Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 116
Văn bản gốc(Tây Tạng)
Trang 8 / 19 (50.000 ký tự/trang)
ག་ཆགས་ཀྱི་བྱེ་བྲག་གིས་ནི་བར་མ་དོ་ན་ཡོད་པའི་སྲིད་པ་དེས་ཡང་སྲིད་པར་འགྲོ་བ་སྟེ། དེ་བཞིན་དུ་མདོ་ལས་འབྱུང་བར་ཟད་དོ། །འབྲས་བུ་འབྱིན་པའི་རིམ་གྱི་བྱེ་བྲག་གིས་ཞེས་བྱ་བ་ནི་གོམས་པ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པས་ཁོང་དུ་ཆུད་པར་བྱའོ། །འཇིག་ རྟེན་པའི་ངེས་པར་འབྱུང་བའི་བག་ཆགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུན་མི་འཆད་པ་སྟེ། ཇི་ལྟ་ཞེ་ན། བག་ཆགས་རིང་དུ་སོང་བའི་ཕྱིར་རོ། །དུས་རེ་ཞིག་རྣམ་པར་མནན་པའི་ཕྱིར་ཉོན་མོངས་པ་འགྲིབ་པར་བྱེད་པ་ནི་མ་ཡིན་ཏེ། དེ་བཞིན་དུ་མདོ་ལས་འབྱུང་བར་ཟད་དོ། །ཆོས་འདི་ པ་རྣམས་ཀྱི་ཐར་པའི་ཚོགས་གྱི་བག་ཆགས་ནི་རྫས་སུ་གྱུར་པ་སྟེ། ཐར་པ་ཡང་དག་པ་འཐོབ་པའི་ཐབས་ཡིན་པའི་ཕྱིར་རོ། །གཞན་མུ་སྟེགས་ཅན་རྣམས་ཀྱི་ནི་དེ་ལྟ་མ་ཡིན་པས་རྫས་སུ་མ་གྱུར་པ་ཞེས་བྱའོ། །ཐེག་པའི་བག་ཆགས་ཀྱི་བྱེ་བྲག་གིས་ནི་མདོ་ལས་ཇི་སྐད་འབྱུང་བར་ཟད་པའི་ ཕྱིར་གསལ་ལོ། །ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་རྣམས་ནི་ཐེག་པ་གསུམ་ལ་གཅིག་ཏུ་ངེས་པ་སྟེ། སེམས་ཅན་གྱི་ཚོགས་ཡང་དག་པ་ཉིད་དུ་ངེས་པ་ཉིད་ཅེས་གསུངས་པ་གང་ཡིན་པའོ། །ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ ནི། ལོག་པ་ཉིད་དུ་ངེས་པའི་ཕྱིར། །གཅིག་ཏུ་མ་ངེས་པ་ཡིན་ཏེ། །ལོག་པ་ཉིད་དུ་ངེས་པ་ཉིད། །ཅེས་འབྱུང་བའི་ཕྱིར་རོ། །དེ་གཉིས་ཀར་མ་ངེས་པ་ཉིད་ནི་གང་དག་རྐྱེན་ཇི་ལྟ་བ་བཞིན་དུ་དམ་པ་དང་དམ་པ་མ་ཡིན་པའི་ཆོས་མཉན་པའི་རྒྱུས་ཐེག་པ་གསུམ་ལ་གཅིག་ཏུ་ངེས་པའམ་གཅིག་ཏུ་མ་ངེས་ པ་གཅིག་ཏུ་བསྒྲུབ་པར་འགྱུར་བ་སྟེ། གཉི་གར་མ་ངེས་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་རྒྱུའི་བྱེ་བྲག་གིས་ནི་ཡང་དག་པའི་ལྟ་བས་ཡང་དག་པ་ལ་ངེས་པ་ཉིད་དང་ཞེས་བྱ་བ་དང་ལོག་པར་ལྟ་བས་ལོག་པ་ལ་ངེས་པ་ཉིད་དང་དེ་གཉི་ག་དང་བྲལ་བས་གཉི་གར་མ་ངེས་ པ་ཉིད་ཀྱང་ཞེས་འབྱུང་བའི་ཕྱིར་ཏེ། ཡང་དག་པའི་ལྟ་བས་ནི་ཡང་དག་པ་ཉིད་དུ་ངེས་ལ། ལོག་པར་ལྟ་བས་དེ་དང་འདྲའོ། །ངན་འགྲོའི་རྒྱུའི་བྱེ་བྲག་གིས་ནི་མཚམས་མེད་པ་ལྔ་པོ་དག་གང་ཡང་རུང་བ་ཞིག་ཏུ་ལོག་པར་ངེས་པ་སྟེ། ལོག་པ་ཁོ་ན་ལོག་པ་ཉིད་ཡིན་ལ་དེར་ངེས་པའི་ཕྱིར་རོ། །བདེ་ འགྲོའི་རྒྱུའི་བྱེ་བྲག་གིས་ནི་དད་པ་ལ་སོགས་པ་དབང་པོ་ལྔ་ལ་ཡང་དག་པར་ངེས་པའི་ཕྱིར་ཏེ། འདིར་ཡང་ཡང་དག་པ་ཁོ་ན་ཡང་དག་པ་ཉིད་ཡིན་ནོ། །དེ་གཉི་ག་དང་བྲལ་བས་ངེས་པ་མེད་པ་ཉིད་ཡིན་ནོ། །མི་དལ་བར་སྐྱེ་བ་བརྒྱད་དུ་ལོག་པར་ངེས་པ་ནི་མུ་སྟེགས་ཅན་རྣམས་སོ། །ཡང་དག་པར་ མྱ་ངན་ལས་འདས་པ་ལ་ཡང་དག་པར་ངེས་པ་ཉིད་ནི་འཕགས་པ་ཉན་ཐོས་རྣམས་སོ། །ཡང་བྱར་མེད་པ་ནི་ལོག་པ་ཉིད་དང་། ཡང་དག་པ་ཉིད་དག་དང་གོ་རིམས་བཞིན་ཏེ་སྤངས་ཟིན་པའི་ཕྱིར་དང་། ཐོབ་ཟིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པ་མེད་པ་ནི་སྔ་མ་བཞིན་ནོ། །སེར་སྣ་མ་བཟློག་ པས་དོན་དུ་གཉེར་བའི་སེམས་ཅན་རྣམས་ཡལ་བར་འདོར་རོ། །ཕྲག་དོག་མ་བཟློག་པས་སེམས་ཅན་གཞན་དག་འབྱོར་བར་མི་འདོད་དོ། །ངན་པ་ཉེ་བར་སྤྱོད་པ་མ་བཟློག་པས་གཞན་དག་ལ་སྡུག་བསྔལ་ཉེ་བར་བསྒྲུབ་སྟེ། ངན་པ་ནི་སྨད་པའོ། །དེ་སྤྱོད་པ་ནི་ཡུལ་ཏེ། སེམས་ཅན་ལ་གནོད་ པར་ཞུགས་པའི་ལུས་དང་ངག་གི་ལས་དག་གོ། །དེ་གཉིས་ནི་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ཚུལ་འདིས་བྱང་ཆུབ་སེམས་དཔའ་ལོག་པ་ཉིད་དུ་ངེས་པ་ཡིན་ནོ། །རྒྱུ་གཉིས་པ་བཤད་པ་བསྒྲུབ་པས་ནི་ཡང་དག་པ་ཉིད་དུ་ངེས་པར་འགྱུར་ཏེ། འཕགས་པ་བླ་ན་མེད་པའི་ ལམ་སྒོམ་པ་ཉེ་བར་སྒྲུབ་པས་ཡང་དག་པར་ངེས་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །གཉི་ག་མེད་པས་མ་ངེས་པ་ཡིན་ཏེ། དེ་བཞིན་དུ་མདོ་ལས་འབྱུང་བར་ཟད་དོ། །སྤྱོད་པ་ལ་འཇུག་པ་ཕུན་སུམ་ཚོགས་པ་དེ་ལྟ་བུ་ཡིན་ནོ། །ཅི་ཞིག་ཤེས་ནས་སྟོན་ཞེ་ན། །རྣམ་གྲོལ་སྣོད་ཅེས་བྱ་བ་དང་། །རྣམ་ པར་གྲོལ་བའི་མཚན་ཉིད་དང་། །ཐེག་པ་གསུམ་པོ་རབ་སྟོན་ཕྱིར། །རྣམ་གྲོལ་རབ་ཏུ་དབྱེ་བའོ། །ཡོངས་སུ་སྨིན་པར་གྱུར་པས་ཞེས་བྱ་བ་ལ་ཡོངས་སུ་སྨིན་པ་ནི་མི་མཐུན་པའི་ཕྱོགས་བསྩལ་བ་སྟེ། རྨ་ཡོངས་སུ་སྨིན་པ་བཞིན་ནོ། །སྐལ་བ་དང་ལྡན་པ་ཉིད་དུ་བྱེད་པས་གཉེན་པོ་བསྐྱེད་པ་ སྟེ། ཟས་ཡོངས་སུ་སྨིན་པ་བཞིན་ནོ། །འདུལ་བས་ཞེས་བྱ་བ་ནི། སེམས་ཅན་རྣམས་འདུལ་བའི་རྒྱུ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་འདུལ་བར་བྱེད་པ་སྟེ། དེའི་རང་བཞིན་ནི་དེ་དག་ཉེ་བར་ཞི་བ་ཡིན་པའི་ཕྱིར་རོ། །གདུལ་བྱ་རྣམས་ཀྱི་སྣོད་བརྟགས་ནས། །གཉེན་པོ་ཉེ་བར་སྟོན་ པའི་ཕྱིར། །དབང་དུ་བྱས་ནས་བཤད་པ་ནི། །ཚིག་བཅུ་དག་གིས་ཤེས་པར་བྱ། །རྣམ་པར་དབྱེ་བ་ནི་གཉེན་པོའི་བྱེ་བྲག་སྟེ། དེ་ཡང་བསམ་པ་ཇི་ལྟ་བ་དང་། བག་ལ་ཉལ་ཇི་ལྟ་བ་ཞེས་བྱ་བ་ཡིན་ནོ། །གཉིས་ཀྱིས་ནི་གཉེན་པོ་བསྟན་པའི་སྣོད་ཉིད་འོས་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་བ་ ཡིན་ནོ། །དབང་པོ་དང་མོས་པ་དང་མཐུན་པའི་དབང་དུ་བྱས་ནས་ཆོས་སྟོན་པའི་ཕྱིར་སྤྱིར་ཆོས་བཤད་པའི་སྣོད་ཉིད་ཡིན་ཏེ་དེ་ཡང་ཚིག་གཉིས་ཀྱིས་བསྟན་ཏོ། །གང་ལ་དཔེ་ཉེ་བར་བསྒྲུབས་པ་གང་གི་དོན་གཉུག་མ་གོར་བཏུབ་པ་དེ་དེ་ལ་ཉེ་བར་བསྒྲུབ་པ་སྟེ། སྤྱོད་ཡུལ་ཇི་ལྟ་བ་རྣམ་པར་དབྱེ་ བ་ཤེས་པ་ཉེ་བར་སྒྲུབ་པ་ཞེས་གསུངས་པ་གང་ཡིན་པའོ། །སྤྱོད་ཡུལ་ནི་ཡུལ་ལོ། དེ་ཡང་གྲགས་པ་ཡིན་གྱི་མ་གྲགས་པ་ནི་མ་ཡིན་པས་དཔེ་ཡིན་ཏེ། བསྒྲུབ་པར་བྱ་བ་ལ་དེ་རྣམ་པར་དབྱེ་བས། ཤེས་པ་ཉེ་བར་སྒྲུབ་པས་སོ། །རྣམ་གྲངས་གང་གིས་དོན་གང་གོ་བར་འགྱུར་བ་ དེའི་སྣོད་ཀྱི་དབང་དུ་བྱས་པ་སྟེ། སྤྱོད་ཡུལ་ཐམས་ཅད་ཤེས་པ་ཁོང་དུ་ཆུད་པར་བྱ་བ་ཞེས་གསུངས་པ་གང་ཡིན་པའོ། །རྣམ་གྲངས་གང་གིས་ཡུལ་ལ་སོགས་པས་ཐ་དད་པའི་སེམས་ཅན་ཐམས་ཅད་ཀྱི་དངོས་པོ་སྤྱོད་ཡུལ་དུ་འགྱུར་བ་དེ་ཤེས་པ་ཁོང་དུ་ཆུད་པར་བྱ་བའོ། ། བརྗོད་པར་འདོད་པའི་དོན་ཇི་སྙེད་པ་ཐོབ་པའི་སྣོད་དུ་རུང་བ་དེའི་དབང་དུ་བྱས་པ་ནི་ཁམས་ཀྱི་ཐིབས་པོ་ཇི་ལྟ་བ་བཞིན་དུ་ཉེ་བར་དཔྱོད་པ་དང་ལྡན་པ་ཞེས་གསུངས་པ་གང་ཡིན་པ་སྟེ། ཁམས་ནི་རིགས་ཡིན་ནོ། །ཤེས་པར་དཀའ་བའི་ཕྱིར་དེ་ཉིད་ཐིབས་པོ་ཡིན་ནོ། །དེའི་ཉེ་བར་དཔྱོད་པ་ནི་རྣམ་པར་འབྱེད་ པ་སྟེ། བྱེ་བྲག་ཏུ་ཤེས་པའོ། །དེ་དང་ལྡན་པ་སྟེ། དེའི་ཕྱིར་རིགས་ཁོང་དུ་ཆུད་པའི་ཕྱིར་དེ་དང་འཚམ་པའི་ཆོས་བསྟན་པས་ཐོབ་པར་རུང་བ་ཉིད་དོ། །ཚིག་གཟུང་བར་འོས་པ་ཉིད་ཅེས་བྱ་བ་ནི་སྐྱེ་བར་ཉོན་མོངས་པ་དང་ལས་ཀྱི་བག་ཆགས་ཇི་ལྟ་བ་བཞིན་རྗེས་སུ་འཇུག་ཅེས་གསུངས་པ་གང་ ཡིན་པའོ། །ཇི་ལྟ་ཞེ་ན། སྐྱེ་བ་དེ་དང་དེར་ཉོན་མོངས་པ་དང་ལས་ཀྱི་བག་ཆགས་དང་མཐུན་པར་བྱེད་པ་སྟེ། མཐུན་པ་ཉིད་དུ་སྒྲུབ་པས་ནི་ཚིག་གཟུང་བར་འོས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་མི་ཤེས་པའི་ངོ་བོ་ཆོས་སྟོན་པར་བྱེད་པ་འདི་སུ་ཞིག་ཅེས་ཟེར་ཏེ། དེ་ལྟར་མི་འགྱུར་རོ། །ངེས་པ་ དང་མ་ངེས་པའི་དབང་པོ་རྣམ་པར་བཟློག་པ་ནི་ཚོགས་ཇི་ལྟ་བུ་ལ་གནས་པ་ཁོང་དུ་ཆུད་པར་བྱ་བ་ཞེས་གསུངས་པ་གང་ཡིན་པ་སྟེ། ལོག་པ་ཉིད་ཀྱི་ཚོགས་ལ་ངེས་པའི་དབང་པོ་རྣམ་པར་བཟློག་པ་ནི་དཔེར་ན་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱིས་མ་སྐྱེས་དགྲའི་འགྱོད་པ་བསལ་ནས། ལས་བསྲབས་པས་ངན་སོང་རྣམས་ལས་རྣམ་པར་བཟློག་པ་ལྟ་བུའོ། །མ་ངེས་པ་རྣམ་པར་བཟློག་པ་ནི་ཡང་དག་པ་ཉིད་ལ་འགོད་པའི་ཕྱིར་རོ། །ཐེག་པ་ཇི་ལྟ་བུས་ངེས་པར་འབྱིན་པའི་སྣོད་ཉིད་ཅེས་བྱ་བ་ནི་ཐེག་པ་ཇི་ལྟ་བུ་ལ་མོས་པས་རྣམ་པར་གྲོལ་བ་ཐོབ་པར་བྱས་པས་ཆོས་སྟོན་ཏོ་ཞེས་ གསུངས་པ་གང་ཡིན་པའོ། །རྣམ་པ་ཉི་ཤུས་གཏམ་བརྗོད་པ། །ཇི་ལྟ་བུ་ཞེ་ན། །དུས་དང་གུས་པར་བྱེད་པ་དང་། །གོ་རིམས་དང་། མཚམས་སྦྱར་བ་དང་། མཐུན་པར་ལྡན་པ་དང་། དགའ་བར་བྱེད་པ་དང་། མོས་པར་བྱེད་པ་དང་། ཚིམ་པར་བྱེད་པ་དང་། བརྟུན་ངེས་པར་མི་བྱེད་པ་དང་། གཡེལ་བར་མི་བྱེད་པ་དང་། རིགས་པ་དང་། མཐུན་པ་དང་། མ་འདྲེས་པ་དང་། ཆོས་དང་ལྡན་པ་དང་། འཁོར་ཇི་ལྟ་བ་དང་། བྱམས་པའི་སེམས་དང་ལྡན་པ་དང་། ཕན་པའི་སེམས་དང་ལྡན་པ་དང་། སྙིང་བརྩེ་བའི་སེམས་དང་ལྡན་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་ བཅད་པ་རྣམས་ལ་མི་གནས་པ་དང་། བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་པའོ། །དེ་ལ་དུས་ནི་མི་ཁོམ་པ་བརྒྱད་དང་མ་འབྲེལ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན། མྱ་ངན་གྱིས་གདུངས་རིམས་བཏབ་འཁྲུགས་པ་ཡུལ་ལ་མངོན་ཕྱོགས་རྣམ་པར་ཉམས་པར་གནས། །སྒོ་བ་མེད་ཅིང་སྲུང་མ་ མེད་དང་ཕྲད་མ་ཞུགས་དང་སྒྲུབ་པ་མེད་པ་ཡི། །རྒྱལ་པོ་ལ་ནི་ཡུལ་དུས་ཤེས་པ་ཇི་ལྟར་རང་དོན་བརྗོད་པར་མི་འདོད་ལྟར། །སེམས་ཀྱི་རྒྱལ་པོ་མི་ཁོམ་བརྒྱད་དང་འབྲེལ་པ་ཡི་ནི་ཚུལ་ནི་དེ་ཉིད་དོ། །བཤད་པ་ལྟ་བུའོ། །གུས་པར་བྱེད་ཅེས་བྱ་བ་ནི་མཐུན་པའི་སྤྱོད་ལམ་གྱིས་གནས་པ་ཡིན་གྱི། མི་མཐུན་ པས་གནས་པ་ལ་མ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། མིན་པར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གོ་རིམས་ཞེས་བྱ་བ་ནི་ཚིག་དང་ཡི་གེ་གོ་རིམས་ཇི་ལྟ་བ་བཞིན་དུ་སྟོན་པའོ། །མཚམས་སྦྱར་བ་ཞེས་བྱ་བ་ནི་གོ་རིམས་བཞིན་ཁོ་ནར་དོན་གྱི་སྒོ་ནས་ཀྱང་ རྣམ་པར་འབྱེད་པའོ། །མཐུན་པར་ལྡན་ཞེས་བྱ་བ་ནི་དོན་དང་ལྡན་པར་ཆོས་སྟོན་གྱི་དོན་དང་མི་ལྡན་པར་མ་ཡིན་པའོ། །དགའ་བར་བྱེད་ཅེས་བྱ་བ་ནི་ཡང་དག་པར་བསྟན་པར་བྱ་བ་རྣམས་ལ་ཡང་དག་པར་སྟོན་པའོ། །མོས་པར་བྱེད་ཅེས་བྱ་བ་ནི་ཡང་དག་པར་འཛིན་དུ་གཞུག་པར་བྱ་བ་རྣམས་ ལ་ཡང་དག་པར་འཛིན་དུ་འཇུག་པའོ། །ཚིམ་པར་བྱེད་ཅེས་བྱ་བ་ནི་ཡང་དག་པར་གཟེངས་བསྟོད་པར་བྱ་བ་རྣམས་ལ་ཡང་དག་པར་གཟེངས་བསྟོད་པའོ། །བརྟུན་ངས་པར་མི་བྱེད་པ་དང་གཡེལ་བར་མི་བྱེད་ཅེས་བྱ་བ་རྣམ་པ་འདི་གཉིས་ཀྱིས་ནི་ཡང་དག་པར་དགའ་བར་བྱ་བ་རྣམས་ཡང་དག་ པར་དགའ་བར་བྱེད་པའོ། །རིགས་པ་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་གི་ཚད་མ་དང་ལྡན་པའི་གཏམ་ཟེར་བའོ། །མཐུན་པ་ཞེས་བྱ་བ་ནི་བདེ་འགྲོར་འགྲོ་བ་དང་རྗེས་སུ་མཐུན་པའོ། །མ་འདྲེས་པ་ཞེས་བྱ་བ་ནི་མ་འཁྲུགས་པ་གཟིང་གཟིང་བ་མ་ ཡིན་པའོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི། འཕགས་པའི་བདེན་པ་བཞི་དང་ལྡན་པའོ། །འཁོར་ཇི་ལྟ་བ་ཞེས་བྱ་བ་ནི། འཁོར་བཞིའམ་བརྒྱད་དེ། གང་ལ་ཇི་ལྟར་གཏམ་གང་འོས་པ་དེ་ལ་དེ་ལྟར་བརྗོད་པའོ། །རེ་ཞིག་རྣམ་པ་བཅོ་ལྔ་པོ་འདི་དག་གིས་ནི་བྱང་ཆུབ་སེམས་ དཔའི་གཞན་གྱི་དོན་རྣམ་པ་ཐམས་ཅད་དང་ལྡན་པའི་གཏམ་དུ་ཤེས་པར་བྱའོ། །དེའི་འོག་ཏུ་བྱམས་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་གནོད་པ་བྱེད་པའི་སེམས་ཅན་རྣམས་ལའོ། །ཕན་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་ཉེས་པར་སྤྱད་པ་སྤྱོད་པའི་སེམས་ཅན་རྣམས་ལའོ། །སྙིང་ བརྩེ་བའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱིས་རྒྱགས་པ་དང་། སྲོ་ཤི་བ་རྣམས་ལའོ། །མི་གནས་པ་ཞེས་བྱ་བ་ནི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་ལ་རེ་བ་མེད་པ་ཟང་ཟིང་མེད་པའི་སེམས་ཀྱིས་སོ། །བདག་ལ་མི་བསྟོད་ཅིང་གཞན་མི་སྨོད་ཅེས་བྱ་བ་ ནི་ང་རྒྱལ་གྱི་ཕྲག་དོག་གིས་ཀུན་ནས་དཀྲིས་པ་དང་བྲལ་བར་སེམས་ཅན་རྣམས་ལ་ཆོས་སྟོན་པ་སྟེ། རྣམ་པ་ལྔ་པོ་འདི་དག་གིས་ནི་བྱང་ཆུབ་སེམས་དཔའི་རང་གི་སེམས་ཡོངས་སུ་དག་པའི་གཏམ་དུ་ཤེས་པར་བྱའོ། །སོ་སོ་ཡང་དག་རིག་བསྡུས་ཕྱིར། །ངག་ནི་ཕུན་སུམ་ཚོགས་ཤེས་ བྱ། །སེམས་ཅན་དོན་དུ་ངག་འཇུག་སྟེ། །དེ་ཡང་མ་འདྲེས་སྟོན་པ་ཡི། །རྟག་པར་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་རྒྱུན་དུ་ཡང་དག་པར་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །མ་འདྲེས་པ་དག་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་རྣམས་ཞེས་བྱ་ བའི་ཐ་ཚིག་གོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །སོ་སོ་ཡང་དག་པར་རིག་པ་འདི་རྣམས་ཀྱི་ཡུལ་ལ་ཆོས་ ཉིད་ནི། ཆོས་ཀྱི་ངོ་བོ་ཉིད་ཆོས་ཀྱི་རིགས་ཡོངས་སུ་བསྡུས་པ་སྟེ། གཟུགས་ཀྱི་མཚན་ཉིད་ནི། གཟུགས་སུ་རུང་བའོ་ཞེས་བཤད་པ་ལྟ་བུའོ། །འདིས་ཇི་ལྟར་མཐའ་གཉིས་སྤངས་པ་ཉིད་བཤད་པ་ཡིན་ཞེ་ན། གཟུགས་ལ་སོགས་པས་ནི་དེ་ལྟ་བུ་ཡིན་ནོ་ཞེས་མཚན་ཉིད་མི་འདྲ་ བ་བརྗོད་པ་ཁ་ཅིག་གིས་གཟུགས་ལ་སོགས་པ་ལ་བདག་ཏུ་སྒྲོ་བཏགས་པ་གང་ཡིན་པ་དེ་བསྩལ་ཏོ། །མེད་པ་ལ་མཚན་ཉིད་མེད་པས་སྐུར་པ་འདེབས་པའི་མཐའ་ཡང་འདི་ཉིད་ཀྱིས་བསྩལ་ཏོ། །ཆོས་ཉིད་སྤྱོད་ཡུལ་ཁོ་ན་ལ་ཇི་ལྟར་ཤེས་པའི་ཡུལ་དུ་འགྱུར་བའོ་ཞེས་བྱ་བ་འདིའི་དོན་ནི་འདི་ ཡིན་ཏེ། གཟུགས་དེ་མཚན་ཉིད་ཀྱི་སྒོ་ནས་བསྟན་དུ་ཟིན་ཀྱང་ཇི་སྲིད་དུ་རྣམ་པར་ཕྱེ་སྟེ་མ་བསྟན་པ་དེ་སྲིད་དུ་རེ་ཞིག་ཤེས་པས་ཡུལ་དུ་བྱ་བར་མི་ནུས་པས་རྣམ་པར་ཕྱེ་སྟེ་བརྗོད་པ་ནི་ཇི་ལྟར་ཤེས་པའི་ཡུལ་དུ་འགྱུར་བ་ཡིན་པར་རྟོགས་པར་བྱའོ། །ཤེས་པ་ནི་འདིར་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ གྱི་མིག་གི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། འདི་ལྟར་མིག་དང་གཟུགས་རྣམས་ཞེས་བྱ་བ་ལ་སོགས་པས་གཟུགས་སུ་རུང་བའི་རིགས་ཀྱིས་བསྡུས་པའི་དོན་ཐམས་ཅད་སྟོན་ཏོ། །གོ་བར་བྱེད་པ་ནི་ཆོས་ཉིད་སྤྱོད་ཡུལ་དེ་ཉིད་རྣམ་གྲངས་གང་གིས་བརྗོད་པས་གཞན་དག་གིས་ཤེས་པས་ཁོང་ དུ་ཆུད་པར་བྱེད་པའོ། །གོ་བར་བྱེད་པ་རྣམ་གྲངས་ཚད་མེད་པ་ཤེས་པ་དག་གིས་སྒོ་དུ་མ་ཉིད་དོ། །འདི་ཐམས་ཅད་ནི་རང་གི་མཚན་ཉིད་ལ་སོགས་པ་བཞི་ཚན་གྱི་བཅུ་པོ་ཐམས་ཅད་ལ་སོ་སོར་སྦྱར་བར་བྱའོ། །རིགས་ཀྱི་རང་གི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དེ་ཆོས་སོ་སོ་ཡང་དག་པར་རིག་ པས་ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་ཏེ་ཆོས་ཉིད་ཡུལ་ཡིན་པའི་ཕྱིར་རོ། །ཆོས་ཉིད་དེ་ཉིད་རིགས་ཞེས་བྱ་སྟེ། དངོས་པོ་དུ་མ་ཉེ་བར་སྡུད་པ་ཡིན་པའི་ཕྱིར་རོ། །སོ་སོའི་རང་གི་མཚན་ཉིད་ནི་དོན་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ ཤེས་སོ་ཞེས་བྱ་བ་ཡིན་ནོ། །རང་གི་མཚན་ཉིད་ཁོ་ནའི་དབང་དུ་བྱས་ནས་ཆོས་ཉིད་སྤྱོད་ཡུལ་དང་ཡུལ་ཡིན་པའི་ཕྱིར་ཏེ། ཆོས་ཉིད་སྤྱོད་ཡུལ་ནི་དོན་ཡིན་ལ་དེ་ཡང་རྣམ་པ་འགའ་ཞིག་ཏུ་ཉེ་བར་བཟུང་བས་ཡུལ་དུ་འགྱུར་བས་སོ་སོའི་རང་གི་མཚན་ཉིད་དུ་འགྱུར་རོ། །སྒྲ་ཇི་བཞིན་དུ་མིང་དུ་ གྲགས་པའི་རང་གི་མཚན་ཉིད་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་མ་འདྲེས་པར་བསྟན་པ་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །རང་གི་མཚན་ཉིད་ཁོ་ནའི་དབང་དུ་བྱས་ནས་གོ་བར་བྱེད་པ་ཡུལ་མ་འདྲེས་པར་བསྟན་པ་ཉིད་ཀྱིས་མཚན་ཉིད་འདི་བཤད་པ་ཡིན་ནོ། ། མིང་དེའི་རབ་ཏུ་དབྱེ་བའི་རང་གི་མཚན་ཉིད་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་མཐུན་པའི་རྒྱུན། རྒྱུན་མི་འཆད་པར་རབ་ཏུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་ཏེ། མཚན་ཉིད་འདི་ཡང་མཐུན་པའི་རྒྱུན་རྒྱུན་མི་འཆད་པ་ཉིད་ཀྱིས་ཡོངས་སུ་ བསྟན་པ་ཡིན་ནོ། །མཚན་ཉིད་གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །འདི་དག་གི་རབ་ཏུ་དབྱེ་བ་ནི་བཤད་པ་ཉིད་ལས་གསལ་བར་རབ་ཏུ་ཕྱེ་བར་ཟད་དོ། །འབྱུང་བའི་མཚན་ཉིད་ལ་ཇི་ལྟར་རིགས་ཀྱིས་བསྡུ་བའི་ཁོངས་སུ་བསྡུ་བར་བྱ་ཞེ་ན། ད་ལྟར་བྱུང་བའི་རིགས་སུ་ གཏོགས་པའི་ཕྱིར་ཞེས་བྱ་བས་སྦྱོར་བར་བྱེད་དོ། །ཤེས་པའི་ཡུལ་ཉིད་ཀྱང་འདས་པ་དང་མ་འོངས་པ་ལ་ལྟོས་ནས་ཞེས་བྱ་བ་ལ་སོགས་པས་སྦྱར་བ་ཉིད་དོ། །རྒྱུ་བཞི་དག་གིས་སྨྲ་བ་པོའི། །ཕུན་སུམ་ཚོགས་པར་འདོད་པ་ཡིན། །དང་པོ་གཟུགས་ནི་ཕུན་སུམ་ཚོགས། །གཉིས་ པ་སྟོན་པས་བྱས་པ་ཡིན། ལེན་འདེབས་པ་ནི་གསུམ་པ་སྟེ། །བཞི་པ་འཛིན་པའི་ཕྱིར་ཡིན་ནོ། །དེ་ལ་གཟུགས་ཕུན་སུམ་ཚོགས་པ་མདོ་ལས་ཇི་སྐད་འབྱུང་བ་བཞིན་སྦྱར་བར་བྱ་སྟེ། དེའི་ལས་ནི་འབྲས་ཕྲག་བཅུ་དང་ལྡན་པའི་སྒྲ་སྐད་ཀྱི་ཡན་ལག་ལ་མཁས་པས་ཞེས་བྱ་བ་ནས་བཟུང་ སྟེ། བསྐལ་པ་འབུམ་དུ་བཟུང་བའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བར་འདི་ནི་གཟུངས་ཀྱི་ལས་ཡིན་པར་རིག་པར་བྱའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་དེ་དེ་ལྟ་བུའི་གཟུངས་ཐོབ་ཅིང་ཞེས་བྱ་བ་ནས་བཟུང་སྟེ་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལས་ཆོས་ཀྱི་སྒོ་བརྗོད་དུ་མེད་པ་འབྱུང་བར་བྱེད་དོ་ཞེས་བྱ་ བའི་བར་འབྱུང་བའི་ཕྱིར་རོ། །དྲིས་པ་ལེན་འདེབས་པ་ཕུན་སུམ་ཚོགས་པ་ནི་གལ་ཏེ་ཞེས་བྱ་བ་ནས་བཟུང་སྟེ། སངས་རྒྱས་ཀྱི་མཛད་པ་མཐའ་དག་གིས་སེམས་ཅན་ཐམས་ཅད་ལ་ཉེ་བར་གནས་པ་ཡིན་ནོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །འཛིན་པ་ཕུན་སུམ་ཚོགས་པ་ནི་དེ་དེ་ བས་ཀྱང་ཤས་ཆེར་ཞེས་བྱ་བ་ནས་བཟུང་སྟེ། དེ་ལྟ་བུའི་ཤེས་རབ་ཀྱི་སྣང་བ་རྣམ་པར་ངེས་པའི་སྤོབས་པ་བདག་གིས་ཡོངས་སུ་སྤྱད་པར་བྱའོ་སྙམ་མོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །དེ་ལྟར་བཤད་པ་ཕུན་སུམ་ཚོགས་པ་ནི་ཤེས་པ་ཕུན་སུམ་ཚོགས་པ་དང་ངག་ཕུན་སུམ་ཚོགས་ པ་དང་། སྨྲ་བ་པོ་ཕུན་སུམ་ཚོགས་པ་དང་། རྒྱུ་གསུམ་གྱིས་ཡོངས་སུ་བསྟན་པ་ཡིན་ནོ། །ལྷག་མ་ནི་སྔ་མ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །བདག་དང་གཞན་དོན་བསྒྲུབ་ཕྱིར་ཐུགས་རྗེས་འབྲེལ་བའི་ཐུགས། །དང་པོར་དགེ་མཆོག་འབད་པ་ཆེན་པོ་མཛད་ནས་ནི། །བློ་ལྡན་ཡེ་ཤེས་ ཡོན་ཏན་མཆོག་ལྡན་བརྙེས་ནས་སུ། །སེམས་ཅན་བསམ་པ་ཐིབས་པོ་རྒྱུ་བ་མཁྱེན་མཛད་དེ། །འཇིག་རྟེན་སྡུག་བསྔལ་རྒྱ་མཚོར་ལྟུང་བ་རབ་གཟིགས་ནས། །དོན་མེད་ཐིབས་པོ་དེ་ལས་ཡོངས་སུ་དགྲོལ་བའི་ཕྱིར། །སེམས་ཅན་བསམ་པ་རྣམ་མང་ལེགས་པར་རབ་བརྟགས་ ཏེ། །འཕགས་པའི་ལམ་དང་མཐུན་པའི་ཆོས་ནི་སྟོན་བཞེད་ནས། །སེམས་ཅན་དབང་པོ་ལ་སོགས་མཁས་པ་མཆོག་ཐོབ་ཅིང་། །ཕུན་སུམ་ཚོགས་ངག་སྨྲ་པོ་ཕུན་ཚོགས་མཆོག་བརྙེས་ཏེ། །སེམས་བརྟེན་རྒྱུ་བ་ཐིབས་པོ་སེམས་ཅན་གཏོགས་པ་དག །རྣམ་པ་མང་པོ་ བརྟགས་ནས་ཆོས་རྣམས་སྟོན་པར་མཛད། །སོ་སོ་ཡང་དག་རིག་རྣམས་མང་ཐོབ་ནས། །དེ་ཡིས་ཆོས་རྣམས་ཚུལ་བཞིན་བསམ་བྱས་ཏེ། །ས་དགུ་དོན་ཆེན་རྣམ་པར་སྦྱོངས་ནས་ནི། །ཆོས་ཀྱི་སྤྲིན་ནི་ཡང་དག་གནོན་པར་བྱེད། །ས་བཅུ་པའི་འབྲེལ་པ་བསྟན་པའི་ཕྱིར། འདིར་ ས་དགུ་པ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་དག་ནི་བཤད་པའི་མཚམས་སྦྱོར་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཚོགས་བསྩགས་པར་བྱ་བ་ཤིན་ཏུ་མཐའ་ཡས་བསྩགས་པའི་ཕྱིར་ཆོས་དཀར་པོ་ཡོངས་སུ་རྫོགས་པ་ཡིན་ལ། དེ་ཡང་བསོད་ནམས་དང་ ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཤིན་ཏུ་ཡོངས་སུ་བཟུང་བའི་ཕྱིར་རོ་ཞེས་བྱ་བ་སྟེ། དེ་ལྟར་ན་མཚམས་སྦྱོར་བ་ཡིན་ནོ། །བདག་དང་གཞན་གྱི་དོན་ལ་ཁྱབ་པའི་ཕྱིར་སྙིང་རྗེ་ཆེན་པོས་ཤིན་ཏུ་རྒྱས་པ་ཐོབ་པ་སྟེ། བདག་དང་གཞན་གྱི་དོན་ལ་ཞུགས་པའི་ཕྱིར་ཞེས་སྨྲས་པ་གང་ཡིན་པའོ། །འཇིག་ རྟེན་གྱི་ཁམས་རྣམས་རྣམ་པར་དབྱེ་བ་ནི་སྣ་ཚོགས་པ་ཉིད་དོ། །དེ་ལ་མཁས་པ་ནི་བཟོ་བའོ། །དེའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ཁམས་ནི་རིགས་སོ། །དེའི་རྒྱུ་བ་ཐིབས་པོ་ཇི་སྐད་དུ་བཤད་པ་ལ་ཞུགས་ཤིང་རྟོགས་པ་སྟེ། །དེའི་ཕྱིར་ སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་རིགས་མ་རྟོགས་ན་ཡོངས་སུ་སྨིན་པར་བྱ་བ་དཀའོ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་དེ་བཞིན་ཉིད་དོ། །དེ་ལ་ཞུགས་པས་རྟོགས་པས་རྗེས་སུ་མཐུན་པར་གྱུར་པའི་འདུ་ཤེས་ཡིད་ལ་བྱེད་ པ་སྟེ། ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་སྨྲས་པ་གང་ཡིན་པའོ། །ཕུལ་དུ་ཕྱིན་པ་ཐོབ་པར་འདོད་པས་སྟོབས་ལ་སོགས་པ་ལ་ལྷག་པར་དམིགས་པ་སྟེ་ཆོག་པར་འཛིན་པ་ཞེས་སྨྲས་པ་གང་ཡིན་པའོ། །རྣམ་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་གང་དག་ཡིན་པ་དེ་དག་ནི་རྣམ་པ་ཐམས་ཅད་དང་ ལྡན་པའི་ཐམས་ཅད་མཁྱེན་པའོ། །དེ་དག་གི་ཡེ་ཤེས་ཀྱིས་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་དང་། བསྐལ་པ་ཇི་ལྟ་བར་སེམས་ཅན་གྱི་དོན་བྱེད་པ་སྟེ། གཅིག་ལ་དམིགས་པའི་ཕྱིར་དང་། ཅིག་ཤོས་ནི་ཕྲིན་ལས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སའི་ མཐར་ཐུག་པ་ཐོབ་པས་དེ་སྐད་ཅེས་བྱའོ། །དྲི་མེད་ལ་སོགས་ཏིང་ངེ་འཛིན། །བཅུ་ཚན་སོ་སོར་ཐོབ་པའི་ཕྱིར། །ཐོབ་པ་ལས་ནི་ཏིང་ངེ་འཛིན། །ཡོངས་སུ་རྫོགས་པར་ཐོབ་ཅེས་བརྗོད། །ཉོན་མོངས་པ་རྣམས་སྔར་སྤངས་པའི་ཕྱིར་ཉོན་མོངས་པ་རྒྱང་སྲིང་བར་བྱེད་པའི་དོན་གྱིས་ དྲི་མ་མེད་པ་སྟེ། ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་མངོན་དུ་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །ལྡེམ་པོ་དག་ལ་འཇུག་པ་དྲི་མ་མེད་པ་ཞེས་བྱ་བ་ལྡེམ་པོ་དག་ནི་འདིར་དགོངས་པའི་ལྡེམ་པོ་དག་ཡིན་པར་རིག་པར་བྱའོ། །དགོངས་པ་བཞིས་ཐུབ་པའི་གསུང་རབ་མཐའ་དག་ཇི་ལྟ་བ་ བཞིན་དུ་འགལ་བ་མེད་པར་ཁོང་དུ་ཆུད་པ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དབྱེ་བ་ལ་འཇུག་པ་ཞེས་བྱ་བ་གསུངས་པ་གང་ཡིན་པའོ། །ཆོས་ཀྱི་དབྱིངས་ནི་འདིར་བཤད་པའི་ཆོས་ཡིན་ཏེ། དེ་མདོ་སྡེ་དུ་མའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་འདི་ལ་བྱེ་བྲག་ཏུ་དབྱེ་བས་རྣམ་པར་ཕྱེ་ནས་ དགོངས་པ་གང་ཞིག་གང་ལ་འཇུག་པ་སྟེ། ཐམས་ཅད་ལ་དགོངས་པ་རྣམ་པ་བཞི་ཆར་ཡང་འཇུག་པ་ནི་མེད་དོ། །དེ་ལྟར་ན་ཏིང་ངེ་འཛིན་གང་གིས་བྱེ་བྲག་ཏུ་འཇུག་པ་དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དབྱེ་བ་ལ་འཇུག་པ་ཡིན་ནོ། །གཞན་ན་རེ་གཅིག་ཁོ་ན་ཡིན་པ་ལས་འཇིག་རྟེན་གྱི་ བྱེ་བྲག་གིས་ཐ་དད་པ་དོན་གྱི་སྒོ་ནས་གཅིག་པ་ཉིད་དུ་སྦྱོར་བར་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །བྱང་ཆུབ་མཆོག་ཏུ་གྱུར་པ་ནི་བྱང་ཆུབ་ཀྱི་སྙིང་པོའོ། །དེ་ལས་སྐྱེ་བའི་ཕྱིར་ཏིང་ངེ་འཛིན་གང་ལ་གང་དག་གིས་དེ་བརྒྱན་པར་བྱེད་རབ་ཏུ་འབྱེད་པར་བྱེད་པ་དེ་དག་གི་ཚོགས་ཡོད་པ་དེ། དེ་ཉིད་ཀྱི་ཕྱིར་ཉེ་ བ་དྲི་མ་མེད་པ་ཞེས་བྱའོ། །འདི་ལ་སྙིང་པོ་རྒྱ་མཚོ་ལྟ་བུ་ཡོད་པ་སྟེ། འདི་ལྟར་ནང་གི་ཆ་རིན་པོ་ཆེ་མཐུ་བླ་ན་མེད་པ་དཔག་ཏུ་མེད་པ་དང་ལྡན་པས་དྲ་བར་ཁེབས་པ་ཅན་གྱི་རྒྱ་མཚོ་ཆེན་པོ་ཤིན་ཏུ་རྒྱ་ཆེ་བར་གྱུར་པ་དེ་བཞིན་དུ་ཏིང་ངེ་འཛིན་ཀྱང་ཡི་གེ་དང་དོན་གྱི་གཟུངས་དུ་མ་མཉམ་པར་འཇོག་པའི་ལུས་ཡིན་ པའི་ཕྱིར་རྒྱ་ཆེན་པོར་གྱུར་ཏེ་གཟུངས་དྲི་མ་མེད་པ་ཞེས་སྨྲས་པ་གང་ཡིན་པའོ། །རྒྱ་མཚོ་དང་འདྲ་བར་འབྱོར་བ་སྟེ། ཇི་ལྟར་རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་ཕུང་པོ་ཆེན་པོ་གྲངས་སུ་དགོད་པ་དཔག་ཏུ་མེད་པ་དག་གིས་བརྒྱན་པ་ན་འབྱོར་པ་ཤིན་ཏུ་རབ་ཀྱི་མཐར་ཕྱིན་པ་དང་འབྲེལ་བ་ཉམས་སུ་མྱོང་བ་ དེ་བཞིན་དུ་མངོན་པར་ཤེས་པ་མཐུ་དུ་མ་དང་ལྡན་པར་མངོན་པར་སྒྲུབ་པ་ཡང་དག་པར་སྐྱེས་པ་དག་གིས་ཏིང་ངེ་འཛིན་དྲི་མ་མེད་པར་བྱེད་པ་ན་འབྱོར་པས་མཉམ་པར་འཇོག་པ་ཡིན་ཏེ། མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་དྲི་མ་མེད་པ་ཞེས་བརྗོད་པ་གང་ཡིན་པའོ། །མཐའ་ཡས་ པའི་ཕྱིར་ནམ་མཁའི་ཁམས་དང་འདྲ་བར་རྒྱས་པ་དང་། དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་ཏིང་ངེ་འཛིན་ཐོབ་པ་ན་ཞིང་རྣམ་པར་དག་པ་དྲི་མ་མེད་པར་འགྱུར་བ་སྟོན་ཏེ། དེ་བཞིན་དུ་ཡང་བཤད་པ་ ཡིན་ནོ། །ཚོགས་གསུམ་ལ་ངེས་པར་གནས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སྦྱར་བའི་སྒོ་ནས་རྗེས་སུ་རྟོགས་ཤིང་ཁོང་དུ་ཆུད་ན་དེ་དང་འཚམ་པར་ཆོས་སྟོན་པས་དེ་དག་ཡོངས་སུ་སྨིན་པར་བྱེད་པས་ཏིང་ངེ་འཛིན་ལ་དྲི་མ་མེད་པ་ཉིད་དུ་བྱེད་དེ། དེ་སྐད་དུ་སེམས་ཅན་ ཡོངས་སུ་སྨིན་པར་བྱེད་པས་དྲི་མ་མེད་པ་ཉིད་ཅེས་སྨྲས་པ་ཡིན་ནོ། །ཏིང་ངེ་འཛིན་གང་ལ་མཉམ་པར་གཞག་ན་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བ། སྐུ་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་གང་དག་ཆོས་ཟབ་མོ་གཏིང་ དཔག་དཀའ་བ་སྟོན་པར་མཛད་པ་ཐམས་ཅད་མངོན་སུམ་དུ་བཞུགས་པ་སྟེ། དེའི་ཕྱིར་དེ་དག་གཞན་མངོན་པར་རྫོགས་པར་བྱང་ཆུབ་པ་མངོན་དུ་གྱུར་པ་ཤེས་པའི་ཕྱིར་ཤིན་ཏུ་དྲི་མ་མེད་པར་དམིགས་པ་ལ་དེ་སྐད་དུ་མངོན་པར་རྫོགས་པ་རྟོགས་པ་དྲི་མ་མེད་པ་ཞེས་ བྱའོ། །ཏིང་ངེ་འཛིན་རྣམས་ཀྱི་བྱ་བ་ཇི་སྙེད་པ་དེ་ཉམས་སུ་མྱོང་བའི་ཕྱིར་སྒྲུབ་པས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་ཡོངས་སུ་མ་རྫོགས་པ་ནི་དེ་སྙེད་ཀྱི་བྱ་བ་ཉམས་སུ་མྱོང་བ་ཆུབ་པར་མི་འགྱུར་རོ། །དེ་ལ་དབང་བསྐུར་ཐོབ་པ་ནི། །བསྟན་ལ་སོགས་པའི་ སྐབས་ནས་ནི། །ཇི་ལྟ་བུར་ན་དབང་བསྐུར་བར། །བསྟན་པ་ལས་ནི་རྟོགས་བྱ་སྟེ། །སྟན་དང་ལུས་ཀྱི་ཚད་དང་ནི། །འཁོར་དང་རྒྱུ་ནི་ཡོད་པ་དང་། །གང་གིས་དབང་ནི་བསྐུར་བ་དང་། །ཇི་ཞེས་བྱ་བར་རབ་སྟོན་ལས། །མཆོག་གི་རང་བཞིན་རིན་པོ་ཆེ་ཆེན་པོ་རྣམས་ཀྱི་རྒྱལ་ པོར་གྱུར་པའི་ཚེ། དཔེར་ན་མང་དྲ་རྣམས་ཀྱི་རྒྱལ་པོ་བཞིན་ཏེ། དེ་དག་གི་རྗེ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་མཆོག་གི་རང་བཞིན་གྱི་རིན་པོ་ཆེ་ཆེན་པོ་རྣམས་དང་རྒྱལ་པོའི་པདྨ་ནི་ལྷན་ཅིག་རྗེ་ཁོལ་གྱི་མཚན་ཉིད་ཀྱིས་འབྲེལ་བར་ཤེས་པར་བྱའོ། །མཆོག་གི་རང་བཞིན་པདྨའི་ རྒྱལ་པོ་ཆེན་པོ་རིན་པོ་ཆེའི་རྣམ་པ་ཐམས་ཅད་ཀྱིས་སྤྲས་པ་ཉིད་ནི་ཁྱད་པར་གྱི་མཚན་ཉིད་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་གྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ས་ནས་དེ་བྱུང་བའི་ཕྱིར་སའི་མཚན་ཉིད་ཡིན་ནོ། །སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ་དུ་འགྱུར་བ་གང་ ཡིན་པ་ནི་གཟུང་བའི་རྐྱེན་དུ་སྣང་བའི་ཕྱིར་ཡུལ་ཉིད་དུ་འགྱུར་ཏེ་དེ་དེ་ལྟར་ཡོངས་སུ་གྲུབ་པས་གྲུབ་པའི་མཚན་ཉིད་ཡིན་ནོ། །ཆོས་ཀྱི་དབྱིངས་ལ་ཤིན་ཏུ་གནས་ཤིང་བཀོད་པར་སྣང་བས་དོན་དམ་པའི་མཚན་ཉིད་ཡིན་ནོ། །ཤིན་ཏུ་གནས་པ་ནི་ལེགས་པར་གནས་པའོ་ཞེས་བྱ་བ་ནི་ཉེ་བར་ བསྒྱུར་བ་རྣམས་ནི་དོན་དུ་མ་ཡིན་པའི་ཕྱིར་ཏེ། རབ་སྩོགས་དོན་ནི་བསྡུས་པ་ལ། །བདག་གིས་དོན་གང་རྒྱུས་ཤེས་ཏེ། །མཁས་པས་འཇིག་རྟེན་རིག་བྱེད་ཀྱི། །སྦྱོར་བས་དུ་མར་ཤེས་པར་བྱ། །ཞེས་བཤད་དོ། །འདི་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བའི་ རྒྱུར་གྱུར་པ་ལེགས་པར་བཤད་པ་རྣམས་རིག་པར་འགྱུར་བའི་ཕྱིར། འདི་ནི་རིག་བྱེད་ཡིན་ནོ་ཞེས་བྱ་བ་དེ་བཞིན་དུ་སངས་རྒྱས་ཀྱི་བཀའ་ཡང་རིག་བྱེད་ཡིན་ནོ། །ལྷག་མ་ནི་ཤེས་པར་སླ་བའི་ཕྱིར་རྣམ་པར་མ་ཕྱེ་བའོ། །བདག་ཉིད་ཆེན་པོ་བརྟེན་པའི་བློ། །སྙིང་བརྩེ་བ་དང་དེས་པའི་རྒྱུད། ། སེམས་ཅན་ཀུན་གྱི་གཉེན་གཅིག་པ། །གོ་ཆ་ཆེན་པོ་བགོས་པའོ། །སེམས་ཅན་ཀུན་ལ་ཕན་བཞེད་པ། །སངས་རྒྱས་ཉིད་ནི་འཐོབ་པའི་རྒྱུ། །དཀའ་བའི་ལས་ནི་སྣ་ཚོགས་པ། །མི་བཟད་རྟག་ཏུ་རྗེས་འབྲང་བ། །ཡུན་རིང་དུས་ནས་བསྩགས་རྣམས་ཀྱིས། །གང་གི་དོན་དུ་རབ་ སྦྱར་བ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི། །ཐེག་པ་ཆེན་པོའི་དབང་བསྐུར་བའོ། །དེ་ལྟ་བུར་ནི་དབང་བསྐུར་ཅིང་། །ཚད་མེད་ཡོན་ཏན་ལྡན་པ་སྟེ། །ཆོས་ཀྱི་སྤྲིན་ལ་རབ་གནས་པའི། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དབང་བསྐུར་བ་ཐོབ་པ་ནི་དེ་ལྟ་བུ་ཡིན་ནོ། །ཆོ་བ་ ཉིད་ཀྱི་མཐར་ཕྱིན་པ། །ཤེས་རབ་དང་ནི་རྣམ་ཐར་དང་། །ཏིང་འཛིན་གཟུགས་དང་མངོན་པར་ཤེས། །དོན་ལྔ་དག་ལ་བརྗོད་པ་ཡིན། །དོན་ལྔ་དང་འབྲེལ་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་རེ་རེ་ཞིང་དོན་རེ་རེ་དང་འབྲེལ་བར་ཤེས་པར་བྱའོ། །ཤེས་བྱའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པའི་ ངོ་བོ་གང་ཡིན་པ་དེ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་ནི་ཤེས་པའི་ཆེ་བ་ཉིད་ཡིན་ནོ། །དེ་ལ་དང་པོ་ནི་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པ་ཉིད་ལ་ཐེ་ཚོམ་ཟ་བ་གཅོད་པའི་དབང་དུ་བྱས་པ་སྟེ། ཆོས་ཀྱི་ཁམས་ཡང་དག་པར་འགྲུབ་པ་ཞེས་གསུངས་པ་གང་ཡིན་པའོ། །ཆོས་ནི་ཀུན་ནས་ ཉོན་མོངས་པ་དང་རྣམ་པར་བྱང་བ་རྣམས་སོ། །དེ་དག་གི་ཁམས་ནི་ས་བོན་ཏེ་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །དེ་རབ་ཏུ་ཤེས་པས་དེ་ཉིད་ཀྱི་ཕྱིར་ཡང་དག་པར་འགྲུབ་པ་ཤེས་པ་ཡིན་ནོ། །སྲིད་པའི་ཡན་ལག་གང་དག་གིས་སྲོག་ཆགས་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་། གང་དག་འགགས་པས་རྣམ་པར་བྱང་བར་འགྱུར་བ་དེ་དག་ཤེས་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་ཉིད་ཡང་དག་པར་འགྲུབ་པར་ཤེས་པ་ཡིན་ནོ་ཞེས་བཤད་པ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །གང་དུ་ཞེས་བྱ་བ་ནི་ཁམས་གསུམ་དུ་སྟེ། མདོ་ ལས་ཇི་སྐད་འབྱུང་བ་བཞིན་ནོ། །སེམས་ཅན་གང་དག་ནི་སེམས་ཅན་གྱི་ཁམས་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །སེམས་གང་ཀུན་ནས་ཉོན་མོངས་ཤིང་རྣམ་པར་བྱང་བ་ནི་རྣམ་པར་ཤེས་པའི་ཁམས་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། ། གང་དག་མི་ཤེས་པ་དང་ཤེས་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །ནམ་མཁའ་དང་འདྲ་བའི་ཡུལ་ཇི་ཙམ་པ་ནི་ནམ་མཁའི་ཁམས་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །དམ་པ་དང་དམ་པ་མ་ཡིན་པའི་ཆོས་ བསྟན་པ་གང་གིས་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་བསྟན་པའི་ཁམས་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་གང་ཐོབ་པ་དང་མ་ཐོབ་པ་ནི་མྱ་ངན་ལས་འདས་པའི་ཁམས་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །ལྟ་བའི་ཉེས་པ་གང་གིས་ མུ་སྟེགས་ཅན་རྣམས་ཀྱིས་དེ་མི་ཐོབ་པ་ནི་ལྟ་བར་གྱུར་པའི་ཉོན་མོངས་པ་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་འབྱུང་བ་དང་ལྡོག་པ་གང་དག་ནི་འཇིག་རྟེན་གྱི་ཁམས་འཇིག་པ་དང་འཆགས་པ་ཡང་དག་པར་འགྲུབ་པ་ཞེས་འབྱུང་བའི་ཕྱིར་རོ། །ཐེག་པ་གསུམ་ ཡང་དག་པར་འགྲུབ་པ་གང་ཡིན་པ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །གཉིས་པ་ནི་དེ་ལ་གནས་པས་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པས་སྤྲུལ་པ་མངོན་པར་བསྒྲུབ་ནུས་པའི་དབང་དུ་བྱས་པའོ། །སེམས་ཅན་དུ་སྤྲུལ་པ་ལ་སོགས་པའི་བྱེ་བྲག་ལས་སེམས་ཅན་སྤྲུལ་ པའི་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་ནི་བསྐལ་པ་འདྲ་བར་ཉེ་བར་འགྲོ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཉོན་མོངས་པར་གྱུར་པའི་སྤྲུལ་པ་ནི་སྤྲུལ་པ་གང་ཞིག་ལུས་དང་ངག་གི་ལས་ཉོན་མོངས་པས་ཐེབས་པས་བསྐྱོད་པ་ལྟ་བུར་འདུག་པ་སྟེ་ལྟ་ བར་གྱུར་པའི་སྤྲུལ་པ་ཀུན་དུ་སྟོན་པ་ཡང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །འཇིག་རྟེན་གྱི་ཁམས་སྤྲུལ་པ་ཞེས་བྱ་བ་ནི་གདུལ་བའི་དབང་གིས་འཇིག་རྟེན་གྱི་ཁམས་སྤྲུལ་པ་གང་ཡིན་པའོ། །རྣམ་པར་གཞིག་པའི་ཆོས་ལ་འཇུག་པ་ནི་འཕགས་པའི་བདེན་པ་བཞི་ལ་སོགས་པ་ལ་འཇུག་ པ་ཞེས་བྱ་བའི་ཐ་ཚིག་གོ། །ཉན་ཐོས་ལ་སོགས་པ་སྤྲུལ་པ་ནི་རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་འདུལ་བའི་ཕྱིར་རོ། །རྟོག་པ་མེད་པ་ཉིད་དུ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི་སྤྲུལ་པ་དེ་ཉིད་དེ་ལྟ་དེ་ལྟར་ བྱེད་ནུས་པའི་དབང་དུ་བྱས་པ་སྟེ། །དེ་ཡང་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །བཞི་པ་དེ་ཡི་བྱིན་རླབས་དང་། །སྤྲུལ་པ་ལ་ནི་འཇུག་པ་སྟེ། །གཉིས་མིན་ཡེ་ཤེས་ཚུལ་གྱིས་ན། །དུས་ཀུན་དུ་ནི་འཇུག་པ་ཡིན། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་ ཆོས་ཀྱི་དབྱིངས་ཤེས་པ་སྟེ་ཆ་ཕྲ་བ་ལ་ཞེས་བྱ་བ་འཇུག་པ་ཞེས་བྱ་བའི་ཕྱིར་རོ། །ལྔ་པ་ནི་སེམས་ཅན་ཡོངས་སུ་མ་སྨིན་པ་སྐྲག་པའི་དབང་དུ་བྱས་པ་སྟེ། གསང་བའི་གནས་ཤེས་པ་དང་བསྐལ་པ་ལ་འཇུག་པའི་ཤེས་པ་དག་ཀྱང་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཁོང་དུ་ཆུད་པར་བྱའོ། །གསང་ བའི་གནས་ཤེས་པ་ཞེས་བྱ་བ་ནི་གསང་བའི་རྒྱུ་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་འབྲས་བུ་རྣམས་གནས་པས་ན་གནས་པའི་རྒྱུ་ཁོ་ནར་བརྗོད་དོ། །གསང་བ་ནི་གསང་བར་བྱ་བ་སྟེ། དབང་པོ་དང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་རྣམས་ལ་ཀུན་དུ་བསྟན་པར་མི་བྱ་བ་ཞེས་བྱ་བའི་ཐ་ ཚིག་གོ། །ཅིའི་ཕྱིར་ཞེ་ན། དེ་དག་གིས་མ་རྟོགས་ཏེ་མ་མོས་ནས་དམ་པའི་ཆོས་སྤངས་པས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བསྩགས་ན་མི་རུང་བའི་ཕྱིར་རོ། །ཚེ་ལ་དབང་བ་ཉིད་ཀྱི་ཕྱིར། །བྱིན་རློབ་དེ་བཞིན་གཏོང་བ་དང་། །གཉེན་པོ་ཉེ་བར་སྟོན་པ་ནི། །དྲུག་པ་དང་ནི་བདུན་པར་ གཞག །ཡང་དག་པར་གཞོལ་བ་འདི་ཅི་ཞིག་ཅེ་ན། མཉམ་པ་ཉིད་དུ་མོས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་བསྐལ་པ་ལ་འཇུག་པའི་ཤེས་པ་ཡིན་ཏེ། བསྐལ་པ་དུ་མར་བསྐལ་པ་གཅིག་མཉམ་པ་ཉིད་དུ་མོས་པའི་ཕྱིར་ལ། གཅིག་ཏུ་ཡང་བསྐལ་པ་དུ་མ་མཉམ་པ་ཉིད་དུ་མེད་པའི་ཕྱིར་རོ། །ཚེ་ གཏང་བའམ་བྱིན་གྱིས་རློབ་པ་ལ་ཡང་དབང་འབྱོར་བ་ཉིད་ཡིན་ནོ། །ལམ་ལ་གཟུད་པ་ཤེས་པ་ནི། གཉེན་པོ་བསྟན་པའི་དབང་དུ་བྱས་པ་ལ་བྱིས་པའི་ལམ་གྱིས་གཟུད་པ་མཁྱེན་པ་ཞེས་གསུངས་པ་གང་ཡིན་པ་ནི་སོ་སོའི་སྐྱེ་བོའི་དབང་དུ་བྱས་པ་སྟེ་སོ་སོའི་སྐྱེ་བོ་རྣམས་ནི་བྱིས་པ་ཡིན་པའི་ཕྱིར་ བྱིས་པའི་སའི་གཉེན་པོ་ཉེ་བར་བསྟན་པར་བྱ་བའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་གཟུང་བར་མཁྱེན་པ་ཞེས་བྱ་བ་ནི་ང་རྒྱལ་སྤྱོད་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ་རྩིས་མཁས་པ་ཉིད་ཀྱི་ང་རྒྱལ་གྱི་གཉེན་པོ་ཉེ་བར་བསྟན་པར་བྱ་བའི་ཕྱིར་རོ། །ཞིང་ནི་ཚོགས་མངོན་པར་ རྫོགས་པར་རྟོགས་པས་གཟུད་པ་མཁྱེན་པ་ཞེས་བྱ་བ་ནི་མཐོ་རིས་ལ་མོས་པའི་གཉེན་པོ་ཉེ་བར་བསྟན་པར་བྱ་བའི་ཕྱིར་རོ། །ལྷག་མ་གཞན་ནི་རྣམ་པར་རྟོག་པ་སྤྱོད་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་རིག་པར་བྱའོ། །རྣམ་པར་ཐར་དང་ཏིང་འཛིན་དང་། གཟུངས་དང་མངོན་པར་ཤེས་རྣམས་ཀྱི། །རྣམ་པ་དབྱེ་བའི་བསྟན་ཚུལ་ཡང་། །མདོ་ཉིད་ལས་ནི་རྟོགས་པར་བྱ། །ཇི་ལྟ་ཞེ་ན། རེ་ཞིག་རྣམ་པར་ཐར་པ་རྣམས་ལ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་འཐོབ་བོ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཡུལ་གྱི་དབང་དུ་བྱས་པ་སྟེ་རྫུ་ འཕྲུལ་སྣ་ཚོགས་པ་མངོན་པར་བསྒྲུབ་པས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཉིད་ཡིན་ནོ། །སྒྲིབ་པ་མེད་པ་ཞེས་བྱ་བ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་དང་འགྲོ་བ་མཐའ་ཡས་པར་སྨོས་ནས་ཤེས་པ་ཐོགས་པ་མེད་པ་ཉིད་ཀྱི་དབང་དུ་བྱས་པའོ། །རྣམ་པར་དག་ པ་རྣམ་པར་འབྱེད་པ་ཞེས་བྱ་བ་ཞེས་བྱ་བ་ནི་འཇིག་རྟེན་པའི་རྣམ་པར་གྲོལ་བ་དང་། འཇིག་རྟེན་ལས་འདས་པ་སློབ་པ་དང་མི་སློབ་པ་རྣམ་པ་གཉིས་པོ་གང་ཡིན་པ་དེ་ཤེས་པའི་དབང་དུ་བྱས་པའོ། །སྒོ་ཀུན་དུ་སྣང་བ་ཞེས་བྱ་བ་ཞེས་བྱ་བ་ནི་དངོས་པོ་ཅི་འདོད་དགུར་བསྒྱུར་བའི་དབང་ དུ་བྱས་པའོ། །དེ་བཞིན་གཤེགས་པའི་མཛོད་ཅེས་བྱ་བ་ཞེས་བྱ་བ་ནི་ཆོས་ཀྱི་གཟུངས་ཀྱི་དབང་དུ་བྱས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་གང་ཡིན་ཞེ་ན། ཐེག་པ་ཆེན་པོའི་ཆོས་ཤིན་ཏུ་རྒྱས་པའི་སྡེའོ། །འཁོར་ལོ་ཐོགས་པ་མེད་པ་དང་ལྡན་པ་ཞེས་བྱ་བ་ཞེས་བྱ་བ་ནི་ ཕས་ཀྱི་རྒོལ་བ་ཚར་གཅོད་པའི་དབང་དུ་བྱས་པ་སྟེ། ཕས་ཀྱི་རྒོལ་བ་དག་ཚར་གཅོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་པར་འཇུག་པར་འགྱུར་རོ། །དུས་གསུམ་གྱི་རྗེས་སུ་སོང་བ་ཞེས་བྱ་བ་ཞེས་བྱ་བ་ནི་དུས་གསུམ་དག་གི་བསྐལ་པ་གང་དག་ཡིན་པ་ དེ་དག་ཇི་ལྟར་འདོད་པ་བཞིན་དུ་བྱིན་གྱིས་རློབ་པ་སྟེ། འདས་པ་ཡང་ད་ལྟར་དུ་བྱ་བར་འདྲེན་པར་བྱེད་ཅེས་བྱ་བ་ལ་སོགས་པའི་དབང་དུ་བྱས་པའོ། །ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཅན་ཞེས་བྱ་བ་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་པ་ཐམས་ཅད་ཤེས་ པའི་དབང་དུ་བྱས་པ་སྟེ་ཁམས་ནི་རིགས་ཏེ་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་དཀྱིལ་འཁོར་སྣང་བ་ཞེས་བྱ་བ་ཞེས་བྱ་བ་ནི་ལུས་མེད་ཅིང་སྣང་བ་ཙམ་གྱིས་རྒྱས་པར་འགེངས་པའི་དབང་དུ་བྱས་པའོ། །ཡུལ་མ་ལུས་པ་ཞེས་བྱ་བ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་མཐའ་ ཡས་པའི་སེམས་ཅན་གྱི་སེམས་ཅིག་ཅར་ཤེས་པའི་དབང་དུ་བྱས་པའོ། །དེ་བཞིན་དུ་ཏིང་ངེ་འཛིན་འབུམ་དག་དང་། གཟུངས་འབུམ་དག་དང་། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་འབུམ་དག་གི་བར་དུ་འཐོབ་བོ་ཞེས་འབྱུང་བའི་ཕྱིར་ཏིང་ངེ་འཛིན་ལ་སོགས་པའི་མཐར་ཕྱིན་པ་ཡང་མདོ་ཁོ་ན་ ལས་ཁོང་དུ་ཆུད་པར་བྱའོ། །ས་ཡི་ངེས་ཚིག་སྤྲིན་དང་ནི། །ཆོས་མཐུན་རྣམ་པ་གསུམ་ཞེས་བྱ། །དཔེར་ན་སྤྲིན་གྱིས་ནམ་མཁའ་བཞིན། །ཐོས་པའི་ཆོས་ཀྱིས་ཆང་གི་ལུས། །ཁྱབ་པའི་ཕྱིར་ན་དེ་བཞིན་དུ། །ཁྱབ་པར་ཆོས་མཐུན་དང་པོར་བཤད། །ཁྱབ་པ་ནི་སྤྲིན་གྱིས་ནམ་མཁའ་ བཞིན་དུ་ཐོབ་པའི་ཆོས་ཀྱིས་ས་འདི་པའི་ལུས་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བློ་དང་ཇི་སྐད་བཤད་མ་ཐག་པ་ཚད་མེད་པའི་རྗེས་སུ་སོང་བ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མང་པོ་དང་ཆ་ཕྲ་བ་དང་མྱུར་དུ་འཛིན་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེ་ཕྱོགས་ བཅུའི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་སྨོས་པ་ནི་དུས་ཐུང་ངུ་ཤེས་པར་བྱ་བའི་ཕྱིར་ཏེ་ཉན་པ་པོའི་དབང་གིས་རྣམ་པ་གསུམ་གསུངས་སོ། །ཆོས་ཀྱི་སྣང་བ་ཆེན་པོ་ཚད་མེད་པ་ཞེས་བྱ་བ་ལ་སོགས་པས་ཚད་མེད་པ་སྨོས་པས་ནི་མང་པོ་འཛིན་པའི་སྒོ་ནས་བསྟན་ པ་ཙམ་གྱིས་འཛིན་པའི་ནུས་པ་དེ་ཡོངས་སུ་བསྟན་པ་ཡིན་གྱི། རྒྱས་པར་ནི་འོག་ནས་འཕགས་པ་རྡོ་རྗེའི་སྙིང་པོ་ཉིད་ཀྱིས་རྒྱ་མཚོའི་དཔེ་གཉིས་དང་། འོན་ཀྱང་དཔེ་བསྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་དཔེས་འཆད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་ གཤེགས་པའི་གསང་བ་ལ་འཇུག་པ་གང་དག་ཡིན་པ་ཞེས་འབྱུང་བ་དེ་ལ་དེ་བཞིན་གཤེགས་པ་སྨོས་པ་ནི་མྱུར་དུ་འཛིན་པའོ། །གསང་བ་སྨོས་པ་ནི་ཕྲ་བ་འཛིན་པའོ། །ཇི་ལྟར་རང་བཞིན་གྱིས་ཤེ་ན། ཆོས་ཀྱི་སྣང་བ་ཆེན་པོ་ཞེས་བྱ་བས་ཐོས་པ་དང་བསམས་པ་ལས་བྱུང་ བའི་ཤེས་པ་སྨོས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། སྣང་བར་གྱུར་པས་ཆོས་སོ་སོར་སྣང་བར་བྱེད་པའི་ཕྱིར་རོ། །གསལ་བར་གྱུར་པ་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། བསྒོམས་པ་ལས་བྱུང་བའི་ཤེས་པ་སྨོས་པར་འགྱུར་བའི་ཕྱིར་ཏེ། ཆོས་ཀྱི་གསལ་བ་ཆེན་པོ་ཞེས་གསུངས་པ་གང་ ཡིན་པའོ། །ཇི་ལྟར་ལས་ཀྱིས་ཤེ་ན། དམ་པའི་ཆོས་ཀྱི་ཆར་འབེབས་པའི་ཕྱིར་རོ། །མོས་པའི་སྒོ་ནས་ནི་བཟོད་དོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་དག་པར་ལེན་ཏོ་ཞེས་བྱ་བ་ནི་ཚིག་འབྲུ་འཛིན་པའི་སྒོ་ནས་སོ། །བདག་གིར་བྱེད་དོ་ཞེས་བྱ་བ་ནི་དོན་འཛིན་པའི་སྒོ་ནས་སོ། །ཡང་དག་པར་ འཛིན་ཏོ་ཞེས་བྱ་བ་ནི། དེ་གཉི་ག་འཛིན་པའི་སྒོ་ནས་སོ། །ད་ནི་འཛིན་པའི་ནུས་པ་དེ་དཔེ་གཉིས་དང་དཔེས་འཆད་དེ། དང་བར་འགྱུར་བའི་དངོས་པོའི་སྒོ་ནས་ནི་བཟོད་དོ། །གོ་སྐབས་འབྱེད་པའི་སྒོ་ནས་ནི་ཡང་དག་པར་ལེན་ཏོ། །དེ་ལས་གཞན་པའི་ཆུའི་གྲངས་འགྲིབ་པར་བྱེད་པའི་སྒོ་ནས་ ནི་བདག་གིར་བྱེད་དོ། །སྤྱད་པའི་འོས་མ་ཡིན་པའི་སྒོ་ནས་ནི་ཡང་དག་པར་འཛིན་ཏོ་ཞེས་བྱ་བར་ཤེས་པར་བྱའོ། །དུས་གསུམ་གྱི་བརྗོད་པའི་གཞི་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་བརྗོད་པའི་གཞི་ཞེས་བྱ་བའི་ཐ་ཚིག་གོ། །གོང་དུ་རྒྱས་པར་ནི་འཕགས་པ་རྡོ་ རྗེའི་སྙིང་པོས་རྒྱ་མཚོའི་དཔེ་གཉིས་དང་དཔེས་འཆད་པར་འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་སྟེ། རེ་ཞིག་དེ་ལྟ་བུ་ནི་སྤྲིན་དང་ཆོས་མཐུན་པས་ཁྱབ་པའི་སྒོ་ནས་སའི་ངེས་པའི་ཚིག་དང་པོ་ཡིན་པར་ཤེས་པར་བྱའོ། །གཉིས་པ་སྟེ། ཉོན་མོངས་པའི་རྡུལ་རབ་ཏུ་ཞི་བར་བྱེད་པའི་སྒོ་ནས་ ཆོས་མཐུན་པ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཏེ། འདིར་སྨོན་ལམ་གྱིས་སྙིང་བརྩེ་བ་དང་སྙིང་རྗེ་ཆེན་པོ་སྤྲིན་ཆེན་པོ་ཀུན་ནས་བསླང་སྟེ་ཞེས་བྱ་བ་ནི་སྤྲིན་དང་འདྲ་བའོ། །ཆོས་ཀྱི་སྣང་བ་ཆེན་པོ་བསྒྲགས་པའི་འབྲུག་སྒྲོག་པ་ཞེས་བྱ་བ་ནི་འབྲུག་སྒྲོག་པ་དང་འདྲའོ། །མངོན་པར་ཤེས་ པ་དང་རིག་པ་དང་མི་འཇིགས་པའི་གློག་འགྱུ་བ་ཞེས་བྱ་བ་ནི་གློག་དང་འདྲའོ། །རླུང་གིས་ཤིན་ཏུ་བསྐྱོད་པ་ཞེས་བྱ་བ་ནི་རླུང་ལྟ་བུའོ། །བསོད་ནམས་ཡེ་ཤེས་ཀྱི་སྤྲིན་གྱི་དྲ་བ་སྟུག་པོ་ཆེན་པོས་ཀུན་དུ་ཁེབས་པ་ཞེས་བྱ་བ་ནི་སྤྲིན་གྱི་དྲ་བས་འཁྲིགས་པ་ལྟ་བུའོ། །ལུས་རྣམ་པ་སྣ་ ཚོགས་ཀྱི་སྤྲིན་འཁྱིལ་པ་ཀུན་དུ་སྟོན་པ་ཞེས་བྱ་བ་ནི་ཀློང་འཁྱིལ་པ་ལྟ་བུའོ། །ཆོས་ཀྱི་སྒྲ་ཆེན་པོ་སྒྲོག་པ་ཞེས་བྱ་བ་ནི་ཆར་འབབ་པའི་སྒྲ་ལྟ་བུའོ། །བདུད་ཀྱི་ཕྱོགས་ཤིན་ཏུ་ཚར་གཅོད་པ་ཞེས་བྱ་བ་ནི་ཆོས་ཀྱི་སྒྲ་ཆེན་པོ་སྒྲོག་པ་ཡང་དག་པར་བསྟན་པ་ཤེས་པར་བྱའོ། །སྤྲིན་དང་ཆོས་ མཐུན་སྒྲོལ་སྒོ་ནས། །ས་ཡི་ངེས་ཚིག་ཤེས་བྱ་སྟེ། །སྤྲིན་གྱི་ཆར་གྱིས་ལོ་ཏོག་དག །སྒྲོལ་བ་བཞིན་དུ་དགའ་ལྡན་གྱི། །གནས་ལ་སོགས་པའི་རིམ་གྱིས་ནི། །སེམས་ཅན་རྣམས་ནི་སྒྲོལ་བ་ཡིན། །ཇི་ལྟ་ཞེ་ན། འཇིག་རྟེན་གྱི་ཁམས་གཅིག་ན་ཡང་ཞེས་བྱ་བ་ལ་སོགས་པས་ བསྟན་ཏོ། །མཐུ་ནི་བླ་ན་མེད་པ་དང་། །བླ་མེད་ཉིད་ནི་གནས་ལ་སོགས། །རབ་དུ་བསྟན་ཕྱིར་རྒྱས་བཤད་པའི། །སྒོ་དྲུག་དག་གིས་རབ་ཏུ་བསྟན། །ཇི་ལྟ་ཞེ་ན། གནས་དང་གཞི་དང་མཚན་ཉིད་དང་། །དེ་བཞིན་དུ་ནི་བྱ་བ་དང་། །ཡོངས་ཚིམ་དེ་བཞིན་རྒྱ་ཆེན་ཏེ། །འདི་སྐད་ གཅིག་ནི་རྒྱུ་བསྡུས་པའོ། །རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ནི་གོང་ནས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་འཐོབ་པོ་ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་གནས་འདི་སྔ་མ་དང་མཐུན་པར་སྦྱར་བར་བྱ་སྟེ། དེ་ལྟར་ན། རྣམ་ པར་ཐར་པ་ལ་སོགས་པས་སྔར་རབ་ཏུ་བསྟན་པ་ཁོ་ན་ཡིན་ནོ། །དོག་པ་དང་ཡངས་པ་དག་ཏུ་ཡོངས་སུ་བསྒྱུར་བ་ནི་དོག་པ་དང་ཡངས་པར་ཡོངས་སུ་བསྒྱུར་བ་སྟེ། ཡོངས་སུ་བསྒྱུར་བ་ནི་བཟློག་པའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ། །དོག་པ་ཡངས་པར་བྱེད་པ་དང་ཡངས་པ་དོག་པར་བྱེད་ པ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཁོང་དུ་ཆུད་པར་བྱའོ། །བྱ་བ་མཆོད་པའི་སྒོ་ནས་ནི། །བྱང་ཆུབ་ཚོགས་ནི་སྩོགས་ཕྱིར་ཏེ། །མདོ་ལས་ཇི་སྐད་འབྱུང་བཞིན་ནོ། །ཡོངས་མགུ་བྱ་བ་ཐེ་ཚོམ་དུ། །གྱུར་པ་རྣམས་ལ་མཐུ་བསྟན་པས། །མདོ་དང་མཐུན་པར་ཁོང་དུ་ཆུད་པར་བྱའོ། ། རྒྱ་ཆེན་མཐུ་དང་གྲངས་ཀྱིས་ནི། །རྣམ་པ་གཉིས་སུ་ཤེས་པར་བྱ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །ད་ནི་གྲངས་རྒྱ་ཆེ་བ་དེ་ཉིད་རབ་ཏུ་བསྟེན་པའི་ཕྱིར། དེ་བཞིན་གཤེགས་པའི་ས་མཐའ་དག་བསྟན་པར་མི་ནུས་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམ་ པར་གྲོལ་བའི་ཟླ་བས་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཡུལ་གྱི་བྱིན་གྱི་རླབས་ཏེ་དེ་ལྟར་ཚད་མེད་ན་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང་ཡུལ་ལ་འཇུག་པ་ཅི་འདྲ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པ་ཞེས་བྱ་བ་ ནི། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་ཀྱང་མི་གཏོང་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ལྟ་བ་དང་མཆོད་པ་དང་རིམ་གྲོ་ཡང་རབ་ཏུ་བྱེད་དེ་ཞེས་བྱ་བ་ནི་མཉམ་པར་མ་གཞག་པའི་གནས་སྐབས་སྟོན་པར་བྱེད་ དོ། །རྣམ་པ་ཐམས་ཅད་མངོན་པར་སྒྲུབ་པའི་མཆོད་པ་ཞེས་བྱ་བ་ནི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ནི་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་པས་ཤིན་ཏུ་ཆེ་བའི་ཕྱིར་དང་། གྲངས་རྒྱ་ཆེན་པོ་དང་ལྡན་པ་ཚད་མེད་པའི་ཕྱིར་རོ། །བྱིན་གྱི་རླབས་དང་སྣང་བ་ཡང་ཡང་དག་པར་ལེན་ཏོ་ཞེས་ བྱ་བ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྣང་བ་ཡང་ལེན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །མི་འཕྲོགས་པ་ཞེས་བྱ་བ་ནི་ཟིལ་གྱིས་མི་ནོན་པ་སྟེ། ཆོས་ཀྱི་དབྱིངས་རྟོགས་པའི་མཐར་ཕྱིན་པའི་ཕྱིར་རོ། །ལམ་གསུམ་ཡང་དག་པར་སྒྲོགས་ཏེ་ཞེས་བྱ་བ་ནི་བགྲོད་པ་དང་ལམ་ཞེས་བྱ་བ་དོན་གཞན་མ་ཡིན་པའི་ཕྱིར་ རོ། །ཆོས་ཀྱི་དབྱིངས་རབ་ཏུ་དབྱེ་བ་ཤེས་པ་ཞེས་བྱ་བ་ནི་ཐེ་ཚོམ་གཅོད་པའི་ལམ་སྟེ་འདི་ལྟར་ཆོས་ཀྱི་དབྱིངས་ཤེས་ན་ཐེ་ཚོམ་འཆད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་མྱུར་བའི་ལམ་མོ། །ཞིང་དང་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་ནི་ཞིང་ཡོངས་སུ་དག་པར་བྱེད་པའི་ མཚུངས་པ་ཉིད་ཀྱི་བྱིན་གྱི་རླབས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཆོས་སྟོན་པའི་སྣང་བ་མཚུངས་པ་ཉིད་ཀྱི་བྱིན་གྱི་རླབས་སོ། །མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་བར་དག་ཡང་དག་པར་ལེན་ཏོ་ཞེས་བྱ་བ་ནི་མངོན་པར་རྫོགས་པའི་བྱང་ཆུབ་པའི་མཚུངས་པ་ཉིད་ཀྱི་བྱིན་གྱི་རླབས་སོ། །ཡོན་ཏན་ལྡན་པས་ འདྲ་བའི་ཕྱིར། །རང་གི་ཡོན་ཏན་ལྷག་པ་ཡི། །མཚོ་དང་རི་དང་རྒྱ་མཚོ་དང་། །ནོར་བུས་ས་ཡི་དཔེ་ཤེས་བྱ། །སྒྲུབ་པའི་ཡོན་ཏན་མཚོ་ཆེན་པོ་མ་དྲོས་པ་ལས་བྱུང་བའི་འབབ་ཆུ་ཞེས་བྱ་བ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་གྱི་རྒྱ་མཚོ་ཆེན་པོ་ཞེན་པར་བྱེད་དེ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། ། མཆོག་ཉིད་ཀྱི་ཡོན་ཏན་ནི། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་བརྟེན་ནས་ཡོད་པར་འགྱུར་ཏེ་ཞེས་བྱ་བ་ནས་བཟུང་སྟེ། སངས་རྒྱས་ཀྱི་ཕྲིན་ལས་ཡང་དག་པར་བསྟན་པ་ཡོངས་སུ་དྲིས་པ་བསྟན་པ་རྣམས་ཀྱིས་ཐུག་པར་འགྱུར་བ་མེད་དོ་ཞེས་བྱ་བའི་བར་ཡིན་ནོ། །འདི་ལ་གངས་རི་དང་། སྤོས་ཀྱི་ ངད་ལྡང་བ་དང་རྣམ་པར་འདལ་བ་སྟེ་གོང་མ་གསུམ་ནི་གྲངས་བཞིན་དུ་སེམས་ཅན་ཞེས་མི་བྱ་བ་སྨན་དང་དྲི་དང་རིན་པོ་ཆེ་རྣམས་ཀྱི་འབྱུང་གནས་ཡིན་ནོ། །བཞི་པ་རྟ་རྣ་རི་དྲུག་པའི་གནས་ནས་འབྱུང་བ་ནི་སེམས་ཅན་ཞེས་བྱ་བ་འབྲས་བུ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །ལྷག་མ་དྲུག་པོ་དྲང་སྲོང་གི་རི་ དང་། གཉའ་ཤིང་འཛིན་དང་། མུ་ཁྱུད་འཛིན་དང་། ཁོར་ཡུག་དང་། ཏོག་ཅན་དང་། རི་རབ་རྣམས་ནི་གྲངས་བཞིན་དུ་སེམས་ཅན་ཞེས་བྱ་བ་དྲང་སྲོང་དང་། གནོད་སྦྱིན་དང་། ཀླུ་དང་དབང་དུ་གྱུར་པ་དང་། ལྷ་མ་ཡིན་དང་། ལྷ་རྣམས་ཀྱི་འབྱུང་གནས་ཡིན་ནོ། །ངེས་པར་འབྱུང་དཀའ་བའི་ ངེས་པ་འབྱུང་བའི་འབྲས་བུ་ཆེ་བའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། རིའི་རྒྱལ་པོ་ཆེན་པོ་བཅུ་པོ་ཇི་སྐད་དུ་བཤད་པ་དེ་དག་གིས་ཀྱང་རྒྱ་མཚོ་ཆེན་པོ་སྨོས་པ་ནི་དེ་ལྟ་བའི་ལོངས་སྤྱོད་ཀྱི་རྒྱུ་ཡིན་པའི་ཕྱིར་མངོན་པར་འདོད་ཅེས་བྱ་བའི་ཐ་ཚིག་གོ། །རྒྱ་མཚོ་ཆེན་པོས་ཀྱང་དེ་དག་རབ་ཏུ་ཕྱེ་བ་ནི་དེ་ལས་དེར་འགྲོ་བར་ནུས་ པའི་ཕྱིར་དང་། དེ་ནས་འབྱུང་བའི་རྫས་རབ་ཏུ་སྟོན་པའི་རྒྱུ་ཡིན་པའི་ཕྱིར། ཡོན་ཏན་གྱི་སྒོ་ནས་རབ་ཏུ་གསལ་བར་བྱས་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་མཁྱེན་པ་ཉིད་སྨོས་པ་ནི་ཐམས་ཅད་མཁྱེན་པའི་རྒྱུ་ཉིད་ཡིན་པའི་ཕྱིར་མངོན་པར་འདོད་ཅེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་མཁྱེན་པ་ཉིད་ ཀྱིས་ཀྱང་རབ་ཏུ་ཕྱེ་བ་ནི་དེ་དག་གིས་འབྲས་བུའི་དངོས་པོ་ཡོངས་སུ་གཟུང་བའི་ཕྱིར་རབ་ཏུ་གསལ་བར་བྱས་ཞེས་བྱ་བའི་ཐ་ཚིག་གོ། །བགས་ཀྱིས་གཞོལ་ཞེས་བྱ་བ་ནི་འཇུག་བདེ་བའི་ཡོན་ཏན་ནོ། །ཤི་བའི་རོ་དང་ལྷན་ཅིག་མི་གནས་པ་ཞེས་བྱ་བ་ནི་གཙང་མ་ཉིད་ཀྱི་ཡོན་ཏན་ནོ། །ཆུ་གཞན་གྱི་གྲངས་ སྤངས་པ་ཞེས་བྱ་བ་ནི་མི་འདྲ་བ་མེད་པའི་ཡོན་ཏན་ནོ། །རོ་གཅིག་པ་ཞེས་བྱ་བ་ནི་ཀུན་དུ་སྲུང་བའི་ཡོན་ཏན་ནོ། །རིན་པོ་ཆེ་མང་ཞེས་བྱ་བ་ནི་ཕན་འདོགས་པའི་ཡོན་ཏན་ནོ། །ཟབ་ཅིང་གཏིང་དཔག་དཀའ་བ་ཞེས་བྱ་བ་དང་། ཡངས་ཤིང་ཚད་མེད་པ་ཞེས་བྱ་བ་གཉིས་ཀྱིས་ནི་མི་ སྐམ་པའི་ཡོན་ཏན་ནོ། །འབྱུང་པོ་ཆེན་པོའི་གནས་སུ་གྱུར་པ་ཞེས་བྱ་བ་ནི་གནས་ཀྱི་ཡོན་ཏན་ནོ། །དུས་ཆད་པ་ལས་མི་ཡོལ་བ་དང་། སྤྲིན་ཆེན་པོའི་ཆར་ཐམས་ཅད་ཀུན་དུ་འཛིན་པས་མི་ངོམས་པ་ཞེས་བྱ་བ་གཉིས་ཀྱིས་ནི་འཇིག་རྟེན་སྲུང་བའི་ཡོན་ཏན་བསྟན་ཏོ། །རིན་པོ་ཆེའི་རིགས་བཅུ་ལས་ ཤིན་ཏུ་འདས་པ་ཞེས་བྱ་བ་ལ་བཅུ་གང་ཞེ་ན། འདི་ལྟ་སྟེ། མུ་ཏིག་དང་། ཤང་ཁ་ཤི་ལ་དང་། བྱི་རུ་དང་། དངུལ་དང་། གསེར་དང་། རྡོའི་སྙིང་པོ་དང་། སྤུག་དང་། མུ་ཏིག་དམར་པོ་དང་། དུང་གཡས་སུ་འཁྱིལ་བ་དང་། རིན་པོ་ཆེ་དཔལ་གྱི་ཟེ་བའི་སྙིང་པོ་ཅན་རྣམས་སོ། །རིན་པོ་ཆེའི་ རིགས་བཅུ་ལས་ཤིན་ཏུ་འདས་ནས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རིགས་ཀྱིས་མངོན་པར་སྤགས་པར་གྱུར་པ་ནི་རིགས་ཀྱིས་ཡོངས་སུ་བཏགས་པའི་ཡོན་ཏན་ཏེ། འདི་ལྟར་རིན་པོ་ཆེའི་རིགས་བཅུ་ལས་ཤིན་ཏུ་འདས་ནས་མངོན་པར་སྦགས་པར་གྱུར་ཞེས་འབྱུང་བའི་ཕྱིར་རོ། །མགར་བ་མཁས་ པས་ལེགས་པར་བསྲེགས་ཞེས་བྱ་བ་ནི་ཁ་དོག་གི་ཡོན་ཏན་ནོ། །ལེགས་པར་བཅོས་ཞེས་བྱ་བ་ནི་དབྱིབས་ཀྱི་ཡོན་ཏན་ནོ། །ལེགས་པར་ཡོངས་སུ་སྦྱངས་ཞེས་བྱ་བ་ནི་དྲི་མ་མེད་པའི་ཡོན་ཏན་ནོ། །ལེགས་པར་བྱི་དོར་བྱས་ཞེས་བྱ་བ་ནི་གསལ་བའི་ཡོན་ཏན་ནོ། །ལེགས་པར་ཕུག་ཅིང་རིན་པོ་ཆེའི་ སྐུད་པས་ལེགས་པར་བཏགས་ལ་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱའི་རྒྱལ་མཚན་གྱི་ཡུ་བ་མཐོན་པོའི་རྩེ་མོ་ལ་བཏགས་ཏེ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པའི་ཡོན་ཏན་ནོ། །ཐམས་ཅད་དུ་འོད་ཟེར་རབ་ཏུ་འབྱུང་ཞེས་བྱ་བ་ནི་མཐུའི་ཡོན་ཏན་ནོ། །རྒྱལ་པོས་གནང་བ་ཞེས་བྱ་བ་ནི་ཡོངས་སུ་མ་བཟུང་བའི་ཡོན་ ཏན་ནོ། སྐད་ཀྱི་བྱིངས་རྣམས་ནི་ཉེ་བར་བསྒྱུར་བ་དང་། འབྲེལ་བའི་ཚིག་གཡོས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་ཇི་སྐད་དུ་བཤད་པར་འགྱུར་བར་ཤེས་པར་བྱ་སྟེ། གང་ཕྱིར་སྐད་བྱིངས་དོན་སྦྱོར་བ། །འདོར་བར་བྱེད་པ་དེ་ཡི་ཕྱིར། །ཉེ་བར་སྦྱར་བར་རབ་བཤད་དེ། །ཕྲད་དུ་འཇུག་ཕྱིར་ ཚིག་གི་ཕྲད། །ཅེས་བཤད་དོ། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །ཆོས་འདི་རབ་ཏུ་སྟོན་པའི་ཕྱིར། །སེམས་ཅན་དོན་སྒོ་མཐའ་ཡས་པའི། །ཆོས་ཉིད་རབ་ཏུ་བསྟན་པ་ཡིན། །ལྷག་པ་མེད་པའི་དོན་གྱིས་ནི། །ཡི་གེ་ལྷག་པ་མེད་དག་ཏུ། །ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་ནི་སྔ་མ་ བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དབྱིག་གི་གཉེན་གྱི་ཞལ་སྔ་ནས་ཀྱིས་ས་བཅུ་འདིའི། །འགྲེལ་པ་མཛད་པ་བདག་གིས་རྣམ་པར་ཕྱེ་ནས་འདིར། །དགེ་བར་གྱུར་པ་གང་དེས་འགྲོ་བ་འདི་ཡི་བློ། །ཉི་ཟེར་རྣམས་ཀྱིས་པདྨོའི་དཔལ་བཞིན་སྣང་བར་ཤོག །དགེ་བསྲུངས་ཀྱིས་ནི་བཅོས་པས་ན། །རྣམ་པར་ བཤད་པ་གྱ་ཙམ་བྱས། །དོན་དུ་གཉེར་ན་མཁས་པ་རྣམས། །གནས་མིན་པར་ཡང་གོམ་པ་འདོར། །འཕགས་པ་ས་བཅུའི་རྣམ་པར་བཤད་པའི་རྣམ་པར་བཤད་པ་སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་ བརྩེགས་རཀྴི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄།།འཕགས་པ་ས་བཅུའི་མདོ་སྡེའི་གླེང་གཞི་བཞུགས། ༄༅༅། །འཕགས་པ་ས་བཅུའི་མདོ་སྡེའི་གླེང་གཞི་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ ལོ། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ཞེས་བྱ་བ་ལ། ཆེན་པོ་ནི་ཡོན་ཏན་དང་གྲངས་ཀྱིས་སོ། །དེ་ལ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་ཞེས་བྱ་བ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྡེ་སྣོད་ཀྱི་ཡོན་ཏན་སྒྲུབ་པ་ཤིན་ཏུ་ཡོངས་སུ་རྫོགས་པ་བསྐལ་པ་བརྗོད་དུ་མེད་པ་རྒྱུན་མི་འཆད་ པར་རབ་ཏུ་བསྟན་པས་ཡོན་ཏན་བསྔགས་པའི་བསྟན་པ་ཟད་མི་ཤེས་པ་ཤ་སྟག་ཅེས་བྱ་བའི་བར་འདིས་ནི་ཡོན་ཏན་གྱི་ཆེ་བ་བསྟན་ཏོ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ནི་རྣམ་པ་ལྔར་བརྗོད་དེ། མངོན་སུམ་དུ་ལུང་བསྟན་པ་ཐོབ་པ་དང་། སངས་རྒྱས་ཉིད་དུ་ཉེ་བ་ དང་། ཡིད་ཀྱི་ཆོ་འཕྲུལ་དང་། ལུས་ཀྱི་ཆོ་འཕྲུལ་དང་། ངག་གི་ཆོ་འཕྲུལ་ལོ། །དེ་ལ་ཕྱིར་མི་ལྡོག་པ་ཞེས་བྱ་བ་འདིས་མངོན་སུམ་དུ་ལུང་བསྟན་པ་ཐོབ་པར་བསྟན་ཏེ། །འདི་ལྟར་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཉིད་ དུ་སངས་རྒྱས་རྣམས་ཀྱིས་མངོན་སུམ་དུ་ལུང་སྟོན་ཏེ། འདི་ཉིད་ཀྱི་བཤད་པ་ནི། ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་རབ་ཏུ་ཐོབ་པའི་གནས་པས་གནས་པ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ནི་དེ་བཞིན་ཉིད་ ལ་དམིགས་པའོ། །དེའི་སྤྱོད་ཡུལ་ནི་ཀུན་བརྟགས་པའི་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་སྟེ། དེ་ལ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོས་རྙེད་པ་ནི་རབ་ཏུ་ཐོབ་པའོ། །དེ་གང་ཡིན་ཞེ་ན། མི་སྐྱེ་བའི་ཆོས་ལ་བཟོད་པའི་མཚན་ཉིད་ཀྱི་གནས་པ་སྟེ། དེས་ས་བརྒྱད་པ་ལ་གནས་པའི་ ངང་ཚུལ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེས་ནི་ཕྱིར་མི་ལྡོག་པའི་ས་ལ་ལུང་བསྟན་པ་ཐོབ་པས་མངོན་སུམ་དུ་ལུང་བསྟན་པ་ཞེས་སྟོན་ཏོ། །སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་འདིས་སངས་རྒྱས་ཉིད་དུ་ཉེ་བར་བསྟན་ཏེ། དེ་དག་ནི་མ་འོངས་པའི་དུས་ན་སངས་རྒྱས་ཉིད་ དུ་སྐྱེ་བ་གཅིག་ཁོ་ནས་ཐོགས་པའི་ཕྱིར་རོ། །འདིའི་བཤད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡུལ་རྟོགས་པ་ལ་འཇུག་པ་རྒྱུན་མི་གཅོད་པའི་སྤྱོད་ཡུལ་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡུལ་ནི་ཉོན་མོངས་པ་དང་ཤེས་བྱའི་ སྒྲིབ་པ་ལས་རྣམ་པར་དབེན་པའི་དེ་བཞིན་ཉིད་དེ། དེ་ཉིད་སངས་རྒྱས་ཉིད་དོ། །དེ་རྟོགས་པ་ནི་ཁོང་དུ་ཆུད་པ་སྟེ། དེ་ཉིད་འཇུག་པའོ། །དེ་ལ་རྒྱུན་མི་གཅོད་པ་ཐོགས་པ་མེད་པར་ནུས་པའི་སྤྱོད་ཡུལ་པ་སྟེ། མཐུ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འཇུག་པ་ནི་རྣམ་པ་ གསུམ་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པས་འཇུག་པ་དང་། རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་རྣམས་ལ་དེ་ཁོ་ན་རྟོགས་པས་འཇུག་པ་དང་། སངས་རྒྱས་ཀྱི་ས་ལ་རྟོགས་པས་འཇུག་སྟེ། དེ་ལ་འཇུག་པ་གོང་མ་གཉིས་ལས་བཟློག་པའི་ཕྱིར་རྟོགས་པ་སྨོས་སོ། །ཡིད་ཀྱི་ཆོ་ འཕྲུལ་ལ་རྣམ་པ་ལྔ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་དང་། སྨོན་ལམ་མངོན་པར་སྒྲུབ་པ་ལ་མཁས་པ་དང་། ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བ་ཐམས་ཅད་ཉེ་བར་འགྲོ་བ་ལ་མཁས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་མཁས་པ་དང་། བསམ་ གཏན་ལ་སོགས་པ་མངོན་པར་སྒྲུབ་པ་ལ་མཁས་པའོ། །དེ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པའི་དབང་དུ་བྱས་ནས། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བར་བྱ་བའི་དུས་བཞིན་དུ་ཆད་པའི་བྱིན་རླབས་ཅན་གྱི་བྱ་བ་ཐམས་ཅད་ཡང་དག་པར་སྟོན་པ་ལ་མཁས་ པ་ཞེས་བྱ་བ་གསུངས་ཏེ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བ་དང་། ཡོངས་སུ་སྨིན་པའི་འདུལ་བར་བྱ་བ་སྟེ། དེའི་དོན་དུའོ། །དུས་ཇི་ལྟ་བ་བཞིན་དུ་གང་གིས་ཡོངས་སུ་སྨིན་པར་བྱ་བ་དང་། འདུལ་བར་བྱ་བའི་དུས་གང་ཡིན་པའོ། །ཕྱད་པའི་བྱིན་གྱི་རླབས་ འབྲས་བུ་ཡོད་པའི་མཐུ་ཅན་གྱི་བྱ་བ་གང་ཡིན་པ་དེ་ཐམས་ཅད་ཡང་དག་པར་སྟོན་པ་དེ་ལ་མཁས་པ་དག་གོ། །སྨོན་ལམ་མངོན་པར་སྒྲུབ་པ་ལ་མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ལ་མངོན་པར་སྒྲུབ་པ་བསྐལ་པ་དང་། དུས་དང་། ཞིང་དང་། སྤྱོད་པ་ལ་རྒྱུན་མི་གཅོད་པས་གནས་པ་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་རྣམས་ནི་འདི་ཁོ་ན་ལས་འོག་ནས་ཇི་སྐད་འབྱུང་བ་རྣམས་ཏེ། དེ་དག་མངོན་པར་སྒྲུབ་པ་ནི་གྲུབ་པར་བྱེད་པའོ། །དེ་རྒྱུན་མི་གཅོད་པ་ནི་བཟང་པོ་དང་། སྐར་མ་ལྟ་བུ་ལ་སོགས་བསྐལ་པ་གང་རྣམས་དང་། མ་འོངས་པའི་སྐྱེ་བའི་རྒྱུན་གྱི་དུས་རྣམས་དང་། དེ་བཞིན་གཤེགས་པ་འབྱུང་བ་ཡང་དག་པར་སྟོན་པ་སངས་རྒྱས་ཀྱི་ཞིང་རྣམས་དང་། སྤྱོད་པ་ལ་རྒྱུན་ཆད་པར་མི་བྱེད་པ་སྟེ། དེ་དག་གིས་གནས་པའི་ངང་ཚུལ་ཅན་གང་ཡིན་ པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ནི་སྨོན་ལམ་མངོན་པར་སྒྲུབ་པ་གོམས་པས་དུས་ཐམས་ཅད་དང་། ཡུལ་ཐམས་ཅད་དང་། གནས་ཐམས་ཅད་དུ་དེ་དག་གི་སྨོན་ལམ་དག་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་ལ་ མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འབྱོར་བའི་ཚོགས་བསོད་ནམས་དང་ཡེ་ཤེས་ཤིན་ཏུ་ཡོངས་སུ་རྫོགས་པ་མི་ཟད་པ་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་ལ་ཞུགས་པ་ཞེས་བྱ་བ་གསུངས་སོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ ནམས་དང་ཡེ་ཤེས་ནི་དོན་ཐམས་ཅད་ཀྱི་འབྱོར་པར་གྱུར་པའི་ཚོགས་འགྲུབ་པར་འགྱུར་བའི་ཚོགས་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འབྱོར་བའི་ཚོགས་བསོད་ནམས་དང་ཡེ་ཤེས་ཏེ། དེས་གཞན་གྱི་དོན་རྣམ་པ་ཐམས་ཅད་དུ་ཡང་དག་ པར་སྒྲུབ་པའི་ཕྱིར་ཤིན་ཏུ་ཡོངས་སུ་རྫོགས་པའོ། །དུས་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཕྱིར་མི་ཟད་པ་སྟེ། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་གང་ཡིན་པ་དེ་ལ་ཞུགས་པ་དག་གོ། །བསྡུས་པའི་དོན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་བསགས་པའི་ཕྱིར་གང་གིས་ན་དེ་དག་ཡིད་བཞིན་གྱི་ནོར་བུ་ལྟར་དུས་རྟག་ཏུ་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་དེ་ལྟར་བྱས་སོ་ཞེས་བྱ་བ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་ཤེས་རབ་དང་ཐབས་དམ་པ་མཆོག་ཐོབ་པ་ཞེས་བྱ་བ་གསུངས་ཏེ། ཤེས་རབ་ནི་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་སོ། །ཐབས་ནི་འདིར་སྙིང་རྗེ་ཆེན་པོར་འདོད་དོ། །མཆོག་ནི་རབ་པོ། །དེ་ནི་དམ་པ་ཡང་ཡིན་ལ་མཆོག་ཀྱང་ཡིན་ནོ་ཞེས་བྱ་བར་ཚིག་རྣམ་པར་ སྦྱར་ཏེ། ཤེས་རབ་དང་ཐབས་གཉིས་ཀྱི་དམ་པ་མཆོག་དེ་ཐོབ་པ་དག་གོ། །དེ་ལ་ཤེས་རབ་ཀྱིས་ནི་འཁོར་བ་ལ་མི་གནས་སོ། །སྙིང་རྗེས་ནི་མྱ་ངན་ལས་འདས་པ་ལ་མི་གནས་སོ། །འཁོར་བ་དང་མྱ་ངན་ལས་འདས་པའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ རྒྱུན་མི་གཅོད་པ་ཞེས་བྱ་བས་ནི་ཤེས་རབ་དང་ཐབས་འདི་གཉིས་ཀྱི་འབྲས་བུ་བསྟན་ཏོ། །རྒྱུན་མི་གཅོད་པ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་ཏེ། འཁོར་བའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅོད་པ་ཞེས་བྱ་བ་དང་། མྱ་ངན་ལས་འདས་པའི་སྒོ་ཡང་དག་པར་སྟོན་ པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་གཅོད་པ་ཞེས་བྱ་བར་སྦྱར་རོ། །སྙིང་བརྩེ་བས་ནི་འཁོར་བའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བལྟམས་པ་དང་། གཞོན་ནུ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་ཡང་དག་པར་སྟོན་པ་ལ་སོགས་པའི་མཚན་ཉིད་ རྒྱུན་མི་གཅོད་དོ། །ཤེས་རབ་ཀྱིས་ནི་མྱ་ངན་ལས་འདས་པའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་འབྱུང་བ་ལ་སོགས་པའི་མཚན་ཉིད་རྒྱུན་མི་གཅོད་དོ། །བསམ་གཏན་ལ་སོགས་པ་མངོན་པར་སྒྲུབ་པ་ལ་མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱི་མངོན་པར་རོལ་པའི་བྱ་བ་ཐམས་ཅད་ཡང་དག་པར་སྟོན་པ་ལ་མཁས་པ་ཞེས་བྱ་བ་གསུངས་སོ། །བསམ་ གཏན་རྣམས་ནི་དང་པོ་ལ་སོགས་པའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་རྣམས་ནི་ནམ་མཁའ་མཛོད་ལ་སོགས་པའོ། །སྙོམས་པར་འཇུག་པ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་གོ། །མངོན་པར་ཤེས་པ་རྣམས་ནི་ལྷའི་མིག་ལ་སོགས་ པའོ། །ཡེ་ཤེས་ནི་དེ་བཞིན་ཉིད་ལ་དམིགས་པའོ། །དེ་དག་གི་རྣམ་པར་རོལ་པའི་ཕྱིར་དེ་དག་ཉིད་མངོན་པར་རོལ་པའོ། །དེ་དག་ཉིད་བྱ་བ་ཐམས་ཅད་དེ། ཡིད་ཀྱི་སྤྱོད་པའི་མཚན་ཉིད་དེ། །དེ་སྟོན་པ་ལ་མཁས་པ་དག་གོ། །ལུས་ཀྱི་ཆོ་འཕྲུལ་ནི་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཅིག་ཅར་དུ་འགྲོ་བར་ཡང་དག་པར་སྟོན་པ་དང་། འདུལ་བ་དང་མཐུན་པའི་ལུས་རབ་ཏུ་སྣང་བ་ཡང་དག་པར་སྟོན་པའོ། །དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བ་ཡང་དག་པར་སྟོན་པ་ཡང་དམ་ པའི་ཆོས་ཀྱི་གཏམ་འབྱུང་བར་བྱ་བའི་དོན་དང་། ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བའི་དོན་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་དོན་དུའོ། །དེ་ལ་དམ་པའི་ཆོས་ཀྱི་གཏམ་འབྱུང་བར་བྱ་བའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་རྫུ་འཕྲུལ་གྱི་སྟོབས་ལ་དབང་ཐོབ་པས་མངོན་པར་འདུ་བྱ་བ་མེད་པར་སེམས་ཀྱི་སྐད་ཅིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བ་ལ་སྔོན་དུ་འདྲེན་པའི་གཏམ་གྱི་སྐྱེས་བུར་གྱུར་པ་ཞེས་བྱ་བ་གསུངས་ཏེ། རྫུ་འཕྲུལ་ནི་འགྲོ་བའོ། །དེའི་སྟོབས་ ནི་མཐུའོ། །དེ་ལ་དབང་བ་སྟེ་དེ་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་དེ་དག་མངོན་པར་འདུ་བྱ་བ་མེད་པས། ལྷུན་གྱིས་གྲུབ་པར་སེམས་ཀྱི་སྐད་ཅིག་ཁོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཅིག་ཅར་དུ་འགྲོ་བ་ཡང་དག་པར་སྟོན་ ཏོ། །དེས་ན་དེ་དག་སྔོན་དུ་འདྲེན་པའི་གཏམ་གྱི་སྐྱེས་བུ་སྟེ། དེ་དག་ནི་ཐེག་པ་ཆེན་པོའི་གཏམ་ལ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྫུ་འཕྲུལ་གྱི་སྟོབས་ལ་དབང་ཐོབ་པ་ཡང་ཡིན་ལ། མངོན་པར་འདུ་བྱ་བ་མེད་པར་སེམས་ཀྱི་སྐད་ཅིག་གིས་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བའི་སྔོན་དུ་འདྲེན་པའི་གཏམ་གྱི་སྐྱེས་བུ་འང་ཡིན་ནོ་ཞེས་བྱེ་བྲག་གི་བསྡུ་བའོ། །ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བ་དང་། སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་རྒྱ་ཆེན་པོ་བྱ་བ་ལ་མངོན་པར་བརྩོན་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བ་དང་། རིམ་གྲོ་རྒྱ་ཆེན་པོ་བྱ་བ་ལ་མངོན་པར་བརྩོན་ པ་ཞེས་བྱ་བའི་ཐ་ཚིག་གོ། །མཆོད་པ་ནི་གདུགས་ལ་སོགས་པས་སོ། །རིམ་གྲོ་བྱ་བ་ནི་བསྙེན་བཀུར་བྱ་བ་ལ་སོགས་པས་སོ། །འདུལ་བ་དང་མཐུན་པའི་ལུས་རབ་ཏུ་སྣང་བར་བྱེད་པ་ཡང་དག་པར་སྟོན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ཡང་དག་པར་བླང་ བ་ཅན་གྱི་མཉམ་པ་ཉིད་ཀྱི་སྦྱོར་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་རབ་ཏུ་སྣང་བར་བྱེད་པ་ཐོབ་པ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ནི་སེམས་ཅན་གྱི་དོན་སྒྲུབ་པའོ། །དེ་ཡང་དག་པར་བླང་བ་ནི་ལེགས་པར་ཁས་བླང་བའོ། །དེ་སྔོན་དུ་འགྲོ་བ་ཅན་ དུ་མཉམ་པ་ཉིད་ཀྱི་སྦྱོར་བ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པ་དང་། འདུལ་བ་དང་མཐུན་པ་ཉིད་ཀྱིས་ཐམས་ཅད་ལ་སྒྲུབ་པའོ། །དེའི་དོན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདུལ་བ་དང་མཐུན་པའི་ལུས་སྣང་བར་བྱེད་པ་གང་ཡིན་པ་ལུས་ཡང་དག་པར་སྟོན་པ་དེ་ཐོབ་པ་དག་གོ། །ངག་ གི་ཆོ་འཕྲུལ་ཡང་རྣམ་པ་གཉིས་ཏེ། དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པ་དང་། ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་བསྐལ་པ་མཐའ་ཡས་པ་རྣམས་སུ་ཐེག་པ་ཆེན་པོ་རྒྱུན་མི་འཆད་པར་རབ་ཏུ་སྟོན་པའོ། །དེ་ལ་དང་པོའི་དབང་དུ་བྱས་ནས། ཆོས་ཐམས་ཅད་ཀྱི་དབྱིངས་ལྟར་ ཆགས་པ་མེད་པའི་དབྱངས་སྒྲོགས་པས་ཁྱབ་པར་བྱེད་པས་དུས་གསུམ་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་ཀྱི་ཡེ་ཤེས་ཀྱིས་ཡུལ་རྒྱས་པར་འགེངས་པ་ཞེས་བྱ་བ་གསུངས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱིངས་ནི་དེ་བཞིན་ཉིད་དོ། །དེ་ལྟར་ཆགས་པ་མེད་པ་ནི་ཐོགས་པ་མེད་ པའོ། །དེ་གང་ཡིན་ཞེ་ན། ཆོས་ཀྱི་དུང་ངོ་། །གྲག་པར་བྱེད་པའི་ཕྱིར་སྒྲོགས་པ་སྟེ། །དབྱངས་ཀྱི་སྒྲོགས་པ་ཡིན་པས་དབྱངས་སྒྲོགས་པ་སྟེ། དབྱངས་ཀྱི་རྒྱུ་ནི་ཆོས་ཀྱི་དུང་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཁྱབ་པར་བྱེད་པ་སྟེ། ཀུན་དུ་ཚིག་ཏུ་སྣང་བའི་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་དེ་སྐད་ཅེས་ བྱའི། ངག་ཕྱི་རོལ་ན་གྲུབ་པ་ནི་མེད་དོ། །དུས་གསུམ་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་ཀྱི་ཡེ་ཤེས་ཅན་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དེ་སྐད་ཅེས་བྱའོ། །སེམས་སྨོས་པ་ནི་ཕྱི་རོལ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ཙམ་དུ་ཟད་པའོ། །དེ་དག་གི་ཡུལ་ནི་འཇིག་ རྟེན་གྱི་ཁམས་ཐམས་ཅད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆགས་པ་མེད་པའི་དབྱངས་སྒྲོགས་པས་ཁྱབ་པར་བྱེད་པས་དུས་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་ཀྱི་ཡེ་ཤེས་ཀྱི་ཡུལ་རྒྱས་པར་འགེངས་པ་ནི་ཁྱབ་པར་བྱེད་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ ཀྱི་ཡུལ་འཇིག་རྟེན་གྱི་ཁམས་རྣམས་ཅིག་ཅར་དུ་དབྱངས་ཀྱིས་ཁྱབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྡེ་སྣོད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའི་ སྡེ་སྣོད་ནི་ཐེག་པ་ཆེན་པོའོ། །དེའི་ཡོན་ཏན་འབྱོར་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པའོ། །དེ་ཤིན་ཏུ་ཡོངས་སུ་རྫོགས་པ་བསྐལ་པ་བརྗོད་དུ་མེད་པར་རྒྱུན་མི་འཆད་པར་བར་ཆད་མེད་པར་ཡང་དག་པར་རབ་ཏུ་བསྟན་པ་སྟེ། ཡང་དག་པར་རབ་ཏུ་བསྟན་པ། དེ་ལྟ་བུས་ཡོན་ཏན་བསྔགས་པ་ བསྟན་པ། ཡོན་ཏན་བསྟོད་པ་ཟད་མི་ཤེས་པ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་བ་སྟེ། བསྐལ་པ་དཔག་ཏུ་མེད་པར་ཡང་ཐེག་པ་ཆེན་པོའི་ཡོན་ཏན་སྟོན་པ་རྣམས་ཀྱི་ཡོན་ཏན་བསྔགས་པའི་བསྟན་པ་མི་ཟད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་རྡོ་རྗེའི་སྙིང་པོ་ དང་ཞེས་བྱ་བ་ལ་སོགས་པ་ནི་གྲངས་ཕལ་ཆེ་བ་བསྟན་ཏོ། །བདག་གིས་བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་ན་གཙོ་བོར་གྱུར་པས་དེ་ལ་སོགས་པ་སྟེ། སོ་སོར་བསྟན་པར་བལྟའོ། །འཕགས་པ་ས་བཅུའི་མདོ་སྡེའི་གླེང་གཞི་བཤད་པ། སློབ་དཔོན་ཤཱཀྱའི་བློས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་བི་ཀལྤ་པྲ་བེ་ཤ་དྷཱ་ར་ཎཱི་ཊཱི་ཀཱ། བོད་སྐད་དུ། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལོག་རྟོག་དྲ་བ་མང་པོ་དག །མ་ལུས་བསལ་ལ་ཕྱག་འཚལ་ ཏེ། །རྣམ་པར་མི་རྟོག་འཇུག་པའི་དོན། །ཅི་ནུས་རྣམ་པར་དབྱེ་བར་བྱ། །དེ་ལ་མདོ་སྡེ་འཆད་པར་འདོད་པས་ཉན་པའི་སྐྱེ་བོ་དག་ནན་ཏན་གྱིས་ལེན་པ་ལ་སོགས་པ་ལ་གཟུད་པའི་ཕྱིར་དང་པོར་དགོས་པ་ཇེ་བརྗོད་པར་བྱ་སྟེ། དགོས་པ་མ་རྟོགས་པར་ནི་རྟོག་པ་དང་ལྡན་པ་དག་གང་ལ་ཡང་འཇུག་ པར་མི་འགྱུར་རོ། །དེའི་འོག་ཏུ་མདོ་སྡེའི་དོན་བདེ་བླག་ཏུ་ཟིན་པར་བྱ་བའི་ཕྱིར་བསྡུས་པའི་དོན་བརྗོད་པར་བྱའོ། །དེའི་འོག་ཏུ་བསྡུས་པའི་དོན་རྟོགས་པར་བྱ་བའི་ཕྱིར་ཚིག་གི་དོན་བརྗོད་པར་བྱའོ། །དེའི་འོག་ཏུ་དོན་ལ་འབྲེལ་པ་མེད་དུ་དོགས་པ་བསལ་བའི་ཕྱིར་ཚིག་གི་མཚམས་ སྦྱར་བ་བསྟན་པར་བྱའོ། །དེའི་འོག་ཏུ་སྔ་ཕྱི་རིགས་པ་དང་འགལ་བ་བསལ་བའི་ཕྱིར་རྒོལ་བའི་ལན་བརྗོད་པར་བྱ་སྟེ། ཚུལ་ནི་དེ་ལྟའོ། །དེ་ལ་དྲན་པ་དང་ཤེས་རབ་ཀྱི་ཁྱད་པར་གྱི་མཚན་ཉིད་ཀྱིས་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པ་དང་། རྟོག་པའི་དྲ་བ་མ་ལུས་པར་སྤང་ བ་ནི་མདོ་སྡེ་འདིའི་དགོས་པའོ། །དེ་ནས་ས་ཡོངས་སུ་སྦྱོང་བའི་རིམ་གྱིས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་བར་ནི་དགོས་པ་མཐར་ཕྱིན་པའོ། །དེ་ལྟར་ན་མདོ་སྡེ་འདི་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པའི་ཐབས་ཡང་དག་པར་སྟོན་ཏོ། །གང་དག་ཐབས་གང་ལ་ཕྱིན་ཅི་ མ་ལོག་པར་གནས་པ་དེ་དག་ནི་དེ་འཐོབ་པ་ལ་ཐེ་ཚོམ་མི་སྐྱེ་སྟེ། དཔེར་ན་ཕྱིན་ཅི་མ་ལོག་པར་ནད་མེད་པར་སྒྲུབ་པ་ལ་ནད་པ་རྣམས་གནས་ན་ནད་མེད་པར་འགྱུར་བ་བཞིན་ནོ། །དེ་བས་ན་གང་དག་མདོ་སྡེའི་དོན་ཐོས་ནས་དེ་ལ་བརྟེན་ཏེ་ཡང་དག་པར་བསྒོམ་པ་ལ་རྟག་ཏུ་ནན་ཏན་གྱིས་ཡུན་ རིང་པོར་བརྩོན་པར་བྱེད་པ་དེ་དག་ནི་གདོན་མི་ཟ་བར་ཇི་སྐད་གསུངས་པའི་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པ་ལ་འཇུག་པར་འགྱུར་རོ། །དེས་ན་སྒྲིབ་པ་བསགས་པ་དག་མ་ལུས་པར་རིམ་གྱིས་ཟད་དེ། སྒྲིབ་པ་མེད་པའི་ཡེ་ཤེས་ཤར་ནས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ པར་འགྱུར་ཏེ། དེ་སྐད་དུ་ཡང་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་བཟུང་ན། བྱང་ཆུབ་སེམས་དཔའ་མྱུར་བ་མྱུར་བར་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་ཞིང་རྟག་ཏུ་ཁྱད་པར་དུ་ཡང་འགྲོའོ་ཞེས་གསུངས་སོ། །དགོས་པ་དེ་ནི་འདིའི་མིང་གིས་ཀྱང་བསྟན་ཏེ། དེ་ལྟར་ན་འདི་ལ་རྣམ་པར་ རྟོག་པ་མེད་པས། རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཞེས་བྱའོ། །དེ་ལ་གང་དྲན་པ་དང་ཤེས་རབ་ཀྱི་ཁྱད་པར་གྱིས་འཇུག་པ་དེ་ནི་རྣམ་པར་མི་རྟོག་པ་ལ་འཇུག་པའོ། །དེའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཀུན་འཛིན་ པས་ན་དེ་ཉིད་གཟུངས་ཞེས་བྱའོ། །ཚིག་ཀྱང་དེ་ནི་རྒྱུར་འགྱུར་བས་ན་དེ་སྐད་བསྟན་ཏེ། དཔེར་ན་སངས་རྒྱས་རྣམས་འབྱུང་བ་བདེའོ་ཞེས་བྱ་བ་ལྟ་བུའོ། །མདོ་སྡེ་འདི་དངོས་སུ་ནི་རྣམ་པར་རྟོག་པའི་གཉེན་པོར་གསུངས་མོད་ཀྱི། འོན་ཀྱང་ཉེས་པ་ཐམས་ཅད་ནི་ལོག་པར་རྟོག་ པ་ལས་འབྱུང་བས་ན་དེའི་ཕྱིར་ཉེས་པ་མ་ལུས་པའི་གཉེན་པོ་ཉིད་དུ་ཡང་གནས་སོ། །དེ་ལ་གཟུངས་འདིའི་བསྡུས་པའི་དོན་ནི་རྣམ་པ་བཅུ་བཞི་སྟེ། གླེང་བཞི་དང་། གླེང་བསླང་བ་དང་། ཡང་དག་པར་འཛིན་དུ་འཇུག་པ་དང་། གསོལ་བ་འདེབས་པ་དང་། འཁོར་སྣོད་དུ་ བྱ་བ་དང་། གནས་པ་དང་། མཚན་མ་ཡོངས་སུ་སྤང་བར་ཡང་དག་པར་སྦྱོར་བ་དང་། རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་དང་། རྣམ་པར་མི་རྟོག་པའི་དབྱིངས་ཀྱི་མཚན་ཉིད་དང་། དེར་ཞུགས་པའི་རྟགས་དང་། དེའི་ཕན་ཡོན་དང་། དེའི་ལས་དང་དཔེས་རྣམ་པར་མི་ རྟོག་པ་གཅིག་ཏུ་བླང་བ་དང་། ཇི་ལྟར་ཡིད་ལ་བྱས་པས་མཚན་མ་ཡོངས་སུ་སྤངས་ཏེ། རྣམ་པར་མི་རྟོག་པ་ལ་འཇུག་པར་འགྱུར་བ་ཐབས་དང་བཅས་པ་དང་བཅུ་བཞིའོ། །དེ་ལ་འདི་སྐད་ཅེས་བྱ་བ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཐབས་ཅིག་གོ་ཞེས་བྱ་བའི་བར་འདིས་ནི་གླེང་བ