Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 118

Văn bản gốc(Tây Tạng)

Trang 1 / 18 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ། བམ་པོ་
དང་པོ། གསུང་གི་མངའ་བདག་འཕགས་པ་བྱམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་མདོ་སྡེ་འདི་འཆད་པར་འདོད་པས་སྒོ་རྣམ་པ་བཞིར་ཕྱེ་ནས་
བསྟན་པར་བྱའོ། །འདི་ལྟ་སྟེ། བསྟན་པ་གསུངས་པའི་དགོངས་པ་དང་མདོ་སྡེའི་མཚན་རྣམ་པར་བཤད་པ་བསྟན་པ་དང་། མདོ་སྡེའི་ངོ་བོ་ཉིད་དང་། གཞུང་ཡང་དག་པར་བསྟན་པ་དང་།
གནས་དང་གང་གི་ཆེད་དུ་གསུངས་པ་བསྟན་པ་དང་། ཚིག་གི་དོན་རྣམ་པར་བཤད་པ་བསྟན་པའོ། །དེ་ལ་དང་པོ་མདོ་སྡེ་གསུངས་པའི་དགོངས་པ་དང་། མདོ་སྡེའི་མཚན་རྣམ་པར་བཤད་པ་
བསྟན་པ་ཞེས་བྱ་བ་ལ། ཡང་དག་པའི་ངོ་བོ་ཉིད་ནི་ཤིན་ཏུ་ཟབ་ཅིང་གཟུགས་ཀྱི་དངོས་པོ་རྣམ་པ་སྣ་ཚོགས་ལས་ཡོངས་སུ་འདས་ཀྱང་། གཟུགས་ཀྱི་དངོས་པོར་སྣང་ལ་ཡོངས་སུ་རྫོགས་པའི་གསུང་

གསང་བ་སྐྱེ་དགུའི་རྗེས་སུ་གསུང་བར་མཛད་ཀྱང་གསུང་བར་མི་མངའ་སྟེ། དེ་ནི་འདི་སྐད་དུ། གསུང་བར་མཛད་ཀྱང་། ཚིག་ལས་རབ་ཏུ་དབེན་ཞིང་གཟུགས་མ་ཡིན་པ་ཡང་གཟུགས་སུ་སྟོན་ཏེ། གཟུགས་མ་
ཡིན་པར་ཡང་གཟུགས་སུ་སྟོན་པའི་ཚུལ་ནི་རབ་ཏུ་ཞི་བ་ཡིན་མོད་ཀྱི། ཚིག་ཏུ་བརྗོད་པ་ཡང་ཡོད་དོ་ཞེས་སྟོན་ཏོ། །ཚིག་ཏུ་བརྗོད་ཀྱང་ཚིག་ལས་རབ་ཏུ་དབེན་ལ། བསྟན་པ་རྒྱ་ཆེར་གསུངས་ཀྱང་ཚིག་མེད་དེ། ཚིག་མེད་པའི་ཕྱིར་དྲི་མ་
མེད་པར་གྲགས་པའི་གནས་སུ་ཅང་མི་སྨྲ་བར་གྱུར་པ་དང་། གཞལ་མེད་ཁང་ཡོངས་སུ་དག་པར་ངོ་བོ་ཉིད་གསུམ་རྣམ་པར་ཕྱེ་བ་ཡིན་ཏེ། དེའི་ཕྱིར་འཕགས་པ་བྱམས་པ་ལས་དོན་དམ་པ་དང་། ཀུན་རྫོབ་གཉི་ག་ཡོད་པར་རྣམ་
པར་གཞག་ལ། སྐྱེས་བུ་ཆེན་པོ་ཀླུ་སྒྲུབ་ཀྱིས་ནི་སྟོང་པ་དང་། ཡོད་པ་གཉིས་ཀ་ཡང་ཡོངས་སུ་གསལ་བ་ཡིན་ནོ། །དེ་ལ་རྣམ་པར་གཞག་པ་ཡང་ཡོངས་སུ་གསལ་བ་དང་མི་འགལ་བས་ན་རྣམ་པར་རིག་པ་ཙམ་གྱི་དོན་ཤིན་ཏུ་
གསལ་བར་འགྱུར་ལ། ཡོངས་སུ་གསལ་བ་རྣམ་པར་གཞག་པ་དང་མི་འགལ་བའི་ཕྱིར་ནི་མཚན་མ་མེད་པའི་ཚུལ་རབ་ཏུ་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ཀྱང་ཡིན་ལ་ཡོད་པ་ཡང་ཡིན་པས། བདེན་པ་གཉིས་ཀྱི་གཞུང་དང་རྗེས་

སུ་མཐུན་པ་དང་། ཡོད་པ་ཡང་མ་ཡིན་སྟོང་པ་ཡང་མ་ཡིན་པས་དབུ་མའི་ལམ་གྱི་ཚུལ་དང་མཐུན་པར་གྱུར་པ་ཡིན་ཏེ། དེ་ལྟ་བས་ན་རྨོངས་ཤིང་ནོར་བ་དག་གིས་སྟོང་པར་བཤད་པ་ཐོས་ན་ཡོད་པར་ཡང་དག་པར་འཛིན་ལ་གོ་ཞིང་རྟོགས་པ་དག་གིས་ནི་ཡོད་པ་ཉིད་སྟོང་པ་ཉིད་དུ་རྟོགས་
སོ། །སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཟབ་པའི་ཚུལ་དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་འདྲེན་པའི་ཐབས་དང་འཇུག་པའི་ཚུལ་མང་ཞིང་གཅིག་ཁོ་ན་ཉིད་དུ་མ་ཟད་པའི་ཕྱིར། ཆོས་ཀྱི་མངའ་བདག་གིས་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་དུ་གསུངས་པ་ཡིན་ཏེ། དེ་ལ་དང་པོ་ནི་གང་ཉན་ཐོས་ཀྱི་
ཐེག་པ་ལ་གཞོལ་བ་དག་ལ་འཁོར་མོར་འཇིག་རི་དྭགས་རྒྱུ་བའི་ཚལ་དུ་འཁོར་བ་དང་། མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུ་ཡོངས་སུ་བསྟན་ཏེ། འདི་ནི་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །གཉིས་པ་ནི་གང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གཞོལ་བ་དག་ལ།
བྱ་རྒོད་ཕུང་པོའི་རི་ལ་སོགས་པ་འདུས་པ་བཅུ་དྲུག་དག་ཏུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་གསུངས་པ་ཡིན་ཏེ། འདི་ནི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །གསུམ་པ་ནི་གང་ཐེག་པ་ཐམས་ཅད་ལ་གཞོལ་བ་དག་ལ་པདྨའི་སྙིང་པོ་ལ་སོགས་པ་ཞིང་ཡོངས་
སུ་དག་པ་དང་། མ་དག་པ་རྣམས་སུ་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ལ་སོགས་པ་གསུངས་པ་ནི་ངེས་པའི་དོན་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་གསུངས་པའི་དགོངས་པ་ཡིན་པར་རིག་པར་བྱའོ། །དགོངས་པ་
ཟབ་མོ་ངེས་པར་འགྲེལ་བའི་མདོ་ཞེས་བྱ་བ་ནི་མདོ་སྡེ་གཅིག་གི་སྤྱིའི་མིང་ངོ་། །གླེང་གཞིའི་ལེའུ་སྟེ་དང་པོའོ་ཞེས་བྱ་བ་ནི་ལེའུ་ཉིད་ཀྱི་ནང་ན་ཐ་དད་པའི་མིང་ངོ་། །དགོངས་པ་ཞེས་བྱ་བ་ནི་གསང་བའི་ཚུལ་དུ་གསུངས་སོ། །ཟབ་མོ་ཞེས་བྱ་བ་ནི་ཤིན་ཏུ་ཟབ་པའོ། །ངེས་པར་འགྲེལ་པ་ཞེས་བྱ་
བ་ནི་རྣམ་པར་བཤད་པ་སྟེ། ཐེག་པ་གསུམ་པོ་ཐམས་ཅད་ཀྱིས་ཤིན་ཏུ་ཟབ་ཅིང་མཁྱུད་པའི་དགོངས་པ་རྣམ་པར་དགྲོལ་བར་དཀའ་བའི་དོན་མདོ་སྡེ་འདི་ལས་རྣམ་པར་ཕྱེ་སྟེ་གསལ་བར་སྟོན་པར་མཛད་པས་ན། དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ཞེས་བྱའོ། །མདོ་ཞེས་བྱ་བ་ནི་རྒྱ་

གར་སྐད་དུ་སཱུ་ཏྲ་ཞེས་བྱ་བའི་སྒྲ་ལས་དྲངས་ནས། མདོ་དང་བརྟག་པ་ཞེས་བྱ་བར་འདྲེན་ཏེ། སྔོན་དང་ད་ལྟར་གྱི་གསུང་རབ་ཀྱི་དོན་བརྟག་པར་ངེས་པའི་ཕྱིར་བརྟག་པ་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ན་སྐུད་པ་ཞེས་བྱ་སྟེ་དེའི་ཕྱིར་འདུལ་བ་དུམ་བུ་བཞི་པ་
ལས་ཇི་སྐད་སྐུད་པས་མེ་ཏོག་བརྒྱུས་ནས་འཐོར་བར་མི་འགྱུར་བ་བཞིན་ནོ་ཞེས་གསུངས་སོ། །སློབ་དཔོན་ཧྱན་ཙང་གིས་ནི་མཐུན་པའི་མདོ་ཞེས་བཤད་དེ། དེ་ལ་མཐུན་པ་ནི་མཐུན་པར་གྱུར་པ་སྟེ། རིག་པ་དང་མཐུན་པར་གྱུར་པ་དང་། སེམས་ཅན་གྱི་དབང་པོ་དང་འཚམ་པར་
གྱུར་པའོ། །མདོ་ཞེས་བྱ་བ་ནི་དོན་རྣམ་པ་གཉིས་ཀྱི་ཕྱིར་ཏེ། བརྒྱུས་པ་དང་སྡུད་པའོ། །དེ་ལ་བརྒྱུས་པ་ནི་བཤད་པར་བྱ་བའི་དོན་ཏོ། །སྡུད་པ་ནི་འདུལ་བར་བྱ་བའི་སེམས་ཅན་ཏེ། དོན་རྣམ་པ་འདི་གཉིས་དང་ལྡན་པའི་ཕྱིར་མཐུན་པའི་མདོ་ཞེས་བྱ་བར་བཤད་དོ། །དེ་ལ་མིང་
འཐོབ་པར་བྱེད་པ་ནི་ངེས་པར་འགྲེལ་པ་དང་། མདོ་ཞེས་བྱ་བའི་ཚིག་གཉིས་ཀྱིས་བརྗོད་པ་དང་གསུང་རབ་བསྟན་པ་ཡིན་ཏེ། དགོངས་པ་ཟབ་མོ་གསུང་གིས་བརྗོད་པར་བྱ་བའི་ཚུལ་ཡོངས་སུ་སྟོན་པས་ན་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་དོན་གྱིས་མདོ་སྡེའི་མཚན་རྣམ་པར་
གཞག་པ་ཡིན་ཏེ། འདིས་ནི་དགོངས་པ་ཟབ་མོས་མདོ་སྡེ་རྣམ་པར་བཤད་པ་བསྟན་ཏོ། །འདི་ནི་རྣམ་པར་བཤད་པ་རྣམ་པ་དྲུག་ལས་བདག་པོའི་དབང་དུ་མཛད་ནས་རྣམ་པར་བཤད་པའོ། །གླེང་གཞིའི་ལེའུ་སྟེ་དང་པོའོ་ཞེས་བྱ་བ་ལ་གླེང་གཞི་ནི་གཏན་ཚིགས་ཀྱི་གླེང་གཞི་སྟེ།
ཡང་དག་པར་བཤད་པར་འབྱུང་བའི་གླེང་གཞིའོ། །ལེའུ་ནི་ཕྱོགས་ཀྱི་རྣམ་པ་འམ། ཡང་ན་ཐ་དད་པའི་དོན་ཏེ། འདི་ལྟར་བདག་གིས་ཐོས་པ་ལ་སྩོགས་པའི་དོན་གྱི་རྣམ་པ་མཚུངས་པར་གྱུར་པ་དང་། དོན་བསྡུས་པ་སོ་སོ་ཐ་དད་པའི་ཕྱིར་ལེའུ་ཞེས་བྱའོ། །མདོ་སྡེ་འདི་ཉིད་ལས་ལེའུ་
བརྒྱད་འབྱུང་བའི་དང་པོར་ལེའུ་འདི་འབྱུང་བས་ན་དང་པོ་ཞེས་བྱ་སྟེ། དེའི་ཕྱིར་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོ་གླེང་གཞིའི་ལེའུ་སྟེ་དང་པོའོ་ཞེས་གསུངས་སོ། །དེ་ལ་མདོ་སྡེའི་གཞུང་དང་ངོ་བོ་ཉིད་ཡང་དག་པར་བསྟན་པ་ཞེས་བྱ་བ་ལ། ངོ་བོ་ཉིད་ཀྱིས་ནི་བརྗོད་པ་དང་གསུང་

རབ་ཀྱི་ངོ་བོ་ཉིད་ཀྱི་མིང་བསྟན་ཏོ། །གཞུང་ཞེས་བྱ་བས་ནི་སོ་སོའི་བསྟན་པས་བརྗོད་པར་བྱ་བ་ཐུན་མོང་མ་ཡིན་པ་བསྟན་ཏོ། །འཕགས་པས་གསུངས་པའི་གསུང་རབ་རྣམ་པ་སློབ་དཔོན་ཧྱན་ཙང་གིས་སྒོ་རྣམ་པ་ལྔས་མདོ་སྡེ་ངོ་བོ་ཉིད་བསྟན་པས། དེ་ལ་དང་པོ་ནི་ཡང་དག་པ་མ་ཡིན་པ་
ཡང་དག་པ་ཉིད་དུ་བསྡུ་བའི་སྒོ་སྟེ། འདི་ལྟར་འཕགས་པའི་གསུང་རབ་རྣམས་ཀྱི་མིང་དང་ཚིག་དང་ཡི་གེའི་ཚོགས་དང་སྒྲ་སྐད་རྣམས་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་བྱེད་དེ། དེའི་ཕྱིར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལ་སྩོགས་པ་ལས་སེམས་ཅན་ཐམས་ཅད་དེ་བཞིན་
ཉིད་དོ། །ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་དོ་ཞེས་གསུངས་སོ། །གཉིས་པ་ནི་རྒྱུ་མཚན་རྣམ་པར་རིག་པ་ཉིད་དུ་བསྡུ་བའི་སྒོ་སྟེ། འདི་ཡང་མདོར་བསྡུ་ན་དོན་རྣམ་པ་གཉིས་སོ། །དང་པོ་ནི་ཆ་རྣམ་པ་གསུམ་གྱིས་དོན་བསྟན་ཏེ། རང་གི་ངོ་བོ་ཉིད་ནི་རྣམ་པར་རིག་པ་ཞེས་བྱའོ། །ལྟ་བ་
དང་རྒྱུ་མཚན་གྱི་རྣམ་པ་གཉིས་ནི་སྤྱིར་རྒྱུ་མཚན་ཞེས་བྱ་སྟེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་གྱུར་པ་ནི། འདི་ལྟ་སྟེ། རྣམ་པར་ཤེས་པའི་ངོ་བོ་ཉིད་ཆ་གཉིས་ལྟ་བུར་གྱུར་པར་སྣང་སྟེ། ལྟ་བ་དང་རྒྱུ་མཚན་གཉི་ག་ཡང་རང་གི་ངོ་བོ་ཉིད་ལ་བརྟེན་ནས་འབྱུང་
བའི་ཕྱིར་རོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས་རྣམ་པར་ཤེས་པར་གྱུར་པའི་མཚན་ཉིད་རྣམ་པ་མང་མོད་ཀྱི། རྣམ་པར་ཤེས་པ་གྱུར་པ་དེ་ཡང་རྣམ་པ་མི་མཚུངས་པས་རྣམ་པ་གསུམ་ཡོད་དོ། །ཞེས་བསྟན་པ་ཡིན་ཏེ། བཤད་པ་འདི་དང་སྦྱར་ནས་རྒྱུ་མཚན་ནི་མཚན་མའི་རྣམ་པ་
སྟེ། ལྟ་བ་དང་རྒྱུ་མཚན་རྣམས་ནི་རང་གི་ངོ་བོ་ཉིད་རྣམ་པར་རིག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ཆ་རྣམ་པ་གཉིས་ཀྱིས་དོན་བསྟན་ཏེ། ལྟ་བའི་རྣམ་པ་ནི་རྣམ་པར་རིག་པ་ཞེས་བྱའོ། །རྒྱུ་མཚན་གྱི་རྣམ་པ་ནི་རྒྱུ་མཚན་ཞེས་བྱ་སྟེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་
གྲུབ་པའི་བསྟན་བཅོས་ལས་ནང་གི་རྣམ་པར་ཤེས་པ་ཉིད་ཀྱི་ཕྱི་རོལ་གྱི་ཡུལ་ལྟ་བུར་གྱུར་པར་སྣང་ངོ་ཞེས་བཤད་དོ། །བཤད་པ་འདི་དང་སྦྱར་ནས་རྒྱུ་མཚན་གྱི་རྣམ་པ་ནི་རྒྱུ་མཚན་ཞེས་བྱ་སྟེ། རྒྱུ་མཚན་ནི་ལྟ་བའི་རྣམ་པ་ལས་གུད་ན་མེད་པས་རྣམ་པར་རིག་པ་ཙམ་ཞེས་བྱའོ། །དོན་མདོར་

བསྡུ་ན་མིང་དང་ཚིག་དང་ཡི་གེའི་ཚོགས་དང་སྒྲ་སྐད་རྣམས་ནི་རྣམ་པར་རིག་པའི་མཚན་ཉིད་ཡིན་པའི་ཕྱིར་རྣམ་པར་རིག་པ་ཉིད་ཅེས་བྱའོ་ཞེས་བསྟན་ཏོ། །གསུམ་པ་ནི་བཏགས་པ་རྣམས་རྫས་སུ་བསྡུས་པའི་སྒོ་སྟེ་ཇི་ལྟར་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས།
མིང་ལ་སོགས་པ་ནི་བཏགས་པ་ཡིན་ནོ། །སྒྲ་ནི་རྫས་སུ་ཡོད་པ་ཡིན་པའི་ཕྱིར་སྒྲ་ལས་ལོགས་ཤིག་ན་མིང་ལ་སོགས་པ་གཞན་མེད་དོ་ཞེས་བཤད་པ་ལྟ་བུའོ། རྣམ་པ་གཞན་དུ་ན་གོང་མའི་སྒོ་གསུམ་པོ་རེ་རེ་ལ་ཡང་རྣམ་པ་གཉིས་གཉིས་སུ་ཕྱེ་ན་སྒོ་རྣམ་པ་དྲུག་ཏུ་འགྱུར་ཏེ། དེ་ལ་
སྒོ་དང་པོའི་རྣམ་པ་གཉིས་ཀྱང་། དང་པོ་ནི་ཡང་དག་པ་མ་ཡིན་པ་ཡང་དག་པ་ཉིད་དུ་བསྡུ་བ་སྟེ། ཡང་དག་པ་ཉིད་ཁོ་ན་ཡིན་གྱི། ཡང་དག་པ་མ་ཡིན་པ་ཉིད་ནི་མ་ཡིན་པའོ། །གཉིས་པ་ནི་ཡང་དག་པ་ཉིད་དང་ཡང་དག་པ་མ་ཡིན་པ་ཉིད་རྣམ་པར་དབྱེ་བ་སྟེ། ཡང་དག་པ་མ་ཡིན་པ་
ཉིད་ཡིན་ཏེ། ཡང་དག་པ་ཉིད་ནི་མ་ཡིན་ཏེ། མིང་ལ་སོགས་པའི་ཆོས་བཞི་པོ་དག་ཡང་དག་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལ་སྒོ་གཉིས་པའི་རྣམ་པ་གཉིས་ཀྱང་དང་པོ་ནི་རྒྱུ་མཚན་རྣམ་པར་རིག་པ་ཉིད་དུ་བསྡུ་བ་སྟེ། རྣམ་པར་རིག་པ་ཙམ་དུ་ཟད་ཀྱི། རྒྱུ་མཚན་ནི་
མ་ཡིན་པའོ། །གཉིས་པ་ནི་རྣམ་པར་རིག་པ་དང་། རྒྱུ་མཚན་རྣམ་པར་དབྱེ་བ་སྟེ། མིང་ལ་སོགས་པའི་ཆོས་བཞི་པོ་དག་རྒྱུ་མཚན་ཙམ་དུ་ཟད་ཀྱི། རྣམ་པར་རིག་པ་ཉིད་ནི་མ་ཡིན་ཏེ། མིང་ལ་སོགས་པ་ནི་རྒྱུ་མཚན་གྱི་རྣམ་པས་བསྡུས་པའི་ཕྱིར་རོ། །སྒོ་གསུམ་པའི་རྣམ་
པ་གཉིས་ཀྱང་དང་པོ་ནི་བཏགས་པ་རྣམས་རྫས་སུ་བསྡུ་བ་སྟེ། རྫས་ཙམ་དུ་ཟད་ཀྱི་བཏགས་པ་ནི་མ་ཡིན་ནོ། །གཉིས་ནི་བཏགས་པ་དང་རྫས་སུ་ཡོད་པ་རྣམ་པར་དབྱེ་བ་སྟེ། སྒོ་འདི་ནི་བཏགས་པ་དང་རྫས་སུ་ཡོད་པ་གཉིས་བསྟན་པས་མིང་ལ་སོགས་པ་ནི་བཏགས་པ་ཡིན་ལ། སྒྲ་
ནི་རྫས་སུ་ཡོད་པ་ཡིན་པའི་ཕྱིར་རོ། །བཞི་པ་ནི་ཆོས་གསུམ་གྱི་ངོ་བོ་ཉིད་ངེས་པར་བསྟན་པའི་སྒོ་སྟེ། ཆོས་གསུམ་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་སྒོ་གསུམ་ཉིད་ཡིན་ཏེ། དེའི་ཕྱིར་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པའི་བསྟན་བཅོས་ལས་ཆོས་གསུམ་གྱི་ལེའུ་ཞེས་

འབྱུང་ངོ་། །ཐམས་ཅད་ཡོད་པར་སྨྲ་བའི་གཞུང་དཔྱད་པས་བཤད་པའི་ཡང་དག་པའི་དོན་ལས་ནི་སྒྲ་ལ་ངོ་བོ་ཉིད་དུ་འདོད་པས་ཆོས་གསུམ་ལས་གཟུགས་ཀྱི་ཕུང་པོ་དང་། སྒྲའི་སྐྱེ་མཆེད་དང་སྒྲའི་ཁམས་ཀྱིས་བསྡུས་སོ། །མདོ་སྡེའི་གཞུང་དང་སྦྱར་ན་བཏགས་པ་དང་རྫས་སུ་ཡོད་པའི་སྒྲ་གཉིས་
ལ་བསྟན་པའི་ངོ་བོ་ཉིད་དུ་འདོད་དེ། ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོས་བསྡུས་སོ། །སྐྱེ་མཆེད་དང་ཁམས་ཀྱི་སྒོ་ནས་ནི་སྒྲའི་སྐྱེ་མཆེད་དང་སྒྲའི་ཁམས་དང་ཆོས་ཀྱི་ཁམས་ཀྱིས་བསྡུས་ཏེ། རྒྱ་ཆེར་ནི་ཆོས་ཀྱི་རྣམ་གྲངས་བསྟན་པ་ལས་རིག་པར་བྱའོ། །འདིར་ཐེག་པ་ཆེན་པོའི་གཞུང་
དང་སྦྱར་ན། སྒྲ་དང་མིང་ལ་སོགས་པའི་ཆོས་བཞི་ལ་ངོ་བོ་ཉིད་དུ་འདོད་དེ། ཕུང་པོ་ལྔ་ལས་གཟུགས་དང་འདུ་བྱེད་ཀྱི་ཕུང་པོ་དང་། སྐྱེ་མཆེད་དང་ཁམས་དང་སྒྲའི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་དང་། སྒྲའི་ཁམས་དང་། ཆོས་ཀྱི་ཁམས་ཏེ། མིང་ལ་སོགས་པའི་ཆོས་གསུམ་པོ་
དག་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡང་མ་ཡིན་པའི་ཕྱིར་རོ། །ལྔ་པ་ནི་ཆོས་ཀྱི་རྣམ་གྲངས་ཀྱི་ངོ་བོ་ཉིད་བསྟན་པའི་སྒོ་སྟེ། འདི་ཡང་རྣམ་པ་བཞིར་དབྱེའོ། །འདི་ལྟ་སྟེ་ཆོས་ཀྱི་རྣམ་གྲངས་ཀྱི་ངོ་བོ་ཉིད་བསྟན་པ་དང་། རང་གི་ངོ་བོ་དང་གཟུགས་བརྙན་ཡོད་པ་དང་མེད་པ་བསྟན་པ་དང་།
བསགས་པ་རྣམ་པར་ཕྱེ་བས་སེམས་ཀྱི་ཁྱད་པར་བསྟན་པ་དང་། གསུང་གཅིག་པ་དང་ཐ་དད་པ་རྣམ་པར་དབྱེ་བའོ། །དེ་ལ་ཆོས་ཀྱི་རྣམ་གྲངས་ཀྱི་ངོ་བོ་ཉིད་བསྟན་པ་ཡང་རྣམ་པ་གཉིས་ཏེ། ཕྱི་རོལ་པ་དང་འདོད་དོ། །ཕྱི་རོལ་པའི་གཞུང་ཡང་རྣམ་པ་མང་མོད་ཀྱི། འདིར་རེ་ཞིག་རྣམ་པ་
བཞི་ཞིག་བསྟན་ཏེ། མུ་སྟེགས་ཅན་གྲངས་ཅན་ནི་སྒྲའི་དེ་ཁོ་ན་ཉིད་ལ་ངོ་བོ་ཉིད་དུ་འདོད་དོ། །མཆོག་ཏུ་སྨྲ་བ་རྣམས་ནི་སྒྲའི་ཡོན་ཏན་ལ་ངོ་བོ་ཉིད་དུ་འདོད་དོ། །འཇིག་རྟེན་རྒྱང་འཕེན་པ་རྣམས་ནི་འབྱུང་བ་ཆེན་པོ་བཞི་ལ་ངོ་བོ་ཉིད་དུ་འདོད་དེ། ཐམས་ཅད་ཀྱང་འབྱུང་བ་ཆེན་པོ་རྣམས་ཀྱིས་
ངོ་བོ་ཉིད་བྱེད་པའི་ཕྱིར་རོ་ཞེའོ། །སྒྲར་སྨྲ་བ་རྣམས་ནི་སྒྲ་ལ་ངོ་བོ་ཉིད་དུ་འདོད་དེ། རིགས་པའི་བསྟན་བཅོས་ལས་སྒྲ་ནི་རྟག་པས་ངེས་པའི་ཚད་མ་བྱེད་དེ་ཆོས་རྣམས་བརྗོད་པའི་ཕྱིར་རོ། །ཞེའོ། །དེ་ལ་ཆོས་འདི་གཞུང་དང་སྦྱར་ན་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ་ཐམས་ཅད་ཡོད་པར་སྨྲ་

བ་དག་ནི། མདོར་ན་ཆོས་ནི་བདུན་ཅུ་རྩ་ལྔ་ལས་མེད་དེ་དོན་ནི་སྔར་བཤད་པ་བཞིན་ནོ། །བསྟན་པའི་ངོ་བོ་ཉིད་དེ་ཡང་སེམས་སྣ་ཚོགས་ཀྱི་བསྟན་བཅོས་དང་། མཛོད་ཀྱི་བསྟན་བཅོས་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོའི་བསྟན་བཅོས་དག་ལས་རྣམ་པ་གཉིས་སུ་བཤད་དེ།
ཁ་ཅིག་དེ་བཞིན་གཤེགས་པའི་ཆོས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་ངོ་བོ་ཉིད་བྱེད་དེ། འདི་ལྟར་སྒྲ་ཡིན་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ནི་འདུ་བྱེད་ཀྱི་ཕུང་པོ་ཉིད་དེ། མིང་དང་ཚིག་དང་ཡི་གེའི་ཡིན་པའི་ཕྱིར་རོ་ཞེའོ། །དོན་དེས་ན་ཡུལ་འདི་པ་ཉིད་ཀྱི་སློབ་དཔོན་རྣམས་གོ་བ་དག་མི་མཐུན་
པ་རྣམ་པ་གསུམ་དུ་བཤད་དོ། །ཁ་ཅིག་ནི་སྒྲ་ལ་ཡང་དག་པའི་དོན་དུ་འདོད་དེ་འདི་ལྟར་སྒྲ་ནི་དགེ་བ་ཡིན་གྱི། མིང་དང་ཚིག་དང་ཡི་གེའི་ཚོགས་ནི་ལུང་དུ་མི་སྟོན་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་སེམས་སྣ་ཚོགས་ཀྱི་བསྟན་བཅོས་ལས་མདོ་སྡེ་དང་འདུལ་བ་དང་། མ་མོ་དག་ནི་ཀུན་
རྫོབ་ཀྱི་ཡང་དག་པའི་ཆོས་སོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནི་དོན་དམ་པའི་འོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་ཀུན་རྫོབ་ཀྱི་ཡང་དག་པའི་ཆོས་ཞེས་བྱ་བ་ནི་ཚིག་གིས་བསྟན་པའི་ཆོས་ལ་བྱའོ་ཞེས་བཤད་དོ་ཞེའོ། །ཁ་ཅིག་ནི་མིང་ལ་སོགས་པ་ལ་ཡང་དག་པའི་དོན་
དུ་འདོད་དེ། འདི་ལྟར་བསྟན་པར་བྱ་བའི་དོན་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་བསྐྱེད་པའི་བསྟན་བཅོས་ལས། གསུང་རབ་ཡན་ལག་བཅུ་གཉིས་ཅི་ཞིག་གིས་ངོ་བོ་ཉིད་བྱེད་ཅེ་ན་སྨྲས་པ་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་གོ་རིམས་བཞིན་དུ་གནས་པའོ་ཞེས་བྱ་
བ་ནས་རྒྱ་ཆེར་བཤད་པའི་བར་དུ་ཞེའོ། །ཁ་ཅིག་ནི་སྒྲ་དང་མིང་ལ་སོགས་པ་ལ་ངོ་བོ་ཉིད་དུ་འདོད་དེ། འདི་ལྟར་སྒྲའི་དབང་གིས་དོན་རྣམ་པ་གཉིས་སྟོན་པའི་ཕྱིར་རོ་ཞེའོ། །འདིར་མཛོད་ཀྱི་བསྟན་བཅོས་གསར་འགྱུར་དང་སྦྱར་ན་དེ་ལས་བཤད་པ་རྣམ་པ་འདི་གཉིས་ཀ་ཡང་སྨོས་ཏེ། འདི་
ལྟར་སྒྲ་འམ་ཡང་ན་མིང་ལ་སོགས་པའོ་ཞེས་འབྱུང་གི །རྣམ་པ་གཞན་དུ་བཤད་པ་ནི་མེད་དོ། །ཡང་དག་པའི་རིགས་པའི་བསྟན་བཅོས་ལས་ཀྱང་། སློབ་དཔོན་འདི་གཉིས་ཀྱི་བཤད་པ་སྨོས་པ་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དང་མཐུན་ཏེ། དྲིས་པ་དང་ལན་དག་ཀྱང་ཡོད་པས་དེའི་

ཕྱིར་བསྟན་བཅོས་དེ་ཉིད་ལས་ངག་དང་བསྟན་པའི་མིང་ཐ་དད་དམ། འོན་ཏེ་བསྟན་པ་དག་ཀྱང་ཡིན་པར་འདོད། མིང་དང་བསྟན་པ་ངོ་བོ་ཉིད་ཐ་དད་ན། བསྟན་པ་ཇི་ལྟར་མིང་ཡིན་ཞེས་འབྱུང་སྟེ། དེ་ལས་དེ་སྐད་དུ་བཤད་པ་ནི་མིང་ཡོད་པའི་དབང་གིས་གདོད་བསྟན་པ་ཞེས་བྱ་བས་ན་དེའི་ཕྱིར་དེ་བཞིན་
གཤེགས་པའི་བསྟན་པའི་ངོ་བོ་ཉིད་ནི་མིང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་དོན་བརྗོད་པའི་ཕྱིར། མིང་ནི་དེ་བཞིན་གཤེགས་པའི་བསྟན་པ་ཡིན་ནོ། །མིང་གི་དོན་བརྗོད་པའི་ཕྱིར་བསྟན་པ་ནི་མིང་ཡིན་ཏེ་དེས་ན་དེ་བཞིན་གཤེགས་པའི་བསྟན་པ་ནི་ངེས་པར་མིང་
གིས་ངོ་བོ་ཉིད་བྱེད་དེ། མིང་གཙོ་བོར་སྨོས་པས་ན་ཚིག་དང་ཡི་གེའི་ཚོགས་ཀྱང་བསྡུས་པར་རིག་པར་བྱའོ། །གཞན་ཡང་གཞུང་རབ་ཏུ་བསྟན་པའི་བསྟན་བཅོས་ལས་ཀྱང་། ཡང་དག་པའི་རིགས་པའི་བསྟན་བཅོས་ལས་བཤད་པ་དང་མཐུན་པར་འབྱུང་ངོ་། །སྡེ་སྣོད་གསུམ་ལ་མཁས་
པའི་སློབ་དཔོན་དག་གིས་བཤད་པ་ལས་ནི། རྒྱ་གར་ཡུལ་པའི་སློབ་དཔོན་རྣམས་བརྒྱུད་དེ་བཤད་པ་ལས་ཀྱང་འདི་སྐད་དུ་སྟོན་ཏེ། མཛོད་ཀྱི་བསྟན་བཅོས་དང་དེས་ན་ཡང་དག་པའི་རིགས་པ་ལས་སོ་སོ་རྣམ་པ་གཉིས་སུ་བཤད་པ་ཡང་སོ་སོ་ནས་དམིགས་པ་ཡོད་དེ། ཅིའི་ཕྱིར་ཞེ་
ན། སེམས་ཅན་མགུ་བ་བསྐྱེད་པར་ནི་སྒྲ་མཆོག་ཏུ་གྱུར་པ་ཡིན་ལ། ཆོས་བརྗོད་པར་ནི་མིང་ལ་སོགས་པ་མཐུ་ཆེ་བའི་ཕྱིར། ལྟོས་པ་མི་མཐུན་ཡང་སོ་སོ་ནས་ངེས་པ་ཡོད་དེ། དེས་ན་རྣམ་པ་གཉིས་སུ་བཤད་པ་གཉི་ག་ཡང་དག་པའི་དོན་ཡིན་ནོ་ཞེས་ཟེར་རོ། །འདིར་བསྟན་
བཅོས་རྣམས་ཀྱི་དགོངས་པ་བརྟགས་ན་ཡང་དག་པའི་རིགས་པ་ལས་མིང་ལ་སོགས་པ་ལ་ཡང་དག་པའི་དོན་དུ་འདོད་པས་ན། དེའི་ཕྱིར་དེའི་མཇུག་སྡུད་པ་ལས་དེའི་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་ནི་ངེས་པར་མིང་ཉིད་བསྟན་པ་ཡིན་ལ། ངེས་པར་མིང་ཉིད་ངོ་བོ་ཉིད་ཡིན་ནོ་
ཞེས་འབྱུང་བ་དང་སྦྱར་ན་མཛོད་ཀྱི་བསྟན་བཅོས་ལས་ཀྱང་ཡང་དག་པའི་རིགས་པའི་བསྟན་བཅོས་དང་མཐུན་ཏེ། འདི་ལྟར་དེ་ལས་དེ་སུན་མི་འབྱིན་པ་ཡང་དོན་འགལ་བ་མེད་པའི་ཕྱིར་རོ། །ཡང་ན་སློབ་དཔོན་ཕྱི་མ་རང་གི་རྣམ་པར་གཞག་པ་ཕམ་པར་ཁས་བླངས་པ་ཡིན་གྱི། ཡང་དག་

པའི་རིགས་པ་མཛད་པའི་སློབ་དཔོན་གྱིས་ཕམ་རྒྱལ་རྣམ་པར་ཕྱེ་སྟེ་བསྟན་པ་ནི་མ་ཡིན་ནོ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་དཔྱད་པ་དག་གིས་བཤད་པའི་ཡང་དག་པའི་དོན་དང་སྦྱར་ན་ནི་སྒྲ་བཤད་པ་ཡང་དག་པའི་དོན་ཡིན་ཏེ། དེའི་ཕྱིར་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འདི་ལྟར་དེ་
བཞིན་གཤེགས་པའི་བསྟན་པ་རྣམས་ཅི་ཞིག་གིས་ངོ་བོ་ཉིད་བྱེད། ཅི་ངག་གི་ལས་ཡིན་ནམ། འོན་ཏེ་མིང་ལ་སོགས་པ་ཡིན། སྨྲས་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པས་གསུངས་པ་རྣམས་ནི་བཤད་པ་དག་ཡིན་པས་ངག་གི་ལས་ངོ་བོ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟ་ན་འདིའི་འོག་ནས་
བཤད་པ་རྣམ་པ་ཇི་ལྟར་རུང་སྟེ། ཇི་སྐད་དུ་དེ་བཞིན་གཤེགས་པའི་བསྟན་པ་རྣམས་ཆོས་ཅི་ཞེས་བྱ་ཞེ་ན་སྨྲས་པ་འདི་ལྟ་སྟེ། མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་གོ་རིམས་སུ་བཀོད་པ་དང་། གོ་རིམས་སུ་རྣམ་པར་གཞག་པ་དང་། གོ་རིམས་སུ་འབྲེལ་པའོ་ཞེས་འབྱུང་བ་ལྟ་
བུའོ་ཞེ་ན། ཡི་གེ་འོག་ནས་འབྱུང་བ་ནི་དེ་བཞིན་གཤེགས་པའི་བསྟན་པའི་ནུས་པ་བསྟན་པ་ཡིན་གྱི། སངས་རྒྱས་ཀྱི་བསྟན་པའི་རང་གི་ངོ་བོ་ཉིད་རྣམ་པར་ཕྱེ་བར་ནི་མི་འདོད་དེ། འདི་ལྟ་སྟེ། གོ་རིམས་སུ་བཀོད་པ་དང་། རྣམ་པར་གཞག་པ་དང་འབྲེལ་པ་ཞེས་བྱ་བ་ནི་མིང་དང་ཚིག་དང་ཡི་གེའི་
ཚོགས་ནི་སངས་རྒྱས་ཀྱི་བསྟན་པའི་ནུས་པ་ཡིན་པས་སོ། །ཁ་ཅིག་ན་རེ་དེ་བཞིན་གཤེགས་པའི་བསྟན་པ་ནི་མིང་ལ་སོགས་པས་ངོ་བོ་ཉིད་བྱེད་དོ་ཞེའོ། །གལ་ཏེ་དེ་ལྟར་ན་འདི་སྐད་དུ་བཤད་པ་ཇི་ལྟར་རུང་སྟེ། ཇི་སྐད་དུ་སངས་རྒྱས་ཀྱི་བསྟན་པ་ཇི་ལྟ་བུ་ཞེ་ན་ཞེས་སྨྲས་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་
གསུང་དང་བརྗོད་པ་དང་འབྲེལ་པ་དང་ངག་གི་ལམ་དང་ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་ནི་སངས་རྒྱས་ཀྱི་བསྟན་པ་ཞེས་བྱའོ་ཞེས་འབྱུང་བ་ལྟ་བུ་ཞེ་ན། བརྒྱུད་པའི་རྒྱུ་ལ་བརྟེན་ནས་དེ་སྐད་དུ་བཤད་དེ། འཇིག་རྟེན་ན་བུ་ཚ་རྣམས་གཅིག་གིས་གཅིག་སྐྱེད་པའི་ཆོས་བྱེད་པ་ལྟར། ངག་གིས་ནི་མིང་
སྐྱེད་ལ་མིང་གིས་དོན་གསལ་བར་བྱེད་པས་སོ། །དཔྱད་པ་དག་གིས་བཤད་པ་ལས་འབྱུང་བ་དེ་སྐད་དུ་བཤད་པ་ལྟ་ན། ངག་གི་ལས་ཀྱི་ངོ་བོ་ཉིད་བྱེད་དེ། དེ་བཞིན་གཤེགས་པས་གསུངས་པ་རྣམས་ཕ་རོལ་གྱིས་ཐོས་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་ནི་དེ་ཉིད་ལས་འབྱུང་བ་བཞིན་ནོ། །ཡང་

དག་པའི་རིགས་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལ་སོགས་པ་ལ་བརྟེན་པ་མ་ཡིན་ནམ་ཞེ་ན་ཅིའི་ཕྱིར་དཔྱད་པ་དག་གིས་བཤད་པའི་ཡང་དག་པའི་དོན་ལ་རྟེན་པར་མི་བྱེད། སློབ་དཔོན་འདུས་བཟང་གིས་བཤད་པའི་རིགས་པ་བཟང་ཞིང་མཆོག་ཏུ་གྱུར་པའི་ཕྱིར། མིང་ལ་སོགས་པ་ལ་ཡང་
དག་པ་ཉིད་དོ། །ཞེས་ལོགས་ཤིག་ཏུ་རིགས་པས་བསྒྲུབས་སོ། །འདི་ཉིད་ཀྱི་འགྲེལ་པ་ལས་འདིའི་གཞུང་གི་སྒྲ་ལ་ངོ་བོ་ཉིད་དུ་བཤད་པ་ནི་ཆོས་ཀྱི་གྲངས་ཀྱི་སྒོ་ནས་སྒྲའི་ཆོས་གཅིག་འབའ་ཞིག་ལ་ངོ་བོ་ཉིད་དུ་འདོད་དེ། མིང་ལ་སོགས་པ་ལ་ངོ་བོ་ཉིད་དུ་བསྟན་པ་ནི། མིང་ལ་སོགས་པ་ནི་ཆོས་
གསུམ་ལ་ངོ་བོ་ཉིད་དུ་སྟོན་ཏོ། །གལ་ཏེ་གཅིག་ཏུ་བསྡུས་ཏེ་བཤད་ན་ནི་ཆོས་བཞི་བསྡུས་པ་ལ་ངོ་བོ་ཉིད་དུ་འདོད་དེ། འདི་ལྟ་སྟེ། སྒྲ་དང་མིང་ལ་སོགས་པའོ། །དཔྱད་པས་བཤད་པའི་ཡང་དག་པའི་དོན་གྱིས་ནི་སྒྲའི་ཆོས་གཅིག་ལ་ངོ་བོ་ཉིད་དོ་ཞེས་ཟེར་རོ། །མདོ་སྡེ་པ་དག་ནི་སྒྲ་ལ་ངོ་བོ་
ཉིད་དོ་ཞེས་བཤད་དེ། དེའི་ཕྱིར་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པའི་བསྟན་བཅོས་ལས་མདོ་སྡེ་པ་སུན་འབྱིན་པའི་སྐབས་ནས་འབྱུང་བ། ཁྱེད་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་སྒྲས་ངོ་བོ་ཉིད་བྱེད་དོ། །ཞེས་སྨྲ་བའི་མི་རིགས་སོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་
ཀྱིས་བྱས་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ནི་མདོ་སྡེ་རྣམས་ཀྱི་ཚིག་དག་གིས་ངོ་བོ་ཉིད་བྱེད་དོ་ཞེས་ཟེར་བ་འདི་ཡང་རིགས་པ་མ་ཡིན་ནོ་ཞེས་སུན་འབྱིན་ཏེ། གཞུང་འདི་ཉིད་ལ་བརྟེན་ནས། སློབ་དཔོན་གསུམ་གྱིས་འདི་སྐད་དུ་སྟོན་ཏོ། །ཁ་ཅིག་ནི་སྐྱེ་མཆེད་བཅུ་གཉིས་ལས་སྒྲའི་
སྐྱེ་མཆེད་ཀྱིས་ངོ་བོ་ཉིད་བྱེད་དེ། སྒྲ་ལས་ལོགས་ཤིག་ན་མིང་དང་ཚིག་དང་ཡི་གེའི་ཚོགས་གཞན་མེད་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ནི་ཆོས་ཀྱི་སྐྱེ་མཆེད་ལས་རྒྱུན་མི་འཆད་པའི་བཏགས་པའི་སྒྲས་ངོ་བོ་ཉིད་བྱེད་དེ། ཡིད་ཀྱི་རྣམ་པར་ཤེས་པས་དམིགས་པར་བྱ་བའི་ངོ་བོ་ཉིད་འབའ་ཞིག་ཡིན་
པའི་ཕྱིར་རོ་ཞེའོ། །ཁ་ཅིག་ནི་བཏགས་པ་དང་རྫས་སུ་ཡོད་པའི་སྒྲ་གཉིས་ཀས་ངོ་བོ་ཉིད་བྱེད་དེ། གོང་མའི་དོན་གཉིས་ཀྱི་ཕྱིར་རོ་ཞེས་ཟེར་རོ། །ཅིའི་ཕྱིར་མདོ་སྡེ་པ་དག་རྣམ་པ་འདི་གསུམ་ལྟ་བུར་འདོད་པར་གྱུར་ཅེ་ན། སློབ་དཔོན་སྡེ་སྣོད་གསུམ་དང་ལྡན་པ་དག་གིས་བཤད་པ་ལས།

མདོ་སྡེ་ཚད་མར་བྱས་ཏེ། དོན་རྣམས་རྣམ་པར་བཤད་པ་ནི་ཐམས་ཅད་ཀྱང་མདོ་སྡེ་པ་ཞེས་བྱ་བས། དེའི་ཕྱིར་མདོ་སྡེ་པ་དག་རྣམ་པ་གསུམ་པོ་འདི་ལྟ་བུར་འདོད་པར་འགྱུར་རོ་ཞེས་འབྱུང་ངོ་། །དེ་དག་གི་གཞུང་གིས་ཆོས་ཀྱི་རྣམ་གྲངས་རྣམ་པར་གཞག་པ་ཡང་སོ་སོ་
ནས་མི་མཐུན་ཏེ། ཁ་ཅིག་ནི་སེམས་ལས་ལོགས་ཤིག་ན་སེམས་ལས་བྱུང་བ་མེད་དོ་ཞེས་ཟེར་ཏེ། སློབ་དཔོན་དཔེ་ཅན་ལྟ་བུའོ། །བཙུན་པ་རྟོགས་པའི་ལྷས་ཀྱང་འདི་དང་མཐུན་པར་བཤད་དོ། །དེ་དག་གིས་གཞུང་དང་སྦྱར་ན་རྣམ་པ་བཅུ་དགུ་ཡོད་དོ། །འདི་ལྟར་གཟུགས་ལས་བཅུ་
བཞི་པོ་འདི་ལྟ་སྟེ། དབང་པོ་ལྔ་དང་ཡུལ་ལྔ་དང་འབྱུང་བ་ཆེན་པོ་བཞིའོ། །སེམས་ནི་གཅིག་ཁོ་ན་སྟེ། སེམས་ལས་བྱུང་བ་མེད་པའི་ཕྱིར་རོ། །མཚུངས་པར་ལྡན་པ་མ་ཡིན་པའི་ཆོས་ནི་གྲངས་གཅིག་ཁོ་ན་སྟེ། འདི་ལྟ་སྟེ་མངོན་པར་འདུ་མ་བྱས་པ་རྣམས་སོ། །འདུས་མ་བྱས་ནི་རྣམ་པ་
གསུམ་སྟེ། ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་རྟོགས་པ་མ་ཡིན་པའི་འགོག་པའོ། །སེམས་ལས་བྱུང་བ་ཡོད་པར་འདོད་པ་ཡང་བཤད་པ་མི་མཐུན་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ནི་སེམས་ལས་ལོགས་ཤིག་ན་སེམས་ལས་བྱུང་བ་རྣམ་པ་གསུམ་
ཡོད་དེ། འདི་ལྟ་སྟེ་ཚོར་བ་དང་། འདུ་ཤེས་དང་། སེམས་པའོ། །ཞེས་ཟེར་ཏེ། ཤི་རི་ར་ལྟ་བུའོ། །ཁ་ཅིག་ནི་རྣམ་པ་བཞི་ཡོད་དོ། །ཞེས་ཟེར། དེ་ཡང་རེག་པ་བསྣན་ནའོ། །བཤད་པ་འདི་དང་སྦྱར་ན་ནི་ཆོས་ཉི་ཤུ་རྩ་གཉིས་སམ། ཡང་ན་ཉི་ཤུ་རྩ་གསུམ་དུ་འགྱུར་ཏེ། འདི་ལྟར་
སྔ་མ་བཅུ་དགུའི་སྟེང་དུ་ཆོས་གསུམ་མམ། ཡང་ན་བཞི་བསྣན་པའི་ཕྱིར་རོ། །དེ་ལྟར་མང་ཉུང་མི་མཐུན་པ་ཡོད་ཀྱང་སྒྲའི་སྐྱེ་མཆེད་ཀྱིས་ངོ་བོ་ཉིད་བྱེད་པར་བཟུང་སྟེ། རྒྱུན་མི་འཆད་པའི་བཏགས་པའི་སྒྲའི་ངོ་བོ་ཉིད་གུད་ན་མེད་པའི་ཕྱིར་རོ། །འདིར་ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན། དེ་ཡང་
མི་མཐུན་པར་སྨྲ་བ་རྣམ་པ་གཉིས་ཡོད་དོ། །དང་པོ་ནི་ནཱ་གརྫུ་ནའི་གཞུང་སྟེ། ཆོས་ཀྱི་རྣམ་གྲངས་མང་ཉུང་ངེས་པར་བསྟན་པའི་བསྟན་བཅོས་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་བཤད་པ་ཡང་ཕལ་ཆེར་ཐམས་ཅད་ཡོད་པར་སྨྲ་

བར་འདོད་པ་དག་དང་མཐུན་པར་ཆོས་ནི་མདོར་བསྡུ་ན་བདུན་བརྒྱ་དྲུག་ཅུ་རྩ་གཅིག་ཡོད་པར་བསྟན་ཏེ། དེ་ལྟར་བསྟན་པ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ཆོས་བདུན་ཅུ་རྩ་ལྔར་འདོད་པ་དང་། གནས་པ་བཅུ་བཤད་པའི་བསྟན་བཅོས་ལས་མཚུངས་པར་ལྡན་པ་མ་ཡིན་པའི་ཆོས་
བདུན་བརྒྱ་ཡོད་པར་རྣམ་པར་གཞག་པའི་ཕྱིར་མཚུངས་པར་ལྡན་པ་མ་ཡིན་པའི་ཆོས་བཅུ་བཞི་སྟོན་ཏེ། མཚུངས་པར་ལྡན་པ་མ་ཡིན་པའི་བདུན་བརྒྱས་བསྣན་ན། ཆོས་བདུན་བརྒྱ་དྲུག་ཅུ་རྩ་གཅིག་ཏུ་འགྱུར་རོ། །དེས་ན་གཟུགས་རྣམ་པ་བཅུ་གཅིག་ལས་སྒྲ་ངོ་བོ་ཉིད་བྱེད་དེ། དེའི་ཕྱིར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་འདི་སྐད་དུ་མངོན་པར་ཤེས་པ་དྲུག་ཐོབ་པའི་དགྲ་བཅོམ་པ་དག་དེ་བཞིན་གཤེགས་པ་ཆོས་འཆད་པའི་ཚེ་འཁོར་འདུས་པ་ཉིད་དུ་མ་འདུས་ཀྱང་འདི་ལྟར་ལྷའི་མིག་གིས་སངས་རྒྱས་མཐོང་ངོ་། །ལྷའི་རྣ་བས་ཆོས་ཐོས་སོ། །མངོན་པར་ཤེས་པས་མ་ཁྱབ་
པའི་གནས་དེར་ནི་མཐོང་ཞིང་ཐོས་པར་མི་ནུས་སོ་ཞེས་འབྱུང་བ་དེས་ན་དེ་བཞིན་གཤེགས་པའི་བསྟན་པ་ནི་སྒྲས་ངོ་བོ་ཉིད་བྱེད་དོ། །གཉིས་པ་ནི་འཕགས་པ་བྱམས་པས་བསྟན་པའི་གཞུང་སྟེ། དེས་མདོར་བསྡུ་ན་ཆོས་ནི་བརྒྱ་ཡོད་པར་བཤད་དེ། ཇི་ལྟར་ཆོས་བརྒྱ་པའི་རབ་ཏུ་བྱེད་པ་ལས་
བསྟན་པ་བཞིན་ནོ། །སངས་རྒྱས་ཀྱི་བསྟན་པའི་ངོ་བོ་ཉིད་སྟོན་པ་དེ་ཡང་གསུང་རབ་དེ་དག་ལས་མཐུན་པར་མི་འབྱུང་སྟེ། ཁ་ཅིག་ལས་ནི་སྒྲ་འབའ་ཞིག་གོ་ཞེས་གསུངས་ཏེ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལ་སོགས་པ་ལས་ཇི་སྐད་དུ། སངས་རྒྱས་གསུང་གཅིག་ཏུ་
ནི་ཆོས་སྟོན་ཀྱང་། །སེམས་ཅན་མོས་པ་ཇི་བཞིན་སོ་སོར་གོ། །ཞེས་གསུངས་པ་དང་། གཞན་ཡང་དེ་ཉིད་ལས་འཇིག་རྟེན་འདིའི་སེམས་ཅན་དག་ཤིན་ཏུ་གདུལ་བར་དཀའ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་ཚིག་དྲག་པོའི་ཆོས་ཀྱིས་འདུལ་བར་མཛད་དོ་ཞེས་གསུངས་པ་དང་།
གཞན་ཡང་ཁམས་ཆེན་པོ་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པས་གསུང་གཅིག་ཆོས་བསྟན་ལས། །དཔག་མེད་མདོ་སྡེ་རྒྱ་མཚོ་རབ་ཏུ་གསུངས། །ཞེས་གསུངས་པ་དང་། གཞན་ཡང་དེ་ཉིད་ལས་དེ་བཞིན་གཤེགས་པའི་གསུང་ནི་མདོར་བསྡུ་ན། རྣམ་པ་གསུམ་ཡོད་དེ།

འདི་ལྟ་སྟེ་མདོ་སྡེ་དང་འདུལ་བ་དང་མ་མོ་ཞེས་གསུངས་པ་ལྟ་བུ་སྟེ། འདི་ལ་སོགས་པའི་གསུང་རབ་གཏན་ཚིགས་སུ་རུང་བ་མང་པོ་ཡོད་དོ་ཞེས་སོ། །ཁ་ཅིག་ལས་ནི་མིང་ལ་སོགས་པས་ངོ་བོ་ཉིད་བྱེད་དོ་ཞེས་གསུངས་ཏེ། འཕགས་པ་མིའི་རྒྱལ་པོའི་མདོ་ལས་
ཇི་སྐད་དུ་མདོ་སྡེ་འདིའི་མིང་དང་ཚིག་ནི་སངས་རྒྱས་བརྒྱ་སྟོང་དུ་མས་གསུངས་སོ་ཞེས་གསུངས་པ་ལྟ་བུའོ། །རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་ཀྱང་། གལ་ཏེ་མིང་དང་ཚིག་དང་ཡི་གེའི་ཚོགས་སྒྲ་དང་ཐ་མི་དད་ན། ཆོས་དང་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་
པའི་ཡུལ་ཐ་དད་མེད་པར་འགྱུར་བའི་རིགས་སོ། །ཞེས་འབྱུང་བས། མིང་ལ་སོགས་པ་རང་གི་ངོ་བོ་ཉིད་བྱེད་དོ། །ལ་ལ་ལས་ནི་གཅིག་ཏུ་བསྡུས་ནས་སྒྲ་དང་མིང་ལ་སོགས་པས་རང་གི་ངོ་བོ་ཉིད་བྱེད་དོ་ཞེས་གསུངས་ཏེ། མིའི་རྒྱལ་པོའི་མདོ་ལས་ཇི་སྐད་དུ་གསུང་རབ་ཡན་ལག་བཅུ་
གཉིས་ནི་མིང་དང་ཚིག་དང་ཡི་གེ་དང་སྒྲ་དྲི་མ་མེད་པས་བསྡུས་སོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་སྒྲ་སྐད་དང་ཚིག་དང་ཡིག་འབྲུ་དང་ཡི་གེས་ཀྱང་སངས་རྒྱས་ཀྱི་མཛད་པ་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་དེ་སྐད་དུ་
གསུངས་སོ། །གཞན་ཡང་མདོ་སྡེ་འཕགས་པ་ས་བཅུ་པའི་འགྲེལ་པ་ལས། འཆད་པ་པོ་ཡང་དངོས་པོ་འདི་གཉིས་ཀྱིས་འཆད་དོ། །ཉན་པ་པོ་ཡང་དངོས་པོ་འདི་གཉིས་ཀྱིས་ཉན་པར་བྱེད་དོ་ཞེས་འབྱུང་སྟེ། དེ་ལ་དངོས་པོ་གཉིས་ཞེས་བྱ་བ་ནི་འདི་ལྟ་སྟེ། སྒྲ་དང་མིང་ལ་སོགས་པའོ། །
ལ་ལར་ནི་ཡི་གེ་དང་དོན་གཅིག་ཏུ་བསྡུས་པ་ལ་ངོ་བོ་ཉིད་དོ་ཞེས་སྟོན་ཏེ། རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་མདོ་སྡེའི་ལུས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཡི་གེ་དང་དོན་ནོ། །དེ་ལ་ཡི་གེ་ནི་རྟེན་ཏོ། །དོན་ནི་བརྟེན་པའོ། །འདི་ལྟར་རྣམ་པ་འདི་གཉིས་པོ་ཐམས་ཅད་ནི་ཡོངས་སུ་ཤེས་
པར་བྱ་བའི་ཡུལ་ལོ། །ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །འདི་ལྟར་གསུང་རབ་རྣམས་དེ་ལྟར་སོ་སོ་ནས་མི་མཐུན་པར་བསྟན་པ་འདི་ལས། སློབ་དཔོན་སྡེ་སྣོད་གསུམ་དང་ལྡན་པ་དག་གིས་བཤད་པ། ཡང་དག་པའི་དོན་དུ་ན་མིང་དང་

ཚིག་དང་ཡི་གེའི་ཚོགས་སྒྲ་དང་ཡི་གེ་དང་དོན་གཅིག་ཏུ་བསྡུས་པ་ལ་ངོ་བོ་ཉིད་ཅེས་བྱ་སྟེ། འཕགས་པའི་གསུང་རབ་རྣམས་སོ་སོ་ནས་དོན་རེ་རེ་ལ་དམིགས་ཏེ། བསྟན་པས་ན་ཕན་ཚུན་འགལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཏགས་པ་རྫས་སུ་བསྡུས་པའི་ཚེ་ནི་སྒྲས་ངོ་བོ་
ཉིད་བྱེད་དོ། །སྒྲ་ལས་ལོགས་ཤིག་ན་མིང་དང་ཚིག་ལ་སོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་ངོ་བོ་ཉིད་ལས་ཀྱི་རྫས་སུ་བསྡུས་པའི་ཚེ་ནི་མིང་ལ་སོགས་པས་ངོ་བོ་ཉིད་བྱེད་དེ། ཆོས་རྣམས་ཀྱི་རང་གི་ངོ་བོ་དང་ཁྱད་པར་བརྗོད་པ་དང་། གཉི་གའི་རྟེན་བྱེད་པའི་ཕྱིར། བཏགས་པ་དང་རྫས་སུ་ཡོད་
པ་ཕན་ཚུན་ལྟོས་པས་ན་གཅིག་ཏུ་བསྡུས་པ་ལ་ངོ་བོ་ཉིད་ཅེས་བཤད་དེ། གལ་ཏེ་རྣམ་པ་གཅིག་མ་ཚང་ན་བཤད་པ་མི་འགྲུབ་པའི་ཕྱིར་རོ། །ཤེས་པ་བསྐྱེད་པ་མཐར་ཕྱིན་པ་ནི་ངེས་པར་ཡི་གེ་དང་དོན་གྱི་དབང་གིས་འགྲུབ་པས་ན། དེའི་ཕྱིར་མི་མཐུན་པ་མང་པོར་བཤད་ཀྱང་ཕན་ཚུན་
འགལ་བ་མེད་དོ། །དེ་ལ་གཉིས་ལ་རང་གི་ངོ་བོ་དང་། གཟུགས་བརྙན་ཡོད་པ་དང་མེད་པ་བསྟན་པ་ཡང་རྣམ་པ་གཉིས་ཏེ། རང་གི་ངོ་བོ་དང་གཟུགས་བརྙན་ཡོད་པ་དང་མེད་པ་བསྟན་པ་དང་། ཆོས་སྟོན་པའི་ཁྱད་པར་རོ། །རང་གི་ངོ་བོ་དང་གཟུགས་བརྙན་ཡོད་པ་དང་མེད་པ་དང་།
བསྟན་པ་ནི་དེ་བཞིན་གཤེགས་པས་གསུངས་པའི་བསྟན་པ་རྣམས་ཆོས་བཞིས་ངོ་བོ་ཉིད་བྱེད་དེ། འདི་ལྟ་སྟེ་སྒྲ་སྐད་དང་མིང་དང་ཚིག་དང་ཡི་གེའི་ཚོགས་སོ། །འདི་ལྟར་ཆོས་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་རང་གི་ངོ་བོ་ཉིད་དོ་ཞེས་གསུངས་ལ། ཉན་པ་པོའི་རྣམ་པར་རིག་
པར་གྱུར་པ་ནི་གཟུགས་བརྙན་ཞེས་བྱ་བའོ་ཞེས་གསུངས་སོ། །རང་གི་ངོ་བོ་དང་གཟུགས་བརྙན་ཡོད་པ་དང་། མེད་པའི་རྣམ་པར་དབྱེ་བ་ནི་མདོར་བསྡུ་ན་སོ་སོའི་གཞུང་ལ་བརྟེན་ནས་མུ་རྣམ་པ་བཞིར་གྱུར་ཏེ། དེ་ལ་མུ་དང་པོ་ནི་རང་གི་ངོ་བོ་ཡོད་ལ་གཟུགས་བརྙན་མེད་པའོ། །འདི་ཡང་
སོ་སོ་ནས་བཤད་པ་མི་མཐུན་ཏེ། རེ་ཞིག་སྡེ་པ་རྣམས་ལ་བརྟེན་ནས་རྣམ་པ་གསུམ་དུ་བཤད་དེ། དེ་ལ་དང་པོ་ནི་ཐམས་ཅད་ཡོད་པར་སྨྲ་བ་སྟེ། དེ་འདི་སྐད་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་གིས་གཅིག་ཏུ་ཟག་པ་དང་བཅས་པའོ། །མིང་ལ་སོགས་པ་ནི་ངེས་པར་ལུང་མི་སྟོན་པའོ་ཞེས་ཟེར་

ཏེ། རྒྱ་ཆེར་རྣམ་པར་དབྱེ་བ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལ་སོགས་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །གཉིས་པ་ནི་ཕལ་ཆེན་པའི་སྡེ་པ་དང་། ལན་ཅིག་བརྗོད་པའི་སྡེ་པ་དང་། འཇིག་རྟེན་འདས་པར་སྨྲ་བའི་སྡེ་པ་དང་། བྱ་བ་ངལ་བའི་སྡེ་པ་ལ་སོགས་པ་
སྟེ། དེ་དག་འདི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐམས་ཅད་ཀྱང་འཇིག་རྟེན་ལས་འདས་པས་ཟག་པ་དང་བཅས་པའི་ཆོས་མི་མངའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ནི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །སངས་རྒྱས་ནི་གསུང་གཅིག་གིས་ཆོས་ཐམས་ཅད་གསུང་ངོ་ཞེས་ཟེར་
རོ། །གསུམ་པ་ནི་མང་དུ་ཐོས་པའི་སྡེ་པ་སྟེ། དེ་སྐད་དུ་སངས་རྒྱས་ཀྱི་གསུང་རྣམ་པ་ལྔ་ནི་འཇིག་རྟེན་ལས་འདས་པ་ཡིན་ཏེ། འདི་ལྟ་སྟེ་སྡུག་བསྔལ་བ་དང་། སྟོང་པ་དང་། མི་རྟག་པ་དང་། བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་སྟེ། འཕགས་པའི་ལམ་འདྲེན་
པའི་ཕྱིར་རོ། །དེ་ལས་གཞན་པའི་སྒྲ་རྣམས་ནི་ཐམས་ཅད་ཀྱང་འཇིག་རྟེན་པའོ་ཞེས་ཟེར་རོ། །འདི་ལ་སོགས་པ་སྡེ་པ་རྣམས་ཐམས་ཅད་ཀྱང་རང་གི་ངོ་བོ་ཁོ་ན་སྟེ་གཟུགས་བརྙན་ནི་མ་ཡིན་ནོ་ཞེས་འདོད་དོ། །དེ་དག་གིས་གཞུང་ལས་རྣམ་པར་རིག་པ་ཙམ་གྱི་དོན་མི་སྟོན་པའི་ཕྱིར་རོ། །དེ་ལ་མུ་གཉིས་
པ་གཟུགས་བརྙན་ཡོད་པ་ལ་རང་གི་ངོ་བོ་མེད་པར་འདོད་པ་ནི་འདི་ལྟ་སྟེ། ཀླུའི་སྡེའོ། །འདི་སྐད་དུ་སངས་རྒྱས་ཀྱིས་ནི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཁོ་ན་སྟེ། གཟུགས་དང་སྒྲ་ལ་སོགས་པའི་ཡོན་ཏན་རགས་པའི་མཚན་མ་མེད་དོ་ཞེས་སྟོན་ཏེ། སློབ་དཔོན་བརྟན་པའི་བློ་
གྲོས་དང་རྡོ་རྗེའི་སྡེ་ཡང་དེ་སྐད་དུ་འཆད་དོ། །མུ་གསུམ་པ་རང་གི་ངོ་བོ་དང་གཟུགས་བརྙན་གཉིས་ཀ་ཡོད་པར་འདོད་པ་ནི་འདི་ལྟ་སྟེ། སློབ་དཔོན་ཟླ་བའི་སྙིང་པོ་དང་། ཉེ་བའི་འོད་ལ་སོགས་པའོ། །དེ་དག་འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་གསུམ་དང་ལྡན་ཞིང་གཟུགས་
དང་སྒྲ་ལ་སོགས་པའི་ཡོན་ཏན་མངའ་བས། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་བསྐོར་བར་སྤྱོད་དེ། འདི་ལྟ་སྟེ། བསྐོར་བ་དང་རྟོགས་པ་དང་འཛིན་པའོ་ཞེས་གསུངས་ཏེ། འདི་ལ་སོགས་པའི་གཏན་ཚིགས་

སུ་རུང་བའི་གསུང་རབ་མང་དུ་ཡོད་དོ། །ཡང་ན་ཉན་པ་པོ་རྣམ་པར་ཤེས་པར་གྱུར་ནས་དེ་འདྲ་བར་སྣང་བའི་ཕྱིར་རོ། །རང་གི་ངོ་བོ་དང་གཟུགས་བརྙན་གཉི་ག་ཡོད་པར་ཤེས་པར་བྱའོ་ཞེས་ཟེར་རོ། །མུ་བཞི་པ་རང་གི་ངོ་བོ་དང་གཟུགས་བརྙན་གཉིས་ཀ་མེད་པར་འདོད་པ་ནི་སློབ་དཔོན་འཕགས་
པ་དོན་དམ་པའི་བདེན་པ་ལ་བརྟེན་ནས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་རྣམ་པར་གཞག་པའོ། །ཡང་ན་སློབ་དཔོན་ཆོས་སྐྱོང་གིས་རང་གི་ངོ་བོ་དང་གཟུགས་བརྙན་གཉི་ག་མེད་དོ། །དོན་དམ་པའི་བདེན་པ་ལ་ཚིག་ལ་སོགས་པ་མེད་པའི་ཕྱིར་རོ་ཞེས་སྟོན་པའོ། །དེ་ལྟར་ཁྱད་པར་
གྱུར་པའི་ཆོས་རྣམ་པ་བཞི་ཡོད་ཀྱང་སློབ་དཔོན་ཧྱན་ཙང་དང་ཆོས་སྐྱོང་གིས་གཞུང་གི་དོན་རྣམ་པ་གཉིས་སུ་བསྟན་ཏེ། དེ་ལ་དང་པོ་ཡང་དག་པའི་བསྟན་པ་ལ་བརྟེན་ནས་རང་གི་ངོ་བོ་ཁོ་ན་སྟེ། གཟུགས་བརྙན་ནི་མ་ཡིན་ནོ། །རང་གི་ངོ་བོ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་རྣམ་པར་རིག་པ་ལས་
རྣམ་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི་ཡང་དག་པ་དང་གཉིས་ཀ་ཡོད་པར་བསྟན་ཏེ། རང་གི་ངོ་བོ་དང་གཟུགས་བརྙན་དེ་ཡང་དེ་བཞིན་གཤེགས་པའི་གསུང་གི་མཐུའི་དབང་གིས་བྱུང་བའི་ཕྱིར་རོ་ཞེས་བཤད་དོ། །ཡང་དག་པ་དང་གཉི་ག་ལ་བརྟེན་ནས་རང་གི་ངོ་བོ་དང་གཟུགས་
བརྙན་ཡོད་པར་བསྟན་པ་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས། འདི་ལྟར་ཉན་པ་པོའི་རྣམ་པར་ཤེས་པ་ལ་བསགས་པ་རབ་ཏུ་ཕྱེ་བར་གྱུར་པ་གང་ཡིན་པ་དེས་བསྟན་པའི་ངོ་བོ་ཉིད་བྱེད་དོ་ཞེས་བཤད་དེ། སློབ་
དཔོན་ཆོས་སྐྱོང་ནི་བསྟན་བཅོས་དེ་ཚད་མར་མི་བྱེད་པས་ཀླན་ཀར་མི་རུང་ངོ་། །ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱང་སློབ་དཔོན་ཆོས་སྐྱོང་དང་མཐུན་པར་སྟོན་ཏེ། འདི་ལྟར་སློབ་དཔོན་ངོ་བོ་ཉིད་མེད་ཐབས་ཀྱི་སྐུ་གསུམ་གཟུགས་དང་སྒྲ་ལ་སོགས་པའི་ཡོན་ཏན་མངའ་ཞིང་ཆོས་སྟོན་པར་ཡང་སྤྱོད་དོ། །
ཞེས་འདོད་དེ་དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་ནི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་ཁྱད་པར་ཡིན་ནོ་ཞེས་འབྱུང་ངོ་། །གལ་ཏེ་དེ་ལྟར་ན་ཅིའི་ཕྱིར་ཉན་པ་པོའི་རྣམ་པར་ཤེས་པ་ལ་སོགས་པ་རབ་ཏུ་ཕྱེ་བ་གང་ཡིན་པ་དེས་བསྟན་པའི་ངོ་བོ་ཉིད་བྱེད་དོ་ཞེས་བཤད་

ལ་མཐོང་བ་པོའི་རྣམ་པར་རིག་པ་ལ་གཟུགས་ལ་སོགས་པ་སྣང་བ་གང་ཡིན་པ་དེ་ལ་སྤྲུལ་པའི་སྐུ་ཞེས་མ་བསྟན། ཕན་ཚུན་མདོར་བསྡུས་ནས་བསྟན་པའི་ཕྱིར་ཏེ། ཡང་དག་པའི་དོན་དུ་ན་སྐུ་དང་བསྟན་པ་གཉིས་ཀ་ལ་རང་གི་ངོ་བོ་དང་གཟུགས་བརྙན་མངའ་
བར་སློབ་དཔོན་ཆོས་སྐྱོང་གིས་བཤད་པ་བཞིན་དུ་བསྟན་དགོས་སོ། །གལ་ཏེ་སྐུ་ཡང་གཟུགས་བརྙན་ཡིན་ན་ཅིའི་ཕྱིར་མཐོང་བ་པོའི་རྣམ་པར་རིག་པའི་གཟུགས་བརྙན་གྱི་སྐུ་ཞེས་མ་བསྟན། དེ་ལྟར་རུང་བར་ངེས་པ་ཡང་མེད་དེ་ཀླན་ཀ་དང་མི་འབྲེལ་པའི་ཕྱིར་རོ། །གཞན་ཡང་བསྟན་
པས་ཤེས་པ་བསྐྱེད་པ་ལ་ཉན་པ་པོའི་རྣམ་པར་རིག་པའི་མཚན་ཉིད་ཤེས་པ་བསྐྱེད་པར་ཉེ་བའི་ཕྱིར་སྐུ་ལས་སངས་རྒྱས་ཀྱི་ངོ་བོ་འབྱུང་བ་དེས་ན་རེ་ཞིག་གཟུགས་དང་། སེམས་ལ་སོགས་པ་ཞེས་བཤད་དོ། །ཉན་པ་པོའི་རྣམ་པར་རིག་པ་ལས་རྣམ་པར་གྱུར་པ་བསྟན་པའི་ངོ་བོ་ཉིད་དེ་ཟག་
པ་དང་བཅས་པ་ཞིག་གམ་འོན་ཏེ་ཟག་པ་མེད་པ་ཞིག་ཡིན། སྡེ་སྣོད་གསུམ་པོ་དག་གིས་རྒྱ་གར་ཡུལ་པ་དག་རྣམ་པ་གཉིས་སུ་བཤད་དོ་ཞེས་བསྟན་ཏེ། ཁ་ཅིག་ནི་འདི་སྐད་དུ་གང་ཟག་པ་མེད་པའི་སེམས་རྣམ་པར་གྱུར་པ་གང་ཡིན་པ་དེ་ནི་ངེས་པར་ཟག་པ་མེད་དོ། །ཟག་པ་དང་བཅས་
པའི་སེམས་རྣམ་པར་གྱུར་པ་ནི་རྣམ་པ་གཉིས་ཏེ། ཡང་དག་པའི་དོན་དུ་ན་ཟག་པ་དང་བཅས་པ་ཞེས་བྱ་སྟེ། འདི་ལྟར་ཟག་པ་དང་བཅས་པའི་སེམས་ཉིད་ཡུལ་དུ་རྣམ་པར་གྱུར་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ལས་བྱུང་བའི་དོན་གྱི་མཐའ་ལ་ལྟོས་ན་ནི་ཟག་པ་མེད་པ་ཞེས་བྱ་སྟེ།
སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་བསྟན་བཅོས་ཀྱི་གཞུང་ཡང་ཕལ་ཆེར་འདི་ལ་བརྟེན་ནས་རྣམ་པར་བཤད་དོ་ཞེའོ། །ཁ་ཅིག་ནི་འདི་སྐད་དུ་ཟག་པ་དང་བཅས་པའི་སེམས་རྣམ་པར་གྱུར་པ་ནི་ངེས་པར་ཟག་པ་དང་བཅས་པའོ། །ཟག་པ་མེད་པའི་སེམས་ལས་རྣམ་པར་གྱུར་
པ་ནི་ངེས་པར་གཅིག་ཏུ་ཟག་པ་མེད་པའོ་ཞེས་སྟོན་ཏེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་མོད་ཀྱི། སློབ་དཔོན་ཧྱན་ཙང་དང་ཆོས་སྐྱོང་ནི་བཤད་པ་ཕྱི་མ་ལྟར་འདོད་དེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། ཟག་པ་དང་བཅས་པ་དང་ཟག་པ་

མེད་པ་ནི་ལྟ་བའི་མཚན་ཉིད་ངེས་པར་མཚུངས་ལ། དགེ་བ་ལ་སོགས་པའི་རྣམ་པར་ཤེས་པའི་མཚན་ཉིད་ནི་མཚུངས་པར་ངེས་པ་ཡང་མེད་དེ། འདི་ལྟར་རྣམ་པ་གསུམ་གྱི་ངོ་བོ་ཉིད་ཀྱི་རྒྱུ་དང་རྐྱེན་གྱིས་འདྲེན་མར་དྲངས་ནས་བསྐྱེད་པའི་ཕྱིར་རོ། །ཟག་པ་དང་བཅས་པ་ཡང་དག་
པའི་བསྟན་པ་ཉིད་དུ་རྣམ་པར་གྱུར་ནས། ཡང་དག་པའི་བསྟན་བཅོས་དེ་ལས་ཟག་པ་དང་བཅས་པ་མངོན་པར་འགྲུབ་པར་འགྱུར་རམ། ཟག་པ་མེད་པའི་ཕྱིན་ཅི་ལོག་གི་བསྟན་པ་ཉིད་དུ་རྣམ་པར་གྱུར་ནས་ཕྱིན་ཅི་ལོག་གི་བསྟན་པ་དེས་ཟག་པ་མེད་པ་མངོན་པར་འགྲུབ་པར་འགྱུར་རམ་ཞེ་
ན། དེ་ལྟར་བཤད་ན་ཡང་ཉེས་པ་མེད་ན། ཟག་པ་མེད་པས་རྣམ་པར་གྱུར་པའི་ཕྱིར་རོ། །བསྟན་པ་ལ་ཕྱིན་ཅི་ལོག་དང་ཡང་དག་པ་ཐ་དད་པ་ཡོད་པའི་ཕྱིར་ཐམས་ཅད་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཞེས་བྱ་བའམ། འོན་ཏེ་གང་ཟག་ལ་སོ་སོའི་སྐྱེ་བོ་དང་། འཕགས་པའི་བྱེ་བྲག་
ཡོད་པའི་ཕྱིར་ཐམས་ཅད་འཕགས་པ་དང་། འཕགས་པ་མ་ཡིན་ཞེས་བྱ་བར་འདོད། དེ་ལྟར་བསྟན་ན་ཡང་ཉེས་པ་མེད་དེ། འདི་ལྟར་རྣམ་པར་གྱུར་པའི་སེམས་རྣམས་གཉིས་སུ་འགྱུར་བར་རུང་བའི་ཕྱིར་རོ། །དེ་ལ་ཆོས་སྟོན་པའི་ཁྱད་པར་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ་སྐུ་
གསུམ་ལ་བརྟེན་ནས་བསྟན་པ་དང་ཞིང་རྣམས་ལ་བརྟེན་ནས་བསྟན་པའོ། །སྐུ་གསུམ་ལ་བརྟེན་ནས་བསྟན་པ་ཞེས་བྱ་བ་ལས་བརྩམས་ནས་དྲིས་པ་སྐུ་གང་ལ་བརྟེན་ནས་ཆོས་སྟོན་པར་མཛད་ཅེ་ན། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་སངས་རྒྱས་ནི་རྣམ་པ་གཉིས་ཏེ། དང་པོ་ནི་
སྐུ་འཁྲུངས་པའི་སངས་རྒྱས་འདི་ལྟ་སྟེ། ཡབ་ཡུམ་ལས་ཟག་པ་དང་བཅས་པའི་སྐུ་འཁྲུངས་སོ། །གཉིས་པ་ནི་ཆོས་ཀྱི་སྐུའི་སངས་རྒྱས་འདི་ལྟ་སྟེ། ཆ་རྣམ་པ་ལྔའི་ཆོས་ཀྱི་སྐུའོ། །སྐུ་རྣམ་པ་གཉིས་ལས་འཁྲུངས་པའི་སྐུས་ཆོས་སྟོན་པར་མཛད་ཀྱི་ཆོས་ཀྱི་སྐུས་ནི་མ་ཡིན་ཏེ།
མཉམ་པར་གཞག་པའི་གནས་སྐབས་ན་ཆོས་སྟོན་པར་མི་མཛད་པའི་ཕྱིར་རོ་ཞེའམ། མདོ་སྡེ་པའི་གཞུང་ལས་ཀྱང་སྐུ་རྣམ་པ་གཉིས་ཡོད་དེ། དེ་གཉི་གས་ཀྱང་ཆོས་སྟོན་པར་སྤྱོད་དོ་ཞེས་ཟེར་ཏེ། དེ་དག་གི་གཞུང་གིས་ཟག་པ་མེད་པས་ཀྱང་སྒྲ་སྐད་མངོན་པར་བསྐྱེད་ནས། འཕགས་

པའི་གསུང་རབ་མཛད་པའི་ཕྱིར་རོ། །ཞེའོ། །འདིར་ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན། སྐུ་རྣམ་པ་གསུམ་མངའ་སྟེ། ཆོས་སྟོན་པར་མཛད་པ་དང་མི་མཛད་པ་དེ་ཡང་མུ་རྣམ་པ་བཞིར་དབྱེའོ། །དེ་ལ་དང་པོ་གཅིག་ནི་སྟོན་པར་མཛད་ལ། གཉིས་ནི་སྟོན་པར་མི་མཛད་
དེ། འདི་ལྟ་སྟེ་ཆོས་ཀྱི་སྐུ་ནི་ནང་གི་མངོན་པར་རྟོགས་པའི་སྤྱོད་ཡུལ་གྱི་ཕྱིར་རོ། །དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། ལོངས་སྤྱོད་སྤྲུལ་པ་ཡང་དག་སངས་རྒྱས་མིན། །དེ་བཞིན་ཆོས་འཆད་པ་ཡང་མ་ཡིན་ཏེ། །ཞེས་འབྱུང་བས། སྐུ་གཉིས་ནི་
ཆོས་སྟོན་པ་མ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ནི་གཉིས་ནི་སྟོན་པར་མཛད་ལ། །གཅིག་ནི་སྟོན་པར་མི་མཛད་དེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ལ་གསུང་མངའ་བའི་ཕྱིར་དང་། དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ཚིག་གི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །གསུམ་པ་ནི་སུམ་ཆར་ཡང་
ཆོས་སྟོན་པར་མཛད་དེ། འཕགས་པ་ལང་ཀར་གཤེགས་པ་བམ་པོ་བཅུར་བྱས་པ་ལས་ཇི་སྐད་དུ། དེ་ལ་ཆོས་ཀྱི་སྐུའི་སངས་རྒྱས་ཆོས་སྟོན་པར་མཛད་པ་ནི་ནང་གི་སོ་སོར་རིག་པ་འཕགས་པའི་སྤྱོད་ཡུལ་གྱི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཆོས་སྟོན་པར་མཛད་པ་ནི་ཆོས་
ཐམས་ཅད་ཀྱི་རང་གི་མཚན་ཉིད་མཉམ་པ་ཉིད་དུ་སྟོན་པའི་ཕྱིར་རོ། །སྤྲུལ་པའི་སྐུས་ཆོས་སྟོན་པར་མཛད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྟོན་པའི་ཕྱིར་རོ། །ཞེས་བྱ་བ་ནས་རྒྱ་ཆེར་གསུངས་པའི་བར་དུའོ། །འཕགས་པ་ལང་ཀར་གཤེགས་པ་བམ་པོ་བཞིར་བྱས་པ་ལས་ཀྱང་ཕལ་
ཆེར་འདི་དང་མཐུན་པར་འབྱུང་ངོ་། །བཞི་པ་ནི་སུམ་ཆར་ཡང་ཆོས་སྟོན་པར་མི་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་གསུང་མི་མངའ་བའི་ཕྱིར་དང་། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ནི་མངོན་པར་འདུ་མཛད་པ་མི་མངའ་བའི་ཕྱིར་དང་། སྤྲུལ་པའི་དེ་བཞིན་
གཤེགས་པ་ནི་ཡང་དག་པའི་འཆད་པ་པོ་མ་ཡིན་པའི་ཕྱིར་རོ། །སྐུ་རྣམ་པ་བཞི་དང་སྦྱར་ན་མུ་རྣམ་པ་ལྔ་ཡོད་དེ། དེ་ལ་དང་པོ་ནི་གཅིག་སྟོན་པར་མཛད་ལ། གསུམ་ནི་འཆད་པར་མི་མཛད་པའི་ཕྱིར། འདི་ལྟ་སྟེ་ཆོས་ཀྱི་སྐུ་ནི་ངག་གི་སོ་སོར་རིག་པའི་སྤྱོད་ཡུལ་གྱི་ཕྱིར་དང་།

ཉིད་ཀྱི་བརྟེན་པ་ཡང་མ་ཡིན་ཏེ། མངོན་པར་འདུ་མཛད་པ་མི་མངའ་བའི་ཕྱིར་དང་། སྐུ་གཞན་ཡང་མ་ཡིན་ཏེ། ཡང་དག་པའི་འཆད་པ་པོ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་གཉིས་འཆད་པར་མཛད་ལ། གཉིས་འཆད་པར་མི་མཛད་དེ། འདི་ལྟ་སྟེ། གཞན་ཡང་ཡོངས་
སུ་ལོངས་སྤྱོད་པ་དང་། སྤྲུལ་པ་དག་ཡིན་གྱིས། སྐུ་གཞན་གཉིས་ནི་མ་ཡིན་ཏེ། ཚིག་མི་མངའ་བའི་ཕྱིར་དང་། མངོན་པར་འདུ་མཛད་པ་མི་མངའ་བའི་ཕྱིར་རོ། །གསུམ་པ་ནི་གསུམ་འཆད་པར་མཛད་ལ་གཅིག་ནི་མི་འཆད་དེ། དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ཚིག་གི་མཚན་ཉིད་དང་
བྲལ་བའི་ཕྱིར་རོ། །བཞི་པ་ནི་བཞི་ཆར་ཡང་འཆད་པར་མཛད་དེ། འཕགས་པ་ལང་ཀར་གཤེགས་པ་ལས། ཇི་སྐད་དུ་སྐུ་གསུམ་ཆར་གྱིས་ཆོས་འཆད་དོ། །ཞེས་གསུངས་པ་ལྟ་བུ་སྟེ། སྤྲུལ་པའི་སྐུ་ལས་རྣམ་པ་གཉིས་སུ་ཕྱེ་བའི་ཕྱིར་རོ། །ལྔ་པ་ནི་བཞི་ཆར་ཡང་འཆད་
པར་ཡང་མི་མཛད་དེ། ཚིག་མི་མངའ་བའི་ཕྱིར་དང་། མངོན་པར་འདུ་མཛད་པ་མི་མངའ་བའི་ཕྱིར་དང་། ཡང་དག་པ་འཆད་པ་པོ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་མུ་ཐ་དད་པ་མང་པོ་ཡོད་མོད་ཀྱི། སློབ་དཔོན་ཉེ་བའི་འོད་ལ་སོགས་པས་གཞན་ཡོངས་སུ་ལོངས་སྤྱོད་པའི་སྐུ་དང་
སྤྲུལ་པའི་སྐུས་ཆོས་འཆད་དོ་ཞེས་བཤད་པ་དེ་ཡང་དག་པའི་དོན་ཡིན་ཏེ། དེའི་ཕྱིར་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་ལས་ཡོངས་སུ་དག་པ་འདི་ཞིང་གང་གིས་བསྡུས། མདོ་
སྡེ་འདི་གསུངས་པའི་སངས་རྒྱས་ནི་སྐུ་གང་ཞིག་ཡིན་ཞེ་ན། ཁ་ཅིག་ནི་སྤྲུལ་པའི་ཞིང་དུ་སྤྲུལ་པའི་སྐུས་ཆོས་འཆད་དོ་ཞེས་ཟེར་རོ། །ཁ་ཅིག་ནི་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་བཤད་དོ་ཞེས་ཟེར་ཏེ། ཡང་དག་པའི་དོན་དུ་ན་སངས་རྒྱས་ཤཱཀྱ་ཐུབ་པས་མདོ་སྡེ་འདི་གསུངས་
པའི་ཚེ། མོས་པས་སྤྱོད་པའི་ས་མན་ཆད་ཀྱི་འཁོར་རྣམས་ཀྱིས་ནི་སྤྲུལ་པའི་སྐུས་ཞིང་ཡོངས་སུ་མ་དག་པ་འདིར་ཆོས་འཆད་པར་མཐོང་ལ། ས་ལ་གནས་པའི་འཁོར་མང་པོ་རྣམས་ཀྱིས་ནི་ལོངས་སྤྱོད་རྫོགས་པའི་སྐུས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཆོས་འཆད་པ་

མཐོང་སྟེ། ཐོས་པ་མཚུངས་ཀྱང་མཐོང་བ་ནི་སོ་སོ་ཐ་དད་དོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་འབྱུང་བ་བཞིན་ནོ། །གལ་ཏེ་དེ་དེ་ལྟར་སྐུ་རྣམ་པ་གཉིས་ཆོས་འཆད་པར་མཛད་ན། འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་ཇི་ལྟ་བུ་གོ་ཞིང་
རྣམ་པར་བཤད་པར་བྱ་སྟེ། འཕགས་པ་ལང་ཀར་གཤེགས་པ་བམ་པོ་བཞིར་བྱས་པ་ལས་ཇི་སྐད་དུ་དེས་ན་དེའི་ཕྱིར་ངས་འདི་སྐད་དུ་གང་གི་ནུབ་མོ་ངས་མངོན་པར་རྫོགས་པར་སངས་རྒྱས་པ་ནས་གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་དེའི་བར་དུ་ཡི་གེ་གཅིག་ཀྱང་
མ་བཤད་མི་འཆད། འཆད་པར་མི་འགྱུར་རོ་ཞེས་གསུངས་པ་དང་། གཞན་ཡང་མདོ་སྡེ་ཉིད་ལས་གང་བཤད་པ་ནི་སངས་རྒྱས་ཀྱིས་བཤད་པའོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སེམས་ཅན་རྣམས་སོ་སོ་ནས་བཅོམ་
ལྡན་འདས་ནི་བདག་གཅིག་པུའི་ཕྱིར་ཆོས་འཆད་དོ་སྙམ་དུ་སེམས་ཀྱང་། དེ་བཞིན་གཤེགས་པ་གདོད་མ་ནས་འཆད་དམ། བསྟན་པ་མེད་དོ་ཞེས་གསུངས་པ་དང་། གཞན་ཡང་མདོ་སྡེ་དེ་ཉིད་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཐོག་མ་ནས་ཐ་མའི་བར་དུ་ཡི་
གེ་འབྲུ་གཅིག་ཀྱང་མ་བཤད་དོ་ཞེས་གསུངས་པ་ལྟ་བུའོ་ཞེ་ན། ཀུན་རྫོབ་ཀྱི་དབང་དུ་མཛད་པའི་ཕྱིར་ནི་སངས་རྒྱས་ཀྱིས་བཤད་དོ། །ཞེས་བསྟན་པ་ཡིན་ལ། དོན་དམ་པ་ལ་བརྟེན་ནས་ནི་མ་བཤད་དོ་ཞེས་བརྗོད་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས་
དོན་དམ་པའི་ཚུལ་ལ་ནི། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཆད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཆོས་གང་ཡང་བརྗོད་དུ་ཡོད་པའམ། ཆོས་གང་ཡང་ཅུང་ཟད་དམིགས་སུ་ཡོད་པ་མ་ཡིན་ཡང་ཀུན་རྫོབ་ཀྱི་རྗེས་སུ་རྣམ་པར་གཞག་པས་ཉེས་པ་མེད་དོ་ཞེས་བཤད་དོ། །
ཡང་ན་མ་བཤད་དོ་ཞེས་གསུངས་པ་ཡང་དོན་རྣམ་པ་གསུམ་གྱི་ཕྱིར་ཏེ། དེ་ལ་དང་པོ་ནི་དེ་བཞིན་ཉིད་ཚིག་གི་བརྗོད་པ་ལ་སོགས་པ་མཚན་མ་སྣ་ཚོགས་པ་དང་བྲལ་བ་ལ་དགོངས་པའི་ཕྱིར་མ་གསུངས་སོ་ཞེས་གསུངས་ཏེ། དེའི་ཕྱིར་ལང་ཀར་གཤེགས་པ་བམ་པོ་བཞིར་

བྱས་པ་ལས་ཅིའི་རྒྱུས་བཤད་པ་མེད་པ་ནི། སངས་རྒྱས་ཀྱིས་བཤད་པའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངས་ཆོས་རྣམ་པ་གཉིས་ལ་དགོངས་ནས་དེ་སྐད་སྨྲས་སོ། །ཆོས་གཉིས་གང་ཞེ་ན། འདི་ལྟ་སྟེ་རང་གིས་མངོན་པར་རྟོགས་
པའི་ཆོས་དང་། ངོ་བོ་ཉིད་ཀྱིས་གནས་པའི་ཆོས་ཏེ་ཞེས་གསུངས་པ་དང་། གཞན་ཡང་མདོ་སྡེ་དེ་ཉིད་བམ་པོ་བཅུར་བྱས་པ་ལས། རང་གི་ལུས་ནང་གི་སོ་སོར་རིག་པ་ལ་བརྟེན་པའི་ཆོས་དང་། ངོ་བོ་ཉིད་ཀྱིས་གནས་པའི་ཆོས་སོ་ཞེས་གསུངས་ཏེ། རྒྱ་ཆེར་ནི་དེ་ཉིད་ལས་
འབྱུང་བ་བཞིན་ནོ། །མདོ་སྡེ་དེའི་དགོངས་པ་ནི་འདི་ཡིན་ཏེ། དེ་བཞིན་ཉིད་ཀྱི་རྣམ་པ་གཅིག་ལ་དོན་རྣམ་པ་གཉིས་ཡོད་དེ། ནང་གི་རང་གིས་མངོན་པར་རྟོགས་པ་འདི་དང་དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་། ངོ་བོ་ཉིད་ཀྱི་མཚན་ཉིད་ནི་རྟག་ཏུ་གནས་པས་
དེ་བཞིན་ཉིད་དེ་ཚིག་གི་བརྗོད་པ་དང་བྲལ་བའི་ཕྱིར་མ་བཤད་དོ་ཞེས་གསུངས་ཏེ། དེའི་ཕྱིར་འཕགས་པ་ལང་ཀར་གཤེགས་པ་བམ་པོ་བཞིར་བྱས་པ་ལས། གང་གི་ནུབ་མོ་མངོན་སངས་རྒྱས། །གང་གི་ནུབ་མོ་མྱ་ངན་འདས། །དེ་དག་གཉིས་ཀྱི་བར་དུ་ཡང་། །ང་ཡིས་ཅུང་
ཟད་བཤད་པ་མེད། །རང་གིས་མངོན་རྟོགས་ཆོས་གནས་པས། །དེ་ཕྱིར་ངས་ནི་འདི་སྐད་བཤད། །ང་དང་སངས་རྒྱས་དེ་དག་ལ། །བྱེ་བྲག་གྱུར་པ་ཅི་ཡང་མེད། །ཅེས་གསུངས་པ་དང་། གཞན་ཡང་མིའི་རྒྱལ་པོས་ཞུས་པའི་མདོ་ལས། །ཉན་པ་མེད་ཅིང་བཤད་མེད་ནམ་མཁའ་
བཞིན། །ཆོས་ནི་ཆོས་ཉིད་མཚུངས་ཤིང་ཉན་དང་བཤད་པ་འདྲ། །ཆོས་རྣམས་ཀུན་དང་གཅིག་ཅིང་དེ་བཞིན་ཉིད། །ཅེས་གསུངས་པ་དང་། གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་
གཤེགས་པ་རྣམས་ཆོས་འཆད་པ་ཡོད་དོ་ཞེས་ཟེར་ན། དེ་ནི་སངས་རྒྱས་ལ་སྐུར་པ་བཏབ་པ་ཡིན་པས། ངས་བཤད་པའི་དོན་མི་ཤེས་སོ་ཞེས་གསུངས་པ་འདིའི་དོན་ཇི་ལྟ་བུ་ཞེ་ན། ཚིགས་སུ་བཅད་པ་ལས། །སངས་རྒྱས་ཇི་བཞིན་ཆོས་ཀྱང་དེ་བཞིན་ཏེ། །བསྟན་པ་གཉིས་པོ་

ཤིན་ཏུ་ཐ་དད་ཀྱང་། །ཆོས་ཀྱི་དབྱིངས་དང་ཡོངས་སུ་མ་བྲལ་བས། །ཆོས་བསྟན་པ་ལ་རང་གི་མཚན་ཉིད་མེད། །ཅེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། གཉིས་པོ་ཤིན་ཏུ་ཐ་དད་པ། །ཞེས་བྱ་བ་ནི་བསྟན་པའི་ཆོས་དང་དོན་ཏོ་ཞེས་བཤད་དོ། །དེ་ལ་བསྟན་
བཅོས་འདིའི་དགོངས་པ་ནི་འདི་ཡིན་ཏེ། སྤྲུལ་པའི་སྐུའི་དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་ལས་གུད་ན་རང་གི་མཚན་ཉིད་གཞན་མེད་དེ། ཇི་ལྟར་སངས་རྒྱས་དེ་བཞིན་ཉིད་ལས་གུད་ན་རང་གི་མཚན་ཉིད་གཞན་མེད་པ་སྟེ། དེ་བཞིན་དུ་བསྟན་པའི་ཆོས་དང་དོན་ཀྱང་དེ་བཞིན་ནོ་ཞེས་སྟོན་ཏོ། །
གཉིས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་ཐ་དད་པ་མེད་པ་ལ་དགོངས་ནས་མ་བཤད་དོ་ཞེས་གསུངས་ཏེ། དེའི་ཕྱིར་འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། མདོ་ལས་ཇི་སྐད་དུ་རབ་འབྱོར་དེ་བཞིན་གཤེགས་པ་ནི་ཆོས་བཤད་པ་མེད་པའི་ཕྱིར་ཞེས་གསུངས་པ་འདིའི་
དོན་ཇི་ལྟ་བུ་ཞེ་ན། ཆོས་གང་ཡང་དེ་བཞིན་གཤེགས་པ་ཉག་གཅིག་གིས་ནི་གསུངས་ལ། སངས་རྒྱས་གཞན་གྱིས་ནི་མ་གསུངས་པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །གསུམ་པ་ནི་ཡི་གེར་ལྷུང་བའི་ཆོས་ལ་དགོངས་ནས་མ་བཤད་དོ་ཞེས་གསུངས་ཏེ། དེའི་ཕྱིར་འཕགས་
པ་ལང་ཀར་གཤེགས་པ་བམ་པོ་བཞིར་བྱས་པ་ལས། དེ་བཞིན་གཤེགས་པ་ནི་ཡི་གེར་ལྷུང་བའི་ཆོས་མི་སྟོན་ཏེ། ཡི་གེ་རྣམས་ཀྱི་ཡོད་པ་དང་མེད་པ་མི་དམིགས་པའི་ཕྱིར། གཞན་དུ་ནི་ཡི་གེར་མ་ལྷུང་བས་ཆོས་བསྟན་ཏོ། །གལ་ཏེ་ཁ་ཅིག་འདི་སྐད་དུ་དེ་བཞིན་གཤེགས་
པ་ནི་ཡི་གེར་ལྷུང་བའི་ཆོས་སྟོན་ཏོ། །ཞེས་ཟེར་ན་དེ་ནི་བརྫུན་དུ་སྨྲ་བ་དེ་ཆོས་ཉིད་ནི་ཡི་གེ་དང་བྲལ་བའི་ཕྱིར་རོ། །དེ་ལྟ་བས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཡི་གེ་གཅིག་ཀྱང་མ་བཤད་འཆད་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཞན་
ཡང་དེ་ཉིད་ལས་བློ་གྲོས་ཆེན་པོ་གལ་ཏེ་ཆོས་ཐམས་ཅད་མ་བཤད་ན་ནི་བསྟན་པའི་ཆོས་རྣམས་འཇིག་པར་འགྱུར་རོ། །བསྟན་པའི་ཆོས་ཞིག་ན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་མེད་པར་འགྱུར་རོ། །དེ་དག་མེད་ན་ནི་གང་ཞིག་སུ་

ལ་ཅི་ཞིག་བཤད་དེ་ཞེས་གསུངས་པ་ཡིན་ནོ། །གོང་དུ་བསྟན་པའི་མདོ་སྡེ་དགུ་དག་ལས་གསུངས་པ་དང་སྦྱར་ན་ཡི་གེར་ལྷུང་བའི་ཆོས་མི་གསུང་མོད་ཀྱི། འོན་ཀྱང་ཡི་གེར་མ་ལྷུང་བའི་སྡེ་སྣོད་གསུམ་འཕགས་པའི་གསུང་རབ་མི་འཆད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འཕགས་པ་དྲི་
མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། དེ་ལ་ཆོས་འཆད་པ་པོ་ཡང་བཤད་པ་དང་། བསྟན་པ་མེད་ལ། ཉན་པ་པོ་ཡང་ཐོས་པ་མེད་ཐོབ་པ་ཡང་མེད་དེ། དཔེར་ན་སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་ལ་ཆོས་སྟོན་པ་ལྟར་དེ་ལྟ་བུའི་བསམ་པས་ཆོས་བཤད་པར་བྱའོ་ཞེས་
གསུངས་པས། དོན་དེས་ན་གསུངས་པ་དང་མ་གསུངས་པ་ཞེས་བྱ་བ་གཉི་ག་ཡང་ཕན་ཚུན་འགལ་བ་མེད་དོ། །དེ་ལ་ཞིང་ལ་བརྟེན་པའི་ཁྱད་པར་བསྟན་པ་ཞེས་བྱ་བ་ཡང་ཇི་ལྟར་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་དབང་དུ་མཛད་ནས་ཆོས་སྟོན་པ་
རྣམ་པ་བཅུའི་ཁྱད་པར་གསུངས་པ་ལྟ་བུ་དེ། དང་པོ་ཚིག་གིས་ཆོས་བསྟན་པ་ནས། ཐ་མ་ལུས་བསྐྱོད་པས་ཆོས་སྟོན་པའི་བར་དུ་གསུངས་པའོ། །མདོ་སྡེ་དེ་ཉིད་བམ་པོ་བཅུར་བྱས་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་གསོལ་པ། བཅོམ་ལྡན་འདས་
བརྗོད་པ་མཆིས་ན་ནི་དངོས་པོ་རྣམས་ཀྱང་མཆིས་པར་འགྱུར་ལ་དངོས་པོ་རྣམས་མ་མཆིས་ན་ནི་བརྗོད་པ་ཡང་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དངོས་པོ་མེད་པ་དག་ཀྱང་བརྗོད་པ་ནི་ཡོད་དེ། འདི་ལྟ་སྟེ། རི་བོང་གི་རྭ་ལ་སོགས་
པའོ། །བློ་གྲོས་ཆེན་པོ་རི་བོང་གི་རྭ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཡང་བརྗོད་པ་ནི་ཡོད་པའི་ཕྱིར་རོ། །ཁྱོད་ཀྱིས་སྨྲས་པའི་དོན་དེ་ནི་ཉམས་པར་འགྱུར་རོ། །བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བརྗོད་པས་ཆོས་སྟོན་པ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་
ཞིང་ལ་ལ་ན་ནི་མིག་མི་འཛུམས་ཤིང་ཚིག་གི་བརྗོད་པ་མེད་པ་ལ་ཆོས་སྟོན་པ་ཞེས་བརྗོད་དོ། །སངས་རྒྱས་ཀྱི་ཞིང་ལ་ལ་ན་ནི་མཚན་མ་བསྟན་པ་ལ་ཆོས་བཤད་པ་ཞེས་བརྗོད་དོ། །སངས་རྒྱས་ཀྱི་ཞིང་ལ་ལ་ན་ནི་སྨིན་མ་བསྐྱོད་པའི་མཚན་མ་ལ་ཆོས་བཤད་པ་ཞེས་བརྗོད་དོ། །སངས་རྒྱས་

ཀྱི་ཞིང་ལ་ལ་ན་ནི་མིག་རིག་རིག་བྱས་པ་ལ་ཆོས་བཤད་པ་ཞེས་བརྗོད་དོ། །སངས་རྒྱས་ཀྱི་ཞིང་ལ་ལ་ན་ནི་བགད་པ་ལ་ཆོས་བཤད་པ་ཞེས་བརྗོད་དོ། །སངས་རྒྱས་ཀྱི་ཞིང་ལ་ལ་ན་ནི་གླལ་བ་ལ་ཆོས་བཤད་པ་ཞེས་བརྗོད་དོ། །སངས་རྒྱས་ཀྱི་ཞིང་ལ་ལ་
ན་ནི་སེ་གོལ་བྱས་པ་ལ་ཆོས་བཤད་པ་ཞེས་བརྗོད་དོ། །སངས་རྒྱས་ཀྱི་ཞིང་ལ་ལ་ན་ནི་རྗེས་སུ་དྲན་པ་ལ་ཆོས་བཤད་པ་ཞེས་བརྗོད་དོ། །སངས་རྒྱས་ཀྱི་ཞིང་ལ་ལ་ན་ནི་ལུས་བསྐྱོད་པ་ལ་ཆོས་བཤད་པ་ཞེས་བརྗོད་དོ་ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་
པའི་མདོ་ལ་སོགས་པ་དང་སྦྱར་ན། ཇི་ཙམ་དུ་རྣམ་པ་སྣ་ཚོགས་ཀྱིས་ཕན་འདོགས་པ་ཐམས་ཅད་ནི་ཆོས་སྟོན་པ་ཞེས་བྱ་སྟེ། དེའི་ཕྱིར་མདོ་སྡེ་དེ་ཉིད་ལས་ལ་ལ་ན་ནི་འོད་ཟེར་གྱིས་སངས་རྒྱས་ཀྱི་མཛད་པ་བྱེད་དོ། །དེ་བཞིན་དུ་ལ་ལ་ན་ནི་ནམ་མཁས་སོ། །ལ་ལ་ན་ནི་སྒྲ་སྐད་དང་
ཚིག་གི་བརྗོད་པ་དང་ཡི་གེས་སངས་རྒྱས་ཀྱི་མཛད་པ་བྱེད་དོ། །སངས་རྒྱས་ཀྱི་ཞིང་ལ་ལ་ན་ནི་རབ་ཏུ་ཞི་ཞིང་ཚིག་མེད་པ་དང་བརྗོད་པ་ཡང་མེད། བསྟན་པ་ཡང་མེད་པ་དང་། རྣམ་པར་རིག་པ་མེད་པ་དང་། མངོན་པར་འདུས་བྱས་པ་མེད་པ་དང་། འདུས་མ་བྱས་ཀྱིས་སངས་
རྒྱས་ཀྱི་མཛད་པ་བྱེད་དོ། །དེ་བཞིན་དུ་ཀུན་དགའ་བོ་སངས་རྒྱས་རྣམས་ཀྱི་སྤྱོད་ལམ་དང་། གཡོ་ཞིང་བསྐྱོད་པ་ཐམས་ཅད་ནི་སངས་རྒྱས་ཀྱི་མཛད་པ་མ་ཡིན་པ་གང་ཡང་མེད་དོ། །ཞེས་གསུངས་ཏེ། ཞིབ་ཏུ་ནི་དེ་ཉིད་ལས་འབྱུང་བ་བཞིན་ནོ། །དེ་ལྟར་ཆོས་སྟོན་པ་ཐ་དད་པར་
གྱུར་པས་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པས་སོ་སོའི་ཞིང་གིས་འདུལ་བའི་རྗེས་སུ་རྣམ་པ་སྣ་ཚོགས་མི་མཐུན་པས་ཕན་འདོགས་པ་ནི་སངས་རྒྱས་ཀྱི་མཛད་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཕན་ཚུན་འགལ་བ་མེད་དོ། །གོང་དུ་
བསྟན་པ་ལྟ་བུ་ཆོས་སྟོན་པ་དེ་དག་ལ་མིང་ལ་སོགས་པ་ཡོད་དམ་ཞེ་ན། ངེས་པ་མེད་དེ་ཞིང་སོ་སོ་དག་ན་ཆོས་སྟོན་པ་ཡང་ནམ་མཁའ་ལ་སོགས་པ་ཤེས་པ་བསྐྱེད་པའི་ཕྱིར། ཆོས་བཤད་པ་ཞེས་བརྗོད་པ་ནས། མིང་ལ་སོགས་པ་མེད་དེ། འདུས་མ་བྱས་ཀྱི་ཆོས་རྣམས་ལ་

གནས་སྐབས་མེད་པའི་ཕྱིར་རོ། །བརྗོད་པ་ཡང་མེད་བསྟན་པ་ཡང་མེད་པ་ལ་སོགས་པ་རབ་ཏུ་ཞི་ཞིང་ཚིག་མེད་པའི་སེམས་ལ་བརྟགས་པ་ཙམ་དུ་མིང་ལ་སོགས་པ་རྣམ་པར་གཞག་ན་ཡང་འགལ་བ་མེད་དེ། འདུས་བྱས་ཀྱི་སེམས་ལ་སོགས་པ་ལ་གནས་སྐབས་ཡོད་པའི་
ཕྱིར་རོ།། །།བམ་པོ་གཉིས་པ། དེ་ལ་གསུམ་པ་བསགས་པ་རྣམ་པར་ཕྱེ་བས་སེམས་ཀྱི་ཁྱད་པར་བསྟན་པ་ཞེས་བྱ་བ་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས་ཇི་སྐད་དུ་བརྒྱུས་ཞིང་འབྲེལ་པའི་ཕྱིར་མདོ་ཞེས་བྱའོ་ཞེས་
འབྱུང་བ་ལྟ་བུ་སྟེ། དེ་ལ་འདིར་དུས་བརྒྱད་ཀྱི་རྗེས་སུ་ཞུགས་ཤིང་ཉན་པ་པོའི་རྣམ་པར་རིག་པ་ལ་དྲང་པོ་དང་དྲང་པོ་མ་ཡིན་པར་བཤད་པ་དག་བསགས་ཤིང་། རྣམ་པར་ཕྱེ་བ་གང་ཡིན་པ་དེ་ལ་ངོ་བོ་ཉིད་ཅེས་བྱའོ། །དུས་བརྒྱད་ཅེས་བྱ་བ་ཡང་རྣམ་པ་གཉིས་སུ་བཤད་དོ། །ཁ་ཅིག་
ན་རེ་དུས་བརྒྱད་ནི་བསྒྱུར་བའི་སྒྲ་བརྒྱད་ཉིད་དེ་འདི་ལྟར་བསྒྱུར་བའི་སྒྲ་བདུན་གྱི་སྟེང་དུ་འབོད་པའི་སྒྲས་བསྣན་པ་སྟེ། ཇི་སྐད་དུ་སྐྱེས་བུ་ཞེས་བརྗོད་པ་ལྟ་བུའོ། །བསྒྱུར་བའི་སྒྲ་བརྒྱད་ནི་འོག་ནས་རྣམ་པར་དབྱེ་བ་ཉིད་དེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཆོས་འཆད་པའི་ཚེ་
བསྒྱུར་བ་བརྒྱད་པོ་ལས་གང་ཡང་རུང་བའི་སྒྲ་ཅིག་བརྗོད་པས་ན་དེའི་ཕྱིར་དུས་བརྒྱད་ཀྱི་རྗེས་སུ་ཞུགས་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ནི་སྒྲའི་རིག་པའི་རབ་ཏུ་བྱེད་པ་ལ་བརྟེན་ནས། ཉིན་དང་མཚན་རེ་རེ་ལ་དུས་བཞི་བཞི་ཡོད་པས་གཅིག་ཏུ་བསྡུས་ན། དུས་བརྒྱད་དུ་འགྱུར་ཏེ།
དེ་བཞིན་གཤེགས་པ་རྣམས་ཆོས་འཆད་པ་ཡང་དུས་བརྒྱད་པོ་ལས་གང་ཡང་རུང་བ་ཅིག་གི་རྗེས་སུ་འགྲོ་བས་ན། དེའི་ཕྱིར་དུས་བརྒྱད་ཀྱི་རྗེས་སུ་ཞུགས་པ་ཞེས་བྱའོ་ཞེའོ། །དེ་ལ་དྲང་པོ་དང་དྲང་པོ་མ་ཡིན་པར་བཤད་པ་ཞེས་བྱ་བ་ཡང་རྣམ་པ་གསུམ་དུ་བཤད་དོ། །ཁ་ཅིག་ནི་
རང་གི་ངོ་བོ་ཉིད་བརྗོད་པའི་ཕྱིར་དྲང་པོར་བཤད་པ་ཞེས་བྱའོ། །ཁྱད་པར་བརྗོད་པའི་ཕྱིར་དྲང་པོ་མ་ཡིན་པར་བཤད་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ནི་ཚིག་རྐང་ནི་དྲང་པོར་བཤད་པ་ཞེས་བྱའོ། །ཚིགས་སུ་བཅད་པ་ནི་དྲང་པོ་མ་ཡིན་པར་བཤད་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ནི་

གསུང་རབ་ཡན་ལག་བཅུ་གཉིས་ལས་མདོ་སྡེ་མདོའི་སྡེ་ནི་དྲང་པོར་བཤད་པ་ཞེས་བྱའོ། །གཞན་བཅུ་གཅིག་པོ་དག་ནི་དྲང་པོ་མ་ཡིན་པར་བཤད་པའོ། །ཞེས་བྱའོ་ཟེར་ཏེ། དེའི་དོན་དུ་ན་དུས་བརྒྱད་ཀྱི་རྗེས་སུ་ཞུགས་ཤིང་ཉན་པ་པོའི་རྣམ་པར་རིག་པ་
ལ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མིང་དང་ཡི་གེ་དང་ཚིག་ལ་སོགས་པ་བསགས་ཤིང་རབ་ཏུ་ཕྱེ་བར་གྱུར་པ་གང་ཡིན་པ་དེས་བསྟན་པ་ངོ་བོ་ཉིད་བྱེད་དོ་ཞེས་སྟོན་ཏོ། །ཇི་ལྟ་བུ་ཞིག་ལ་ཉན་པ་པོའི་རྣམ་པར་རིག་པའི་སེམས་ཞེས་བྱ། ཅིའི་ཕྱིར་བསགས་པ་རབ་ཏུ་ཕྱེ་བ་
ཞེས་བསྟན་ཞེ་ན། རྣལ་འབྱོར་སྤྱོད་པའི་ས་དང་སྦྱར་ན་རེ་ཞིག་རྣམ་པར་ཤེས་པའི་ཚོགས་དྲུག་ལ་བརྟེན་ནས་སེམས་རྣམ་པ་ལྔ་རྣམ་པར་འབྱེད་པར་བྱེད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གཞན་ཡང་། མིག་གི་རྣམ་པར་ཤེས་པ་བྱུང་བ་ན་ཉེ་བར་གནས་པ་ལས་བྱུང་བ་དང་།
ཚོལ་བ་དང་། ངེས་པའི་སེམས་རྣམ་པ་གསུམ་དམིགས་པར་འགྱུར་ཏེ། དེ་ལ་དང་པོ་ནི་མིག་གི་རྣམ་པར་ཤེས་པ་ཉིད་དོ། །གཉིས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལ་ངེས་པའི་སེམས་ཕན་ཆད་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་བར་བལྟའོ། །དེ་ནས་
དེའི་རྒྱུ་མཐུན་པའི་མིག་གི་རྣམ་པར་ཤེས་པའི་ཡང་དགེ་བ་དང་མི་དགེ་བར་ཡང་འབྱུང་བར་འགྱུར་ཏེ། རང་གི་རྟོག་པའི་དབང་གིས་ནི་མ་ཡིན་ནོ། །ཇི་སྲིད་དུ་ཡིད་དེ་གཞན་ལ་རྣམ་པར་གཡེངས་པར་མ་གྱུར་པ་དེ་སྲིད་དུ་ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་
གཉིས་ཀ་དགེ་བའམ། ཉོན་མོངས་པ་ཅན་དུ་རྒྱུན་མི་འཆད་པར་འཇུག་པར་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་བྱུང་བ་ན་ཇི་ལྟ་བ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་ཉིད་དུ་རིག་པར་བྱའོ་ཞེས་འབྱུང་སྟེ། རྣམ་པ་ལྔ་ལས་དང་པོ་དང་ཐ་མ་ནི་རྣམ་པ་དྲུག་
དང་ལྡན་ནོ། །བར་མ་གསུམ་ནི་ཡིད་འབའ་ཞིག་གོ། །གཞན་ཡང་དང་པོ་གསུམ་ནི་ལུང་དུ་མ་བསྟན་པ་ཡིན་ལ། ཐ་མ་གཉིས་ནི་དགེ་བ་དང་མི་དགེ་བར་ཡང་འགྱུར་རོ། །གཞན་ཡང་ཉེ་བར་གནས་པ་ལས་བྱུང་བའི་རྣམ་པར་ཤེས་པ་ལྔའི་འོག་ཏུ་ངེས་པར་ཚོལ་བའི་སེམས་ཡོད་ལ།

ཚོལ་བའི་སེམས་ཀྱི་འོག་ཏུ་ནི་རྣམ་པར་གཡེངས་པའམ། རྣམ་པར་གཡེངས་པ་མ་ཡིན་པ་ཉིད་དུ་འགྱུར་ཏེ། དེའི་འོག་ཏུ་ནི་ཉེ་བར་གནས་པ་ལས་བྱུང་བའི་རྣམ་པར་ཤེས་པ་ལྔ་ཉིད་དུ་འབྱུང་བར་འགྱུར་རོ། །རྣམ་པར་གཡེངས་པར་མ་གྱུར་ན་ནི་གསུམ་པ་ངེས་པའི་སེམས་
ནས་རྒྱུ་མཐུན་པའི་བར་དུ་འབྱུང་བར་འགྱུར་རོ། །གཞན་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་ཉེ་བར་གནས་པ་ལས་བྱུང་བ་ནི་རྣམ་པ་གཉིས་ཏེ། རྣམ་པར་ཤེས་པ་ལྔ་དང་དུས་གཅིག་པའི་ཉེ་བར་གནས་པ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་གཅིག་པུའི་ཉེ་བར་
གནས་པ་ལས་བྱུང་བའི་སེམས་ཞེས་བརྗོད་པའོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་རྩོལ་བ་མེད་ཅིང་རྣམ་པར་གཡེང་བར་གྱུར་པ་དང་མ་འདྲིས་པའི་དམིགས་པ་ལ་ནི་འདུན་པ་ལ་སོགས་པ་འཇུག་པ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་
ནི་ཉེ་བར་གནས་པ་ལས་འབྱུང་བར་ཞེས་བརྗོད་པར་བྱ་སྟེ། འདས་པ་ལ་དམིགས་པ་ཁོ་ནའོ། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་མཇུག་ཐོགས་སུ་བྱུང་བའི་ཡིད་ཚོལ་བ་པའམ། ངེས་པ་ནི་གལ་ཏེ་དེའི་ཡུལ་དེའི་དམིགས་པ་ཡིན་ན། ད་ལྟར་གྱི་ཡུལ་ཅན་ཁོ་ན་
ཞེས་བྱའོ་ཞེས་འབྱུང་ངོ་། །གལ་ཏེ་ཡུལ་དེ་ཉིད་ལ་དམིགས་ནས་སྐྱེའོ་ཞེ་ན། འགྲེལ་པ་དག་གིས་རྣམ་པ་བཞིར་བཤད་དེ། དེ་ལ་ཁ་ཅིག་ནི་ཡིད་ཀྱི་རྣམ་པར་ཤེས་པ་རང་གི་ངང་གིས་འཇུག་ཅིང་སེམས་དང་པོ་གསུམ་གྱི་གོ་རིམས་ལ་མི་བརྟེན་པ་ནི་རྣམ་པར་གཡེང་བ་
ཞེས་བྱ་བའོ། །རྐྱེན་དྲག་པོ་མ་ཡིན་པ་དང་། མ་གོམས་པའི་ཡུལ་ལ་དམིགས་པའི་ཚེ་ནི་ལྔ་ཀུན་ཏུ་འགྲོ་བ་ཡོད་ཀྱི། ལྔ་ཡུལ་སོ་སོར་ངེས་པ་ནི་མེད་དོ། །དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཉེ་བར་གནས་པ་ལས་བྱུང་བའི་སེམས་ཞེས་བརྗོད་པར་བྱའོ། །སྔོན་མྱོང་བའི་
ཡུལ་འདས་པ་ལ་དམིགས་པ་དང་རྣམ་པར་ཤེས་པའི་ཚོགས་ལྔའི་མཇུག་ཐོགས་སུ་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བརྗོད་པ་དང་། ཚོལ་བ་པའི་སེམས་སམ་ངེས་པའི་སེམས་གང་ཡིན་པ་དེ་དག་ནི་སྔ་མའི་རྣམ་པར་ཤེས་པའི་ཚོགས་ལྔའི་རྣམ་པའི་ཡུལ་མངོན་སུམ་དུ་

གྱུར་པ་ལ་དམིགས་པ་ཁོ་ན་ཞེས་བརྗོད་པར་བྱའོ། །ཚོལ་བ་པོ་དང་ངེས་པའི་སེམས་གཉིས་པོ་གང་ཡིན་པ་དེ་དག་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་གི་རྣམ་པའི་ཡུལ་ལ་དམིགས་ནས་སྐྱེའོ་ཞེས་བཤད་དེ། སློབ་དཔོན་གཞན་གསུམ་གྱི་
བཤད་པ་དག་ནི་སེམས་རྣམ་པ་ལྔ་བསྟན་པ་ལས་འབྱུང་བ་བཞིན་ནོ། །འདིར་རེ་ཞིག་སེམས་རྣམ་པ་ལྔ་དང་སྦྱར་ནས། བསགས་པའི་དོན་རབ་ཏུ་བསྟན་པར་བྱ་སྟེ། དེ་ལ་བསགས་པ་ཞེས་བྱ་བ་ནི་མདོ་དེ་དག་ལས་ཇི་སྐད་དུ། འདུ་བྱེད་རྣམས་ནི་མི་རྟག་སྟེ། །བྱུང་ནས་ཟད་
པའི་ཆོས་ཅན་ནོ། །སྐྱེས་ནས་ངེས་པར་འགག་པའི་ཕྱིར། །ཞི་བ་དེ་ནི་བདེ་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །མདོ་སྡེའི་ཚད་མ་འདིས་རྟག་པར་འཛིན་པ་དག་འཇིག་པར་མཛད་དེ། འདུ་བྱེད་རྣམས་ནི་མི་རྟག་སྟེ། །ཞེས་བྱ་བ་ནི་དམ་བཅའ་བའོ། །བྱུང་ནས་ཟད་པའི་
ཆོས་ཅན་ནོ། །ཞེས་བྱ་བ་ནི་ཆོས་མཚུངས་པའི་དཔེ་སྟེ། མར་མེའི་འོད་ལ་སོགས་པ་སྨོས་པའོ། །སྐྱེས་ནས་ངེས་པར་འཇིག་པའི་ཕྱིར། །ཞེས་བྱ་བ་ནི་གཏན་ཚིགས་ཡིན་ཏེ། རིགས་པ་དེས་ན་ཞི་བའི་མྱ་ངན་ལས་འདས་པ་དེ་ནི་མཆོག་ཏུ་བདེ་བར་གྱུར་པ་ཡིན་ནོ་ཞེས་བྱའོ། །དེ་ལ་རེ་
ཞིག་ཚིག་དང་པོ་ལ་བརྟེན་ནས་བསགས་པ་རྣམ་པར་དབྱེ་བར་བྱ་སྟེ། འདི་ཡང་སྒྲ་རྣམ་པ་བཞི་དང་ཡི་གེ་བཞི་དང་མིང་བཞི་དང་ཚིག་བཞི་དང་བརྗོད་པར་བྱ་བའི་དོན་དང་རབ་ཏུ་ལྡན་ནོ། །དོན་འདི་ལ་རྒྱ་གར་ཡུལ་པའི་སློབ་དཔོན་དག་གིས་རྣམ་པ་གསུམ་དུ་བཤད་དོ། །ཁ་ཅིག་ཏུ་
འདི་སྐད་དུ་རྣམ་ཤེས་བྱ་བའི་ཡི་གེ་བརྗོད་པའི་ཚེ། ཉེ་བར་གནས་པ་ལས་བྱུང་བའི། །རྣ་བའི་རྣམ་པར་ཤེས་པ་ལས་དེ་དང་དུས་གཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཚོར་བ་པའི་སེམས་ལ་སྒྲའི་མཚན་ཉིད་འབའ་ཞིག་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། ལྔ་དང་ལྷན་
ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར། མིང་ལ་སོགས་པ་ལ་དམིགས་པར་མི་བྱེད་དོ། །ཚོལ་བའི་སེམས་རྣམ་པར་ཤེས་པའི་ཚོགས་ལྔ་ལ་སོགས་པའི་དམིགས་པར་བྱ་བའི་ཡུལ་ཡོངས་སུ་ཚོལ་བའི་ཕྱིར་མིང་ལ་སོགས་པ་ལ་དམིགས་

པར་མི་བྱེད་དོ། །རྣམ་པར་ཤེས་པ་གསུམ་པོ་འདི་ལས་རྣམ་པར་གྱུར་པའི་སྒྲ་ལ་སོགས་པ་ཡོད་ཀྱང་། སྐྱེ་བ་ལ་སོགས་པའི་མཚན་ཉིད་བཞིན་དུ་དམིགས་པ་མི་བྱེད་པའི་ཕྱིར་བསགས་པ་ཞེས་མི་བཤད་དོ། །ངེས་པའི་སེམས་ཀྱི་འོག་ཏུ་མཚན་ཉིད་རྣམ་པ་གསུམ་ཡོད་དོ། །
འདི་ལྟ་སྟེ། སྒྲ་དང་མིང་དང་ཡི་གེའོ། །འདུ་བྱེད་ཅེས་བརྗོད་པའི་ཚེ་ནི་ཉེ་བར་གནས་པ་ལས་བྱུང་བའི་རྣ་བའི་རྣམ་པར་ཤེས་པ་དང་། དེ་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཚོལ་བའི་སེམས་ནི་འདུ་བྱེད་ཅེས་བྱ་བའི་སྒྲ་འབའ་ཞིག་དང་ལྡན་པ་ཡིན་ནོ། །སྔ་མ་བཞིན་དུ་
ཤེས་པར་བྱའོ། །ངེས་པའི་སེམས་ཀྱི་འོག་ཏུ་ནི་མཚན་ཉིད་རྣམ་པ་དྲུག་མངོན་སུམ་དུ་འགྱུར་ཏེ། འདི་ལྟ་སྟེ། རྣམ་ཤེས་བྱ་བའི་སྒྲ་དང་མིང་དང་ཡི་གེ་དང་། འདུ་བྱེད་ཅེས་བྱ་བའི་སྒྲ་དང་། མིང་དང་ཡི་གེའོ། །མི་ཞེས་བརྗོད་པའི་ཚེ་ནི་ཉེ་བར་གནས་པ་ལས་བྱུང་བའི་སེམས་ལ་
སོགས། མི་ཞེས་བྱ་བའི་སྒྲ་འབའ་ཞིག་ཐོབ་པར་གྱུར་ཏེ། སྔ་མ་བཞིན་དུ་རིག་པར་བྱའོ། །ངེས་པའི་སེམས་ཀྱི་འོག་ཏུ་ནི་མཚན་ཉིད་རྣམ་པ་གསུམ་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། རྣམ་ཤེས་བྱ་བའི་སྒྲ་དང་མིང་དང་ཡི་གེ་དང་། འདུ་བྱེད་ཅེས་བྱ་བའི་སྒྲ་དང་། མིང་དང་ཡི་གེ་
མི་ཞེས་བྱ་བའི་སྒྲ་དང་མིང་དང་ཡི་གེའོ། །རྟག་ཅེས་བྱ་བའི་ཡི་གེ་བརྗོད་པའི་ཚེ་ནི་ཉེ་བར་གནས་པ་ལ་སོགས་པའི་སེམས་རྟག་ཅེས་བྱ་བའི་སྒྲ་འབའ་ཞིག་ཐོབ་པར་འགྱུར་ཏེ། སྔ་མ་བཞིན་དུ་རིག་པར་བྱའོ། །ངེས་པའི་སེམས་ཀྱི་འོག་ཏུ་ནི་མཚན་ཉིད་རྣམ་པ་བཅུ་བཞི་ཐོབ་པར་འགྱུར་
ཏེ། འདི་ལྟ་སྟེ། སྒྲ་བཞི་དང་ཡི་གེ་བཞི་དང་མིང་བཞི་དང་ཚིག་དང་བརྗོད་པར་བྱ་བའི་དོན་ཏོ། །དེས་ན་རབ་ཏུ་ཉུང་ན་ཡང་རྣམ་པ་བཅུ་དྲུག་དང་ལྡན་པར་གྱུར་ན། གདོད་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ལྟར་ཡི་གེ་བཞི་པོ་དེ་དག་རེ་རེ་ཡང་སེམས་རྣམ་པ་བཞི་དང་ལྡན་ཏེ།
འདི་ལྟ་སྟེ། ཉེ་བར་གནས་པ་ལས་བྱུང་བའི་རྣ་བའི་རྣམ་པར་ཤེས་པ་དང་། དེ་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཚོལ་བ་དང་ངེས་པའི་སེམས་སོ། །གལ་ཏེ་རྣམ་པར་གཡེངས་པར་མ་གྱུར་ན་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་སེམས་འབྱུང་

བར་འགྱུར་ཏེ། ཅི་རིགས་སུ་ཤེས་པར་བྱའོ། །ཁ་ཅིག་ནི་ཉེ་བར་གནས་པ་ལས་བྱུང་བའི་རྣ་བའི་རྣམ་པར་ཤེས་པ་དང་། དེ་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་མིང་ལ་སོགས་པ་ལ་དམིགས་པར་མི་བྱེད་པའི་དོན་ཡང་ཡོད་པས། སྔ་མ་བཞིན་དུ་
རིག་པར་བྱ་སྟེ། མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར་རོ། །ཚོལ་བ་པ་ཕན་ཆད་ནི་མངོན་སུམ་གྱི་ཚད་མ་ཡིན་པས་དེ་ནི་སྒྲ་དང་མིང་དང་ཡི་གེ་ལ་སོགས་པ་ཡོངས་སུ་ཚོལ་བའི་སེམས་རྣམ་པ་བཞི་ཡང་འཐོབ་པར་འགྱུར་ལ། གོ་རིམས་བཞིན་དུ་གསུམ་དང་དྲུག་དང་དགུ་དང་
བཅུ་བཞི་ཡང་འཐོབ་པར་འགྱུར་ཏེ། སྔ་མ་བཞིན་དུ་རིག་པར་བྱའོ་ཞེ་ན། རྣམ་པར་བཤད་པ་འདི་དང་སྦྱར་ན་ནི་སེམས་བཅུ་གཉིས་དང་ལྡན་པར་གྱུར་ན་གདོད་ཡོངས་སུ་རྫོགས་པར་གྱུར་ཏེ། ངེས་པའི་སེམས་ལ་སོགས་པས་མང་ཉུང་ཅི་ཙམ་དང་ལྡན་པར་འགྱུར་བ་ཡང་
ཅི་རིགས་སུ་ཤེས་པར་བྱའོ། །ཁ་ཅིག་ནི་རྣ་བའི་རྣམ་པར་ཤེས་པ་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་མིང་ལ་སོགས་པ་ལ་དམིགས་པར་བྱེད་པའི་དོན་ཡང་ཡོད་དེ། དེ་ལྟ་མ་ཡིན་ན་ཚོལ་བ་པའི་ཡིད་ཀྱི་རྣམ་པར་ཤེས་པས་མིང་ཇི་ལྟ་བུ་ཞིག་ཡོངས་སུ་ཚོལ་བར་བྱེད་དེ།
རིགས་པ་དེས་ན་རྣམ་ཤེས་བྱ་བའི་ཡི་གེ་བརྗོད་པའི་ཚེ་ཉེ་བར་གནས་པ་ལས་བྱུང་བའི་རྣ་བའི་རྣམ་པར་ཤེས་པ་ནི་རྣམ་ཤེས་བྱ་བའི་སྒྲ་འབའ་ཞིག་འཐོབ་པར་འགྱུར་ལ། །དེ་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པའི་མིང་ལ་སོགས་པ་ལ་དམིགས་པར་བྱེད་པའི་དོན་ཡང་ཡོད་དེ།
དེ་ལྟར་མ་ཡིན་ན་ཚོལ་བ་པའི་ཡིད་ཀྱི་རྣམ་པར་ཤེས་པས་མིང་ཇི་ལྟ་བུ་ཞིག་ཡོངས་སུ་ཚོལ་བར་བྱེད་དེ། རིགས་པ་དེས་ན། རྣམ་ཤེས་བྱ་བའི་ཡི་གེ་བརྗོད་པའི་ཚེ། ཉེ་བར་གནས་པ་ལས་བྱུང་བའི་རྣ་བའི་རྣམ་པར་ཤེས་པ་ནི་རྣམ་ཤེས་བྱ་བའི་སྒྲ་འབའ་ཞིག་ཐོབ་པར་འགྱུར་ལ། དེ་དང་
ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་སྒྲ་དང་མིང་ལ་སོགས་པའི་ལྡན་པར་འགྱུར་རོ་ཞེའོ། །དོན་འདི་ཡང་རྣམ་པ་གཉིས་སུ་ཕྱེ་ནས་རྣམ་པར་བཤད་དེ། ཁ་ཅིག་ནི་འདི་སྐད་དུ་ཉེ་བར་གནས་པ་ལས་བྱུང་བའི་སེམས་རྣམ་པ་གསུམ་ཁོ་ན་དང་ལྡན་ཏེ། དེ་ཅིའི་ཕྱིར་ཞེ་ན། རྟག་ཅེས་བྱ་

བའི་སྒྲ་བརྗོད་པའི་ཚེ། རྣམ་ཤེས་བྱ་བ་ལ་སོགས་པའི་སྒྲ་དང་མིང་དང་། ཡི་གེ་ལ་དམིགས་པར་མི་བྱེད་དེ། འདི་ལྟར་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྷན་ཅིག་པའི་ཉེ་བར་གནས་པ་ནས་བྱུང་བའི་སེམས་ཞེས་བརྗོད་པ་ནི་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་
དམིགས་སོ་ཞེས་བྱ་བར་འདོད་ན་ནི་རྣམ་པར་གཡེངས་པའི་སེམས་ཀྱི་མངོན་སུམ་གྱི་ཚད་མ་ཡང་འདས་པ་ལ་དམིགས་པར་འགྱུར་བའི་ཕྱིར་ཚོལ་བ་པའི་སེམས་ཀྱི་ཚེ་གདོད་ཡོངས་སུ་རྫོགས་པར་འགྱུར་ཏེ། ཚོལ་བ་པ་ལ་སོགས་པའི་སེམས་ཀྱིས་མང་ཉུང་ཇི་ཙམ་འཐོབ་པར་འགྱུར་
བ་ཡང་གཉིས་པས་བཤད་པ་བཞིན་ནོ་ཞེའོ། །ཁ་ཅིག་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་མངོན་སུམ་གྱི་ཚད་མ་ཡིན་པར་ཡང་འད