཚན་ཉིད་གསུམ་ཞེས་བྱ་བ་ལ་སོགས་པ་ནི་རྟག་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་གསུམ་ལ་མཁས་པར་བྱའོ། །དེ་དག་ཇི་ལྟ་བུར་འབྱུང་བ་དེ་ལྟར་སྟོན་ཏེ། ཀུན་ཏུ་བརྟགས་པའི་རང་
བཞིན་ནི་མཚན་མ་ལས་འབྱུང་སྟེ་ཞེས་པ་སྔོན་པོ་དང་སེར་པོ་ལ་སོགས་པའི་མཚན་མ་ལས་འབྱུང་ངོ་། །གཞན་གྱི་དབང་མཚན་མ་ཡིན་པར་བསྒྲུབ་པར་མཛད་པ་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱི་དབང་གི་རང་བཞིན་ཅི་འདྲ་བ་ཞིག་ཅེས་པ་དང་གསུངས་པ། དངོས་པོའི་
མཚན་མའི་མཚན་ཉིད་ལྟ་བུའོ། །དངོས་པོར་སོ་སོར་སྣང་བ་ན་གཟུགས་ལ་སོགས་པའི་མཚན་མའི་མཚན་ཉིད་དང་། དམའ་བ་དང་མཐོ་བ་ལ་སོགས་པ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པར་དེ་དེ་ལྟར་རྣམ་པ་དེ་ལྟ་བུ་ནི་གཞན་གྱི་དབང་གི་རང་བཞིན་ཞེས་བྱའོ། །བློ་གྲོས་ཆེན་
པོ་དེ་ལ་དངོས་པོའི་མཚན་མའི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྣམ་པ་གཉིས་ཞེས་པ་དང་། དེ་ཉིད་གསུངས་པའི་མིང་ལ་མངོན་པར་ཞེན་པའི་མཚན་ཉིད་དང་། དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱིས་སོ། །དེ་ལ་དངོས་པོའི་

མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ནི་ནང་དང་ཕྱིའི་ཆོས་ལ་མངོན་པར་ཞེན་པའོ། །མིང་ལ་མངོན་པར་ཞེན་པའི་མཚན་ཉིད་ནི་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་དེ་དག་ཉིད་ལ་སྟེ། རང་དང་སྤྱིའི་མཚན་ཉིད་ཀྱི་ཁྱད་པར་གྱི་མཚན་ཉིད་དུ་རྣམ་པར་རྟོག་གོ། །རང་གི་
མཚན་ཉིད་ནི་སྲ་བ་དང་། རླན་པ་དང་། དྲོ་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་། བདག་མེད་པ་ལ་སོགས་པའོ། །ཡོངས་སུ་གྲུབ་པའི་རང་བཞིན་ནི་ཞེས་བྱ་བ་ལ་སོགས་པ་ལ། མཚན་མ་དང་མིང་གི་དངོས་པོའི་མཚན་ཉིད་རྣམ་པར་རྟོག་པ་དང་བྲལ་བ་ནི་མ་གྲུབ་
པའི་དེ་བཞིན་ཉིད་དོ། །མཚན་མ་ནི་འཇུག་པའི་མཚན་མ་སྟེ། རིགས་དང་ཡོན་ཏན་དང་། བྱེད་པའི་མཚན་ཉིད་དོ། །དངོས་པོའི་མཚན་ཉིད་དེར་མི་འཇུག་སྟེ། དེ་བཞིན་དུ་རྣམ་པར་རྟོག་པ་ལམ་ཡང་བ་དཀར་མོ་འགྲོའོ་ཞེས་སྒྲ་བརྗོད་དོ། །ནུ་མ་དང་། སྐྲ་དང་ལྡན་པ་ནི་བུད་མེད།
ཅེས་པ་དང་། ཁྲེ་སེར་སྐྱ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་དེ་ལྟ་བུར་འཇུག་པའི་མཚན་མའི་དངོས་པོ་དང་མིང་དུ་རྣམ་པར་རྟོག་པ་དང་བྲལ་བ་ནི་དེ་བཞིན་ཉིད་ཅེས་བྱའོ། །བྱེད་པ་པོ་དང་། ལས་དང་བྱེད་པ་དང་། རྗོད་པ་དང་། བརྗོད་པ་དང་། འཛིན་པ་དང་། གཟུང་བ་དང་།
ཡོད་པ་དང་། མེད་པའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དེ་བཞིན་དུ་མཚན་མ་མེད་པ་དང་། སྣང་བ་མེད་པ་དང་། དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་རང་བཞིན་ནི་དེ་བཞིན་ཉིད་ཡིན་ནོ། །མིང་དང་མཚན་མ་དང་། ཀུན་ཏུ་རྟོག་པ་ནི་རྟག་པ་དང་།
གཞན་གྱི་དབང་གི་རང་བཞིན་གཉིས་ཀྱི་མཚན་ཉིད་དུ་གཏོགས་སོ། །ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་དག་ནི་གྲུབ་པར་གཏོགས་སོ། །སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ནི་མིང་དང་། མཚན་མ་དང་། རྣམ་པར་རྟོག་པ་གསུམ་དུ་གཏོགས་སོ། །ལམ་དང་འགོག་པའི་
བདེན་པ་ནི་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དོ། །སློབ་དཔོན་བ་སུ་བན་དྷུས་དབུས་མཐའ་རྣམ་པར་འབྱེད་པ་ནི་ཐེག་པ་ཆེན་པོའི་ཚུལ་ཀུན་རྫོབ་དང་དོན་དམ་པར་བསྡུས་སོ། །བདག་ཅག་གིས་ནི་ཆོས་ལྔ་བསྡུ་བ་ལ་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་པ་ཉིད་དོ། །རིམ་པའི་

ཁྱད་པར་དུ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དགོངས་པ་ངེས་པར་འགྲེལ་པ་ལས་ཉན་ཐོས་རྣམས་ཀྱི་ལམ་གྱི་རྣམ་པར་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་དར་ལ་ཕྲ་མོའི་སྒྲིབ་པས་གཡོགས་པ་ལྟ་བུ་དང་། སངས་རྒྱས་བཅོམ་ལྡན་
འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ལ་སྒྲིབ་པ་མེད་པར་བཤད་པ་སྟེ། དེས་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པའི་ཁྱད་པར་གཉིས་ཀྱི་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་པ་ཉིད་བྱེ་བྲག་ཏུ་དབྱེའོ་ཞེས་དམ་པའི་ཆོས་རྒྱས་པའི་དོན་དུ་ཐམས་ཅད་
མཁྱེན་པས་དགོངས་པར་བརྟག་གོ། །གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་མེད་པ་གཉིས་ཀྱི་མཚན་ཉིད་ཤེས་པ་རབ་ཏུ་དབྱེ་བ་ལ་མཁས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་བདག་དང་བདག་གི་མེད་པ་ཞེས་བྱ་བ་ནི་བདག་རྟག་པར་མི་རུང་སྟེ། རྟག་
པ་མ་སྐྱེས་པས་ན་རི་བོང་གི་རྭ་ལྟར་དངོས་པོ་མེད་དོ། །རྟག་པ་ལ་ནི་རིམ་དང་ཅིག་ཅར་དོན་བྱེད་པར་འགལ་ཏེ། རིམ་གྱིས་ཇི་ལྟར་ན་བྱེད་ལྟོས་པའི་རྒྱུ་མེད་པས་ན་གཞན་གྱི་ཁྱད་པར་དུ་བྱ་བ་མེད་པའི་ཕྱིར་རོ། །ཅིག་ཅར་ཡང་དོན་བྱེད་པར་མི་རིགས་ཏེ། ཐང་ཅིག་ཏུ་བྱས་པ་དུས་གསུམ་དུ་བྱ་
བ་མི་དམིགས་པའི་ཕྱིར་རོ། །ཅིག་ཅར་དུ་བྱས་ན་ཡང་དུས་གཞན་དུ་བྱེད་པ་མེད་པར་གནས་པར་མི་རུང་སྟེ། དེ་བཞིན་དུ་ཡང་དུས་ཀྱི་རིམ་པར་དབྱེ་བ་ན་ཤིང་དང་ཐལ་བ་ལ་སོགས་པ་བཞིན་དུ་མི་རྟག་པར་འགྱུར་རོ། །སྐྲ་དང་རྩྭ་ལ་སོགས་པ་བཅད་ནས་ཕྱིར་སྐྱེས་པ་ལ་ཡང་སོ་སོར་བཤེས་
པའི་དོན་རབ་ཏུ་འཇུག་སྟེ། དེས་ན་སོ་སོར་བཤེས་པས་རྟག་པར་བསྒྲུབ་པ་མི་རིགས་སོ། །གང་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་པ་སྟེ། སེ་གོལ་གྱི་སྒྲ་དང་། གློག་དང་། མེ་ལྕེ་དང་། ཆུའི་རྒྱུན་འབྲེལ་པ་དང་། རྒྱུན་ཆད་མེད་པ་ལ་སོགས་པ་བཞིན་ནོ། །དེས་ན་མི་རྟག་པ་
དང་། སྡུག་བསྔལ་བ་དང་། མི་མཛེས་པར་བསྒོམས་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་སྤང་སྟེ་འཁོར་བའི་སྡུག་བསྔལ་ཡོངས་སུ་ཟད་པར་འགྱུར་རོ། །རྟག་པ་དང་། བདེ་བ་དང་། ལས་དང་། གཙང་བར་ཕྱིན་ཅི་ལོག་པའི་མཚན་ཉིད་ནི་ལོག་པའི་ཤེས་པ་སྟེ།

འཁོར་བའི་སྡུག་བསྔལ་སྦྱོར་རོ། །དེ་ནི་འཕགས་པའི་བདེན་པ་བཞི་བསྒོམས་པས་སྤོང་སྟེ། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པར་བྱའོ། །དེ་ལ་སྡུག་བསྔལ་ནི་
འཁོར་བའི་ཕུང་པོ་རྣམས་ཏེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་རྣམས་ཀྱི་ཡུལ་གང་ཡིན་པའོ། །ཚོར་
བའི་ཕུང་པོ་ནི་བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པར་ཚོར་བ་སྟེ། དེ་འདུས་པ་ནི་ཕུང་པོའོ། །འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པའི་རང་བཞིན་ཏེ། བུད་མེད་དང་། སྐྱེས་པ་དང་། བུམ་པ་དང་། སྣམ་བུ་ལ་སོགས་པར་
འདུ་ཤེས་སོ། །བུམ་པའི་འདུ་ཤེས་ཀྱང་མིག་ལ་སོགས་པའི་ཤེས་པ་ཐོག་མར་བྱས་པ་ལས་འབྱུང་སྟེ། འདུས་པ་ལས་ཕུང་པོར་གདགས་སོ། །ཚོར་བ་དང་འདུ་ཤེས་མ་གཏོགས་པར་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ནི། འདུ་བྱེད་ཀྱི་ཕུང་པོ་སྟེ། དེ་ལ་ཀུན་ཏུ་འཕྲོ་བ་
ཚོར་བ་དང་། འདུ་ཤེས་དང་། འདོད་པ་དང་། རེག་པ་དང་། བློ་གྲོས་དང་། དྲན་པ་དང་། ཡིད་ལ་བྱེད་པ་དང་། མོས་པ་དང་། ཏིང་ངེ་འཛིན་གྱི་སེམས་ནི་ཀུན་ལ་ཡོད་དོ། །ཞིབ་ཏུ་ནི་ཆོས་མངོན་པ་ལས་ཆུད་པར་བྱའོ། །གང་རྣམ་པར་ཤེས་པའི་ཚོགས་མང་པོ་ཡིན་པ་ནི་
རྣམ་པར་ཤེས་པའི་ཕུང་པོ་འདུས་པ་སྟེ། ནམ་གཟུགས་ལ་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པར་ཤེས་པས་དེའི་ཚེ་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་རྩེ་མོ་ཉི་ཤུར་འཕགས་པ་འཇིག་ཚོགས་ལ་ལྟ་བའི་རི་ཡེ་ཤེས་རྡོ་རྗེས་
བཅོམ་སྟེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར་ཆོས་དང་གང་ཟག་ལ་བདག་མེད་པ་རབ་ཏུ་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ་དང་། རྨི་ལམ་དང་འདྲ་བ་དང་། མིག་ཡོར་དང་འདྲ་བར་ཡང་དག་པ་ཇི་

ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྟེ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཕྱི་རོལ་གྱི་དོན་མེད་པར་རང་གི་སེམས་སྣང་བ་ཙམ་ཞིག་བརྒྱལ་བ་ལ་སོགས་
པ་བཞིན་དུ་སྣང་ངོ་། །རྨི་ལམ་གྱི་དུས་ན་གཟུགས་ལ་སོགས་པའི་ཡུལ་དང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་མེད་པར་རྣམ་པ་དུ་མའི་རྣམ་པར་ཤེས་པ་སྣང་བ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་འཁྲུལ་པ་འབའ་ཞིག་གིས་བཏབ་པའི་རྣམ་པར་ཤེས་པ་གཅིག་པོ་ཉིད་རྣམ་པ་དུ་མར་སྣང་
ངོ་། །ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ཐོག་མ་མེད་པའི་འཁོར་བས་བདག་དང་གཞན་གྱི་མཐུ་དང་། དམ་པ་དང་དམ་པ་མ་ཡིན་པའི་བག་ཆགས་བསྒོས་པས་མངོན་པར་སྣང་ཞིང་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་ལུས་དང་། ལོངས་སྤྱོད་དང་། གནས་རྣམ་པ་སྣ་
ཚོགས་མང་པོའི་རྣམ་པར་སྨིན་པར་འགྱུར་བ་སྣང་བ་ན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྣང་བ་འཇུག་པ་ཁོང་དུ་མི་ཆུད་པས་རྟག་པ་དང་། བདག་དང་ཕྱི་རོལ་གྱི་གཟུགས་ཡོངས་སུ་རྟོག་པར་བྱེད་དོ། །གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ། ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིག་
སྟེ་མི་དམིགས་པ་དེའི་ཚེ་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་དངོས་པོ་མེད་པར་རྣམ་པར་མི་རྟོག་གོ། །གཉིས་སུ་མེད་པར་ཆུད་པའི་བཙུན་གཙོའི་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །སྙིང་རྗེའི་བག་
ཆགས་ཀྱིས་བསྐུལ་ཏེ་མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་ཅིང་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་རྣམས་གཞན་གྱི་དོན་དུ་སད་པར་འགྱུར་བ་དེ་ནི་ལན་དུ་མར་བཤད་པ་མ་ཡིན་ནོ། །ཆོས་ལ་བདག་མེད་པ་དེ་ཕྱིའི་དོན་སུན་དབྱུང་བ་
སྦྱོར་བར་བྱའོ། །གང་ཟག་ལ་བདག་མེད་པར་ཡང་སྐད་ཅིག་ཏུ་འཇིག་པར་རབ་ཏུ་བསྒྲུབ་པར་བྱ་བ་སྟེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་གི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། ཕུང་པོར་མི་གཉིས་

པ་དང་། རྣམ་པར