Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 121
Văn bản gốc(Tây Tạng)
Trang 11 / 17 (50.000 ký tự/trang)
ལ་སོགས་པ་ཀུན་རྟོག་པ་ཡང་དངོས་པོ་མེད་པར་བྱེད་པ་ནི། ཅི་ཡང་མི་བྱེད་པ་སྟེ། བྱེད་པ་དགག་པར་བྱེད་པས་གྱུར་པ་ཉིད་དོ་ཞེས་ལན་དུ་མར་བཤད་པའོ། །གཉིས་ ཀ་དང་གཉིས་ཀ་མ་ཡིན་པ་ནི་ཡོད་པར་འགྱུར་བ་དང་། མེད་པར་འགྱུར་བ་དང་། ཡོད་པ་དང་མེད་པར་འགྱུར་བ་དང་། སྨྲ་བར་མི་བྱ་བར་འགྱུར་བའོ་ཞེས་ཏེ། བསྟན་པ་ལ་ནི་རང་བཞིན་གཉིས་སུ་མི་སྲིད་དེ། དེར་གང་དོན་བྱེད་ནུས་དེ་ཡོད། །ཅེས་ལན་དུ་མར་བསྒྲུབས་པའོ། ། དངོས་པོ་ཐམས་ཅད་མ་སྐྱེས་པ། །ཞེས་བྱ་བའི་རྒྱུ་གསུངས་པ། གང་ཕྱིར་རྐྱེན་ལས་བྱུང་བས་ན། །ཞེས་པ་སྟེ། གང་ཟག་རྐྱེན་ལས་བྱུང་བ་དེ་དང་དེ་དག་མ་སྐྱེས་པ་སྟེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ། །རྐྱེན་རྣམས་ཐམས་ཅད་འབྲས་བུ་སྟེ། །འབྲས་བུ་ ལས་ནི་མི་སྲིད་སྐྱེ། །ཞེས་པ་ནི་རྨི་ལམ་དུ་རྒྱུ་དང་འབྲས་བུའི་དངོས་པོ་རྒྱུན་བཞིན་ནོ། །དེ་སྟེ་འབྲས་བུ་ལས་འབྱུང་ན་ཉེས་པ་ཅིར་འགྱུར་ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་གསུངས་པ། འབྲས་བུ་གཉིས་སུ་འགྱུར་བས་ན། །འབྲས་བུ་ལ་ནི་འབྲས་མི་ སྐྱེ། །རྣམ་པ་གཉིས་སུ་རབ་འགྱུར་བས། །འབྲས་བུའི་དངོས་པོར་མི་དམིགས་སོ། །ཞེས་པ་སྟེ། གལ་ཏེ་འབྲས་བུ་ལས་འབྲས་བུ་སྐྱེ་ན་ནི་ལྷན་ཅིག་པའི་སྐྱོན་དུ་འགྱུར་ཏེ། མ་ཞིག་པ་ལས་འབྱུང་བར་འགྱུར་རོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །ཞིག་ པ་ཡང་དངོས་པོ་མེད་པའི་ཕྱིར་སྐྱེས་པའི་མཐུ་མེད་དེ། སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་འབའ་ཞིག་གོ། །ཁྱད་པར་ཅན་དང་ལུང་སྟོན་པ་ལ་སོགས་པས་ཀུན་བརྟགས་པའི་སྐྱེ་བ་དང་། གནས་པ་དང་འགོག་པ་ལ་སོགས་པའི་ཆོས་ལྷག་པར་བྱེད་པ་དང་། བྱེད་པ་པོར་འབྲེལ་ པ་མེད་པར་འབྱུང་བ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའོ། །གང་ཟག་ལ་བདག་མེད་པར་སྐད་ཅིག་མར་འཇིག་པ་ལའང་མེད་ན་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་ལྟ་བུར་གཉིས་ཀྱི་རྣམ་པར་སྐྱེ་བ་མེད་པའི་ཆོས་ལ་བདག་མེད་པ་ལྟ་ག་ལ་ཞིག །སྐྱེ་བ་མེད་པ་དང་འགོག་པ་མེད་པ་སོགས་ པ་དེ་ལྟ་བུར་བདག་མེད་པ་གཉིས་ལ་ཡང་རིག་པར་བྱའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །བསྡུ་བའི་ཚིགས་སུ་བཅད་པ་འདི་འཆད་པ་ནི་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པ་དང་། དོན་དམ་པར་དཔྱད་པ་ན་སྔར་བཤད་པའོ། །དམིགས་དང་དམིགས་བྱ་མེད་པར་ ཡང་། །ནམ་ཞིག་འདུས་བྱས་རྣམས་མཐོང་ན། །སེམས་མེད་པ་ཡི་སེམས་ཙམ་སྟེ། །སེམས་ཙམ་དུ་ཡང་ངས་བཤད་དོ། །ཞེས་པ་ནི་ནམ་ཞིག་ཤེས་རབ་ཀྱིས་དཔྱད་དེ་དམིགས་པ་སྦོམ་པོ་དང་། ཕྲ་མོ་ཐ་དད་པར་རྣམ་པར་ཕྱེ་བ་ན་ཕྱི་རོལ་གྱི་དོན་མེད་པར་འདུས་བྱས་ གཟུང་བ་དང་འཛིན་པ་དང་བྲལ་བར་མཐོང་བ་དེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ནི་སྣང་བ་དང་བཅས་པའི་དབྱངས་ཀྱི་དཀྱིལ་འཁོར་དུ་གནས་པ་ན་སེམས་ཙམ་དུ་ངས་བཤད་དོ་ཞེས་སོ། །ཐམས་ཅད་མཁྱེན་ པས་གཉིས་དང་མི་གཉིས་པར་དམ་པའི་ཆོས་སྟོན་པ་ན་སྒྲ་དང་དོན་དུ་འབྱེད་དོ་ཞེས་དགོངས་པའོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་སྔ་མའི་ལེའུར་ཡང་དཔྱད་པ་སྟེ། རྐྱེན་རྣམས་ཀྱིས་ནི་ཅུང་ཟད་ཀྱང་། །སྐྱེ་ཞིང་འགག་པ་དེར་མེད་དེ། །རྐྱེན་རྣམས་བརྟགས་པ་ཉིད་དག་ནི། །སྐྱེ་ བ་དང་ནི་འགག་པའོ། །ཇི་ཙམ་དུ་ནང་འཁྲུགས་པའི་རྒྱུ་ལས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་སྐྱེས་ཏེ། རྣམ་པ་སྣ་ཚོགས་ལྟ་བུར་སྣང་བ་དེ་ཙམ་དུ་རྒྱུ་དང་འབྲས་བུ་ལ་སོགས་པར་ཐ་དད་ པར་སྣང་བའི་རྣམ་པར་རྟོག་པ་རྣམས་སོ། །གང་གི་ཚེ་ན་ཡང་ཤེས་རབ་ཀྱིས་དཔྱད་དེ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་གཉིས་ཀྱི་རྣམ་པ་མི་འབྱུང་བར་མཐོང་བ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་སེམས་བདག་ཉིད་ལ་རྣམ་པ་གཉིས་ཀྱི་རྣམ་པར་ཡང་མི་རྒྱུ་ན་རྐྱེན་དུ་སྣང་བའི་གཉིས་ཀྱི་རྣམ་པའི་རྣམ་པར་རྟོག་པ་དེར་འགྱུར་བའི་གནས་ལྟ་ཞིག་ག་ལ་ཡོད་དེ། འོན་ཀྱང་སྣང་བ་དང་བཅས་པའི་དག་པ་འཇིག་རྟེན་པ་ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ལ་སངས་ རྒྱས་བཞུགས་པ་རྣམས་ཀྱིས་ཆོས་སྟོན་པ་འབྱུང་ངོ་ཞེས་ལན་མང་པོར་བཤད་པ་སྟེ། དམ་པའི་ཆོས་བཤད་པ་ཐམས་ཅད་དུ་དེ་ལྟར་སྦྱར་བར་བྱའོ། །གང་ཟག་དང་ཆོས་ལ་བདག་མེད་པ་བསྡུ་བའི་ཐམས་ཅད་མཁྱེན་པས་ཚིགས་སུ་བཅད་པ་གསུངས་པ་བཤད་པར་བྱ་སྟེ། དེ་ཙམ་ངོ་བོ་ཉིད་ཀྱི་དབྱིབས། །རྐྱེན་དང་དངོས་པོ་སྤངས་པ་སྟེ། །མཐར་ཐུག་པ་ནི་ཚངས་པའི་མཆོག །དེ་ནི་ཙམ་ཞེས་ངས་བཤད་དོ། །ཞེས་ཏེ། ཡན་ལག་གི་རྣམ་པའི་ཆ་དེ་ཙམ་རྡུལ་གཉིས་ལ་སོགས་པའི་རིམ་པའི་རྐྱེན་རྣམས་ཀྱིས་བརྩམས་པའི་དངོས་པོ་སྤངས་པ་སྟེ། ཤེས་ པར་བྱ་བ་མེད་པའི་ཕྱིར་ཡན་ལག་ཅན་གྱི་དབྱིབས་ཕྱི་རོལ་གྱི་མེད་དོ། །མཐར་ཐུག་པ་ནི་དམིགས་སུ་མེད་པ་དང་རྫོགས་པའོ། །དེ་ལ་ཚངས་པ་ནི་གཉིས་སུ་མེད་པའི་རང་བཞིན་མི་གཉིས་པའི་སེམས་སུ་དགོངས་པའོ། །བདག་ནི་བརྟགས་པར་ཡོད་པའི་ཕྱིར། རྫས་ཡོད་དངོས་པོ་མ་ ཡིན་ནོ། །དེ་བཞིན་ཕུང་པོའི་ཕུང་པོ་ཉིད། །བརྟགས་པ་ཡིན་ཏེ་རྫས་མེད་དོ། །ཞེས་པ་ནི་གཅིག་པ་དང་། ཐ་དད་པ་དང་། རྟག་པ་དང་། ཁྱབ་པའི་རང་བཞིན་དང་། ཕྲ་བའི་བདག་ཉིད་དུ་ཀུན་ཏུ་བརྟགས་པའི་བདག་རྣམས་ནི་དམིགས་སུ་མེད་དེ། སེམས་ ཀྱི་རྒྱུད་འབའ་ཞིག་ལ་བྱིས་པ་སོ་སོའི་སྐྱེ་བོས་བདག་ཏུ་ཡོངས་སུ་རྟོག་གོ། །ཕུང་པོ་རྣམས་ཀྱང་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། མིག་ཡོར་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་གཟུང་བ་དང་འཛིན་པའི་དངོས་པོར་སྐྱེ་བ་མེད་དོ། །བརྟགས་པ་ནི་མ་སྐྱེས་པས་ན་རི་ བོང་གི་རྭ་ལྟ་བུར་རྫས་སུ་མེད་དོ། །ཕྱི་རོལ་གྱི་སྦོམ་པོ་དང་ཕྲ་མོ་ཡང་རྣམ་པར་ཕྱེ་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །ཐམས་ཅད་མཁྱེན་པས་ཆོས་དང་གང་ཟག་ལ་བདག་མེད་པའི་ཚིགས་སུ་བཅད་པ་གཅིག་གིས་བསྒྲུབ་པར་རིག་ པར་བྱའོ། །མཉམ་པ་ཉིད་ནི་རྣམ་བཞི་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་མཚན་ཉིད་ནི་མཚན་མའོ། །རྒྱུ་ནི་བྱེད་པའོ། །སྣོད་ནི་འཇིག་རྟེན་རྣམ་པ་སྣ་ཚོགས་སོ། །རྣལ་འབྱོར་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མི་སྣང་ངོ་། །ཅིས་ན་ཡང་དངོས་པོ་རྣམས་ཐ་དད་པའི་རྣམ་པར་ སོ་སོར་མི་སྣང་ཞེས་པ་དང་། རིག་པའི་ཁྱད་པར་གསུངས་པ། ལྟ་བ་ཐམས་ཅད་རྣམ་བཟློག་ཅིང་། །རྟོག་དང་བརྟག་པ་སྤངས་པ་སྟེ། །དམིགས་མེད་སྐྱེ་བ་མེད་པ་ནི། །སེམས་ཙམ་དུ་ཡང་ངས་བཤད་དོ། །ཞེས་ཏེ། གཉིས་ཀྱི་རྣམ་པའི་ཤེས་པ་ལ་རྟག་པ་དང་། བདག་ དང་ཕྱི་རོལ་གྱི་འཛིན་པ་དང་། གཟུང་བ་དང་། བརྟག་པ་དང་། རྟོག་པ་ལ་སོགས་པའི་རྣམ་པར་དམིགས་ཤིང་། སྐྱེ་བ་ལ་སོགས་པའི་ཐ་སྙད་ཀྱང་འཇུག་ན་མི་གཉིས་པ་ལ་ནི་མ་ཡིན་ཏེ། སྔར་བཤད་པ་བཞིན་ནོ། །ཅིས་ན་ཡང་དམིགས་པ་དང་། སྐྱེ་བ་ལ་སོགས་པའི་ཆོས་ མེད་ཅེས་ཏེ། དེ་ལྟར་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་གསུངས་པ། དངོས་མིན་དངོས་མེད་མ་ཡིན་པ། །དངོས་དང་དངོས་མེད་རྣམ་པར་སྤངས། །དེ་བཞིན་སེམས་ལས་གྲོལ་བ་ནི། །སེམས་ཙམ་དུ་ཡང་ངས་བཤད་དོ། །ཞེས་པ་སྟེ། དངོས་པོ་དང་ དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤངས་པ་ནི་རྣམ་པར་ཤེས་པར་སྨྲ་བའི་དབུ་མའི་ཏིང་ངེ་འཛིན་མཉམ་པ་ཐམས་ཅད་མཁྱེན་པས་འདིར་གསུངས་པ་ན་སྨྲ་བ་པོ་ཐམས་ཅད་ཀྱི་ཐེ་ཚོམ་དང་རྣམ་པར་རྟོག་པ་དང་རྒོལ་བ་རྣམ་པར་བཟློག་པའོ། །དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་ རྟོག་པ་སྤངས་པ་སྐྱེ་བ་དང་འགོག་པ་ལ་སོགས་པའི་ཆོས་དང་བྲལ་བ་འདི་ནི་ས་བརྒྱད་དུ་སྟེ། སྐད་ཅིག་མའི་རྒྱུད་རྒྱུན་དུ་འབྱུང་ཞིང་བསམ་པ་མེད་ཅིང་སྣང་བ་མེད་པའི་དོན་དམ་པའི་བདེན་པ་མི་གཉིས་པའི་རང་བཞིན་ནོ། །དེ་བཞིན་ཉིད་ནི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་སྟེ། སེམས་ དང་། ཡིད་དང་། རྣམ་པར་ཤེས་པའི་རིམ་པར་སྣང་བའི་རྣམ་པར་རྟོག་པ་དང་བྲལ་བ་ཀུན་གཞི་རྣམ་པར་ཤེས་པ་འཕོས་པའི་མེ་ལོང་གི་རང་བཞིན་ནོ། །ཇི་ལྟར་འདིར་གསུངས་པ། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་ཡིན་ནོ། །གང་གིས་ཡུལ་རྣམས་འཛིན་པ་ནི། །དེ་ ནི་རྣམ་པར་ཤེས་ཞེས་བྱ། །ཞེས་སེམས་ཙམ་ནི་ཀུན་གཞི་རྣམ་པར་ཤེས་པ་འཕོས་པ་ལ་དགོངས་པའོ། །དེ་སངས་རྒྱས་ཀྱི་ས་ལ་སོགས་པ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་པའི་ཡིད་འཕོས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ འཕོས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །འཇུག་པའི་རྣམ་པར་ཤེས་པའི་ནང་ནས་ཡིད་ཀྱི་རྣམ་པར་ཤེས་པ་འཕོས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཐམས་ཅད་མཁྱེན་པའི་དག་པ་འཇིག་རྟེན་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ཡིད་ཀྱི་སྐུ་ཆོས་སྟོན་པར་གཞག་གོ། །ཐེག་པ་ཆེན་པོ་ ལེགས་པར་གསུངས་པའི་རིན་པོ་ཆེའི་འབྱུང་གནས་དཔག་ཏུ་མེད་པ་ལ་མཐར་ཐུག་པ་ག་ལ་ཡོད་དེ། ལེགས་པར་གསུངས་པ་རིན་པོ་ཆེ་ཟླ་བ་ལས་འོངས་པ་རྣམས་ཀྱང་བཤད་པའོ། །དེ་བཞིན་ཉིད་ཀྱི་རང་བཞིན་མི་ཤེས་པ་ཐམས་ཅད་མཁྱེན་པས་ཐམས་ཅད་མཁྱེན་པ་སྟོན་པ། དེ་བཞིན་ཉིད་དང་སྟོང་པའི་མཐའ། །མྱ་ངན་མཐའ་དང་ཆོས་ཀྱི་དབྱིངས། །སྣ་ཚོགས་ཡིད་ཀྱི་ལུས་རྣམས་ནི། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་པ་སྟེ། སེམས་ཙམ་ནི་ཕྱི་རོལ་གྱི་དམིགས་པ་རྣམ་པར་གཅད་དོ། །སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ ཏིང་ངེ་འཛིན་དག་ནི་དེ་བཞིན་གཤེགས་པ་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་ཀྱི་ཆོས་ཉིད་དོ། །ཆོས་གདོན་མི་ཟ་བ་ཉིད་དོ། །དེ་བཞིན་ཉིད་ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཆུད་པ། ཡེ་ནས་གནས་པའོ་ཞེས་ འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དགོངས་པ་ངེས་པར་འགྲེལ་པ་ལས་ཀློག་གོ། །གཉིས་ཀྱི་རྣམ་པས་ནང་གློངས་པའི་མཐུས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པའི་རྣམ་པ་ལྟ་བུ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་སྐྱེས་པ་རྣམས་ནི་རྨི་ལམ་དང་། མིག་ འཕྲུལ་དང་། རབ་རིབ་དང་། མིག་ཡོར་ལ་སོགས་པ་བཞིན་པས་ན་སྐྱེ་བ་མེད་པ་སྟེ། དེས་ན་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཉིད་ནི་དེ་བཞིན་ཉིད་དེ། དེ་ལྟ་བུ་ཉིད་དུ་གནས་པ་དང་། དབང་པོ་ལ་སོགས་པ་གཞན་དུ་སུས་ཀྱང་མི་བྱེད་པའི་ཕྱིར་རོ། །བསླད་པ་རྣམ་པར་ སྤོང་བ་ནི་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིགས་པ་ན་ནམ་མི་དམིགས་པ་དེ་ན། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པའི་ཡང་དག་པ་རིག་པ་སེམས་ཙམ་ཡང་དག་པའི་མཐའི་ངོ་བོ་ཉིད་རང་བཞིན་གྱིས་འོད་གསལ་བ་གནས་པར་ འགྱུར་རོ། །དེ་ལྟར་ན་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་སྔོན་མེད་པ་ལས་བྱས་པ་ཡིན་ནོ། །དེ་ནི་དྲི་མ་དང་བྲལ་བ་སྟེ། ཐོག་མར་ཞི་ཞིང་མ་སྐྱེས་པ། །རང་བཞིན་ཉིད་ཀྱིས་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །ཆོས་རྣམས་དངོས་པོར་ཁྱོད་ཀྱིས་བསྟན། །ཞེས་པ་ སྟེ། ཐོག་མ་ཉིད་དུ་ཞི་བ་ནི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་རྣམས་ཏེ། དེ་དག་གིས་བསླད་པའི་དྲི་མ་དང་བྲལ་བ་ནི་ཤེས་རབ་ཀྱིས་དཔྱད་པའི་འཕགས་པའི་ལམ་གྱིས་གསེར་དང་རིན་པོ་ཆེ་ལ་སོགས་པ་བཞིན་དུ་སྦྱང་གི་སྔོན་མེད་བསྐྱེད་པ་མ་ཡིན་ནོ། །སྐྱེ་བ་དང་། གནས་ པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམ་བྱེད་པ་དང་། བྱེད་པ་པོ་དང་འབྲེལ་པར་ཀུན་བརྟགས་པ་སྐད་ཅིག་མའི་རྒྱུན་གྱིས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་གཞན་པ་དང་། གཞན་པ་མ་ཡིན་པར་ཡང་མི་རུང་སྟེ། གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་ གཉིས་པོ་མེད་དོ། །གཅིག་པོ་ཉིད་ནི་སུ་དང་ཡང་མི་འབྲེལ་ཏོ། །སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་བྱ་བ་འབའ་ཞིག་སྟེ། དེ་ལྟར་ན་རྒྱུ་དང་འབྲས་བུར་ངེས་པར་འབྲེལ་བར་བསྟན་པར་བྱའོ། །མི་གཉིས་པ་ལ་ནི་གཉིས་ཀྱི་རྣམ་པ་ཐ་དད་པར་སྣང་བའི་རྣམ་པར་རྟོག་པ་མེད་དོ། ། དེས་ན་སེམས་བདག་ཉིད་ལ་རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་ཡང་མི་རྒྱུ་ན་ཡི་གེ་དང་སྒྲ་རྣམས་ལྟ་ཅི་སྨོས་ཏེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་རྣམ་གྲངས་དེ་བཞིན་ཉིད། ཡང་དག་པའི་མཐའ་དང་། རང་ བཞིན་གྱིས་འོད་གསལ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་གཟུགས་ལྟ་བུ་དང་། སྤྲུལ་པའི་འཁོར་ལོས་རེ་བ་མང་པོ་ཡོངས་སུ་སྐོང་བའི་ཡིད་ཀྱི་སྐུས་ཆོས་སྟོན་པར་མཛད་དོ། ། མི་གཉིས་པའི་ཡེ་ཤེས་ལ་ཇི་ལྟར་ན་རྣམ་པར་འབྱུང་ཞེས་ཐམས་ཅད་མཁྱེན་པས་ཐུགས་དོགས་ནས་གསུངས་པ། རྣམ་རྟོག་བག་ཆགས་འབྲེལ་པ་ཡི། །སྣ་ཚོགས་སེམས་ལས་བྱུང་བ་སྟེ། །མི་རྣམས་ལ་ནི་ཕྱི་རོལ་སྣང་། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །ཞེས་པ་སྟེ། རྣམ་པ་སྣ་ཚོགས་ཀྱི་རྣམ་པར་རྟོག་པ་སེམས་ཙམ་ག་ལ་ཡོད་པ་སེམས་ཙམ་དེ་ནི་རྣམ་པར་རྟོག་པ་སྟེ། དེ་ཡང་འབྱུང་བ་ནི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་། དམ་པ་མ་ཡིན་པའི་ཆོས་བསྟན་པ་ལ་སོགས་པའི་རྐྱེན་གྱི་ཁྱད་པར་གྱི་མཐུ་དང་། མཉམ་པར་མི་འཇོག་ པའི་མ་རིག་པའི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་ཤེས་པ་འཁོར་བ་པ་རྣམས་ལ་སོ་སོར་སྣང་ངོ་། །རྣལ་འབྱོར་པ་རྣམས་ལ་ནི་ཐུགས་རྗེའི་བག་ཆགས་ཀྱིས་སད་པ་དང་། བདག་དང་། གཞན་ལ་ཕན་པའི་དགེ་བ་ མངོན་པར་འདུ་བྱེད་པས་དག་པ་འཇིག་རྟེན་གྱི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་མཛེས་པ་དང་། སྟོང་པའི་རྣམ་པར་རྟོག་པ་སྣང་ངོ་། །ཡང་དག་པའི་ཡེ་ཤེས་ཐོག་མར་བྱས་ཏེ། རྟག་པ་དང་། བདག་དང་། བདེ་བ་དང་། མཛེས་ པའི་ཕྱིན་ཅི་ལོག་གི་འཁོར་བ་དང་། སྡུག་བསྔལ་གྱིས་ཉོན་མོངས་པའི་ཡིད་སྤོང་ངོ་། །དགེ་བར་མངོན་པར་འདུ་བྱེད་པ་ཡང་ས་དང་ཕ་རོལ་ཏུ་ཕྱིན་པར་འབྱེད་པས་དབྱེ་བ་ན། གཉིས་ཀྱི་རྣམ་པར་སྣང་བའི་རྣམ་པར་རྟོག་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་ཀྱིས་དོན་དམ་པའི་རྣམ་པར་སངས་རྒྱས་ཁོ་ནའི་རྒྱུ་ཡིན་ཏེ། དེ་ལ་སྤང་བའི་རྒྱུ་མེད་དེ། འཁོར་བ་ཡོད་ཀྱི་བར་དུ་གནས་སོ། །སྙིང་རྗེས་གཉེར་བའི་བདག་གི་ལུས་ཆེན་པོ་གཞན་གྱི་དོན་དུ་གཉེར་བ་དང་། མཉེན་དེས་ཆེ་ཞིང་སྐྱེས་བུ་དམ་པ་རྣམས་སོ། །ཇི་ལྟར་ན་ ཡང་སེམས་ཙམ་ལགས་ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་གསུངས་པ། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་སྣང་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་པ་སྟེ། ཕྱི་རོལ་གྱི་དོན་སུན་ དབྱུང་བ་ནི་འདིར་ཐམས་ཅད་ལ་གསལ་བས་ན་ཇི་ལྟར་གྲངས་ཅན་དང་། ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་དང་། ཀྵ་པ་ན་ཀ་དང་། དཔྱོད་པ་ཅན་དང་། འཇིག་རྟེན་རྒྱང་པན་པ་ལ་སོགས་པ་སྨྲ་བ་རྣམས་ཀྱིས་ཕྱི་རོལ་པར་ཀུན་བརྟགས་པ་དེ་ལྟར་མེད་དོ། །རྡུལ་གཉིས་ལ་སོགས་ པའི་རིམ་གྱིས་ཡན་ལག་གི་རྫས་བརྩམས་པ་ནི་རྫས་ཀྱིས་རྫས་ཀྱི་ཁྱད་པར་རྩོམ་པ་དང་། ཡོན་ཏན་གྱིས་ཀྱང་ཡོན་ཏན་གྱི་ཁྱད་པར་རྩོམ་མོ་ཞེས་ཁྱད་པར་ཅན་གྱི་མདོའོ། །སྣང་བ་དང་མི་སྣང་བ་རྣམས་ལ་ནི་མངོན་སུམ་ཚད་མ་སྟེ། གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ དང་། སྣང་བ་དང་། རིས་མཐུན་པའི་ཡོ་བྱད་དང་། བློ་ཅན་གྱི་སྐྱེས་བུས་རླབས་པ་དང་། རང་བཞིན་གྱི་ཡན་ལག་མེད་པ་དང་། གྲངས་དུ་མ་དང་ལྡན་པའི་རྒྱུ་སྤུན་ཚད་ཆུང་བ་རྣམས་ལས་ཚད་ཆེ་བ་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སྣམ་བུ་ལ་སོགས་པའི་རྫས་སྐྱེའོ་ ཞེས་ནེ་ཡི་ཡ་ཡི་ཀའི་མདོའི་ལོ་རྒྱུས་སོ། །གྲངས་ཅན་རྣམས་ཀྱིས་བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུག་ཡོན་ཏན་རྣམས་ཕྱི་རོལ་གྱི་སེམས་པ་མེད་པ་དག་གིས་གནས་ཀྱི་དཀྱིལ་འཁོར་རྩོམ་མོ། །སྐྱེས་བུའི་རང་བཞིན་ནི་ཚོར་བ་ཅན་ཏེ། ཇི་ལྟར་བའི་འོ་མ་ཚོར་བ་མེད་ པ་བེའུ་ཚོར་བ་ཅན་ལ་ཕན་པའི་ཕྱིར་འབྱུང་བ་དེ་ལྟར་ཚོར་བ་མེད་པའི་གཙོ་བོ་སྐྱེས་བུ་ལ་ཕན་པའི་ཕྱིར་འབྱུང་ངོ་། །གསལ་བ་འདི་ནི་བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུག་དང་ལྡན་པས་ན་དེའི་རྒྱུ་ཡང་མི་གསལ་ཞིང་བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུག་དང་ལྡན་པ་ ཡོད་པའི་རིགས་སོ། །སའི་འབྲས་བུ་བུམ་པ་དང་། ཕྲུ་བ་ལ་སོགས་པ་དང་མཐུན་པར་མཐོང་བའོ། །ཐོག་མའི་རྒྱུའི་ཡོན་ཏན་གྱིས་འབྲས་བུའི་ཡོན་ཏན་དུ་འགྱུར་ཏེ། དེས་ན་ཕྱི་རོལ་གྱི་ལོངས་སྤྱོད་ཚོར་བ་ཅན་མ་ཡིན་ལ། ལོངས་སྤྱོད་པའི་སྐྱེས་བུ་ནི་ཚོར་བ་ཅན་ཡིན་ནོ་ཞེས་ གྲངས་ཅན་གྱི་ལོ་རྒྱུས་སོ། །ཀྵ་པ་ན་ཀ་རྣམས་ཀྱང་ཡོངས་སུ་རྟོག་པ་ནི་ཕྱི་རོལ་གྱི་ཡུལ་སྤྱི་དང་ཁྱད་པར་དུ་ལྡན་པ་ཡིན་ཏེ། བདག་གི་ཤེས་པས་ཡུལ་རྣམས་འཛིན་ཏོ་ཞེས་པ། འདུ་བ་དང་ནི་གྱེས་པ་དང་། །སྲོག་ནི་ལུས་ཀྱི་ཚད་ཅན་ཏེ། །དེ་ནི་རིགས་པ་རྣམས་ཀྱིས་སྨྲས། ། ནམས་ཀྱང་ཕྲ་བ་ཡོད་མ་ཡིན། །ཞེས་ཏེ། དེས་ན་ལོངས་སྤྱོད་པར་བྱ་བ་དང་། ལོངས་སྤྱོད་པའི་བྱེ་བྲག་ཡོད་དོ་ཞེས་སོ། །དཔྱོད་པ་ཅན་རྣམས་ཀྱང་ཀུན་དུ་རྟོག་པ་ནི་ཀུན་དུ་དམིགས་པའི་ཕྱི་རོལ་གྱི་ཡུལ་དུས་གཞན་པའི་བདག་ཉིད་དེ། ཡུལ་དེ་དང་ནི་གཞན་ཡང་རུང་། །རྨི་ ལམ་ཤེས་པའི་སྤྱོད་ཡུལ་ལོ། །མྱུར་དུ་འཁོར་བའི་འདུ་བྱེད་ཀྱིས། །འགལ་བ་འཁོར་ལོར་འཁོར་ལོ་ཡོད། །དྲི་ཟའི་གྲོང་དུ་སྤྲིན་རྣམས་དང་། །ཡང་ན་སྔོན་མཐོང་ཁང་པ་རྣམས། །སྨིག་རྒྱུ་ཆུ་ཡི་རྣམ་ཤེས་ལ། །དེ་བཞིན་བ་ཚ་འོད་ཟེར་སྤྲོས། །དེ་ལྟར་རབ་རིབ་ སྩོགས་ཤེས་ལ། །ཉི་མའི་འོད་ལ་སོགས་པའོ། །འཇིག་རྟེན་རྒྱང་པན་པ་རྣམས་སྨྲ་བ་ནི། གཟུགས་ལ་སོགས་པའི་ཡུལ་རྣམས་མངོན་སུམ་ཉིད་དུ་སྣང་བས་ན་མཐོང་བ་མི་འཐད་དོ་ཞེས་བྱར་མི་རུང་བའི་ཕྱིར་ས་དང་། ཆུ་དང་། མེ་དང་། རླུང་རྣམས་ནི་ཡང་དག་ པའོ། །དེ་དག་ལ་ཚོར་བ་སྐྱེ་བས་ན་རྣམ་པར་ཤེས་པ་ཆང་གི་མཐུ་བཞིན་ནོ། །སྲོག་རྣམས་ནི་ཆུའི་ཆུ་བུར་ལྟ་བུ་སྟེ། སྐྱེས་བུའི་ལུས་ནི་ཚོར་བས་སྣང་བར་བྱས་ནས་དེ་འདུས་པ་ལས། ལུས་དང་དབང་པོར་གདགས་སོ་ཞེས་བྱ་བ་ལ་སོགས་པའི་མདོ་རྣམས་སོ། །དེ་ལྟ་བུར་ དེར་རྒོལ་བ་མཐའ་དག་ཐུབ་པ་དབང་ཕྱུག་གི་མཆོག་ཐམས་ཅད་མཁྱེན་པ་ཚིག་གི་དབང་པོ་བླ་མས་ཕྱི་རོལ་གྱི་དོན་ལྟ་བུར་སུན་འབྱིན་པ་དེ་ལྟར་མདོ་སྡེ་འདིར་བསྒྲུབ་པར་མཛད་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་སོ། །འོ་ན་སྣང་ བ་འདི་ཅི་ཞིག་ཅེས་པ་དང་། ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་པའོ། །གང་སྦོམ་པོ་ཡན་ལག་ཅན་གྱི་རྫས་གཅིག་ཏུ་ཀུན་རྟོག་པ་དེ་རྣམ་པར་གཞིགས་པ་ན་གཅིག་པར་མི་རུང་བ་ནི་བཙོས་པ་དང་། མ་བཙོས་པ་དང་། བསྒུལ་བ་དང་། མ་ བསྒུལ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། ཕྱོགས་ཀྱི་ཆ་ཐ་དད་པར་ཕྱེ་བ་ན་ཏིལ་དང་འབྲས་ལ་སོགས་པའི་ཚོགས་དང་། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་ནོ། །རྡུལ་ཕྲ་མོ་རྣམས་ཀྱང་ཕྱོགས་ཀྱི་ཆ་ཐ་དད་པར་ཕྱེ་བ་ན་གཅིག་པར་མི་རིགས་པ་ ནི་སྔ་མ་བཞིན་ཏེ། འགལ་བའི་རྫས་དུ་མ་སྤུངས་པ་ལྟ་བུའོ། །གང་དག་ཡན་ལག་མེད་པ་དེ་དག་ཀྱང་བླ་འོག་ཏུ་ཆགས་པའི་ཚོགས་སུ་མི་རུང་སྟེ། སེམས་དང་སེམས་ལས་བྱུང་བ་བཞིན་ནོ། །ཡན་ལག་གི་ཡུལ་དུ་རྣམ་པའི་ཆར་བརྟེན་པ་དངོས་པོ་དང་དངོས་པོ་མ་ཡིན་པར་ཡང་མི་ རུང་སྟེ། །དབུས་ཀྱི་རྡུལ་ཕྲ་མོ་དེ་འོག་མའི་ཕྱོགས་ཀྱི་མཐར་གང་གནས་པ་དེ་ཉིད་གོང་མའི་ཕྱོགས་སུ་ཅིས་ན་གནས་པར་མི་འགྱུར། དེས་ན་ནང་གློངས་པའི་མཐུས་ལུས་དང་། ལོངས་སྤྱོད་དང་གནས་སུ་སྣང་བའི་རྣམ་པར་ཤེས་པ་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་ བཞིན་དུ་རྣམ་པ་སྣ་ཚོགས་རྣམ་པ་དུ་མའི་རྣམ་པར་ཤེས་པ་སོ་སོར་སྣང་ངོ་། །ཇི་ལྟར་རྨི་ལམ་ན་མིག་ལ་སོགས་པའི་དབང་པོའི་ཤེས་པ་དང་། གཟུགས་ལ་སོགས་པའི་ཡུལ་མེད་པར་ཀུན་གཞི་རྣམ་པར་ཤེས་པ་འབའ་ཞིག་ཡུལ་དང་། ཡུལ་ཅན་གྱི་དངོས་པོར་སྣང་ངོ་། །གང་གི་ ཚེ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་། ཕྲ་མོའི་ཕྱོགས་ཀྱི་ཆ་ཐ་དད་པར་ཕྱེ་བ་ན་མི་དམིགས་པ་དེའི་ཚེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་ཉིད་གནས་སོ། །དག་པའི་འཇིག་རྟེན་གྱི་སྣང་བ་དང་བཅས་པའི་ཏིང་ངེ་ འཛིན་ལ་བཞུགས་པ་ན་ཐམས་ཅད་མཁྱེན་པའི་ཆོས་སྟོན་པ་འབྱུང་ངོ་། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་གསུམ་པ་ལས་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པ་དཔྱད་པ་ལས་བསྡུ་བའི་ཚིགས་སུ་བཅད་པ་བཤད་པ་ རྣམ་པར་ཤེས་པར་སྨྲ་བའི་དབུ་མ་གཏན་ལ་ཕབ་པ་ལྔ་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་ཀྱིས་སྒྲ་ཇི་བཞིན་གྱི་དོན་དུ་གཟུང་བར་མི་བྱའོ་ཞེས་ དེ་སྐད་དུ་གསུངས་ན་ཞེས་བྱ་བ་ལ་སྒྲ་ཇི་བཞིན་དུ་གཟུང་བ་ལ་ནོངས་པ་ཅིར་འགྱུར། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། རིགས་ཀྱི་བུ་རང་བཞིན་མེད་པ་གསུམ་པོ་ཞེས་བྱ་བའི་དབང་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ཞེས་ཏེ། བརྟགས་པའི་རང་ བཞིན་མེད་པའི་ཕྱིར་དངོས་པོ་མེད་དོ། །གཞན་གྱི་དབང་སྣ་ཚོགས་སུ་སྐྱེ་བ་མེད་པའི་ཕྱིར་དངོས་པོ་མེད་དོ། །དོན་དམ་པའི་རང་བཞིན་མེད་པ་ནི་གཉིས་ཀྱི་རྣམ་པར་རང་བཞིན་མེད་པའི་ཕྱིར་ཏེ། དེ་དེ་ལྟ་བུར་དགོངས་པའོ། །གང་ཡང་བརྟགས་པའི་རང་བཞིན་དང་། གཞན་གྱི་དབང་ལྟ་བུར་གྲུབ་པའི་རང་བཞིན་མེད་དོ་ཞེས་རྟོག་པ་དེ་ནི་ཆོས་ཀྱི་གནོད་པ་འབྱུང་བའི་ལས་སྒྲུབ་པར་བྱེད། དེ་ལྟར་ན་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས་ཚིག་གི་དབང་པོས་གསུངས་པ། དངོས་པོ་མེད་པའི་རྣམ་པར་དེ་བཞིན་ གཤེགས་པ་བལྟའོ་ཞེས་སོ། །དེར་ནི་སྒྲ་ཇི་བཞིན་པར་མོ་གཤམ་གྱི་བུ་དངོས་པོ་མེད་པ་ལྟ་བུར་དེ་བཞིན་གཤེགས་པར་བྱ་བ་མ་ཡིན་ནོ། །དད་པའི་དགེ་སློང་གིས་ནི་དད་པས་སྦྱིན་པ་ལ་ལོངས་སྤྱོད་པར་མི་རིགས་སོ། །མ་དད་པས་ནི་རིགས་སོ་ཞེས་སོ། །དེར་དོན་ཁྱད་པར་དུ་ བཤད་པར་བྱའི། སྒྲ་ཇི་བཞིན་དུ་གཟུང་བར་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་དགོངས་པ་ནི་དུ་མ་ཡོད་དེ་ཤེས་རབ་དང་ཐབས་ལ་མཁས་པས་སེམས་ཅན་གྱི་དོན་དུ་འབྱེད་པར་རྗེས་སུ་མཐུན་པ་དང་། ཆོས་དང་གང་ཟག་ལ་བདག་མེད་པ་དང་མཐུན་པར་བཤད་པར་བྱའོ། །ཐེག་ པ་ཆེན་པོ་ལ་དེ་ལས་ཁྱད་པར་ཏེ། གཞན་གྱི་དོན་དུ་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཞུགས་ཀྱང་ལྟུང་བ་མེད་ལ། བསོད་ནམས་མང་པོ་རབ་ཏུ་འཕེལ་བར་འགྱུར་རོ། །བྱང་ཆུབ་ཀྱི་སྤྱད་པ་རྣམ་པ་སྣ་ཚོགས་དང་། སེམས་ཅན་ ཡོངས་སུ་སྨིན་པར་བྱ་བ་རྣམ་པ་སྣ་ཚོགས་ཏེ། དེས་ན་ཐམས་ཅད་དུ་གང་ན་བདག་དང་གཞན་གྱི་དོན་དུ་འགྱུར་བ་ཆོས་ཉིད་ཀྱི་རྗེས་སུ་འབྲང་ཞིང་། དེ་དེ་ལྟ་བུར་བྱ་བ་ཤེས་པར་བྱའི་སྒྲ་ཇི་བཞིན་པའི་དོན་དུ་གཟུང་བས་ནི་མ་ཡིན་ནོ། །དེ་ལ་བློ་གྲོས་ཆེན་པོ་སྒྲ་གང་ཞེ་ན། འདི་ལྟ་སྟེ་ཚིག་ དང་། ཡི་གེར་འཕྲད་པའི་རྣམ་པར་རྟོག་པ་ཡིན་ཏེ། སོ་དང་། འགྲམ་པ་དང་། རྐན་དང་། ལྕེ་དང་། མཆུ་སྦྱར་བ་ལས་བྱུང་བ་ཕན་ཚུན་སྨྲ་བར་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་ལས་སྐྱེས་པ་ནི་སྒྲ་ཞེས་བྱའོ་ཞེས་པ་ལ་ཡི་གེ་བརྗོད་པ་ནི་སྔོན་གྱི་གོམས་པའི་མཐུ་ལས་ཀྱང་དེ་ལྟར་བྱིས་ པ་རྣམས་ལ་ཡང་འབྱུང་ངོ་། །ཇི་ལྟར་ལུང་སྟོན་པ་པ་རྣམས་སྨྲ་བ། ཐོག་མར་ནན་ཏན་ཤོམ་པས་ནི། །སྒྲ་ནི་གོང་དུ་རྒྱུ་བ་སྟེ། །སྒྲ་ཡི་གོམས་པ་མེད་པར་ཡང་། །གནས་རྣམས་སུ་ནི་ཐོགས་པའོ། །བྱིས་པ་རྣམས་ལ་ཡང་སྔོན་གོམས་པའི་མཐུ་ཉིད་ལས་སྒྲ་དང་དོན་ཐ་དད་པའི་རྣམ་པར་ རྟོག་པ་འབྱུང་ངོ་། །ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་བསྒྲུབ་པར་མཛད་པ། ཐོག་མ་མེད་པའི་བག་ཆགས་ལས། །རྣམ་རྟོག་བྱུང་ལ་ཡོད་གནས་པ། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །དངོས་དང་དངོས་མེད་གཉིས་ཀའི་གནས། །ཞེས་ཏེ། དེའི་ཕྱིར་སྒྲ་པ་རྣམས་འདི་སྐད་ཅེས་འཛེར་ ཏེ། སྒྲ་རྣམས་རྣམ་པར་རྟོག་ལས་འབྱུང་། །རྣམ་རྟོག་རྣམས་ཀྱང་སྒྲ་ལས་འབྱུང་། །ཞེས་ཏེ། དེས་ན་དེ་དག་གི་ཕྱི་རོལ་གྱི་དོན་ལ་བག་ཙམ་ཡང་རེག་པ་མེད་དོ། །རང་གི་བློ་ལ་ཡོད་པའི་རྣམ་པར་རྟོག་པ་དོན་གྱི་རྗེས་སུ་མཐུན་པར་བརྗོད་པར་བྱ་བའི་དོན་ཆུད་པར་བྱེད་དོ་ཞེས་པ་སྟེ། བློ་ཡིས་ སྔར་ནི་རྣམ་བརྟགས་ཏེ། །ཁ་ཅིག་དོན་དུ་གཟུང་བར་བྱས། །ནན་ཏན་རྣམས་ནི་ལོག་པ་དང་། །ཚིག་གིས་དེ་ནི་རྗེས་སུ་འཛིན། །ཞེས་སོ། །སངས་རྒྱས་པ་རྣམས་ཀྱི་ཁྱད་པར་ནི་སྣང་བ་དང་རྣམ་པར་རྟོག་པའི་དོན་གཅིག་ཏུ་བྱས་ཏེ། རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་སུ་ནོར་བའི་ ཚུལ་དུ་དེ་ལ་གདོན་མི་ཟ་བར་འཇུག་པའི་ཕྱིར་དེས་ན་དོན་དམ་པར་སྒྲ་དང་དོན་གཉིས་སྒྲ་ཚངས་པར་སྨྲ་བ་ལྟ་བུར་ཐ་དད་པ་མེད་དེ། སྒྲ་དོན་ཐ་དད་པ་མ་ཡིན་ཀྱང་ཐ་སྙད་དུ་བྱེད་པ་ཐ་དད་དོ། །གང་ན་སྒྲ་དང་དོན་དག་དེ་ཁོ་ན་ཉིད་གཉིས་པ་དེར་མཉམ་པར་གནས་པའོ། །བར་ཏི་ཀ་བྱེད་པས་ཀྱང་ སྒྲུབ་པར་བྱེད་པ། སྦྱོར་ཞིང་ཐ་དད་མེད་པ་ནི། །དོན་དམ་དོན་ནི་བདག་ཉིད་ཀྱིས། །གཟུགས་ནི་གཅིག་དང་དུ་མ་པར། །དེ་ནི་བློ་ཡིས་འཁྲུལ་པའོ། །ཞེས་སོ། །ཐམས་ཅད་མཁྱེན་པས་སྣང་བ་ཐ་དད་པའི་ཕྱིར་སྒྲ་དང་དོན་ཐ་དད་པར་སྟོན་པ། དེ་ལ་བློ་གྲོས་ཆེན་པོ་དོན་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅིག་པུ་དབེན་པར་སོང་ནས་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་རང་གི་བློས་བག་ཆགས་ཀྱི་གནས་རབ་ཏུ་གྱུར་པ་སྔོན་དུ་འགྲོ་བ་སོ་སོ་རང་གིས་ རིག་པ། འཕགས་པའི་སྤྱོད་ཡུལ་ལས་དང་། སའི་གནས་གཞན་གྱི་བྱེ་བྲག་དང་དོན་གྱི་མཚན་ཉིད་འཇུག་པ་རབ་ཏུ་འཐོབ་ན། དོན་ལ་མཁས་པ་མ་ཡིན་ནོ་ཞེས་བྱ་བ་ཚིག་གི་དབང་པོའི་དབྱངས་ཐོབ་པའི་ཤེས་རབ་ཀྱིས་དོན་ཐམས་ཅད་ལ་མི་རྟག་པ་དང་། བདག་མེད་པ་ དང་། མི་མཛེས་པ་དང་། སྟོང་པའི་རྣམ་པར་འཇུག་པར་བྱེད་དོ། །སེམས་པ་ཡང་གང་ཡོད་པ་དེ་སྐད་ཅིག་པ་དང་། ཐམས་ཅད་སྟོང་པ་དང་། བདག་མེད་པ་སྟེ། ཐལ་མོའི་སྒྲ་དང་། རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། མིག་ཡོར་དང་། གཟུགས་བརྙན་ ལ་སོགས་པ་བཞིན་ཏེ། ཕུང་པོར་གནས་པ་མེད་པ་དང་། རྣམ་པར་མི་འཇིག་པ་མེད་པའི་ཕྱིར་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་གི་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་ཐམས་ཅད་ཀྱི་བྱེ་བྲག་རྟོགས་པར་བྱེད་དོ། །རྣམ་པར་གཞིགས་པ་ན་ཕྱི་རོལ་གྱི་ ཕུང་པོར་གནས་པ་གང་ཡང་མེད་དེ། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དོ། །བརྟགས་པ་ནི་མ་སྐྱེས་པས་ན་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དེ། དེས་ན་གང་རྣམ་པར་མི་འཇིག་པར་ཀུན་བརྟགས་པ་སྟོང་པ་ཉིད་དོ། ། དེ་དེ་ལྟར་ཤེས་རབ་ཀྱིས་དཔྱད་པ་ན་རྟག་པ་དང་། བདག་དང་། ཕྱི་རོལ་གྱི་དོན་མི་དམིགས་སོ། །གང་གི་ཚེ་གཅིག་པུ་དབེན་པར་སོང་ནས་འཛིན་པ་དང་། གཟུང་བར་ཀུན་བརྟགས་པའི་དངོས་པོ་ཅུང་ཟད་ཀྱང་མི་མཐོང་བ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་ དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་ཅིང་མྱོང་བའི་མཚན་ཉིད་ཀྱི་ལམ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་མངོན་སུམ་གྱི་དོན་དུ་ཏིང་ངེ་འཛིན་གྱི་ཡུལ་ལོ། །རང་གི་བློས་ཞེས་པ་ནི་བདག་ཉིད་ཀྱིས་ཐོབ་ཀྱི་དབང་པོས་རབ་ཏུ་སྦྱིན་པ་ལ་སོགས་པས་ནི་མ་ཡིན་ཏེ། དེ་ལས་ གཞན་པའི་ངེས་པར་འཇུག་པའི་དབང་པོའི་ཤེས་པ་དང་། དབུགས་ཐུབ་པ་མྱོང་བ་བཞིན་ནོ། །ས་ཐ་དད་པར་ཕྱེ་བ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་འབྲས་བུའི་རིམ་པའི་བྱེ་བྲག་རྣམས་ཏེ། གོང་ནས་གོང་ དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བདག་དང་གཞན་གྱི་དོན་དུ་བྱུང་བའི་ཁྱད་པར་གྱིས་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ། གཟུགས་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་མཐའ་མེད་པའི་སེམས་ཅན་གྱི་རྒྱུད་ཀྱི་བསམ་པ་མཆོག་ཏུ་རངས་པར་བྱེད་པ་ རྣམས་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེར་འཁོར་བ་ཡོད་ཀྱི་བར་དུ་འཇུག་གོ། །ས་དང་པོ་ལ་འཇུག་པ་ཉིད་ཀྱིས་སེམས་ཅན་ལ་ཕན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་དགའ་བའི་སྦྱིན་པ་རྣམས་ཀྱིས་རབ་ཏུ་དགའ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པར་འགྱུར་རོ། །དྲི་མ་མེད་པར་ནི་དྲི་མ་གཉིས་ཀྱི་ རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་ཞིང་སེམས་ཅན་རྣམས་ལ་མི་གནོད་པའི་ཕྱིར་མི་གཉིས་པའི་ཚུལ་ཁྲིམས་ཅན་རྣམས་སོ། །གསུམ་པོར་ནི་མཆོག་ཏུ་ཟབ་མོའི་ཆོས་ལ་བཟོད་ཅིང་སེམས་ཅན་རྣམས་ཀྱིས་ངན་དུ་སྨྲས་པའི་སྡུག་བསྔལ་ཡིད་ལ་འཇོག་པའི་རྣམ་པར་རྟོག་པ་དང་བྲལ་བ་རྣམས་སོ། །དེ་བཞིན་ དུ་ས་བཞི་པོར་གོང་ནས་གོང་དུ་ཡེ་ཤེས་སྤྲོ་བ་ཡོངས་སུ་དག་པའི་བརྩོན་འགྲུས་ཅན་རྣམས་སེམས་ཅན་མཐའ་དག་གདོན་པའི་མཐུ་ཆེན་པོ་ཅན་རྣམས་སོ། །ས་ལྔར་ནི་སེམས་རྩེ་གཅིག་པར་བཏུལ་བའི་བསམ་གཏན་ལས་གཡོ་བ་མེད་པའི་བློ་ཅན་རྣམས་སོ། །དྲུག་པོར་ནི་རྟེན་ཅིང་འབྲེལ་པར་ འབྱུང་བ་མཉམ་པར་བསྒྲུབས་པས་གཉིས་དང་ཐ་དད་པ་ཆོས་དང་གང་ཟག་ལ་བདག་མེད་པ་ཟབ་མོའི་ཆོས་རྣམས་ལ་འཇུག་པ་རྣམས་སོ། །བདུན་པོར་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མཆོག་ཏུ་རྫོགས་ཤིང་ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་ཅན་ཁམས་ གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་སོ། །ས་བརྒྱད་པོར་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ལ་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པ་གཞན་པ་དང་། གཞན་པ་མ་ཡིན་པར་བྱེད་པ་དང་བྱེད་པ་པོར་འབྲེལ་ཅིང་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་ བྲལ་བ་རྣམས་སོ། །ཇི་ལྟར་མདོ་སྡེ་འདིར་གསུངས་པ། །ས་བདུན་དག་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་གཉིས་དག་ནི་གནས་ཡིན་ཏེ། །ས་གཞན་ང་ཡི་རང་བཞིན་ནོ། །ཞེས་པ་སྟེ། གང་ནས་བདུན་དུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་རྣམས་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ནོ། །མི་སྐྱེ་བའི་མཚན་ཉིད་དེ་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་མེད་པའི་དབུ་མའི་ཡེ་ཤེས་སོ། །མི་གཡོ་བ་དེར་ཡང་སངས་རྒྱས་སུ་ལུང་བསྟན་པའོ། །དགུར་ནི་བསམ་པ་དང་། བག་ལ་ཉལ་བ་ཤེས་ཤིང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་སོ། །བཅུར་ནི་གཞན་ཐམས་ཅད་ལ་ཕན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཁོ་ནའི་གོ་འཕང་ཐོབ་པའི་དོན་དུ་ཆོས་ཀྱི་དབང་བསྐུར་བ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་རྣམས་ ཀྱིས་དབང་བསྐུར་བར་མཛད་དོ། །དེར་ཡང་ཉོན་མོངས་པ་མེད་པའི་མི་ཤེས་པ་དེའི་འོག་ཏུ་སྤང་ངོ་། །དར་སྲབ་མོས་གཡོགས་པ་བཞིན་དུ་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་ས་བཅུར་སྣང་ངོ་། །ཐམས་ཅད་མཁྱེན་པ་རྣམས་ལ་ནི་སྒྲིབ་པ་མེད་པས་ན་སངས་རྒྱས་ཀྱི་སའི་ཁྱད་ པར་ཏེ་དེས་ན་ས་བཅུར་སོང་བའི་ཉོན་མོངས་པ་མེད་པའི་མི་ཤེས་པ་མཉམ་པར་འཇོག་པ་མེད་པ་ལ་སོགས་པའི་མཚན་ཉིད་ཅན་བག་ཆགས་དང་ལྡན་པ་ཤེས་བྱའི་སྒྲིབ་པ་སྤངས་པ་ནི་ས་དང་པོར་མཐོང་བའི་ལམ་ཐོབ་ནས། བསྒོམ་པའི་ལམ་གྱིས་སྦོམ་པོ་དང་། བར་མ་དང་། ཕྲ་མོ་དང་། དེ་ལས་ཕྲ་བ་དང་། ཡང་ཕྲར་གསེ་སྟེ་རིམ་པར་ཕྱེ་ཞིང་བག་ཆགས་དེ་སངས་རྒྱས་ཀྱི་ས་ལ་སྤང་ངོ་། །ཐམས་ཅད་མཁྱེན་པ་ཉིད་འབྲས་བུར་ཐོབ་པ་ནི་ས་བཅུར་རྒྱ་ཆེར་རོ། །སའི་ཕྱོགས་མདོ་སྡེ་འདིར་ཟུར་ཙམ་ཞིག་བསྙད་པའི་ཟླ་ལ་འོངས་པ་ནི་བཤད་དོ། ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དོན་ལ་མཁས་པ་ཡིན་ནོ་ཞེས་བྱའོ། །གཞན་ཡང་བློ་གྲོས་ཆེན་པོ་སྒྲའི་དོན་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྒྲ་དང་དོན་ཏམ། དོན་དང་སྒྲར་ཡང་གཅིག་པ་མ་ཡིན། ཐ་དད་པ་ཡང་མ་ཡིན་པར་ཡང་དག་པར་རྗེས་སུ་བལྟ་སྟེ། ཞེས་ པ་ནི་ཁ་ཅིག་སྒྲ་དང་། དོན་གཞན་པའི་དོན་དུ་ཞུགས་པ་རྣམས་ཏེ། ཇི་ལྟར་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་དང་། གྲངས་ཅན་དང་། འཇིག་རྟེན་རྒྱང་པན་པ་རྣམས་སོ། །ཁ་ཅིག་ནི་གཞན་པ་མ་ཡིན་པ་ཁོ་ནར་ཏེ། ཇི་ལྟར་ལུང་སྟོན་པ་དང་། སྒྲ་ཚངས་པར་སྨྲ་བ་པོ་རྣམས་ཏེ། སྒྲ་དང་ དོན་ཐ་དད་པ་མ་ཡིན་པར་ཡང་ཐ་སྙད་དུ་ཐ་དད་པར་བྱེད་ཀྱང་སྒྲ་དང་དོན་དག་གི་དེ་ཁོ་ན་ཉིད་གཅིག་སྟེ། དེ་དག་མཉམ་པར་གནས་སོ། །ཀྵ་པ་ན་ཀ་དང་། དཔྱོད་པ་ཅན་རྣམས་ནི། གཉིས་ཀར་སྨྲ་བ་པོ་རྣམས་སོ། །ཀྵ་པ་ན་ཀའི་རྣམ་འགྱུར་བར་སྨྲ་བ་ལ་གཞན་པར་འགྱུར་བ་ དང་། གཞན་པ་མ་ཡིན་པར་འགྱུར་བ་དང་། གཞན་པ་དང་གཞན་པ་མ་ཡིན་པར་འགྱུར་བ་སྟེ། ཁྱད་པར་གྱི་བདག་ཉིད་དུ་གཞན་པར་འགྱུར་བ་དང་། སྤྱིའི་བདག་ཉིད་དུ་གཞན་པ་མ་ཡིན་པར་འགྱུར་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་གཞན་པ་དང་གཞན་པ་མ་ཡིན་ པར་འགྱུར་བ་དང་། ཅིག་ཅར་སྨྲ་བར་མི་བྱ་བ་དང་། བདུན་དུ་འབྱེད་པའོ། །དཔྱོད་པ་ཅན་གྱི་ཀུན་རྟོག་ནི། །དངོས་པོ་གཟུགས་ནི་དུ་མ་ལ། །འདོད་པའི་གཟུགས་སུ་བརྟག་པ་ནི། །ཅིག་ཅར་རིམ་གྱིས་འཇུག་པ་ཡིས། །ཚིག་གི་རྣམ་པ་གཞན་མེད་དོ། །ཇི་ལྟར་ཁ་དོག་འདྲེས་ པ་ལ། །དངོས་པོ་རྣམས་ནི་སྣ་ཚོགས་ཕྱིར། །འདོད་པ་བཞིན་དུ་ཁ་དོག་འཛིན། །དེ་བཞིན་ཐ་དད་མི་དམིགས་སོ། །རང་བྱུང་འདོད་ཆེན་ཁྱི་རྣམས་ཀྱང་། །བུད་མེད་ལུས་ནི་གཅིག་པུ་ལ། །མི་གཙང་མཛེས་པ་བཟའོ་ཞེས། །རྣམ་པར་རྟོག་པ་གསུམ་རྣམས་སོ། ། ཞེས་པའོ། །མི་གཉིས་པར་སྨྲ་བ་རྣམས་ལ་ནི་དོན་དང་གཅིག་པར་རིག་སྟེ། བསླད་པ་རྣམས་སྣ་ཚོགས་སྣང་བ་ཐ་དད་པ་ལས་སྒྲ་དང་། དོན་ཡང་ཐ་དད་པར་རུང་བ་ནི་ཐ་དད་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་སྣ་ཚོགས་སུ་ནོར་པའི་ཚུལ་གྱིས་སོ། །རྣམ་པར་ཤེས་པ་སྨྲ་བ་རྣམས་ལ་ཡང་སྒྲ་དང་དོན་ གྱི་སྣང་བ་ཐ་དད་པར་རུང་སྟེ། བརྟགས་པས་དེ་དག་ལས་གཞན་པ་དང་། གཞན་པ་མ་ཡིན་པའི་ཐ་སྙད་རིགས་ཏེ། སྣང་བ་ཚོགས་ཀྱི་ཕྱིར་རོ། །གང་དག་ཡང་ཕྱི་རོལ་གྱི་དོན་དུ་སྨྲ་བ་དེ་དག་གི་རང་བཞིན་གྱི་མཚན་ཉིད་ནི་སྨྲར་མེད་དེ། གཞན་དུ་མེ་དང་འབྲེལ་བས་ནི། །བདག་ཚིག་ ཅེས་ནི་ཚོར་བ་སྟེ། །གཞན་དུ་ཚིག་པའི་སྒྲ་ཡིས་ནི། །སྒྲ་ཡི་དོན་ནི་ཤེས་པར་བྱེད། །དབང་པོའི་དོན་ནི་གཞན་དུ་ལ། །སྒྲ་ཡི་སྤྱོད་ཡུལ་གཞན་པ་སྟེ། །སྒྲ་ལས་མིག་མེད་མཐོང་ཡང་ནི། །མངོན་སུམ་དུ་ནི་འགྱུར་བ་མེད། །ཅེས་སོ། །བརྗོད་པ་ཐམས་ཅད་ནི་འཇུག་པའི་མཚན་ མ་རྣམས་ཀྱིས་བརྗོད་ཀྱི་རང་བཞིན་དུ་ནི་མ་ཡིན་ནོ། །ཇི་ལྟར་འགྲེལ་པ་བྱེད་པས་སྒྲུབ་པ་སྒྲ་རྣམས་ནི་གསུམ་གྱི་ཕྱིར་འཇུག་སྟེ། རིགས་དང་། ཡོན་ཏན་དང་། བྱེད་པའི་སྒྲ་རྣམས་ཡོད་དོ་ཞེས་ཏེ། བ་དཀར་མོ་འགྲོ་བ་ལྟ་བུའོ། །སྒྲ་རྣམས་འཇུག་པའི་མཚན་མ་བཞི་པ་ནི། མིང་ གི་སྒྲ་རྣམས་ཡོད་པ་ནི་ཇི་ལྟར་འདི་ཐེ་དང་། ད་ཝིད་ཐར་མིང་དུ་བཏགས་པའི་སྒྲ་རྣམས་ཏེ། ཉེ་བར་བརྟགས་པའི་རིས་སུ་འཇུག་པའི་རྒྱུའོ། །ལ་ལས་ནི་ཐོག་མ་དང་། ཐ་མ་དང་། དུས་དང་། ཡུལ་གྱི་རྗེས་སུ་སོང་བའི་ལྷ་སྦྱིན་ལ་སོགས་པ་འཇུག་པའི་རྒྱུར་རྟོག་གོ། ། གང་དག་ལ་ཡང་ཉི་མ་དང་། ཟླ་བ་དང་། ནམ་མཁའ་ལ་སོགས་པ་རྣམས་ལ་སྤྱི་གཅིག་པ་མེད་པ་དེ་དག་ནི་རང་བཞིན་ལ་འཇུག་པའི་རྒྱུ་སྟེ། དེ་ལྟར་འགྲེལ་པ་ལས་འབྱུང་བའོ། །གང་ན་དངོས་པོ་ཐམས་ཅད་རང་གི་དངོས་པོར་འབྱུང་བས་ན་དེ་དེ་དག་གི་དངོས་པོ་སྟེ། དེ་བརྗོད་ པ་ནི་ཁོ་ན་དང་རང་ཉིད་དུའོ། །ཟླ་བའི་ཟླ་བ་ཁོ་ན་ནི་གང་ཚིམ་པར་བྱེད་པ་དང་། ཀུ་མུ་ད་རྣམས་རྒྱས་པར་བྱེད་པ་དེའོ། །ཉི་མའི་ཉི་མ་ཁོ་ན་ནི་གང་སྣང་བར་བྱེད་པ་དང་། པདྨོ་རྒྱས་པར་བྱེད་པ་དེའོ། །བ་ལང་ཁོ་ན་ནི་གང་རྩྭ་ཟ་བ་དང་། ཤིང་རྟ་འདྲེན་པ་དེའོ། །ནམ་མཁའི་ དེ་ཁོ་ན་ནི་ནམ་མཁའ་ཁོ་ན་ཚིག་འཁོར་བ་སྟེ། དེར་ཤིང་རྟ་ལ་སོགས་པ་འཕྲད་པ་དང་བྲལ་བ་ཐ་དད་པར་ཀུན་བརྟགས་པ་སྟེ། ཡུལ་མང་པོ་ལ་གནས་པས་ནམ་མཁའ་རྗེས་སུ་སོང་བར་ཀུན་རྟོག་གོ། །དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་སྒྲ་རྣམས་དངོས་པོ་དང་། དངོས་པོ་ མེད་པར་སྤྱིར་སྒྲོ་འདོགས་པར་འཇུག་གོ། །དཀར་པོ་དང་། སེར་པོ་དང་། དམར་པོ་དང་། མི་དཀར་པོ་ལ་སོགས་པའི་ཁ་དོག་རྣམས་ཀྱི་ཁ་དོག་ཁོ་ན་ནི་གཅིག་དང་དུ་མ་དང་། གཟུགས་དང་། གཟུགས་མ་ཡིན་པ་ཡིད་ཆེས་པར་མི་བྱེད་དོ། །དེས་ན་སྤྱིར་བཀྲ་བ་ལ་བཀྲ་བ་ཁོ་ན་ནི་གཞན་པ་དང་ གཞན་པ་མ་ཡིན་ཏེ། སྒྲོ་འདོགས་པ་འབའ་ཞིག་གིས་ཀུན་བརྟགས་པའོ། །དེ་བཞིན་དུ་གྲང་བ་དང་། དྲོ་བ་དང་། བརླན་པ་དང་། སྲ་བ་ལ་སོགས་པ་རྣམས་ཀྱི་གྲང་བ་ཁོ་ན་དང་། དྲོ་བ་ཁོ་ན་དང་། བརླན་པ་ཁོ་ན་དང་། སྲ་བ་ཁོ་ནའོ། །གལ་ཏེ་གཞན་པ་མ་ཡིན་ན་ནི་དེའི་ཚེ་གྲང་བ་དང་ གྲང་བ་མ་ཡིན་པ་དང་། དྲོ་བ་དང་དྲོ་བ་མ་ཡིན་པ་དང་། བརླན་པ་དང་། སྲ་བ་དག་ཀྱང་དེ་ལས་བཟློག་པར་འགྱུར་ན། གང་གཅིག་གི་གཟུགས་ཡིན་པ་དེ་གཉིས་པོར་མི་རིགས་སོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་གཅིག་པོ་ལ་གཟུགས་དུ་མ་ཁོ་ནར་ཇི་ལྟར་ན་རུང་། གཟུགས་གཅིག་པ་ནི་ གཅིག་པ་ཁོ་ནའོ་ཞེས་དབང་པོས་སྨྲས་པ་མ་ཡིན་ནོ་ཞེས་དེ་སྐད་ཅེ་ན་ནི་གང་གི་ཚེ་ན་དེ་ལྟར་གཟུགས་དུ་མ་ཡང་གཅིག་པར་ཇི་ལྟར་རིགས་ཏེ། དེ་ལྟར་ན་འགྲོ་བ་ཐམས་ཅད་ཀྱང་གཟུགས་གཅིག་པར་འགྱུར་ཏེ། ཕྱུག་དབུལ་དང་། གྲོལ་བ་དང་། མ་གྲོལ་བ་ལ་སོགས་པའི་རིམ་པ་དམིགས་སུ་མེད་ ལ། གྲང་བ་དང་། དྲོ་བ་དང་། སྔོན་པོ་དང་། སེར་པོ་ལ་སོགས་པ་རྣམས་ཀྱིས་དོན་གྱི་བྱ་བ་བྱེད་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །དེས་ན་ཇི་ལྟར་གྲངས་ཅན་ལ་སོགས་པ་ཕྱི་རོལ་གྱི་དོན་དཀར་པོ་དང་། སྔོན་པོ་ལ་སོགས་པའི་རང་བཞིན་ནི་རང་བཞིན་དུ་མར་མི་རིགས་སོ། །ནོར་པ་ ལ་ལྟོས་ཏེ། དེའི་བདག་དང་། བདག་གིར་དང་། བདག་གི་བ་གང་ཡིན་པ་དང་། ནོར་པའི་གཟུགས་ཀྱང་ཇི་ལྟ་བུ་དེ་ཡིན་པ་དེ་མི་རུང་ངོ་། །དེ་སྟེ་ནོར་པ་སྣ་ཚོགས་ཀྱི་ཕྱིར་དུ་མའི་རྣམ་པར་ཤེས་པ་ལ་མེད་ན་ནི་དེའི་ཚེ་རབ་རིབ་ལ་སོགས་པའི་ནོར་པ་ལྟོས་པས། ཚིག་གི་དོན་ རྣམས་ཀྱི་བདག་ཉིད་མཐའ་མེད་པར་འབྱུང་བར་འགྱུར་རོ། །བར་ཏི་ཀ་ལས་དཔྱད་པ་ལྟར། དམིགས་པ་ཀུན་ཕྱི་རོལ་གྱི་ཡིན་ནོ་ཞེས་དཔྱོད་པ་ཅན་གང་གིས་ཀུན་དུ་རྟོག་པ་ནི། མར་མེ་ལ་སོགས་སྔོན་དམར་དུ། །རྨ་བྱའི་མདོངས་ནི་སྣང་བ་ལྟར། །མིག་འཕྲུལ་རྣམས་ཀྱི་དཀྱིལ་འཁོར་དུ། །ཀུན་ དུ་མཐོང་བར་བྱེད་པའོ། །གང་གི་ཚེ་ཤེས་པར་བྱ་བ་གཅིག་ལ་གཟུགས་དུ་མ་མི་རུང་བ་དེའི་ཚེ། ཤེས་པ་རྣམ་པ་དང་བཅས་པ་ཁོ་ནའོ། །དེ་ལྟར་ཡང་། བློ་ནི་སྔོ་སོགས་གཟུགས་ཀྱི་ཕྱིར། །ཕྱི་རོལ་དོན་ལ་ཅིས་ན་འབྲེལ། །བློ་ལ་སྔོ་སོགས་གཟུགས་མེད་ན། །དེ་ཡི་དེ་མྱོང་ཇི་ལྟ་བུ། ། ཞེས་པ་སྟེ། ནམ་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་དེ་ན་དེ་མ་གཏོགས་པར་ཕྱི་རོལ་གྱི་དོན་གང་ཡིན། འོན་ཏེ་རྣམ་པར་ཤེས་པ་ལ་རྣམ་པ་མེད་པ་འདི་ནི་སྔོན་པོའི་མྱོང་བ་ཡིན་གྱི་སེར་པོའི་མ་ཡིན་ནོ་ཞེས་རྣམ་པ་མེད་པའི་ཤེས་པས་མྱོང་བའི་རྣམ་པ་མེད་པས་ཇི་ལྟར་ན་རུང་། བག་ ཆགས་བློ་ལ་རྣམ་པ་མེད། །དོན་ནི་རྣམ་པ་བཅས་པ་སྟེ། །ཞེས་དཔྱོད་པ་ཅན་རྣམས་དེ་སྐད་ཅེས་སྨྲས་པ་དེ་ལ་རབ་རིབ་ཅན་གྱི་རྣམ་པ་མང་པོ་སྣང་ན། ཅིའི་ཕྱིར་དོན་དེ་སྙེད་དེ་ལྟར་ཡོད་དམ། དེ་ལྟར་ན་གཞན་གྱིས་ཅིའི་ཕྱིར་མི་འཛིན། དེས་ན་ནོར་པའི་མཐུས་རྣམ་པར་ཤེས་པར་ སྨྲ་བ་ལ་རྣམ་པ་སྣ་ཚོགས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ལ་སྣང་སྟེ། སྣང་བ་ཐ་དད་པས། ཚད་མ་དང་གཞལ་བའི་ཐ་སྙད་དང་། སྒྲ་དང་དོན་ཐ་དད་པར་དེ་ལ་གླེང་བ་ཅི་ཡང་མེད་དོ། །ནམ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིགས་ཏེ་མི་དམིགས་ པ་དེ་ལ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་རིག་པ་དངོས་པོ་དང་། དངོས་པོ་མེད་པ་རྣམ་པར་མི་རྟོག་པ་ཉིད་གནས་སོ། །ཐུགས་རྗེའི་བག་ཆགས་ཀྱིས་སད་དེ་དག་པ་འཇིག་རྟེན་གྱི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལས་ཐམས་ཅད་མཁྱེན་པའི་སྒྲ་དང་ དོན་གྱི་ཐ་སྙད་འབྱུང་བ་ནི། རྟོག་དང་མོས་པ་དག་གིས་ནི། །འཇིག་རྟེན་ལམ་དུ་གནས་པ་ན། །ཤེས་དང་སོ་སོར་བརྗོད་པ་ཡང་། །བྱིས་པ་དང་ནི་མཁས་པ་འདྲ། །དེའི་ཕྱིར་དེ་ལྟར་སྒྲའི་དོན་གྱི་དབང་དུ་བྱས་ཏེ། དེས་སྨྲས་པ། གང་ཕྱིར་སྒྲ་ནི་བརྗོད་པ་ཡིན། །གང་ཚེ་དོན་ གང་ཡིད་ཆེས་བྱེད། །དེ་ནི་སྒྲ་ཡི་དོན་དུ་སྨྲས། །དོན་གྱི་མཚན་ཉིད་གཞན་མེད་དོ། །བློ་གྲོས་ཆེན་པོ་གལ་ཏེ་སྒྲ་དང་དོན་དུ་ཐ་དད་ན་ནི་དོན་གསལ་བར་བྱེད་པའི་རྒྱུ་སྒྲ་མ་ཡིན་པར་འགྱུར་ན། ནོར་རྫས་ལ་མར་མེ་བཞིན་དུ་དོན་དེ་ལ་སྒྲས་རྗེས་སུ་འཇུག་གོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྐྱེས་བུ་ལ་ལ་ཞིག་མར་མེ་ཐོགས་ནས་ཕྱོགས་འདི་ནང་གི་ནོར་འདི་ལྟ་བུ་འདི་ཡོད་དོ་ཞེས་ནོར་ལ་ལྟ་བ་ཞེས་པ་ནི་རྟག་པ་ལ་ལྟོས་ཏེ་སྒྲ་ནི་གསལ་བར་བྱེད་པའི་རྒྱུ་ཡིན་གྱི། བྱེད་པའི་རྒྱུ་མ་ཡིན་པ་ནི་བ་དན་ལ་སོགས་པ་བཞིན་ནོ། །གང་གི་ཕྱིར་ཞེ་ན། སྒྲ་བརྗོད་པ་ལས་ དོན་གང་ཡིད་ཆེས་པར་འགྱུར་བ་དེ་ཉིད་སྒྲའི་དོན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་ཚིག་ཏུ་རྣམ་པར་རྟོག་པའི་སྒྲའི་མར་མེས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཚིག་གི་རྣམ་པར་རྟོག་པ་དང་བྲལ་བ་སོ་སོ་རང་གིས་རིག་ པའི་དོན་གྱི་ཡུལ་ལ་རྗེས་སུ་འཇུག་གོ་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། གཉིས་ཀ་ལ་གནས་པའི་སྒྲ་ཐམས་ཅད་ནི་མངོན་སུམ་དང་། མངོན་སུམ་མ་ཡིན་པའི་ཡུལ་ལ་སྤྱིར་སྒྲའི་དོན་དུ་སྒྲོ་བཏགས་ཏེ་གསལ་བར་བྱེད་པའི་རྒྱུ་བསྙད་པ་ཡིན་གྱི། བྱེད་པའི་རྒྱུ་ནི་མ་ཡིན་ཏེ། སྤྱིར་ བརྟགས་པའི་དོན་ཉིད་ལ་སྒྲ་རྣམས་འཇུག་པ་ན་རང་གི་མཚན་ཉིད་བསྙད་པར་བྱེད་དོ། །དེ་ལྟར་ན་དེ་དག་བརྟགས་པའི་ཐ་སྙད་ཀྱིས་གསལ་བར་བྱེད་ཀྱི། རང་བཞིན་གྱི་སྒྲ་དང་དོན་དུ་འབྲེལ་པ་མེད་ཅིང་། རྒྱུ་དང་འབྲས་བུར་མ་ཡིན་པ་ནི་དེ་དག་མི་འབྲལ་བའི་དངོས་པོ་མ་ཡིན་པའི་ ཕྱིར་རོ། །ཇི་ལྟར་སྨྲས་པ། སྒྲ་ནི་བརྗོད་པར་གྱུར་པ་ནི། །དོན་ལ་ཐེ་ཚོམ་རབ་ཏུ་འབྱུང་། །དེ་ལྟར་མངོན་སུམ་མཐོང་བ་དང་། །མཚན་མ་ལས་ནི་ངེས་པར་འགྱུར། །ཞེས་པ་སྟེ། ཇི་ལྟར་སྒྲའི་དོན་གྱི་རྣམ་པར་རྟོག་པ་ལས་རྗེས་སུ་དཔགས་ཏེ། སྤྱི་ལས་ཁྱད་པར་གྱི་མཚན་ཉིད་ གསལ་བར་བྱེད་པ་དེ་བཞིན་དུ་སྒྲའི་དོན་སྤྱི་ལས་ཀྱང་སྒྲ་དང་བྲལ་བར་རང་གི་མཚན་ཉིད་དུ་འགྲོ་བ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་ཆོས་ཉིད་ལ་བཙུན་གཙོའི་བྱང་ཆུབ་སེམས་དཔའ་འཇུག་གོ་ཞེས་བྱའོ། ། ཐམས་ཅད་མཁྱེན་པས་སྒྲའི་དོན་མངོན་སུམ་དང་རྗེས་སུ་དཔག་པས་བསྒྲུབ་པར་མཛད་པ། གཞན་ཡང་བློ་གྲོས་ཆེན་པོ་མ་སྐྱེས་པ་དང་། མ་འགགས་པ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཐེག་པ་གསུམ་ནི་ཐེག་པ་གཅིག་པ་དང་། ཆོས་ལྔ་དང་། སེམས་ དང་། རང་བཞིན་ལ་སོགས་པ་ལ་སྒྲ་ཇི་བཞིན་དུ། མངོན་པར་ཆགས་པ་ལ་བརྟེན་ནས་མངོན་པར་ཆགས་པ་ཞེས་ཏེ། སྒྲ་ཇི་བཞིན་པར་གཟུང་བར་མི་བྱའོ་ཞེས་ཐམས་ཅད་མཁྱེན་པས་གསུང་ངོ་། །སྒྲ་དང་དོན་སྤྱིར་འཇུག་པ་ལ་ཡང་། རིགས་པ་དང་། ལུང་གིས་འགལ་བ་ མེད་པར་འགའ་ཞིག་དཔྱད་པར་བྱའོ། །དེ་སྟེ་མ་སྐྱེས་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་རྣམས་ནི་མོ་གཤམ་གྱི་བུ་ལྟ་བུར་ཆོས་རྣམས་འཛིན་ན་ནི་དེའི་ཚེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པ་ཇི་ལྟར་ན་འགྱུར། དེས་ན་བཀྲི་བའི་དོན་རྣམས་ཀྱིས་ ངེས་པའི་དོན་ཉིད་ཤེས་པར་བྱའོ། །དེ་སྟེ་ཡང་མ་སྐྱེས་པ་དང་། མ་འགགས་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་རྣམ་པ་དེ་ལྟ་བུ་རྣམས་ལ་དོན་གྱི་བྱེ་བྲག་མེད་པར་འགྱུར་ན་ནི་དེའི་ཚེ་སེམས་ཅན་རྣམས་ལ་འཁོར་བ་དང་། མྱ་ངན་ལས་འདས་པ་མེད་དེ། ཆོས་ནི་གང་། གང་གིས་སུ་ལ། ཅིའི་ཕྱིར་ན་སྟོན། ཐེག་པ་གསུམ་ནི། ཐེག་པ་གཅིག་ཅེས་པ་དེར་ཡང་དགོངས་པའི་ཁྱད་པར་ཤེས་པར་བྱ་སྟེ། མནའ་བའི་རྒྱུ་ནི་མྱ་ངན་ལས་འདའ་བར་ང་སྨྲ་ཞེས་དམ་པའི་ཆོས་པུཎྜ་རཱི་ཀ་ལས་སོ། །འདིར་ཡང་། དེ་དག་ཏིང་འཛིན་མྱོས་པ་རྣམས། ། ཟག་པ་མེད་པའི་དབྱིངས་ན་གནས། །ཞེས་པའོ། །དགོངས་པ་ངེས་པར་འགྲེལ་པ་ལས་ནི་གང་དག་ལ་སྙིང་རྗེའི་ས་བོན་ཡོད་པ་དེ་དག་ནི་སངས་རྒྱས་སུ་བྱ་བར་ནུས་སོ། །གང་དག་ཡང་ཞི་བ་ཕྱོགས་གཅིག་གི་འདོད་ཆགས་དང་བྲལ་བ་ནི་ཞི་བ་ཉིད་དུ་གནས་སོ། །དེ་དེ་ལྟར་ན་དམ་ པའི་ཆོས་ཀྱིས་བཀྲི་བ་དང་། ངེས་པའི་དོན་གྱི་བྱེ་བྲག་ཡོངས་སུ་ཤེས་པའི་ཕྱིར་མཁས་པར་བྱའོ། །ཆོས་ལྔ་ནི་དེ་དག་མིང་ལ་སོགས་པ་རྣམས་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ནང་དུ་གཏོགས་སོ། །དེ་ལ་མིང་དང་། མཚན་མ་དང་། བརྟགས་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དུ་འབྱེད་པ་ནི་ཆོས་ལྔ་ཞེས་བྱའོ། །དེ་ལ་མིང་ནི་ཀུན་བརྟགས་པར་བསྡུའོ། །མཚན་མ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ལུས་དང་། ལོངས་སྤྱོད་དང་། གནས་སུ་གསལ་བར་སྣང་བ་གཞན་གྱི་ དབང་ངོ་། །དེ་ཉིད་རྣམ་པར་རྟོག་པ་སྟེ། དེས་ན་རྣམ་པར་རྟོག་པ་དེར་བསྡུའོ། །ཁྱད་པར་དུ་ནི་ཀུན་བརྟགས་པ་སྟེ། ཡང་བརྟགས་པ་ལ་སོགས་པའི་ཡུལ་མེད་པས་ན་ཡུལ་མེད་པའོ། །དམ་པའི་ཆོས་ཀྱི་ལུགས་ཀྱིས་བརྟགས་པ་དང་། ཀུན་བརྟགས་པའི་ཁྱད་པར་དེའོ། །དབུང་ མཐའ་རྣམ་པར་འབྱེད་པ་ལས། །ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་བྱམས་པས་གསུངས་པའོ། །དེའི་ཕྱིར་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ཡོངས་སུ་གྲུབ་པར་བསྡུའོ། །འཕགས་པའི་བདེན་པར་ཆོས་ལྔ་བསྡུ་བ་ནི། ཀུན་ནས་ཉོན་ མོངས་པ་རྣམས་ནི་སྡུག་བསྔལ་བ་དང་། ཀུན་འབྱུང་དུའོ། །དག་པ་ནི་འགོག་པ་དང་ལམ་དུའོ། །དེ་དེ་ལྟར་སྒྲ་ཇི་བཞིན་པ་ཙམ་དུ་དམ་པའི་ཆོས་ཀྱི་དོན་དུ་བྱེ་བྲག་མི་ཤེས་སོ། །དེས་ན་སྒྲ་ཇི་བཞིན་པའི་དོན་གཟུང་བར་མི་བྱའོ། །རིགས་པ་དང་ལུང་གི་དམ་པའི་ཆོས་ཀྱི་དོན་ཇི་ལྟར་རུང་བ་དེ་ལྟར་དཔྱད་ པར་བྱའོ། །ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་བསོད་ནམས་འཐོབ་པོ་ཞེས་ཟུང་གི་མདོ་ལ་སོགས་པའི་མདོ་སྡེ་ལས་བྱུང་བ་དེར་ཡང་དོན་ཤེས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མཉམ་པ་ཉིད་དང་། ཆོས་ལ་མངོན་པར་དད་ཅིང་མཉམ་པ་ལ་སོགས་པས་ངས་སངས་རྒྱས་ དང་མཉམ་པ་ཉིད་འཐོབ་པའི་ཕྱིར་བསོད་ནམས་འཐོབ་པོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །བྱང་ཆུབ་སེམས་དཔས་བསོད་ནམས་གང་། །བསྐལ་པ་བྱེ་བར་བསགས་པ་ནི། །གཟུངས་སྔགས་འདི་ནི་འཆང་བ་ན། །ཟླ་གཅིག་གིས་ནི་ཐམས་ཅད་གནོན། །ཞེས་ པ་ཡང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསམ་པའི་བསོད་ནམས་ནི་བསྒོམ་པའི་བསོད་ནམས་ཀྱིས་ཟིལ་གྱིས་གནོན་ཏོ། །སྦྱིན་པའི་བསོད་ནམས་སྔ་མ་དེ་ནི་བསྒོམ་པའི་བརྒྱའི་ཆར་ཡང་མི་ཕོད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་གཅོད་པ་ལ་སོགས་པར་དམ་པའི་ཆོས་སུ་ཀློག་པ་ དགོངས་པར་གསུངས་པར་བརྟག་གོ། །འདིར་དམ་པའི་ཆོས་ཀྱི་འགྲེལ་པ་ལང་ཀར་གཤགས་པར་ཡང་བཅོམ་ལྡན་འདས་ཀྱིས་རང་གི་དགོངས་པ་རབ་ཏུ་བསྟན་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར་ང་ཡང་སངས་རྒྱས་དེ་ཉིད་དོ། །རང་གིས་ཡང་དག་པར་རིག་པའི་ཆོས་ཉིད་ཀྱི་དབང་དུ་ མཛད་དེ་གསུངས་པ། མངོན་པར་སངས་རྒྱས་ནས་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་ཆོས་མ་བཤད་ཅེས་སོ། །དེ་བཞིན་དུ་བདུན་བརྒྱ་པ་ལས། དངོས་པོ་མེད་པའི་དེ་བཞིན་གཤེགས་པ་དང་། དངོས་པོ་མེད་པའི་དེ་བཞིན་ཉིད་ཅེས་ཏེ། དེར་ནི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ལ་ གློ་བུར་གྱིས་གཉིས་ཀྱི་རྣམ་པ་དང་བྲལ་བའི་ཕྱིར་དངོས་པོ་མེད་པའོ་ཞེས་དགོངས་པའོ། །རང་བཞིན་ནི་ཆོས་ལྔའི་གནས་ཏེ་ཆོས་ཀྱི་དབྱིངས་སོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ནི་ཐོག་མ་ནས་ཞི་བའོ། །མ་སྐྱེས་པ་དང་མ་འགགས་པ་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་ སྐད་ཅིག་པ་ལ་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པ་བྱེད་པ་དང་། བྱེད་པ་པོ་ལ་སོགས་པར་འབྲེལ་བར་ཀུན་བརྟགས་པ་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་མི་རུང་ངོ་། །ཆོས་ལ་བདག་མེད་པ་ལ་ཡང་འཛིན་པ་དང་། གཟུང་བའི་རྣམ་པར་སྐྱེ་བ་མེད་དེ། རྨི་ལམ་དང་ མིག་འཕྲུལ་ལ་སོགས་པ་བཞིན་ནོ། །བདག་དང་གཞན་གྱི་དངོས་པོར་སོ་སོར་སྣང་བ་འབྱེད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་གཉིས་སུ་མེད་པ་ལ་ཡང་ཐ་དད་པ་མི་རྟོག་གོ། །བརྗོད་དུ་མེད་པའི་སྐད་ཅིག་པའི་རྒྱུད་ལ་རང་གི་བདག་ཉིད་ལ་རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་ སེམས་ཀྱང་མི་རྒྱུ་ན་ཡི་གེ་དང་སྒྲ་རྣམས་ལྟ་ཅི་སྨོས་ཏེ། ཐུགས་རྗེའི་བག་ཆགས་ཀྱིས་སད་ནས་བཞེངས་ཏེ། དག་པ་འཇིག་རྟེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་པ་རྣམས་ཀྱིས་ཆོས་སྟོན་པ་འབྱུང་ངོ་ཞེས་ལན་དུ་མར་བཤད་པ་ཡིན་ ནོ། །སྒྱུ་མ་སྣ་ཚོགས་མཐོང་བའི་རྣམ་པར་རྟོག་པ་ལྟ་བུར་སྒྲོ་འདོགས་པ་དང་། སྐུར་པའི་ལྟ་བར་ལྟུང་བ་ཡིན་ནོ། །རྣམ་པ་གཞན་དུ་གནས་པ་ལ་རྣམ་པ་གཞན་དུ་སོ་སོར་རྣམ་པར་རྟོག་པ་ཞེས་པ་ནི་ཡོད་དོ་ཞེས་སྒྲོ་འདོགས་པ་དང་། མེད་དོ་ཞེས་སྐུར་པ་སྟེ། ཇི་ལྟར་ འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དཀོན་མཆོག་བརྩེགས་པ་ལ་སོགས་པ་ལས་མཐའ་གཉིས་རྣམ་པར་དཔྱད་པ་ནི་དབུ་མའི་ནན་ཏན་ཞེས་སོ། །ཇི་ལྟར་འདི་ཉིད་དུ་ཐམས་ཅད་ནི་རྟག་པ་དང་། མི་རྟག་པ་དང་། བྱས་པ་དང་། མ་བྱས་པ་མ་ཡིན། ཐམས་ཅད་ནི་ཐེར་ཟུག་པ་དང་། ཐེར་ཟུག་པ་མ་ཡིན་པའང་མ་ཡིན། ཐམས་ཅད་ནི་འདུས་བྱས་དང་། འདུས་མ་བྱས་མ་ཡིན། ཐམས་ཅད་ནི་རྒྱུ་དང་འབྲས་བུ་མ་ཡིན། ཡོད་པ་དང་མེད་པ་མ་ཡིན། གཉིས་ཀ་དང་གཉིས་ཀ་མ་ཡིན་པའང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་བྲམ་ཟེ་འཇིག་རྟེན་ རྒྱང་པན་པ་སུན་དབྱུང་བའི་ཕྱིར་གསུངས་པ་རང་གི་སེམས་སྣང་བ་ཙམ་ཁོང་དུ་མ་ཆུད་པའི་ཕྱིར་སྲིན་བལ་གྱི་སྲིན་བུ་རྣམས་བདག་ཉིད་ཀྱིས་བདག་ཉིད་འཆིང་བར་བྱས་པ་བཞིན་དུ་ཕྱི་རོལ་གྱི་རྣམ་པར་རྟོག་པར་ལྟ་བའི་མུ་སྟེགས་བྱེད་རྣམས་གཉིས་ཀྱི་རྣམ་པར་ལྷུང་བ་ཡིན་ནོ། །སེམས་ནི་སྒྱུ་མ་ལྟ་བུ་ སྟེ། །སྣང་བ་ཙམ་པ་ལ་ཕྱི་རོལ་གྱི་མེད་པ་ལ་སྒྲོ་བཏགས་ཏེ། སྣང་བ་ཇི་བཞིན་པ་ལ་བྱིས་པ་རྣམས་རྣམ་པར་རྟོག་པ་ལྟར་ནི་མེད་དོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྒྱུ་མ་སྣ་ཚོགས་ནི་རྣམ་པ་གཞན་དུ་ལྟ་བ་ཡིན་ན་བྱིས་པ་རྣམས་རྣམ་པ་གཞན་དང་སོ་སོར་རྣམ་པར་རྟོག་སྟེ། འཕགས་ པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་པ་ནི་རྟག་པ་དང་། བདག་དང་། འཛིན་པ་དང་། གཟུང་བ་དང་། བྱེད་པ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། སྐྱེད་པ་པོ་དང་། རྒྱུ་དང་འབྲས་བུ་དང་། བྱས་པ་དང་མ་བྱས་པ་དང་། རྟག་པ་དང་ཆད་པ་དང་ཡོད་པ་དང་། མེད་པ་དང་། གཉིས་ཀ་ལ་སོགས་པར་སྨྲ་བ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་བྱིས་པ་རྣམས་ཀྱིས་ཀུན་རྟོག་གི། བརྗོད་དུ་མེད་པ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་ནི་འཕགས་པ་རྣམས་ཀྱིས་མི་རྟོག་གོ། །དེར་བདག་དང་གཞན་གྱི་དངོས་པོར་ཐ་དད་པར་ སྣང་བའི་རྣམ་པར་ཤེས་པ་མེད་པའི་ཕྱིར་དེ་ལ་རྟག་པ་དང་། མི་རྟག་པ་དང་། བྱས་པ་དང་། མ་བྱས་པ་དང་། བྱེད་པ་དང་། བྱེད་པ་པོ་དང་། རྒྱུ་དང་འབྲས་བུ་ལ་སོགས་པར་འབྱེད་པའམ། ཡོད་པ་དང་། མེད་པ་དང་། གཉིས་ཀ་ལ་སོགས་པར་སྣང་བའི་རྣམ་པར་རྟོག་ པ་མེད་དོ། །འོན་ཀྱང་ཐུགས་རྗེའི་བག་ཆགས་ཀྱིས་སད་ནས་དག་པ་འཇིག་རྟེན་གྱི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་ཐམས་ཅད་མཁྱེན་པས་རང་གི་མཚན་ཉིད་མི་གཉིས་པ་མཛུབ་བཙུགས་བཞིན་དུ་སྤྱིའི་རྣམ་པར་བསྙད་པར་མཛད་དོ། །དེ་བཞིན་དུ་ཡང་ཤེས་རབ་ཅན་རྣམས་ཀྱིས་ཤེས་རབ་ ཀྱིས་དཔྱད་ཅིང་ཆོས་དང་གང་ཟག་ལ་བདག་མེད་པར་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་རྣམ་པས་འཇུག་པ་ནི་རྨི་ལམ་དང་སྤྲིན་ལས་གློག་འགྱུ་བ་བཞིན་ནོ། །སྤྱིའི་རྣམ་པར་བསྙད་པ་ལ་ཡང་གཉིས་ཀྱི་ཆ་སྟོང་པ་དང་། འགྲོ་བ་སྐད་ཅིག་པའོ་ཞེས་ ཤེས་རབ་ཀྱིས་ཁྱད་པར་གྱི་རྗེས་སུ་འཇུག་གོ། །དགེ་སློང་ཁྱོད་མེད་པར་འགྱུར་བ་ལྟ་བུར་དེ་ཁོ་ན་ཉིད་སྒོམས་ཤིག་ཅེས་ནས་དེས་ཀྱང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམ་པར་ཕྱེ་སྟེ། གང་གི་ལུས་ཀྱི་རྡུལ་ཕྲ་མོ་འདུས་པ་སྐད་ཅིག་པ་ལ་དེ་བཞིན་དུ་བྱས་ནས་དེ་ལྟར་བདག་ཏུ་ཆགས་ པ་ཉེ་བར་ཞི་སྟེ། དེས་རྟོགས་པར་འགྱུར་བ་ལྟ་བུའོ། །དེ་བཞིན་དུ་འགྲོ་བ་རྨི་ལམ་ལ་སོགས་པ་བཞིན་དུ་སྟོང་པ་སྟེ། སྐྱེས་པའམ། སྐྱེས་པ་མེད་པར་ཆོས་ལ་བདག་མེད་པར་རྟོགས་ཤིང་ཕྱི་རོལ་གྱི་ཕྱོགས་ཀྱི་ཆ་ཐ་དད་པས་ཕྱེ་བ་ན་སྟོང་པར་མཐོང་སྟེ། རྟག་པ་དང་། བདག་དང་། བདག་གི་ ལ་སོགས་པར་ཆགས་པ་ལྡོག་གོ། །ཇི་བཞིན་སྒྲ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་སྒྲ་ཐོས་ནས་ཕྱི་རོལ་གྱི་བར་ཀུན་རྟག་པ་དང་། ལ་ལས་རྟག་པ་དང་། བདག་དང་། བདག་གིར་སྒྲོ་འདོགས་སོ། །དེ་ལྟར་ན་ཡང་ལོག་པའི་ཤེས་པ་ལས་འཁོར་བའི་སྡུག་བསྔལ་རྗེས་ སུ་འབྲེལ་པར་འགྱུར་རོ། །ཕུང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་དུ་ཕུང་པོ་རྣམས་ལ་རྟག་པའི་བདག་སྒྲོ་འདོགས་པ་དེ་བཞིན་དུ་ད་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །ཕུང་པོ་རྣམས་གཞན་གྱི་དབང་དུ་གྱུར་པ་ནི་ནང་གློངས་པའི་མཐུ་ལས་ རབ་རིབ་དང་། མགོ་འཁོར་བ་དང་། བརྒྱལ་བའི་རྣམ་པ་ལྟ་བུར་གསལ་བ་དེར་བརྟག་པ་ལ་སོགས་པའི་རྣམ་པར་རྟོག་པས་སྒྲོ་འདོགས་སོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའི་རྟག་པ་དང་། བདག་དང་། ཕྱི་རོལ་དང་། བདེ་བ་དང་། གཙང་བར་རྣམ་པར་སྒྲོ་བཏགས་ ཏེ། ཇི་ལྟར་བྱིས་པས་རྣམ་བརྟགས་བཞིན། །དེ་སྟེ་དངོས་པོ་དང་དངོས་པོ་མེད་པ་དེ་བཞིན་ན་ནི་ཐམས་ཅད་ཀྱིས་ཡང་དག་པར་མཐོང་བ་ཡིན་ནོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་ནི་གཟུགས་ལ་སོགས་པ་སྟེ། འཛིན་པ་དང་གཟུང་བའི་ རྣམ་པས་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ལ་ཉོན་མོངས་པ་དང་། དག་པ་མེད་དེ་འཁྲུལ་པའི་རྣམ་པའི་ཕྱིར་ཏེ། རྨི་ལམ་དུ་ཀུན་ནས་ཉོན་མོངས་པ་དང་དག་པ་བཞིན་ནོ། །སོ་སོར་སྣང་བ་ཙམ་དུ་དེ་དག་ནི་གཟུགས་བརྙན་ལ་སོགས་པ་བཞིན་ཏེ། མཐོང་བ་དང་མི་མཐོང་བ་ལས་དངོས་པོ་ དང་དངོས་པོ་མེད་པའོ། །ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་རབ་འབྱོར་ཆོས་ཐམས་ཅད་ནི་བཅིངས་པ་ཡང་མེད། དགྲོལ་བ་ཡང་མེད་པ་སྟེ། བརྟགས་པའི་བདག་དང་། བདག་གི་བ་རྣམས་ཀྱི་དངོས་པོ་མེད་པས་ན་འཆིང་བ་དང་བཀྲོལ་བ་མེད་དེ། རི་བོང་གི་རྭ་ དང་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །གཞན་གྱི་དབང་རྣམས་ནི་སྐྱེ་བའི་རང་བཞིན་མེད་དེ། རང་བཞིན་གྱིས་རྨི་ལམ་གྱི་ཐར་པ་བཞིན་ནོ། །རང་བཞིན་གྱིས་འོད་གསལ་བའི་ཆུད་པ་རྣམས་གློ་བུར་གྱི་གཉིས་ཀྱི་རྣམ་པར་སྟོང་པ་ཉིད་དོ། །དེ་དག་རིན་པོ་ཆེ་དང་གསེར་ལ་སོགས་པ་ བཞིན་དུ་རང་བཞིན་གྱི་དྲི་མ་དང་འབྲེལ་པ་ལས་རྣམ་པར་དག་པར་འགྱུར་བ་ནི་མ་ཡིན་ཏེ། དེས་ན་ཆོས་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་དག་པ་མེད་དོ་ཞེས་དགོངས་ནས། རབ་འབྱོར་ཆོས་ཐམས་ཅད་བཅིངས་པ་མེད་པ་དང་། བཀྲོལ་བ་མེད་པའོ་ཞེས་ སོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་གསུམ་པ་ལས་སྒྲ་ཇི་བཞིན་པའི་དོན་ལ་དགོངས་པ་དཔྱད་པ་དྲུག་པའོ།། །།གཞན་ཡང་བློ་གྲོས་ཆེན་པོ་ཡེ་ཤེས་དང་རྣམ་པར་ཤེས་པའི་མཚན་ཉིད་ཁྱོད་ལ་བཤད་དོ་ཞེས་བྱ་བ་ལ་ སོགས་པ་དེ་ལ་བློ་གྲོས་ཆེན་པོ་ཡེ་ཤེས་རྣམ་པ་གསུམ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སྐྱེས་ནས་འཇིག་པ་ནི་རྣམ་པར་ཤེས་པའོ་ཞེས་པ་ནི་ཐོག་མ་དང་ཐ་མའི་དུས་ཀྱི་གནས་ ཐ་དད་པ་དང་བྲལ་བའོ། །སེ་གོལ་གྱི་སྒྲ་དང་། གློག་ལ་སོགས་པ་ལྟ་བུ་ནི་འཇིག་རྟེན་པའི་ཡེ་ཤེས་སུ་བརྟག་གོ། །མ་སྐྱེས་མི་འཇིག་པ་ནི་ཡེ་ཤེས་སོ་ཞེས་པ་ནི་གང་སྐྱེ་བ་དང་འཇིག་པ་རྣམ་པ་ཐ་དད་པར་སྣང་བའི་ཆོས་ཀྱི་རྣམ་པར་རྟོག་པ་མེད་ཅིང་སྐད་ཅིག་པ་དེ་ནི་འཇིག་རྟེན་ ལས་འདས་པ་སྟེ། གང་གི་ཕྱིར་ཞེ་ན། གཉིས་ཀྱི་རྣམ་པ་དང་བྲལ་བར་མཐོང་བའི་ཕྱིར་རོ། །སྐྱེ་བ་དང་འཇིག་པ་ལ་སོགས་པའི་ཆོས་ནི་འཇིག་རྟེན་པས་རྣམ་པར་རྟོག་གོ། །ཡང་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་ལུང་སྟོན་པ་རྣམས་ཀྱིས་སོ། །སངས་རྒྱས་པ་རྣམས་ ཀྱིས་ནི་བྱེད་པ་དང་བྱེད་པ་པོ་དང་མངོན་པར་འབྲེལ་པ་མེད་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟེ། ཇི་ལྟར། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་ཏེ། དེས་ན་ལྷག་པའི་སྐྱེ་བ་དང་། འཇིག་པ་མེད་པས་ན་མ་སྐྱེས་པ་མི་འཇིག་པར་དང་ཆོས་དང་གང་ཟག་ལ་བདག་མེད་པར་དགོངས་པ་སྟེ། མུ་སྟེགས་བྱེད་རྣམས་ཀྱི་མ་སྐྱེས་པ་ཉིད་མི་འཇིག་པ་ནི་མ་ཡིན་ནོ། །ཡེ་ཤེས་ནི་བདག་ལ་སོགས་པ་བཞིན་དུ་བརྟགས་པ་སྟེ། ཇི་ལྟར་སྐྱེས་བུའི་རང་བཞིན་ནི་ཚོར་བ་ཅན་ནོ་ཞེས་གྲངས་ ཅན་རྣམས་སོ། །འོ་ན་སྣང་བ་ཅི་ཞིག་ཅེས་པ་དང་། འདི་བདག་སྟེ་རང་སྣང་ངོ་ཞེས་ཏེ། རང་ཉིད་ཡང་དག་པར་རིག་པའི་རང་བཞིན་ནོ་ཞེས་རིག་སྔགས་འཛིན་པས་བསམ་པའོ། །དེར་ནི་སྒྲ་དང་དོན་ལ་བསླབ་པའི་བདག་དང་གཞན་གྱི་གྲུབ་པའི་མཐར་སྨྲ་བ་རྣམས་ཀྱི་རྩོད་པ་ཆེ་ཞིང་ མང་ངོ་། །མ་སྐྱེས་པ་དང་འཇིག་པ་མེད་པའི་ཡེ་ཤེས་ལ་ཇི་ལྟར་ཁ་ཅིག་སྨྲ་བ། ཡང་དག་པར་ནི་འདུས་བྱས་སྟོང་། །རྒྱུ་བཞིན་རྐྱེན་ལས་འབྱུང་བའི་ཕྱིར། །འདུས་མ་བྱས་ཀྱང་ཡང་དག་མིན། །ཡང་དག་མིན་པ་མཁས་མིན་བཞིན། །ཞེས་ཏེ། གང་སྐྱེ་བ་དང་འགག་ པ་དེ་ནི་ཀུན་རྫོབ་བདེན་པའི་ཡེ་ཤེས་ཏེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ། །དོན་དམ་པའི་བདེན་པ་ནི་རང་བཞིན་མེད་པ་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མ་སྐྱེས་པ་དང་མ་འགགས་པ་སྟེ། དེས་ན་སངས་རྒྱས་ཁོ་ན་ཡེ་ཤེས་ཀྱང་ཀུན་རྫོབ་ཀྱི་བདེན་པའོ། ། དོན་དམ་པའི་བདེན་པ་ཅི་ཡིན་ཞེས་པ་ལ་ཅིའང་མ་ཡིན་ཏེ། དངོས་པོ་མེད་པའི་རང་བཞིན་ཞེས་སོ། །ལ་ལ་ཡང་རང་གི་རྣམ་པར་རྟོག་པས་བསླད་དེ། མ་སྐྱེས་པ་དང་མི་འཇིག་པ་ནི་སྒྲའི་དོན་བརྟགས་པ་ཙམ་གྱིས་དེ་དག་རྩོད་དེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ ཆུད་པ་ལ་འཁོར་བར་སྡུག་བསྔལ་ཚོར་བ་དང་། གྲོལ་བའི་དུས་ན་སྡུག་བསྔལ་མེད་པར་འགྱུར་བར་དགོངས་ན་དམ་པའི་ཆོས་མི་ཤེས་སོ། །དེ་ལྟར་ན་ཡང་གནས་ཀྱི་རིམ་པར་དབྱེ་བ་ན། ཇི་ལྟར་ན་རྟག་པ་ཡིན། མ་སྐྱེས་པ་དང་མི་འཇིག་པ་གསུངས་སུ་ཟིན་ཀྱང་། སྐྱེ་བ་དང་བྱེད་པ་དང་བྱེད་པ་ པོར་འབྲེལ་པར་མངོན་པར་ཆགས་པ་གཞན་པ་དང་གཞན་པ་མ་ཡིན་པར་གསལ་བའི་ཕྱིར་ཏེ། དེ་བཞིན་དུ་གང་ཟག་ལ་བདག་མེད་པ་ལ་ཡང་བརྗོད་དོ། །ཆོས་ལ་བདག་མེད་པ་ལ་ཡང་ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ། དོན་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་གཞན་གྱི་དབང་ལ་སྐྱེ་ བའི་རང་བཞིན་མེད་པ་སྟེ། རྣམ་པ་དེ་ལྟ་བུར་མི་སྐྱེ་བ་ནི་རབ་རིབ་ལ་སོགས་པའི་ཤེས་པ་བཞིན་ནོ། །དོན་དམ་པའི་རང་བཞིན་མེད་པ་ནི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་འཛིན་པ་དང་། གཟུང་བའི་རྣམ་པས་སྟོང་པ་ཉིད་དོ། །དེ་ཡང་འདུས་བྱས་དང་། འདུས་མ་བྱས་པ་ཁོ་ནར་བརྟགས་ པས་སྲིད་པ་དང་ཐར་པའི་རྒྱུན་དུ་འབྱུང་བའི་བདེ་བ་དང་། སྡུག་བསྔལ་ལ་སོགས་པའི་རིམ་པར་དབྱེ་བ་ན་སྐད་ཅིག་པ་ཉིད་དོ། །དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པས་དེས་ན་འདུས་མ་བྱས་པ་ཁོ་ནའི་རྒྱུ་ནི་དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་ཉིད་ཡོངས་ཀྱིས་ གནས་སོ། །དེས་ན་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བའི་ཚིག་འདི་ནི་སྟོན་པས་བཏགས་པའོ། །འདུས་བྱས་ཁོ་ནའམ་འདུས་མ་བྱས་པ་ཁོ་ན་བར་ཐ་སྙད་དུ་བྱ་བ་དེ་དེ་ལྟར་བཀྲི་བའི་དོན་དུ་དགོངས་པའི་ཁྱད་པར་གང་དག་གིས་མི་ཤེས་པ་དེ་དག་མ་སྐྱེས་པ་དང་། མི་འཇིག་ བརྟག་པར་རྟོག་གོ། །ཁ་ཅིག་གིས་ནི་རང་བཞིན་མེད་པ་སྟེ། སྐད་ཅིག་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་དང་། དངོས་པོ་མེད་པ་ནི་དོན་དམ་པའི་བདེན་པ་ཁོ་ན་ཞེའོ། །གང་ཞིག་སངས་རྒྱས་ཀྱི་དངོས་པོར་ཡང་སྟོང་པར་ཀློག་གོ། །གཟུགས་ལ་སོགས་པའི་ཕུང་པོ་གཞན་གྱི་ དབང་གི་རྣམ་པ་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་དེ། དེ་བསམ་པ་མེད་ཅིང་སྣང་བ་མེད་པ་ཡང་དག་པར་རིག་པ་ལ་གནོད་པ་མེད་པའི་ཕྱིར་དོན་དམ་པའི་བདེན་པ་མེད་དོ། །ཇི་ལྟར་རྡོ་རྗེ་གཅོད་པ་ལས་འབྱུང་བ། ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ། །ཇི་ཙམ་དུ་མཚན་ཕུན་ སུམ་ཚོགས་པ་མེད་པ་དེ་ཙམ་དུ་མི་བརྫུན་ནོ། །བཅོམ་ལྡན་འདས་མ་ལས་མཚན་མེད་ཅེས་པ་ནི་གཉིས་སུ་མེད་པར་ཡང་དག་པར་རིག་ཅིང་བརྗོད་དུ་མེད་པའོ། །ཆོས་དང་ཆོས་ཅན་དུ་འབྱེད་པ་ཇི་ཙམ་དུ་མཚན་ཉིད་དུ་ཀུན་རྟོག་པ་དེ་ཙམ་དུ་གཞན་པ་དང་གཞན་པ་མ་ཡིན་པར་མི་རུང་ངོ་། །གྲང་ བ་དང་། དྲོ་བ་དང་། གཟུགས་དང་། གཟུགས་མེད་པ་ལྔ་མི་རྟག་པ་ལ་སོགས་པ་རྣམས་ཀྱི་སྤྱིའི་ཡོན་ཏན་ལ་སོགས་པའི་ཆོས་ལྟ་བུར་ཀུན་བརྟགས་པ། གལ་ཏེ་ཆོས་ཅན་དེ་དག་ལས་ཐ་དད་པར་གྱུར་དུ་ཟིན་ན་ནི་གྲང་བ་ལ་དྲོ་བ་དང་། གཟུགས་ཅན་ལ་གཟུགས་མེད་པ་དང་རྟག་པ་ལ་སོགས་ པའི་རང་བཞིན་དུ་ཕྱིན་ཅི་ལོག་པར་འགྱུར་རོ། །ཐ་མི་དད་པའི་ཕྱིར་ཕྱོགས་སུ་ནི་ཆོས་དང་། ཆོས་ཅན་དང་། མཚན་མའི་གཞི་དང་། མཚན་མ་ཐ་མི་དད་པར་འགྱུར་རོ། །འདུས་བྱས་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་ནོ། །དེ་ ལས་བཟློག་པ་ནི་དོན་དམ་པ་སྟེ། དེ་ཡང་འདུས་བྱས་སམ། འདུས་མ་བྱས་པ་དཔྱད་པར་བྱ་སྟེ། གཉིས་ཀྱི་རྣམ་པའི་གཞན་གྱི་དབང་ནི་ཀུན་རྫོབ་ཅེས་པའོ། །དེ་དང་མཚན་ཉིད་མི་མཐུན་པ་ནི་ངེས་པར་འཇུག་པའི་དབང་པོའི་ཤེས་པ་ཡང་དག་པར་རིག་པ་བཞིན་ནོ། །ཅི་གཉིས་སུ་མེད་ པར་གྲུབ་པའི་ཡེ་ཤེས་ནི་དོན་དམ་པའི་བདེན་པ་ཡིན་ནམ། ཡང་ན་ཅི་གཉིས་པ་དང་མི་གཉིས་པའི་འདུས་བྱས་ཀྱི་མཚན་ཉིད་དང་། མི་མཐུན་པ་མོ་གཤམ་གྱི་བུ་དང་། རི་བོང་གི་རྭ་མེད་པའི་རང་བཞིན་དོན་དམ་པའི་བདེན་པ་ཡིན། མ་སྐྱེས་པ་དང་། མི་འཇིག་པ་ནི་དགོངས་པར་ བཤད་པ་དང་བྲལ་ཏེ། སྒྲ་ཇི་བཞིན་པ་ནི་དེའི་ཚེ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མི་རུང་ངོ་། །བརྟགས་པ་ལྟ་བུ་དང་། གཞན་གྱི་དབང་བཞིན་དུ་གྲུབ་པ་ཡང་མེད་དོ་ཞེས་གང་སྨྲས་པ་དེ་ནི་དམ་པའི་ཆོས་ལས་སྡུག་བསྔལ་འབྱུང་བའི་ལས་སྒྲུབ་པར་བྱེད་དེ། དགོངས་པ་ངེས་པར་འགྲེལ་པ་ལས་ཐམས་ཅད་མཁྱེན་པའི་དགོངས་པའི་དོན་དེ་ཉིད་སྒྱུ་མ་ལྟ་བུའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཐོག་མ་དང་ཐ་མའི་མཐར་སྟོང་ཞིང་དབུས་སུ་གཉིས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་དོ། །སྐད་ཅིག་པ་གཅིག་ནི་ཐོག་མ་དང་། ཐ་མའི་མཐའི་སྐད་ ཅིག་པ་དང་འབྲེལ་པ་མེད་དོ། །དེས་ན་བྱེད་པ་དང་། བྱེད་པ་པོ་དང་མངོན་པར་འབྲེལ་པ་དང་བྲལ་བ་སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་བྱའོ། །དེ་ལྟར་ཡང་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་སྐད་ཅིག་པ་གཅིག་ལ་ཡོད་པ་མ་ཡིན་ཏེ། དེས་ན་སྐྱེ་བ་ དང་། འགག་པ་མེད་པ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ། །དེ་ལྟར་ཡང་ན་ཡང་ཆོས་དང་གང་ཟག་ལ་བདག་མེད་པ་ཆོས་ཉིད་དང་མི་འགལ་ལོ། །ཆོས་ལ་བདག་མེད་པ་ནི་གཉིས་ཀྱི་རྣམ་པས་མ་སྐྱེས་པ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ། ། གང་ཟག་ལ་བདག་མེད་པ་ཡང་གང་ཡོད་པ་ཐམས་ཅད་སྐད་ཅིག་པ་སྟེ། སེ་གོལ་གྱི་སྒྲ་དང་། གློག་དང་། འབབ་ཆུ་ལ་སོགས་པ་བཞིན་ནོ། །རྟག་པ་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །གང་ཡང་སྐད་ཅིག་པ་མངོན་སུམ་པའོ་ཞེས་བརྗོད་པ་ཇི་ལྟར་ན་ རུང་། ལ་ལས་སྐད་ཅིག་པ་དྲུག་ཏུ་གནས་ཞེས་དེར་གཏོགས་པ་ནི་སེ་གོལ་གྱི་སྒྲའི་དུས་ན་སྐད་ཅིག་པ་དྲུག་ཅུ་རྩ་བཞི་འདའ་བ་ལྟ་བུའོ། །ཁ་ཅིག་སྨྲ་བ་ནི། རྨི་ལམ་གྱི་དུས་ཡུན་ཐུང་ངུ་དེར་ཡང་ལོ་བརྒྱ་ལ་སོགས་པར་ཚོར་བ་མྱོང་བ་སྟེ། དེ་དེ་བཞིན་དུ་སྐད་ཅིག་པའི་དུས་ལ་ཆུད་པ་སོ་སོར་ངེས་པ་ མེད་ཅིང་འཁོར་བར་སྣང་བའི་ཚད་ལ་དུས་གསུམ་གྱི་རྟོག་པ་མེད་དོ། །དེ་བས་ན་འཁོར་བ་མེད་པའི་ཕྱིར་ཐར་པར་རྣམ་པར་རྟོག་པ་གང་ཡིད་ཆེས་པར་བྱེད་པ་ག་ལ་ཞིག་ཅེས་པ་ནི་རྒྱུ་ཐམས་ཅད་དང་འགལ་བར་སྨྲ་བའོ། །ཚད་མ་དང་གཞལ་བར་གཞག་པ་ནི་སྣང་བ་ཇི་བཞིན་པ་དང་རྗེས་སུ་མཐུན་ པར་གཉིས་དང་མི་གཉིས་པར་སྨྲ་བ་ལ་སོགས་པས་དེ་ཁས་ལན་ཏོ། །ཇི་ལྟར་སེ་གོལ་གྱི་སྒྲ་དང་གློག་ལ་སོགས་པ་རྣམས་ཀྱིས་སྐད་ཅིག་པ་ཐོག་མ་དང་ཐ་མའི་དུས་དང་བྲལ་བ་ཤིན་ཏུ་མྱུར་བར་འཇིག་པ་མངོན་སུམ་པ་དེ་ཉིད་སྐད་ཅིག་པ་ཁོ་ནའོ། །གང་ཡང་གྲངས་ཅན་དང་ནེ་ཡི་ཡ་ཡི་ཀ་ དང་། ཁྱད་པར་ཅན་རྣམས་ཀྱིས་སྐད་ཅིག་པ་དྲུག་ཏུ་གནས་པར་ཀུན་རྟོག་པ་དེ་ནི་རིམ་གྱིས་འབྱུང་གི་ཅིག་ཅར་ནི་མ་ཡིན་ནོ། །ཇི་ལྟར་གྲངས་ཅན་རྣམས་ཀྱི་སྐྱེ་བ་དང་། ཡོད་པ་དང་། འགྱུར་བ་དང་། རྣམ་པར་འཕེལ་བ་དང་། ཟད་པར་འགྱུར་བ་དང་། རྣམ་པར་འཇིག་ཅེས་པ་ནི་དངོས་ པོའི་འགྱུར་བ་རྣམ་པ་དྲུག་ཅིག་ཅར་མི་འབྱུང་སྟེ། རྟོག་པར་མི་བྱེད་པའི་ཕྱིར་རོ། །ནེ་ཡི་ཡ་ཡི་ཀ་ལ་སོགས་པའི་སྐད་ཅིག་པ་རྣམས་ཀྱང་སྐད་ཅིག་པའི་དུས་ལ་དེ་ལས་ཕྱི་མའི་སྐད་ཅིག་ལ་གཞན་གྱི་དངོས་པོ་རྟོག་པར་མི་འགྱུར་བ་ནི་ཇི་ལྟར་ཡོད་པ་དང་འབྲེལ་པ་དང་། གནས་པའི་དུས་དང་། ཡོན་ཏན་ གཞན་འབྱུང་བའི་དུས་དང་། དམིགས་པའི་དུས་དང་། རྣམ་པར་འཇིག་པའི་རྒྱུ་བསྙེན་དུས་དང་། རྣམ་པར་འཇིག་པའོ། །དེ་དེ་ལྟར་རིམ་གྱིས་འབྱུང་བའི་སྐད་ཅིག་པ་རྣམས་དུས་གཅིག་ཏུ་འབྱུང་བ་མེད་དོ། །ཇི་ལྟར་ན་ཤིན་ཏུ་མྱུར་དུ་འཇིག་པའི་རྣམ་པས་སྐད་ཅིག་པ་དྲུག་གི་བར་དུ་གནས་པར་རུང་། སྐད་ཅིག་པ་རྣམས་ཀྱིས་ཇི་ལྟར་སེ་གོལ་གྱི་སྒྲའི་དུས་ལ་སྐད་ཅིག་པ་དྲུག་ཅུ་རྩ་བཞི་འབྱུང་ཞེས་ཏེ། དེ་བཞིན་དུ་མཐེ་བོང་དང་། སོར་མོའི་ཡན་ལག་རིམ་གྱིས་རེག་ནས་ཕྲད་པའི་འོག་ཏུ་སྐྱེས་པའི་སྒྲ་ལ་སྐད་ཅིག་པར་ཐོས་སོ་ཞེས་པ་དེ་བཞིན་དུ་གྲུབ་པའི་མཐའ་ཐམས་ཅད་ལ་སྐད་ཅིག་ པར་རབ་ཏུ་གྲུབ་པའོ། །རྨི་ལམ་གྱི་དུས་ལྟར་རབ་ཏུ་བསླད་པས་འཁྲུགས་པའི་ཆུད་པ་ལ་དུས་ཡུན་ཐུང་ངུ་དང་རིང་པོར་ངེས་པ་མེད་དོ། །གང་ཡང་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་སྐད་ཅིག་པ་ཡང་དག་པར་རིག་པ་དེ་ལ་བདག་ཐ་དད་པར་འཛིན་པ་མེད་དོ། །འོན་ཀྱང་ སྣང་བ་དང་བཅས་པ་ཐམས་ཅད་མཁྱེན་པའི་དག་པ་འཇིག་རྟེན་གྱི་ཡེ་ཤེས་ཀྱིས་སྐད་ཅིག་རེ་རེར་མྱོང་བ་ལྟ་བུར་ཐོག་མ་དང་ཐ་མའི་དུས་ཀྱི་རིམ་པ་ཐ་དད་པ་དང་། བྲལ་བའི་སྐད་ཅིག་པ་རྟོགས་པས་ན། འདོད་ཆགས་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ ལ་དུས་གསུམ་གྱི་དོན་གང་ཡིན་པ་དོན་དེ་དབེན་པར་སྣང་བ་ནི་མིག་གི་ལིང་ཏོག་མེད་པ་ལྟ་བུའི་ཡེ་ཤེས་པ་ལའོ། །འདོད་ཆགས་ལ་སོགས་པས་འཁྲུལ་པ་ལ་ནི་ཉེ་བར་གྱུར་ཀྱང་ཡེ་ཤེས་མི་འཇུག་གོ། །གང་གི་ཚེ་ན་འདོད་ཆགས་ལ་སོགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་ན་ཉོན་ མོངས་པ་ཀུན་དང་བྲལ་བའི་ཡེ་ཤེས་ཀུན་ཏུ་འཇུག་གོ། །གཞན་ཡང་བློ་གྲོས་ཆེན་པོ་མཚན་མ་དང་མཚན་མ་མེད་པར་ལྷུང་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པར་སྣང་བའི་མཚན་ཉིད་ཀྱིས་མཚན་མར་ལྟུང་བ་སྟེ། ཕྱི་རོལ་གྱི་དམིགས་པ་མེད་པར་ཡང་ ནང་འཁྲུགས་པའི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་པའི་རྣམ་པའོ། །མཚན་མ་མེད་པར་ལྷུང་བ་ནི་གང་གི་ཚེ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པར་ཤེས་རབ་ཀྱིས་དཔྱད་དེ་མཚན་མ་མི་དམིགས་པ་ དེའི་ཚེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་ཉིད་གནས་སོ། །ཡོད་པ་དང་མེད་པར་ལྷུང་བ་དང་ཞེས་བྱ་བ་ལ་ཡོད་པ་དང་མེད་ཅེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ལ་ཐ་དད་པའི་ཐ་སྙད་ཡོད་ཀྱི། དོན་དམ་པའི་ བདེན་པ་མི་གཉིས་པའི་ཡེ་ཤེས་ལ་ནི་དངོས་པོ་དང་། དངོས་པོ་མེད་པའི་རྣམ་པར་རྟོག་པ་སོ་སོར་ཐ་དད་པར་སྣང་བ་ནི་མེད་དོ། །གཉིས་ཀྱི་རྣམ་པའི་ཤེས་པ་དེ་ཡང་གཞན་གྱི་དབང་ངོ་། །མཚན་ཉིད་སྣ་ཚོགས་ཀྱི་རྒྱུ་ལས་སྐྱེས་པ་ཞེས་པ་ནི་བསླད་པ་ནི་སྣ་ཚོགས་ཀྱི་མཚན་ཉིད་མཚན་མ་རྒྱུ་གང་ལ་ ཡོད་པ་སྟེ། རྣམ་པ་སྣ་ཚོགས་དེ་ལྟ་བུའི་གཟུགས་གང་ན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་སྣ་ཚོགས་པ་དེ་རྒྱུ་སྣ་ཚོགས་ལས་སྐྱེས་པ་སྟེ། དེ་ཚོན་དུ་མས་རི་མོ་བྲིས་པ་བཞིན་ནོ། །འཁོར་བར་ཡང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཐ་དད་པར་དབྱེ་བ་ན་རྣམ་པར་ཤེས་པ་སྣ་ཚོགས་ པ་ཡིན་ཏེ། དེས་ན་སྐྱེ་བོ་རྣམས་ཀྱི་ལས་དུ་མའི་རྒྱུས་སྐྱེས་པར་ཤེས་པའོ། །མཚན་མ་དང་མཚན་མ་མེད་པ་ལས་ཤིན་ཏུ་འདས་པའི་མཚན་ཉིད་ནི་ཡེ་ཤེས་སོ་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་རྣམ་པར་རྟོག་པའི་མཚན་མ་ལས་འདས་པའི་མཚན་ཉིད་ཅན་ནི་ཡེ་ཤེས་ཏེ། བསམ་ པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ནི་མཚན་མ་ཐམས་ཅད་ལས་འདས་པས་ན་དེར་ཡོད་པ་དང་། མེད་པ་དང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ་དང་། མཛེས་པ་དང་། མི་ མཛེས་པ་ལ་སོགས་པར་ཐ་དད་པར་སྣང་བའི་རྣམ་པར་རྟོག་པའི་མཚན་མ་མེད་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དག་པ་འཇིག་རྟེན་གྱི་སྣང་བ་དང་བཅས་པ་ལས་དེ་ལྟ་བུ་རྣམ་པ་ཐམས་ཅད་སོ་སོར་སྣང་ངོ་ཞེས་སོ། །སྩོགས་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ་ཞེས་པ་ནི་རྣམ་པ་སྣ་ཚོགས་ཀྱི་ རྣམ་པའོ། །གང་གི་ཚེ་ན་མཚན་མ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ། རྣམ་པར་མི་དམིགས་པ་དེའི་ཚེ་ན་བྲི་བའི་མཚན་ཉིད་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་གནས་སོ། །དེ་ལ་ཡེ་ཤེས་ནི་རྣམ་ པ་གསུམ་སྟེ་ཞེས་པ་གང་