Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 116

Văn bản gốc(Tây Tạng)

Trang 1 / 19 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ད་ཤ་བྷཱུ་མི་བྱཱ་ཁྱ་ན་བྱཱ་ཁྱ་ན། བོད་སྐད་དུ། ས་བཅུའི་རྣམ་པར་བཤད་པའི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
མདོ་སྡེའི་ཚུལ་གྱིས་དོན་གྱི་ཡང་དག་འདི། །སངས་རྒྱས་ཉིད་སྐྱེས་འཕགས་པ་ཐོགས་མེད་བརྙེས། །དེ་ལས་འགྲོ་གཉེན་གཅིག་པུས་གསན་ནས་ནི། །འདི་ཡི་རྣམ་བཤད་དབྱིག་གི་གཉེན་གྱིས་མཛད། །
ད་ནི་རྣམ་པར་བཤད་པ་མཛད་པས། ཆོས་ཀྱི་རྣམ་གྲངས་འདི་ནི་སུས་བཤད་དང་། ཞེས་བྱ་བ་ལ་སྩོགས་པས། དཀོན་མཆོག་གསུམ་ལ་ཕྱག་བྱ་དང་། །མདོ་བཤད་པ་དང་དགོས་པ་དང་། །ཡང་དག་
སྦྱིན་རྒྱུན་མ་ཆད་བརྗོད། །ཚིགས་སུ་བཅད་པའི་དོན་ནི་སུས་བཤད་དང་། །ཞེས་བྱ་བ་ནི་རྡོ་རྗེའི་སྙིང་པོས་སོ། །གང་དག་རྣམས་ཀྱིས་འཆད་དུ་བཅུག་རྣམས་དང་། །ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་
འདས་དང་། རྣམ་པར་གྲོལ་བའི་ཟླ་བ་ལ་སྩོགས་པ་ཡིན་ཏེ། དེའི་བྱིན་རླབས་དང་བསྐུལ་བ་དག་གིས་དེ་བཤད་པའི་ཕྱིར་རོ། །གང་གིས་འདི་ཡི་དོན་བསྟན་དང་། །ཞེས་བྱ་བ་ནི་འཕགས་པ་བྱམས་

པས་སོ། །དེ་ལས་ནི། གང་གིས་བླངས་ནས་བདག་ལ་རྣམ་ཕྱེ་བ། །ཞེས་བྱ་བ་ནི་འཕགས་པ་ཐོགས་མེད་ཀྱིས་སོ། །དེ་དག་རྣམས་དང་ཞེས་བྱ་བ་ནི། འཕགས་པ་རྡོ་རྗེའི་སྙིང་པོ་ལ་སྩོགས་པ་ཇི་སྐད་སྨོས་པ་
རྣམས་སོ། །ཆོས་མཆོག་འདི་ལ་ཡང་ཞེས་བྱ་བ་ནི་ས་བཅུ་པའི་མདོ་ཆེན་པོ་ལ་སྟེ། འདིའི་མཆོག་ཉིད་འདི་ནི་ཐོག་མར་སྤྱད་པ་སྟེ། ཞེས་བྱ་བ་ལ་སྩོགས་པའི་ཡི་གེའི་ཕྱི་མོའི་དཔེས་སྟོན་ཏོ། །སྤྱི་བོ་ས་ལ་གཏུགས་ཏེ་ཞེས་བྱ་བ་ནི་
སྤྱི་བོ་ཐུར་དུ་ཕབ་ནས་ཞེས་བྱ་བའི་ཐ་ཚིག་གོ། །འདི་དག་ལ་ཅི་ཞིག་བྱ་ཞེ་ན། ཕྱག་འཚལ་ནས་མཆོད་པ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སྟོན་པ་ན་ཆོས་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར་ཆོས་
སྨྲ་བ་རྡོ་རྗེའི་སྙིང་པོར་སྨོས་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཆོས་བླ་མར་མཛད་པ་ཡིན་ནོ། །ཅི་ཞིག་བྱ་ཞེ་ན། དེའི་དོན། གནས་པར་བྱ་ཕྱིར་བཤད་སྦྱར་བྱ་བར་འབད། །ཅེས་བྱ་བ་སྨྲས་ཏེ། གོང་དུ་བཤད་པའི་ཆོས་ཀྱི་
རྣམ་གྲངས་དེའི་དོན་གང་ཡིན་པའོ། །བཤད་སྦྱར་ནི་ཚིག་མང་པོས་རྣམ་པར་བཤད་པའོ། །བདག་དང་གཞན་དོན་སྒྲུབ་ཕྱིར་ཞེས་བྱ་བ་ནི་དེའི་དགོས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །སའི་བསྡུས་པ་ནི་མདོར་བསྡུས་ཏེ་བསྙད་པ་སྟེ།

བདེ་བླག་ཏུ་གོ་བར་བྱ་བའི་ཕྱིར་ས་དང་པོས་དོན་ཇི་སྙེད་ཅིག་སྟོན་པ་དེ་དག་བཏུས་ནས་ཐོག་མར་བསྟན་པའོ། །གླེང་གཞི་ནི་གང་དུ་གང་དག་ལ་སྟོན་པ་སྟེ། གནས་དང་གདུལ་བ་རྣམས་དང་གོ་རིམས་བཞིན་ནོ། །འདིར་རམ་འདི་དག་ལ་གླེང་བས་ན་གླེང་གཞི་སྟེ་སྟོན་ཞེས་བྱ་བའི་ཐ་ཚིག་གོ། །
དེ་ཡང་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་བྱ་བ་ནས་སྙོམས་པར་འཇུག་པའི་བར་གྱིས་བསྟན་ཏོ། །སྙོམས་པར་འཇུག་པ་ནི་མཉམ་པར་འཇོག་པ་སྟེ། དམིགས་པ་ལ་སེམས་ཕྱིན་ཅི་མ་ལོག་པར་གཏོད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཡང་དེ་ནས་བྱང་ཆུབ་སེམས་
དཔའ་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་ནས་བྱིན་གྱི་རླབས་ཀྱི་བར་གྱིས་བསྟན་ཏོ། །བྱིན་གྱི་རླབས་ནི་བྱིན་གྱིས་རློབ་པ་སྟེ། མངོན་པར་འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་ལུས་དང་སེམས་ལ་མཐུ་ཉེ་བར་སྒྲུབ་པ་སྟེ། མཐུ་ལྷག་པར་བསྐྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རྣམས་
པ་གསུམ་གྱིས་བསྟན་ཏེ། གསུང་དང་ཐུགས་དང་སྐུས་སོ། །དེ་ལ་གསུང་གི་ནི་རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་རྣམས་ཀྱི་སྒོ་རབ་ཏུ་དབྱེ་བ་ལ་མཁས་པར་འགྱུར་བའི་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ལ་སོགས་པའི་བཅུ་ཚན་གྱིས་བསྟན་ཏོ། །ཐུགས་ཀྱི་ནི་དེ་ནས་སངས་རྒྱས་བཅོམ་
ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་ཟིལ་གྱིས་མི་ནོན་པའི་ལུས་ཉིད་ཉེ་བར་སྒྲུབ་པ་མཛད་དེ། ཞེས་བྱ་བ་ལ་སོགས་པའི་བཅུ་ཚན་གྱིས་བསྟན་ཏོ། །སྐུའི་ནི་དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དེ་དག་ན་བཞུགས་བཞིན་དུ་རྫུ་འཕྲུལ་གྱི་
མཐུས་ཕྱག་གཡས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལྡང་བ་ནི་རྣམ་པར་ལྡང་བ་སྟེ། སྙོམས་པར་འཇུག་པའི་བྱ་བ་བྱས་ནས་དེས་བསྐྱེད་པའི་སེམས་ནུས་པ་ཅན་དམིགས་པ་དང་འབྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་
བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་རེག་མ་ཐག་ཏུ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་སྨས་པ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །བསྟན་པ་ནི་མདོར་བསྟན་པ་སྟེང་འོག་ནས་འབྱུང་བའི་དོན་རྣམས་མིང་ཙམ་གྱིས་བསྙད་པ་སྟེ། ཀྱེ་རྒྱལ་བའི་སྲས་

དག་བྱང་ཆུབ་སེམས་དཔའི་སྨོན་ལམ་འདི་ནི་ཤིན་ཏུ་རྣམ་པར་ངེས་པ་སྟེ། ཞེས་བྱ་བ་ནས་བསྐུལ་བའི་བར་གྱིས་བསྟན་ཏོ། །བསྐུལ་བ་ནི་འཆོལ་བ་སྟེ་ཇི་ལྟར་འདོད་པའི་དོན་མཉམ་པའི་ཕྱིར་ལྷག་པར་དོན་དུ་གཉེར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་དེ་ནས་བྱང་ཆུབ་
སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞེས་བྱ་བ་ནས་བཤད་པའི་བར་གྱིས་བསྟན་ཏོ། །དེ་ཡང་ཡང་དག་པར་འཛིན་པ་ནི་རྒྱལ་བའི་སྲས་པོ་རྣམ་པར་གྲོལ་བའི་ཟླ་བ་ལ་སོགས་པ་ཡིན་ནོ། །རྒྱལ་བ་རྣམས་ནི་བསྐུལ་བ་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང་འོད་
ཟེར་སྟུག་པོར་རེག་པ་དེ་ལས་ཚིག་འཐོན་པོ་དེ་དག་གིས་བཅོལ་ཏོ། །བཤད་པ་ནི་ངེས་པར་བསྟན་པ་སྟེ། ས་མིང་ཙམ་བསྟན་པ་རྣམས་གཏན་ལ་ཕབ་སྟེ་བཤད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། གནས་པ་དང་ནི་ངེས་ཚིག་དང་། །དེ་བཞིན་རབ་ཏུ་གནས་པ་ཉིད། །ས་བཤད་པ་ལ་
མདོར་ན་ནི། །འདི་ནི་ངེས་པར་བསྟན་བྱ་ཡིན། །དེ་ལ་གནས་པ་ནི་ཅི་འདྲ་བ་དག་ཅིག །གང་གི་ཕྱིར་གཞི་གང་གིས་གང་ཞིག་བསྐྱེད་པས་གནས་པ་སྟེ། སྨྲས་པ། གནས་དང་གང་གི་ཕྱིར་དང་ནི། །གཞི་ནི་གང་ཞིག་ཡིན་པ་དང་། །ཅི་འདྲ་ཡང་དག་བསྐྱེད་པ་ཡིས། །གནས་འགྱུར་དེ་ནི་
གནས་པ་ཡིན། །དགེ་བའི་རྩ་བ་ཤིན་ཏུ་བསྩགས་པ་ཞེས་བྱ་བ་ནས་བཟུང་སྟེ། གྲངས་བཞིན་དུ་བཅུ་ཚན་བཞི་པོ་འདི་དག་བསྡུས་སོ། །དེ་ལ་ཅི་འདྲ་བ་དག་ནི་དགེ་བའི་རྩ་བ་ཤིན་ཏུ་བསྩགས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གང་གི་ཕྱིར་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་
འདོད་པར་བྱ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཞི་གང་གིས་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གང་ཞིག་བསྐྱེད་པས་ནི་སེམས་སྐྱེ་བ་དེ་སྐྱེས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ངེས་པའི་ཚིག་ནི་གཏན་ལ་ཕབ་པའི་ཚིག་སྟེ། དོན་
དང་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །མཆོག་དགའ་མང་ཕྱིར་རྒྱལ་རྣམས་ཀྱིས། །ས་ནི་རབ་ཏུ་དགའ་བཤད་པ། །ཅི་འདྲ་བ་ཡིས་དམིགས་གང་ལ། །དེ་ནི་ངེས་པའི་ཚིག་ཏུ་འདོད། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་

མཆོག་ཏུ་དགའ་བ་མང་བ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། བཅུ་ཚན་གསུམ་པོ་འདི་དག་དང་། འཇིག་པ་ལྔ་ལས་ཡང་དག་པར་འདས་པ་ཡང་བསྡུས་པར་ཤེས་པར་བྱ་སྟེ། བདག་ནི་འཇིག་པ་དང་སྡང་བ་དང་། བག་ཚ་བ་དང་བྲལ་ལོ་ཞེས་མཆོག་ཏུ་དགའ་བ་བསྐྱེད་དོ་ཞེས་བྱ་བའི་བར་ཡིན་ནོ། །
རབ་ཏུ་གནས་པ་ནི་མཆོག་ཏུ་གནས་པ་སྟེ། གང་དག་དང་ལྡན་ན་ས་འདི་ལ་རབ་ཏུ་གནས་པ་ཡིན་ནོ། །དེ་ཡང་སའི་མཐར་ཕྱིན་པར་འགྲོ་བའི་ཕྱིར་ཏེ། གནས་པ་ནི་ས་ཐོབ་པ་ཙམ་ཡིན་པས་གནས་པ་བས་རབ་ཏུ་གནས་པར་ཁྱད་ཞུགས་པར་ཤེས་པར་བྱའོ། །རྒྱལ་བ་རྣམས་ཀྱི་ས་དང་པོའི། །རབ་
གནས་དད་དབང་ལ་སོགས་པ། །བཅུ་ཚན་གསུམ་གྱིས་རབ་བཤད་པས། །དེ་ནི་དེ་བཞིན་ངེས་པར་གཟུང་། །དེ་དད་པའི་དབང་དང་ཞེས་བྱ་བ་ནས་བཟུང་སྟེ། བཅུ་ཚན་གསུམ་པོ་འདི་དག་བསྡུས་པར་ཤེས་པར་བྱའོ། །འཕགས་པ་རྡོ་རྗེའི་སྙིང་པོས་མ་བཤད་པའི་སྔོན་རོལ་དུ་ཚིགས་སུ་བཅད་པ་བཅུ་
ཚན་གསུངས་པ་ནི་འཁོར་དད་པར་བྱ་བའི་ཕྱིར་ཏེ། བཤད་པ་རྩོམ་པ་ཡིན་པའི་ཕྱིར་བཤད་པ་དང་ཤེས་པར་བྱའོ། །ཁྱད་པར་ནི་བྱེ་བྲག་སྟེ། ཡོན་ཏན་ལྷག་པར་གསལ་བའམ། གང་གིས་ན་ཉན་ཐོས་ལ་སོགས་པ་ལས་ཁྱད་འཇུག་པའོ། །དེ་ཡང་རྣམ་པ་གསུམ་སྟེ་འདུན་པའི་ཁྱད་པར་
དང་། སྒྲུབ་པའི་ཁྱད་པར་དང་། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རོ། །དེ་དེ་ལ་འདུན་པ་ནི་དོན་དུ་གཉེར་བ་དང་། མངོན་པར་འདོད་པ་དང་། སྨོན་པ་སྟེ། སྨོན་ལམ་བཅུ་མངོན་པར་སྒྲུབ་པའོ། །སྒྲུབ་པ་ནི་རྣམ་པ་བཅུ་སྟེ། ས་བཅུ་ཡོངས་སུ་སྦྱོང་བར་བྱེད་པའི་ཆོས་ཀྱི་མཚན་ཉིད་དོ། །དེ་
ཡང་དད་པ་དང་སྙིང་རྗེ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འབྲས་བུའི་ཕན་ཡོན་ནི་རྣམ་པ་བཞི་སྟེ། ལས་སུ་རུང་བ་ཉིད་དང་། འཇུག་པ་དང་། རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་དང་། སྨོན་པ་ཤེས་པའོ། །དེ་ལ་ལས་སུ་རུང་བ་ཉིད་ནི་གསེར་གྱི་ས་ལེ་སྦྲམ་གྱི་དཔེས་བསྟན་ཏོ། །
འཇུག་པ་ནི་དེད་དཔོན་གྱི་དཔེས་བསྟན་ཏོ། །རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་ནི། འཛམ་བུའི་གླིང་གི་དབང་པོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྨོན་པ་ཤེས་པ་ནི་དེ་ཡན་ཆད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འདིའི་བསྡུས་

པ་ནི་འདི་ཡིན་ཏེ། མདོར་བསྡུ་ན་ནི་བདུན་པ་དང་། །སྒྲུབ་པ་དང་ནི་རྣམ་སྨིན་གྱི། །ཉན་ཐོས་དང་ནི་རང་རྒྱལ་ལས། །རྣམ་པ་གསུམ་གྱིས་བསྔགས་པར་བཤད། །དེ་ལ་འདུན་པ་ཇི་སྐད་དུ། །བཤད་པའི་སྨོན་ལམ་ཡིན་ཞེས་བྱ། །སྒྲུབ་པའི་ཁྱད་པར་དད་ལ་སོགས། །
བཅུ་པོ་དག་གིས་བཤད་པ་ཡིན། །རྒྱུ་བཞི་དག་གིས་འབྲས་བུ་ཡི། །ཕན་ཡོན་ཁྱད་པར་དག་ཏུ་འདོད། །ལས་རུང་ཉིད་དང་འཇུག་པ་དང་། །རྣམ་སྨིན་ཡོངས་སུ་འཛིན་པ་དང་། །བཞི་པ་སྨོན་ལམ་ཉིད་ཀྱི་ཕྱིར། །རྣམ་པ་བཞིར་ནི་ཤེས་པར་བྱ། །ས་ལེ་སྦྲམ་དང་ཆོས་མཐུན་ཕྱིར། །རྒྱལ་
བ་རྣམས་ཀྱིས་ལས་རུང་བཤད། །དེད་དཔོན་དང་ནི་ཆོས་མཐུན་ཕྱིར། །དེ་དག་གིས་ནི་འཇུག་པ་གསུངས། །མཁས་པ་རྣམ་སྨིན་ཡོངས་འཛིན་པ། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་ཉིད་ཀྱི་ཕྱིར། །འཛམ་གླིང་དབང་ཕྱུག་ལ་སོགས་དང་། །གཉིས་པ་རྒྱུ་མཐུན་རྒྱ་ཆེ་
བ། །སེར་སྣ་འདུལ་ལ་སོགས་པ་གང་། །ཏིང་འཛིན་རབ་སྒོམ་བཅས་ཤེས་བྱ། །ཏིང་ངེ་འཛིན་སྒོམ་པ་དང་ལྷན་ཅིག་པ་ཞེས་བྱ་བའི་ཐ་ཚིག་གོ། །སྨོན་པ་ཤེས་ཞེས་བྱ་བ་ནི། །སྨོན་ལམ་སྟོབས་ཅན་ཡིན་པས་ན། །དེ་ཡི་ཁྱད་པར་རྣམ་འཕྲུལ་ཕྱིར། །ཆོས་ནི་བརྒྱད་པོ་འདི་དག་གིས། །ས་
ཡི་དང་པོ་ཡང་དག་གསུངས། །འདི་མན་ཆད་དུ་འདི་དག་རྒྱས་པར་བཤད་དགོས་པས་དེ་བརྩམ་པར་བྱའོ། །འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་འདི་དཔེ་ལ་ཡང་འབྱུང་སྟེ། དཔེར་ན་རྣམ་ཐོས་ལྟར་ཕྱུག་པ་ཞེས་བྱ་བ་ལྟ་བུའོ། །ལུང་འབོགས་པ་ལ་ཡང་འབྱུང་སྟེ། འདི་སྐད་དུ་ཐོན་ཅིག་
ཅེས་བྱ་བ་ལྟ་བུའོ། །དྲིས་པ་ངེས་པར་བྱ་བ་ལ་ཡང་འབྱུང་སྟེ། འདི་སྐད་བདག་གིས་ཐོས་སོ། །འདི་སྐད་དུ་འཆད་དོ་ཞེས་བྱ་བ་ལྟ་བུའོ། །ཚིག་གི་ལན་ལ་ཡང་འབྱུང་སྟེ། དེ་ནི་དེ་ལྟ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འདི་ནི་དམ་འཆའ་བ་ཡིན་པར་བལྟ་བར་བྱ་སྟེ། ཡང་དག་པར་སྡུད་པར་
བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཁྱོད་ཀྱིས་ཇི་སྐད་ཐོས་པ་དེ་བཞིན་དུ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། བྱང་ཆུབ་སེམས་དཔས་དེ་བཞིན་དུ་འཆད་དོ་ཞེས་ཁས་འཆེས་པ་སྟེ། རྣམ་པར་བཅད་ནས་སྦྱར་རོ། །དམ་བཅས་ནས་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་

པས་སྨྲས་སོ། །ཡང་ན་དྲིས་པ་ངེས་པར་བྱ་བ་ཡིན་ཏེ། དྲིས་པ་ངེས་པར་བྱ་བའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་སྨོས་སོ། །བདག་གིས་ཞེས་བྱ་བ་ནི། བདག་ཉིད་ཀྱི་ཡིན་གྱིས་གཞན་ལས་མ་ཡིན་པའོ། །ཐོས་པ་ནི་རྣ་བའི་དབང་པོས་བཟུང་བའོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་
གཅིག་ན་རྒྱུན་ཆགས་པར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་འདི་ལ་སྐལ་བ་ཡོད་པས་ན་བཅོམ་ལྡན་འདས་ཏེ། ཉོན་མོངས་པའི་གཞན་གྱི་དབང་དུ་མ་གྱུར་པའི་ཕྱིར་རང་དབང་ཉིད་དང་། ཡེ་ཤེས་ཀྱི་མེས་ལེགས་པར་ཡོངས་སུ་སྦྱངས་པའི་ཕྱིར་ཤིན་ཏུ་སྦྱངས་པ་ཉིད་དང་། སྐྱེས་བུ་ཆེན་པོའི་
མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཕྱིར་གཟུགས་བཟང་བ་ཉིད་དང་། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་ཕྱིར་གྲགས་པ་དང་། འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་དཔལ་དང་། སེམས་ཅན་ལ་ཕན་འདོགས་པའི་ཕྲིན་ལས་ཉམས་པ་མི་མངའ་བའི་ཕྱིར་བདག་ཉིད་ཆེན་
པོ་ཚོགས་པ་སྟེ། དེ་དག་འདི་ལ་མངའ་བས་ན་བཅོམ་ལྡན་འདས་སོ། །ཅིའི་ཕྱིར་ཞེ་ན། སྐལ་བ་ཞེས་བྱ་བ་ནི་ཡོན་ཏན་དྲུག་པོ་ཇི་སྐད་བཤད་པ་རྣམས་ཀྱི་རྣམ་གྲངས་ཀྱི་ཚིག་ཡིན་པའི་ཕྱིར་རོ། །སྨྲས་པ། རང་དབང་ཤིན་ཏུ་སྦྱངས་པ་དང་། །གཟུགས་བཟང་བ་དང་གྲགས་པ་དང་། །དཔལ་དང་
བདག་ཉིད་ཆེ་ཚོགས་པ། །དྲུག་ལ་སྐལ་བ་ཞེས་བཤད་དོ། །མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་ཏེ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་པོ་མ་ལོན་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་བྱེ་བྲག་ཏུ་དབྱེ་བའི་ཕྱིར་ཞག་བདུན་པ་གཉིས་པའི་ཚེ་ཞེས་བྱ་བ་
གསུངས་ཏེ། ཞག་བདུན་པ་གཉིས་པ་སྲིད་པ་ནི་གདུལ་བའི་དབང་དུ་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་རྒྱ་ཆེར་རོལ་པའི་མདོ་ཆེན་པོ་ལས། བཅོམ་ལྡན་འདས་ཞག་བདུན་པ་དང་པོའི་ཚེ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་བཞིན་དུ་དགའ་བའི་ཟས་བཀོད་པ་ཞེས་བྱ་
བའི་ཏིང་ངེ་འཛིན་གྱིས་གནས་སོ། །གཉིས་པའི་ཚེ་ནི་སྤྱན་གཉིས་མི་འཛུམས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་སོ། །གསུམ་པའི་ཚེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནས་བཟུང་སྟེ། འཆག་པ་རྒྱང་རིང་དུ་བཅགས་སོ། །བཞི་པའི་ཚེ་ནི་ཤར་གྱི་རྒྱ་མཚོ་དང་། ནུབ་

ཀྱི་རྒྱ་མཚོ་ནས་བཟུང་སྟེ། འཆག་པ་རྒྱང་ཐུང་ངུར་བཅགས་སོ། །ལྔ་པའི་ཚེ་ནི་བཏང་བཟུང་གི་གནས་ན་བཞུགས་སོ། །དྲུག་པའི་ཚེ་ནི་རི་རྫི་ཤིང་ནྱ་གྲོ་དྷའི་ནང་ན་བཞུགས་སོ། །བདུན་པའི་ཚེ་ནི་ཤིང་རྒྱལ་པོའི་ཟས་ཞེས་བྱ་བའི་དྲུང་ན་བཞུགས་སོ་ཞེས་འབྱུང་བ་གང་ཡིན་པ་
དང་། །འདུལ་བ་འཛིན་པ་ཁ་ཅིག་བཅོམ་ལྡན་འདས་དང་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བཞི་བཅུ་རྩ་དགུའི་བར་དུ་བྱང་ཆུབ་ཀྱི་སྙིང་པོ་དང་ཉེ་བ་ན་བཞུགས་སོ་ཞེས་འདོད་པ་གང་ཡིན་པ་འདི་གཉི་ག་དང་ཡང་འགལ་བར་འགྱུར་རོ། །གདུལ་བའི་བྱེ་བྲག་གིས་ནི་དེ་དག་གཉི་ག་ནས་
ཡང་སྣང་བས་མི་འགལ་ཏེ། དེ་ལྟར་ན་ཞག་བདུན་པ་གཉིས་པ་སྲིད་དོ། །འདི་དག་ལ་འདོད་པ་ན་སྤྱོད་པའི་ལས་དགེ་བའི་རབ་ཀྱི་ཕུལ་དུ་ཕྱིན་པ་ཐོབ་པ་དང་སྤྲུལ་པའི་བདེ་བ་ལ་དབང་བྱེད་པ་ཡོད་པས་གཞན་འཕྲུལ་དབང་བྱེད་རྣམས་སོ། །ལྷ་དེ་རྣམས་ཀྱི་ནང་ན་ཞེས་བྱ་བ་ནི་དགའ་བ་
དང་གསལ་བར་བྱེད་པས་ལྷ་རྣམས་ཏེ། དགའ་བ་དང་ཡིད་བདེ་བ་མང་བའི་ཕྱིར་དགའ་བར་བྱེད་ལ། འོད་དང་ལྡན་པའི་ཕྱིར་གསལ་བར་བྱེད་དོ། །ལྷ་དེ་དག་རྫུ་འཕྲུལ་དང་ལྡན་པའི་ཕྱིར་མི་རྣམས་ཀྱིས་བསྟོད་པ་བྱེད་པ་ཡིན་ནོ། །བཞུགས་ཏེ་ཞེས་བྱ་བ་ནི་བཞུགས་ཤིང་བཞུགས་པའོ། །
དབང་བསྒྱུར་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་ཐམས་ཅད་དང་བདེ་བའི་ལོངས་སྤྱོད་རྣམས་ལ་དབང་བསྒྱུར་བས་ན་དབང་བསྒྱུར་ཏེ་དེའི་འོ། །ལྷ་རྣམས་ཀྱིའམ་ལྷ་རྣམས་ནང་ན་རྒྱལ་པོ་ཡིན་པས་ལྷའི་རྒྱལ་པོ་སྟེ་རྗེ་བོ་ཡིན་ནོ། །དེའི་གཞལ་མེད་ཁང་ཞེས་བྱ་བ་ནི་དེ་ལ་ལྷ་རྣམས་ཀྱི་དངོས་པོ་སྣ་ཚོགས་
དང་མཛེས་པར་བྱེད་པ་དག་གཅོད་པར་བྱེད་པས་ན་གཞལ་མེད་ཁང་སྟེ་ངོ་བོ་སྣ་ཚོགས་སུ་ཤེས་ཞེས་བྱ་བའི་ཐ་ཚིག་གོ། །ནོར་བུ་རིན་པོ་ཆེའི་སྙིང་པོ་ཅན་གྱི་ཁང་བཟངས་དེ་ན་ཞེས་བྱ་བ་ནི་འདི་ནི་སྙིང་པོར་ནོར་བུ་རིན་པོ་ཆེ་དག་ཡོད་པས་ནོར་བུ་རིན་པོ་ཆེའི་སྙིང་པོ་ཅན་ཏེ། འདི་ན་ནོར་བུ་རིན་པོ་ཆེ་དག་ཡོད་ཅེས་
བྱ་བའི་ཐ་ཚིག་གོ། །ཡང་ན་གཞལ་མེད་ཁང་དེའི་ནང་དང་། གཅེས་དགུ་ནོར་བུ་རིན་པོ་ཆེ་དག་ལས་བྱས་པའི་ཕྱིར་རོ། །ཁང་བཟངས་དེ་ན་ཞེས་བྱ་བ་ནི་དེ་མཐོང་བས་ལྷ་རྣམས་དང་བར་འགྱུར་བས་ཁང་བཟངས་སོ། །ཡོངས་སུ་དགའ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཁང་བཟངས་དེ་ནའོ། །

དང་པོར་ཞེས་བྱ་བ་ནི་གནས་དེ་ནས་དང་པོར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་མ་ཡིན་ན་རོལ་པ་བསྒྲགས་པའི་ཏིང་ངེ་འཛིན་ལས་དེ་བཞིན་གཤེགས་པ་དང་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་ཤིང་སྐྱིལ་མོ་ཀྲུང་མ་བཤིག་པར་ཕྱོགས་བཅུའི་འཇིག་རྟེན་
གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གནས་གཙང་མའི་ལྷའི་བུ་རྣམས་ཀྱིས་གསོལ་བ་བཏབ་སྟེ། རོལ་པ་བསྒྲགས་པའི་ཏིང་ངེ་འཛིན་བཤད་ནས་ནང་དུ་ཡང་དག་འཇོག་གཅེས་སུ་འཛིན་པ་རྣམས་གདུལ་བའི་དོན་དུ་ནང་དུ་ཡང་དག་གཞག་པའི་ཕྱིར། དབང་པོའི་
བྲག་ཕུག་ཏུ་གཤེགས་སོ་ཞེས་འབྱུང་བ་གང་ཡིན་པ་དེ་དང་འགལ་བར་འགྱུར་རོ། །གནས་ཀྱི་སྒོ་ནས་ནི་དང་པོ་ཉིད་ལ་འགལ་བ་མེད་དོ། །རྒྱ་ཆེར་རོལ་པའི་གཞུང་ཡང་རྫུ་འཕྲུལ་གྱི་བྱིན་གྱི་རླབས་ཀྱིས་གཉི་གར་སྣང་བས་མི་འགལ་ཏེ། འདི་ནི་དང་པོར་ཞེས་བྱ་བ་འདིའི་ལན་ཡང་ཡིན་ནོ། །ཡུལ་དེ་
ནི་ཞེས་བྱ་བ་ལ་སོགས་པ་ནི་ལྷའི་གནས་ཡིན་པའི་ཕྱིར་དང་། དབང་བསྒྱུར་གྱི་ཁང་པ་ཡིན་པའི་ཕྱིར་དང་། ཁང་བཟངས་ཡིན་པའི་ཕྱིར་མཆོག་ཉིད་དོ། །དེའི་འབྲས་བུ་འདིར་མངོན་པར་གྲུབ་པའི་ཕྱིར་ཞེས་བྱ་བ་ནི། རྒྱུ་དང་རྒྱུ་ཅན་གཉིས་ཡུལ་སོ་སོ་མ་ཡིན་པར་བསྟན་པའི་ཕྱིར་ཏེ། ས་བོན་དང་མྱུ་གུ་
བཞིན་ནོ། །དེ་ལ་མདོ་འདི་མཉན་པ་ལ་སོགས་པའི་རིམ་གྱིས་འབྲས་བུ་སངས་རྒྱས་ཉིད་གང་ཡིན་པ་དེ་རྡོ་རྗེའི་གདན་དུ་ཐོབ་པ་མཐོང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་གནས་པས་གནས་པའི་ཕྱིར་རོ་ཞེས་བྱ་བ་རྒྱ་ཆེར་རོལ་པའི་མདོ་ལས་བཅོམ་ལྡན་འདས་ཞག་བདུན་པ་དང་པོའི་ཚེ།
བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་བཞིན་དུ་དགའ་བའི་ཟས་བཀོད་པའི་ཏིང་ངེ་འཛིན་གྱིས་གནས་སོ་ཞེས་འབྱུང་བའི་མདོ་དང་ཇི་ལྟར་མི་འགལ་ཞེ་ན། འགལ་བ་མེད་དེ་རྟེན་ཅིང་འབྲེལ་པར་འབྱུང་བས་གནས་པ་ནི་དགའ་བའི་ཟས་བཀོད་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཡང་ན་རྣམ་གྲངས་
ཉིད་མ་ཡིན་ཡང་གདུལ་བའི་བྱེ་བྲག་གིས་རྫུ་འཕྲུལ་གྱིས་དེ་ལྟར་སྣང་བ་ལ་ཉེས་པ་མེད་དོ། །དེར་ཀུན་དགའ་བས་ན་ཆོས་ཉིད་ཀུན་དགའ་ཡིན་ཏེ། ཤིང་ཨ་མྲའི་ཀུན་དགའི་ར་བ་བཞིན་ནོ། །དགྱེས་ཞེས་བྱ་བ་ནི་འདིར་ཟག་པ་མེད་པའི་དགྱེས་པ་སྟེ། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཡང་དག་

པར་བསྟར་བའོ། །སེམས་ཅན་གྱི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་དེ་གཞག་སྟེ་དེ་གནས་སོ་ཞེས་དེའི་ཆེ་བ་ཉིད་བརྗོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ཞེས་བྱ་བ་ནི་གྲངས་མང་བ་དང་། ཡོན་ཏན་ཆེ་བའི་ཕྱིར་ཆེན་པོ་སྟེ་དེ་དང་ངོ་། །བྱང་ཆུབ་ཅེས་བྱ་བ་ཉོན་མོངས་
པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པར་སྤངས་པ་དང་། དེ་སྤངས་པས་ཡེ་ཤེས་རྣམ་པར་དག་པ་དང་། ཐོགས་པ་མེད་པ་སྟེ། སྤངས་པ་དང་། ཡེ་ཤེས་འདི་ནི་བྱང་ཆུབ་ཅེས་བྱའོ། །དེ་ལ་མོས་པ་དང་ཞུགས་པའི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །དེ་དག་གི་ཚོགས་ནི་
དགེ་འདུན་ཏེ། དེ་ན་བྱང་ཆུབ་སེམས་དཔའི་ཚོགས་པ་དེ་དང་ཐབས་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་དག་སྨོས་པ་ནི་ཐེག་པ་ཆེན་པོ་བསྟན་པ་དེ་དག་གི་ཆེད་ཡིན་པའི་ཕྱིར་དང་། དེའི་ཚེ་འདི་ན་ཉན་ཐོས་རྣམས་མི་སྲིད་པའི་ཕྱིར་དང་། སེམས་ཅན་གྱི་དོན་ལ་མངོན་པར་མི་བརྩོན་པས་འཇིག་རྟེན་
གྱི་ཁམས་གཞན་དག་ནས་ཀྱང་མ་འོངས་པའི་ཕྱིར་རོ། །དེ་ན་བྱང་ཆུབ་སེམས་དཔའ་གང་དག་ལྷའི་བུའི་གཟུགས་སུ་འདུག་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སྨོས་པ་ཁོ་ནས་བསྡུས་སོ། །གཞན་དག་ཀྱང་ཡོད་མོད་ཀྱི་གཙོ་བོ་མ་ཡིན་པའི་ཕྱིར་མ་སྨོས་སོ། །སངས་རྒྱས་ཀྱི་ཞིང་ནས་འདུས་པ་ཞེས་
བྱ་བ་ནི་སངས་རྒྱས་ཀྱི་ཞིང་ནས་ཡང་དག་པར་ལྷགས་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་སངས་རྒྱས་ཀྱི་ཞིང་དེ་དག་ན་ཡང་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཐོགས་པ་མི་མངའ་བ་ཐུགས་རྗེ་ཆེན་པོ་ཅན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བརྩོན་པ་དག་ཆོས་སྟོན་པར་མཛད་ན་ཅིའི་
ཕྱིར་དེ་དག་བོར་ནས་ཆོས་མཉན་པའི་ཕྱིར་སངས་རྒྱས་ཞིང་འདིར་འོང་ཞེ་ན། སྨྲས་པ་སེམས་ཅན་སྔོན་སྨིན་པར་བྱས་པ་འདིར་སྐྱེས་པ་ཆོས་ཉན་པར་འོས་པ་རྣམས་གདུལ་བའི་ཕྱིར་དང་། འདི་ལ་འཁོད་པ་གུས་པ་དང་མི་ལྡན་པ་རྣམས་གང་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཀྱང་ཆོས་ཉན་པའི་
ཕྱིར་འདིར་འོང་ན། ཅིའི་ཕྱིར་བདག་ཅག་འདི་ན་འཁོད་པ་རྣམས་ཀྱིས་ཆོས་མཉན་པའི་ཕྱིར་གུས་པར་མི་འདོང་ཞེས་གུས་པ་བསྐྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་སོགས་པ་ཞེས་བྱ་བ་ནི་དེ་གཙོ་བོ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གང་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། རྡོ་རྗེའི་སྙིང་པོ་ནི་ཆོས་ཀྱི་རྣམ་གྲངས་འཆད་པའི་ཕྱིར་གཙོ་བོ་ཉིད་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བཤད་ཅེ་ན། སྤྲོ་བ་བསྐྱེད་པའི་ཕྱིར་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཉིད་ཟབ་མོ་འདི་འཆད་དོ་སྙམ་དུ་སྐལ་བ་
མཉམ་པའི་སྒྲུབ་པས་གནས་སྐབས་དེ་འཐོབ་པར་སྤྲོ་བ་སྐྱེད་པར་བྱེད་པ་འམ། བདག་ཅག་ནི་སངས་རྒྱས་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་ཕྲིན་ལས་སུ་བསྐོས་སོ་སྙམ་དུ་སེམས་པའོ། །ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཆོམས་པ་དང་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་ནི་
ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཆོམས་པ་དང་། དེ་དག་འཇོམས་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །གཞན་དག་ཀྱང་དེ་ལྟ་བུ་ཡིན་མོད་ཀྱི་དེ་དག་ཀྱང་འདི་ཁོ་ནའི་ནང་དུ་འདུས་པས་ན་འདི་འབའ་ཞིག་བརྗོད་དེ། ནང་དུ་འདུས་པར་ནི་ཡི་གེ་ཕྱི་མོའི་དཔེས་ཀྱང་འཆད་དོ། །སྙིང་པོ་རྡོ་རྗེ་དང་འདྲ་བས་
ཞེས་བྱ་བ་ནི་དགེ་བའི་རྩ་བ་རྣམས་ནི་སྙིང་པོའི་སྒྲར་བརྗོད་དོ། །དེ་དག་ཀྱང་འདི་ཐོས་པ་ལས་ངེས་པར་སྐྱེས་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་འདིའི་སྙིང་པོ་དགེ་བའི་རྩ་བ་རྣམས་རྡོ་རྗེ་དང་འདྲ་བས་ཞེས་ཚིག་རྣམ་པར་སྦྱར་བ་ཡིན་ནོ། །དེ་ལས་གཞན་པའི་སྐྱེ་བའི་རྒྱུས་མི་ཤིགས་པའི་ཕྱིར་རོ་
ཞེས་བྱ་བ་ནི་ངན་སོང་དུ་ངེས་པའི་ལས་ངག་གིས་མི་ཤིགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། མིང་འདི་ནི་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་གྱི་འདོད་རྒྱལ་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གཞན་དག་ཀྱང་དེ་ལྟ་བུ་ཡིན་མོད་ཀྱི་འོན་ཀྱང་ཐུན་མོང་མ་ཡིན་པ་བརྗོད་པར་འདོད་དང་དེ་འདི་ཁོ་ན་
རྣམ་པར་གནས་ཏེ། དཔེར་ན་འགྲོ་བ་ན་བ་ལས་ངའོ་ཞེས་བྱ་བ་ལྟ་བུའོ། །དེ་ནས་ཡང་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བའི་ཚིག་གི་ཕྲད་འདི་ནི་བཀྲ་ཤིས་པ་ལ་སོགས་པའི་དོན་ལ་འབྱུང་སྟེ། རེ་ཞིག་བཀྲ་ཤིས་པ་ལ་འབྱུང་བ་ནི་དེ་ནས་རིགས་པའི་ལམ་དང་མཐུན་པ་ལ་འཇུག་པར་བྱའོ་ཞེས་བྱ་
བ་ལྟ་བུའོ། །ད་དྲི་བ་ལ་ནི་ཁྱོད་ཀྱིས་བྱས་སམ་འོན་ཏེ་བྱེད་ཅེས་བྱ་བ་ལྟ་བུའོ། །སྐབས་ལ་ནི་ད་ནི་སྒྲ་རྗེས་སུ་བསྟན་པ་ཞེས་བྱ་བ་ལྟ་བུའོ། །མཇུག་ཐོགས་ལ་ནི་ཁྲུས་བྱས་ཏེ་དེ་ནས་བཟའོ་ཞེས་བྱ་བ་ལྟ་བུའོ། །དམ་འཆའ་བ་ལ་ནི་ཁྱོད་ངའི་སློབ་མ་ཡིན་ནམ་ཞེས་དྲིས་ན་ལེགས་སོ་ཞེས་ཁས་

འཆེ་བ་ལྟ་བུའོ། །བསྡུ་བ་ལ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བ་ལྟ་བུའོ། །འདིར་ནི་མཇུག་ཐོགས་ལ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་འདིར་ལྷགས་
ཏེ། དེ་ནས་མཇུག་ཐོགས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ཡིན་ནོ། །འདི་ཞེས་བྱ་བ་དང་། ཡང་ཞེས་བྱ་བ་དང་ཉིད་ཅེས་བྱ་བ་འདི་དག་ནི་ཚིག་ཁ་བསྐང་བའི་ཕྲད་དུ་བྱས་པ་སྟེ། དཔེར་ན་གང་ཞིག་ཐམས་ཅད་མཁྱེན་པ་དེ་བཟང་པོ་འདི་སྤྱོད་དོ་ཞེས་བྱ་བ་དང་། གང་
ཚུལ་ཁྲིམས་བསྲུང་བ་དེ་ཡང་མཁས་པའོ་ཞེས་བྱ་བ་དང་། དེ་ཉིད་ནི་ཐམས་ཅད་དུ་མཆོད་དོ་ཞེས་བྱ་བ་ལྟ་བུའོ། །འདི་ཡང་ཚིག་གི་ཁ་བསྐང་བ་ཁོ་ན་ལ་བལྟ་བར་བྱ་སྟེ། དོན་གཞན་མེད་པའི་ཕྱིར་རོ། །དེའི་ཚེ་ཞེས་བྱ་བ་ནི་དུས་དེ་ནས་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ཀྱི་མཐུས་ཞེས་
བྱ་བ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོས་རབ་ཏུ་སྣང་བས་ན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་སྟེ། ཐེག་པ་ཆེན་པོ་ལ་བརྟེན་ནས་མཆོག་དང་། བསྔགས་པར་སྣང་ཞེས་བྱ་བའི་ཐ་ཚིག་གམ། ཡང་ན་འདིས་ཐེག་པ་
ཆེན་པོ་རབ་ཏུ་སྣང་བའི་ཕྱིར་ཏེ། འདིས་ཐེག་པ་ཆེན་པོ་མཆོག་དང་བསྔགས་པར་སྣང་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་འདི་ནི་སྨད་པ་ལ་སོགས་པ་ལ་འབྱུང་སྟེ། རེ་ཞིག་སྨད་པ་ལ་ནི་བླུན་པོ་ཡང་སྨྲའམ་ཞེས་བྱ་བ་ལྟ་བུའོ། །དྲི་བ་ལ་ནི་དེ་སུ་ཡིན་ཞེས་བྱ་བ་ལྟ་བུའོ། །མི་ཤི་བ་ལ་ནི་འཆི་བར་
འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །མི་བཟོད་པ་ལ་ནི་ང་ལ་སྔོ་འམ་ཞེས་བྱ་བ་ལྟ་བུའོ། །མིང་ལ་ནི་ནག་པ་ཞེས་བྱ་བ་འམ་ཞེས་པ་ལྟ་བུའོ། །གྲངས་ལ་ནི་སྟོང་ཞེས་བྱ་བའམ་ཞེས་བྱ་བ་ལྟ་བུའོ། །མི་རྟག་པ་སྟོན་པ་ལ་ནི་ངུའོ་ཞེས་བྱ་བ་ལྟ་བུའོ། །འདིར་ནི་མིང་ལ་བལྟ་བར་བྱ་སྟེ། ཐེག་པ་ཆེན་པོ་
སྣང་བ་ཞེས་བྱ་བ་ཡིན་ནོ། །ཏིང་ངེ་འཛིན་ནི་མཉམ་པར་འཇོག་པ་སྟེ། དམིགས་པ་ལ་སེམས་ཕྱིན་ཅི་མ་ལོག་པའི་རིམ་གྱིས་འཛིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་སྙོམས་པར་ཞུགས་ཟིན་ཞེས་བྱ་བའི་དོན་ཏེ་ཕྱིན་ཅི་མ་

ལོག་པའི་རིམ་གྱིས་ཏིང་ངེ་འཛིན་གྱི་རྗེས་སུ་སོང་ཞེས་བཤད་པ་ཡིན་ནོ། །རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་ཞེས་བྱ་བ་ཇི་ལྟ་ཞེ་ན། སྙོམས་པར་འཇུག་པའི་བྱིན་གྱི་རླབས་ཀྱི་མཐུས་ཆོས་ཀྱི་རྣམ་གྲངས་འདི་བཤད་པས་དེའི་ཕྱིར་འདི་ནི་དེའི་ཡུལ་མ་ཡིན་ནོ་ཞེས་བྱ་བ་སྟེ། འདི་ལྟར་
ཉན་ཐོས་རྣམས་ཀྱང་དབང་པོའི་ཡུལ་མ་ཡིན་པའི་དངོས་པོ་ཞིག་ཤེས་པར་འདོད་ན་དེ་སྨོན་ནས་སྙོམས་པར་ཞུགས་པ་དང་། སྨོན་པའི་ཤེས་པས་དེ་བཞིན་དུ་ཤེས་ན་འདི་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྙོམས་པར་འཇུག་པ་བསྟན་ཏོ། །དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་ཕྲག་བཅུའི་རྡུལ་ཕྲ་རབ་
ཀྱི་རྡུལ་སྙེད་དག་གིས་ཞལ་བསྟན་ཏེ་ཞེས་བྱ་བ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་གྲངས་མཉམ་པའི་འཇིག་རྟེན་གྱི་ཁམས་ཀྱི་ཕ་རོལ་ནས་དེ་དང་གྲངས་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞལ་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་
རྒྱས་ཀྱི་སྨོན་ལམ་གྱི་ཕྱིར་ཞེས་བྱ་བ་ནི་དེ་བྱིན་གྱིས་བརླབས་པའི་ཕྱིར་བྱིན་གྱི་རླབས་ཀྱི་སྔོན་རོལ་དུ་ཤཱཀྱ་ཐུབ་པ་རྣམ་པར་སྣང་མཛད་ཀྱི་མཚན་འདི་ཞེས་བྱ་བ་ཤ་སྟག་གིས་བྱིན་གྱིས་རློབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། ཐུགས་བསྐྱེད་པ་གང་ཡིན་པའི་ཐུགས་མངོན་པར་འདུ་བྱེད་པ་དེའི་
ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་མང་བ་ཉིད་དུ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་གང་ན་རེ་ཞིག་མཚན་མཐུན་པ་ཁོ་ན་ཡང་འདི་ལྟར་ཚད་མེད་ན་མཚན་གཞན་དུ་གསོལ་བ་ཤིན་ཏུ་ཚད་མེད་པར་ལྟ་ཇི་སྟེ་མི་འགྱུར་སྙམ་པའོ། །སངས་རྒྱས་མང་བ་ཉིད་དུ་བསྟན་པའི་དགོས་པ་ཡང་སྣང་སྟེ་དེ་ལ་བརྟེན་
ནས་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་ཚོགས་ཚད་མེད་པ་ཡོངས་སུ་སྐོང་བས་སངས་རྒྱས་ཉིད་དུ་ཉེ་བར་འགྱུར་རོ། །ཇི་ལྟ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པ་དེ་དག་ཀྱང་གྲངས་དང་ཡོན་ཏན་གྱིས་ཚད་མེད་པ་ཡིན་པས་གཉི་ག་
ལྟར་ཚད་མེད་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་གང་དག་ཕྱག་བྱེད་པ་དེ་དག་བསོད་ནམས་ཉེ་བར་སྩོགས་པ་ཚད་མེད་པ་ཁོ་ན་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་གལ་ཏེ་རེས་འགའ་ཞིག་བག་མེད་པ་བྱེད་ན་དེའི་འོག་ཏུ་དེ་དག་རྗེས་སུ་དྲན་པར་བྱས་ཤིང་དེ་དག་ཉིད་མངོན་སུམ་དུ་གྱུར་པ་དང་འདྲ་བར་

བྱས་ནས་གུས་པར་ཕྱིར་འཆགས་པར་བྱེད་ཅིང་ཕྱིས་སྡོམ་པ་བྱེད་ན། དེས་ན་ཤེས་རབ་དང་ཐུགས་བརྩེ་བ་ཉིད་ཀྱིས་ཚད་མེད་པ་ལ་དེ་ལྟར་བྱས་པས་བསོད་ནམས་ཚད་མེད་པ་ཉེ་བར་སྩོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་སྐུ་དང་ཤེས་རབ་ཀྱང་ཚད་མེད་
ཐུགས་བརྩེ་བ་ནམ་མཁའ་དང་མཉམ་པ་དེ་དག་གི་སྐུ་དང་ཤེས་རབ་དང་། ཐུགས་བརྩེ་བ་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཕྱིར་དང་། སེམས་ཅན་གྱི་ཁམས་ཀྱང་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཚད་མེད་པའི་ཕྱིར། བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བར་བྱེད་དེ། དེས་ན་
ཡང་བསོད་ནམས་ཚད་མེད་པ་ཉེ་བར་སྩོགས་པར་འགྱུར་རོ། །དེའི་ཕྱིར་སངས་རྒྱས་གང་དག་དང་པོ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་ཇི་སྲིད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མ་བསྐུལ་བ་དེ་སྲིད་དུ་ཆོས་ཀྱི་འཁོར་ལོ་མི་བསྐོར་ཏེ། དེས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ཉེ་བར་སྩོགས་
པར་འགྱུར་རོ། །དེའི་ཕྱིར་གང་དག་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་སེམས་ཅན་ལ་ཕན་པར་བྱ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས་ཏེ། འདི་ལས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ཉེ་བར་སྩོགས་པར་འགྱུར་རོ། །དེ་ལྟར་ཚད་མེད་པ་རྣམ་པ་ལྔ་ཉེ་བར་སྩོགས་པའི་བསོད་
ནམས་སེམས་ཅན་ཚད་མེད་པ་དག་ལ་ཡོངས་སུ་སྔོ་བར་བྱེད་དེ་དེས་ཀྱང་ཚད་མེད་པར་འགྱུར་རོ། །དེ་ཡང་དེ་དག་གིས་ཚད་མེད་པའི་ཡོན་ཏན་ཐོབ་པར་བྱ་བ་འདི་ལྟ་སྟེ། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དེ། དེ་ལས་ཀྱང་བསོད་ནམས་ཚད་མེད་པར་འགྱུར་རོ། །དེ་
ལྟར་ན་འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་རྣམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་བདུན་གྱིས་བྱང་ཆུབ་ཀྱི་ཚོགས་ཚད་མེད་པ་ཡོངས་སུ་སྐོང་བར་འགྱུར་ལ། དེས་ཀྱང་དེ་དག་སངས་རྒྱས་ཉིད་དུ་ཉེ་བར་འགྱུར་བ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཉིད་དུ་ཉེ་བར་འགྱུར་
བ་དགོས་པར་འཐད་དོ། །དེ་དག་དང་མཚན་མཐུན་པའི་ཕྱིར་དགའ་བའི་ཁྱད་པར་དུ་འགྱུར་རོ་ཞེས་བྱ་བ་ནི་བདག་དང་མཚན་མཐུན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བཞུགས་པ་ལྟ་ཞེས་འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འབྲང་བས་ཡང་དག་པར་དགའ་བར་འགྱུར་རོ། །ཡང་སངས་རྒྱས་

མང་པོ་ཉིད་དུ་བསྟན་པ་ནི་འདི་ལྟར་ཁོང་དུ་ཆུད་པར་བྱ་སྟེ། མཚན་མཐུན་པ་ཁོ་ན་ཡང་མང་རབ་ན་མཚན་ཐ་དད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པས་ཉན་པ་པོ་རྣམས་ཆོས་དང་ཆོས་སྨྲ་བ་ལ་གུས་པ་བསྐྱེད་པའི་ཕྱིར་ཏེ། དེ་ཡང་ལ་ལ་དུས་གཅིག་ཏུ་སངས་རྒྱས་མང་པོ་མི་འབྱུང་ངོ་སྙམ་དུ་སེམས་པ་
དགག་པའི་ཕྱིར་དང་། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་མཐའ་མེད་པར་བཞུགས་ན། བདག་ཀྱང་ཅིའི་ཕྱིར་མི་འགྱུར་ཞེས་བརྩོན་འགྲུས་མཆོག་ལ་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །ཅིའི་ཕྱིར་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུར་ངེས་ཤེ་ན། གྲངས་དེ་ཡོད་པའི་ཕྱིར་དང་། ས་བཅུའི་སྐབས་ཡིན་
པའི་ཕྱིར་རོ། །ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་ཕ་རོལ་ན་བཞུགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ལ་ཚུན་ཆད་ནས་བཞུགས་པ་རྣམས་ཀྱིས་ནི་མ་ཡིན་ཞེ་ན། དེ་དག་དང་འདི་སྤྱོད་པ་མཐུན་པའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་
སེམས་དཔའ་དེ་དག་གི་མཚན་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་ཉིད་ཀྱིས་ཤེས་པར་བྱའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་ལེགས་སོ་ཞེས་བྱ་བའི་སྒྲ་ནི་བསྔགས་པ་དང་བསྐུལ་བ་དག་ལ་འབྱུང་སྟེ། རེ་ཞིག་བསྔགས་པ་ལ་ནི་སྟོན་པ་ལེགས་སོ་ཞེས་བྱ་བ་ལྟ་བུའོ། །བསྐུལ་བ་ལ་ནི་རྩིས་ནས་
རིང་ཞིག་ལོན་གྱིས་འདོན་པ་གྱིས་ཤིག་ཅེས་བྱ་བ་ལྟ་བུའོ། །འདིར་ནི་བསྔགས་པ་ཁོ་ན་ལ་བལྟ་བར་བྱའོ། །ཡང་ལེགས་སོ་ཞེས་སྨོས་པ་ནི་ཁྱད་པར་དུ་བསྔགས་པའི་ཕྱིར་རོ། །རིགས་ཀྱི་བུ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རིགས་ལ་རིགས་བཟང་པོ་རྣམས་ཀྱི་ནང་དུ་བུར་གཏོགས་པའི་ཕྱིར་རིགས་ཀྱི་བུའོ། །བཅོམ་
ལྡན་འདས་རྣམ་པར་སྣང་མཛད་འདི་ཉིད་ཀྱི་སྔོན་གྱི་སྨོན་ལམ་དང་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམ་པར་སྣང་མཛད་ཅེས་བྱ་བའི་འོ། །ཅིའི་ཕྱིར་མཚན་འདི་སྐད་ཅེས་བྱ་ཞེ་ན། སྨྲས་པ། གདུལ་བར་བྱ་བ་རྣམས་ལ་དམ་པའི་ཆོས་སྣ་ཚོགས་སྣང་བ་མཛད་
པས་རྣམ་པར་སྣང་བར་མཛད་པའོ། །དེ་ཉིད་རྣམ་པར་སྣང་མཛད་དེ་དཀའ་ཐུབ་ཅན་བཞིན་ནོ། །རྣམ་པ་གཅིག་ཏུ་ན་སྣ་ཚོགས་སུ་སྣང་བ་དང་། དགྱེས་པར་བྱེད་པས་རྣམ་པར་སྣང་བའོ། །ཡོན་ཏན་རྣམ་པ་མང་པོ་སྣང་བ་དང་། མཁས་པ་རྣམས་ཀྱིས་མངོན་དུ་དགྱེས་པར་བྱེད་ཅེས་བྱ་བའི་

ཐ་ཚིག་སྟེ། དེ་ཉིད་རྣམ་པར་སྣང་མཛད་དོ། །རྣམ་པ་གཅིག་ཏུ་ན། རྣམ་པར་སྣང་བྱེད་ནི་ཉི་མ་སྟེ། སྐར་མ་དང་ཟླ་བ་ལ་སོགས་པ་ཟིལ་གྱིས་མནན་ནས་ཁྱད་པར་དུ་སྣང་བའི་ཕྱིར་རོ། །རྣམ་པར་སྣང་མཛད་འདི་ནི་དེའི་ཡིན་ཏེ། དེའི་རྒྱུད་ལས་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །
དེ་སྐད་དུ། ངང་པ་ཕྱེ་རླབ་སྐྱེད་བྱེད་འོད་ཟེར་སྟོང་། །རི་ཤ་ཀ་པི་འོད་ཕྲེང་ཉི་མ་གསལ། །ནོར་ཅན་གསོ་བྱེད་དེ་བཞིན་སྐུ་དང་ལྡན། །རྣམ་སྣང་བཤེས་གཉེན་གཟེར་ཚད་མུན་པ་སེལ། །ཞེས་འབྱུང་ངོ་། །བཅོམ་ལྡན་འདས་ཀྱིས་སྔོན་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་
ཤཱཀྱ་ཐུབ་པས་བྱིན་གྱི་རླབས་ཀྱི་སྔོན་རོལ་དུ་བྱང་ཆུབ་སེམས་དཔའ་ལ་མཚན་འདི་ཞེས་བྱ་བ་ཤ་སྟག་གིས་བྱིན་གྱིས་རློབ་པར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པ་པོ་དེ་དག་གིས་བྱིན་གྱིས་བརླབ་པར་སྨོན་ལམ་བཏབ་ཅིང་དོན་དུ་གཉེར་བ་ཡིན་ཏེ། སྨོན་ལམ་ནི་བྱིན་གྱི་རླབས་ཀྱི་ཡུལ་ཅན་ཁོ་ན་ཡིན་ནོ། །ཤཱཀྱ་
ཐུབ་པས་དེ་ལྟར་སྨོན་ལམ་བཏབ་ནས་རང་གིས་ཀྱང་བྱིན་གྱིས་བརླབས་པ་དང་། དེ་ནས་གཞན་དག་གིས་ཀྱང་བྱིན་གྱིས་བརླབས་ཏེ། དེ་ལྟར་ན་ཤཱཀྱ་ཐུབ་པ་ལ་སོགས་པས་བྱིན་གྱིས་བརླབས་སོ། །འདི་ནི་སྔོན་གྱི་སྨོན་ལམ་དང་། སྔོན་གྱི་སྨོན་ལམ་ཅན་གྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བའི་དོན་ཏོ། །
སྔོན་གྱི་སྒྲ་གཅིག་ལུས་པར་བྱས་པའི་ཕྱིར་རོ། །ཅིའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་བྱིན་གྱིས་བརླབས་ཤེ་ན། འདི་ལྟར་འདི་ནི་དང་པོར་སྤྱད་པ་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་འགྲུབ་པ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ན་བྱིན་གྱིས་བརླབས་ཞེས་བྱ་བ་ལ་ཅིའི་ཕྱིར་
བྱ་བ་གང་དག་གི་དོན་གྱི་ཕྱིར་རོ། །བཤད་པར་ཞེས་བྱ་བ་ནི་བཤད་པའི་ཕྱིར་རོ། །བྱིན་གྱིས་རློབ་པའི་དགོས་པ་ནི་ཤེས་ཏེ་ཁོང་དུ་ཆུད་ན་བཤད་པ་དེ་ཉིད་གང་གི་དོན་དུ་སྙམ་ནས་ཅིའི་ཕྱིར་ན་བྱིན་གྱིས་བརླབས་ཞེས་བཤད་པའི་དགོངས་པ་འདྲིའོ། །ཇི་ལྟར་བྱིན་གྱིས་བརླབས་པ་ནི་རྣམ་པ་གང་གིས་སོ། །
དགོས་པ་སྨྲས་པ། རང་གི་དོན་དང་གཞན་གྱི་དོན་ཞེས་བྱ་བའོ། །ཇི་ལྟར་ཞེས་བྱ་བ་ནི་གསུང་དང་ཐུགས་དང་སྐུས་ཞེས་འཆད་པར་འགྱུར་རོ། །མོས་པས་སྤྱོད་པའི་ས་ལ་གནས་པ་ནི་གང་དག་སར་མ་ཆུད་པ་སྟེ་སོ་སོའི་སྐྱེ་བོ་རྣམས་སོ། །སྩོགས་པའི་སྒྲས་ནི་སར་ཆུད་པ་རྣམས་བསྡུ་སྟེ་དང་

པོ་པ་རྣམས་ཀྱིས་ནི་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་ལ་སོགས་པས་རིམ་གྱིས་རང་གི་དོན་འགྲུབ་པར་རིག་པར་བྱའོ། །གཞན་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདིའི་དོན་དང་ཡི་གེ་རྣམས་ཡང་དག་པར་རྟོགས་ནས་འདི་རབ་ཏུ་བསྙད་པ་ལ་སོགས་པས་གཞན་གྱི་དོན་འགྲུབ་པར་ཁོང་དུ་ཆུད་པར་བྱའོ། །
འདི་གཉི་ག་ཡང་རྡོ་རྗེའི་སྙིང་པོའི་བྱིན་གྱི་རླབས་དང་གདོད་འགྲུབ་བོ། །གཞན་ལ་བྱིན་གྱིས་རློབ་པའི་གཏན་ཚིགས་ནི་བཤད་ཟིན་ཏོ། །འདི་ནི་ཆོས་ཉིད་འདི་ལྟར་མཚན་དེ་མ་ཡིན་པ་དེ་དང་འདྲ་བ་རྣམས་ཀྱིས་ཀྱང་མི་སྟོན་ཏོ། །ཁ་ཅིག་ན་རེ་ཐམས་ཅད་ཅེས་བྱ་བའི་སྒྲ་ཁོ་ནས་ཐམས་ཅད་བསྡུས་ན་དེ་ལ་
བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་མོས་པས་སྤྱོད་པའི་ས་ལ་སོགས་པ་ལ་གནས་པའོ་ཞེས་བྱ་བའི་འགྲེལ་པས་ཅི་ཞིག་བྱ། དེ་ལྟ་བས་ན་སྩོགས་པ་ཞེས་བྱ་བའི་སྒྲ་ནི་མི་འདོན་པ་ཉིད་དོ། །མ་བཏོན་དང་ཐམས་ཅད་ཅེས་བྱ་བའི་སྒྲ་མ་ལུས་པ་བསྡུ་བར་གོ་བར་འགྱུར་དུ་འོང་ཞེས་བྱ་བ་ཡིན་པས་འགྲེལ་
པ་དོན་ལྡན་ནོ། །བྱང་ཆུབ་སེམས་དཔའ་ས་ཐོབ་པ་རྣམས་ཀྱིས་ནི་འཁོར་དེ་ན་འཁོད་པའམ། གཞན་དག་ཀྱང་རུང་སྟེ། འདི་བསྟན་པའི་རྒྱུས་ཇི་སྐད་བཤད་པ་ལྟ་བུའི་གཞན་གྱི་དོན་འགྲུབ་པ་མེད་དེ། འདི་བསྟན་པ་མེད་པར་ཡང་དེ་སྲིད་པའི་ཕྱིར་ལ་བཅུ་ཚན་གཉིས་པ་ལ་ཡང་མོས་པས་
སྤྱོད་པའི་གནས་སྐབས་བརྗོད་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་ནི་སྩོགས་པའི་སྒྲ་ལ་ཡང་ཉེས་པ་མེད་དོ། །ཇི་ལྟ་ཞེ་ན། ཐམས་ཅད་ཀྱི་བྱེ་བྲག་དུ་མ་ཕྱེ་བ་ཁོ་ནར་བཅུ་ཚན་གཉིས་དང་སྦྱར་བའི་ཕྱིར་ཏེ། མོས་པས་སྤྱོད་པ་ལ་གནས་པ་གང་གི་རང་གི་དོན་འགྲུབ་པའི་གནས་སྐབས་
གང་ཡིན་པ་དེ་ཉིད་དུ་བསྟན་ལ། ས་དང་པོ་ལ་གནས་པའི་ནི་འོག་མ་སྟེ་ས་བཅུ་པ་ལ་གནས་པ་སངས་རྒྱས་ཀྱི་མཐར་ཐུག་པར་བྱེད་པའི་འཇུག་པའི་བར་དུ་ཡང་དེ་དང་འདྲ་བས། དེ་ལྟར་ན་རང་གི་དོན་གྱི་སྐབས་ཀྱིས་བཅུ་ཚན་དང་པོ་ཐམས་ཅད་ཀྱི་ཡིན་པ་ཉིད་དོ། །དེ་དག་གིས་རང་གི་
དོན་དེ་ལྟ་བུ་ཁོང་དུ་ཆུད་ནས་གཞན་དག་ལ་ཡང་དོན་དེ་ལྟ་བུ་ཁོ་ན་སྒྲུབ་པར་བྱེད་པས་ན་གཞན་གྱི་དོན་གྱི་སྐབས་ཀྱིས་ནི་བཅུ་ཚན་གཉིས་པ་དང་། དོན་ཐ་དད་པ་མ་ཡིན་པ་ཉིད་དོ། །འགྲེལ་པ་ནི་ཐམས་ཅད་ལ་བྱ་བ་ཉིད་ཀྱི། འཁོར་དེ་ན་འཁོད་པ་འབའ་ཞིག་ནི་མ་ཡིན་ནོ། །ཞེས་བསྟན་པའི་

ཕྱིར་རོ། །དེ་ལ་ཁ་ཅིག་སྩོགས་པ་ཞེས་བྱ་བའི་སྒྲ་འདོན་པ་དམིགས་ནས་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཚོགས་གཉིས་སུ་རྣམ་པར་ཕྱེ་ནས་རང་གི་དོན་དང་གཞན་གྱི་དོན་བཅུ་ཚན་གཉིས་སུ་རྣམ་པར་འཆད་དོ། །དེ་ནི་མི་འཐད་དེ་འདི་ལྟར་བཅུ་ཚན་དང་པོ་ལ་ཡང་སངས་
རྒྱས་ཀྱི་མཐར་ཐུག་པར་བྱེད་པའི་འཇུག་པའི་བར་ས་བཅུ་སྨོས་ལ་དེ་དག་ཀྱང་མོས་པས་སྤྱོད་པའི་གནས་སྐབས་པ་རྣམས་ལ་མི་རུང་ངོ་། །ཇི་སྟེ་རེ་ཞིག་པར་གསུངས་པ་མ་ཡིན་ཏེ་འོན་ཀྱང་དེ་བསྟན་པའི་རྒྱུས་འབྱུང་བ་གང་ཡིན་པ་དེ་དག་དེ་ལ་སྐྱེ་བར་འགྱུར་བ་ཡིན་ན་ཞེས་ཟེར་ན་གལ་ཏེ་དེ་ལྟ་
དེ་དག་ནི་བཅུ་ཚན་གཉིས་པ་ལ་ཡང་རུང་བ་ཉིད་དོ། །དེ་ལྟ་བས་ན་བྱེ་བྲག་ཏུ་མ་ཕྱེ་བར་སྦྱར་བ་ཉིད་བཟང་སྟེ། དེ་དག་གིས་བདག་ཉིད་ཀྱིས་རྟོགས་ནས་གཞན་དག་ལ་ཁོང་དུ་ཆུད་པར་བྱེད་པས་དེ་ནི་དེ་བཞིན་དུ་རིག་པར་བྱའོ། །དེ་ལྟ་མ་ཡིན་ན་རྣམ་པར་བཅད་པ་མེད་པའི་ཕྱིར། སློབ་དཔོན་གྱི་
འགྲེལ་པ་ཆེན་པོ་མི་དགོས་པར་འགྱུར་རོ་ཞེས་ཟེར་རོ། །ད་ནི་བཅུ་ཚན་དང་པོའི་ཚིག་རྣམ་པར་དབྱེ་བའི་སྐབས་དབྱེ་སྟེ་དེ་ལ་བརྟག་པར་བྱ་བ་མ་ཡིན་པའི་ཕྱིར་དང་། ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ནི་ཟག་པ་མེད་པའི་
བྱང་ཆུབ་ཀྱི་ཕྱོགས་པའི་རང་བཞིན་དག་ཡིན་ནོ། །སྣང་བ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་མངོན་སུམ་དུ་བྱེད་པ་སྟེ་འདི་སྐད་དུ་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་པ་དེ་དག་ཉིད་ཀྱི་རང་རིག་པས་ཉམས་སུ་མྱོང་བ་ནི་སྣང་བ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་
རྟོགས་པ་སྟེ། འཐོབ་པ་དང་མངོན་སུམ་དུ་བྱེད་པའོ་ཞེས་བཤད་དོ། །དེ་བརྗོད་པ་ནི་ཞེས་བྱ་བ་དེ་དག་གང་ཞེ་ན། བསྟན་པ་ཡིན་པར་སྟོན་ཏོ། །ཇི་ལྟ་ཞེ་ན་སྣང་བ་དེ་འདིས་རྗོད་པར་བྱེད། གསལ་བར་བྱེད་པའི་ཕྱིར་ཏེ། དེ་ཡང་བསྟན་པའི་བདག་ཉིད་ཀྱིས་རྣམས་སོ། །དེ་དག་གིས་སྣང་བ་ཞེས་
བྱ་བ་གཞིར་གྱུར་པའི་ཡེ་ཤེས་ཡོངས་སུ་དག་པར་འགྱུར་ཏེ། གསེར་གྱི་ས་ལེ་སྦྲམ་གྱི་དཔེས་སྟོན་པར་འགྱུར་རོ། །དེ་དག་ལ་འཇུག་པ་ནི་དད་པ་དང་མོས་པ་དང་རབ་ཏུ་དད་པ་ཐོབ་པ་གང་ཡིན་པའོ་ཞེས་བྱ་བ་ལ་དད་པ་ནི་མོས་པས་སྤྱོད་པའི་ས་ལ་གནས་པས་དེ་དག་ཐོས་ནས་འདི་དག་ནི་འདི་ལྟ་བུ་ཡིན་ནོ་

ཞེས་ཡིད་ཆེས་པ་དང་བདག་གིས་འདི་དག་ནམ་ཞིག་ན་ཐོབ་པར་འགྱུར་སྙམ་དུ་འདོད་པའི་མཚན་ཉིད་གང་ཡིན་པའོ། །མོས་པ་ནི་དེ་དག་ལ་གཏན་ལ་ཕབ་སྟེ་ངེས་པར་འཛིན་པའི་མཚན་ཉིད་གང་ཡིན་པའོ། །རབ་ཏུ་དང་བ་ནི་དེ་གཉིས་སྔོན་དུ་འགྲོ་བ་ཅན་གང་ཡིན་པ་སྟེ། དེ་ཐོབ་པའོ། །འཇུག་པ་
ཞེས་སྤྱིར་བཤད་པ་ཁོ་ན་ཡིན་པས་འདིར་ནི་འཇུག་པའི་ཐབས་དང་འཇུག་པ་དང་མཐར་ཐུག་པ་གང་ཡིན་པ་འདི་ཐམས་ཅད་འཇུག་པ་ཞེས་བཤད་དོ། །ཅིའི་ཕྱིར་ཞེ་ན། མོས་པས་སྤྱོད་པ་དང་མཐོང་བའི་ལམ་དང་། བསྒོམ་པའི་ལམ་གྱི་རྒྱུའི་དངོས་པོར་རྣམ་པར་གནས་པའི་ཕྱིར་དེ་དག་ཡོད་ན་དེ་
རྣམས་ཡོད་པའི་ཕྱིར་རོ། །འདི་ལྟར་དེ་དག་ནི་ཐོས་པ་ལས་བྱུང་བ་ལ་སོགས་པས་བསྡུས་པ་ཡིན་ལ། ས་དེ་དག་ལ་དད་པ་དང་མོས་པ་དང་། རབ་ཏུ་དང་བ་མེད་ན་རེ་ཞིག་དེ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་ཚོལ་བ་ལ་སོགས་པས་དེ་དག་གི་དོན་དང་། ཚིག་གི་སྒོ་ནས་ཉན་པར་ཡང་
མི་འཇུག་ན་བསམ་པ་དང་བསྒོམ་པ་ལྟ་ག་ལ་འཇུག །འདི་ཉིད་ཐམས་ཅད་ཀྱི་རྟེན་ཏེ། རྩ་བར་གྱུར་པ་ཡིན་པས་ན་རྩ་བའི་འཇུག་པའོ། །དེ་ལ་གཞན་དེ་དག་ཀྱང་གང་ཞེ་ན། བསྡུས་པའི་འཇུག་པ་ལ་སོགས་པ་སངས་རྒྱས་ཀྱི་མཐར་ཐུག་པར་བྱེད་པ་ལ་ཐུག་པ་རྣམས་སོ། །འདི་དག་ཀྱང་
མདོ་ལས། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཚིག་དགུས་ཇི་སྐད་བཤད་པ་དེ་བཞིན་དུ་རྣམ་པར་དབྱེ་བའི་ཕྱིར་ཐོས་པ་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བཅུ་ཚན་གྱི་ཚིག་དང་པོ་ནི་སྔར་རྣམ་པར་ཕྱེ་ཟིན་པ་ཉིད་དོ། །དེ་ལ་
ཐོས་པར་བྱ་བ་ཡིན་པས་ན་ཐོས་པ་སྟེ་ཆོས་ཀྱི་རྣམ་གྲངས་འདི་ཉིད་དོ། །དེ་འཛིན་པས་གྲངས་ནས་དེར་གཏོགས་པའི་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུས་པར་འགྱུར་བས་སྡུད་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་སྟེ། འདིས་སྡུད་པའི་ཕྱིར་རོ། །དེ་ཉིད་འཇུག་པ་ཡིན་ཏེ་རིམ་གྱིས་
ས་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །དེ་ཡང་མདོ་ལས། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར་ཞེས་རང་གི་ཚིག་ཁོ་ནས་བསྟན་པ་ཡིན་ནོ། །འདི་ལྟར་དེས་དེ་ལྟར་དགེ་བའི་བཤེས་གཉེན་ལས་ས་རྣམས་ཀྱི་མིང་ཙམ་ཐོས་ནས་དད་པ་དང་མོས་པ་དང་རབ་ཏུ་དང་བ་སྐྱེས་ཏེ། རྩ་བའི་

འཇུག་པ་ལ་གནས་པ་ནི་དེ་དག་ཚིག་རེ་རེ་ནས་ཉན་བར་བྱེད་པས་དེའི་ཕྱིར་ཐོས་པ་ལས་བྱུང་བའི་ཤེས་པ་ནི་བསྡུས་པའི་འཇུག་པ་ཞེས་བཤད་དོ། །དེས་དེ་ལྟར་དེ་དག་ཐོས་ནས་དེ་དག་གིས་བརྗོད་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་ཕྱིན་ཅི་མ་ལོག་
པར་རིགས་པས་རྣམ་པར་འབྱེད་པར་བྱེད་ལ། རྣམ་པར་འབྱེད་པ་ནི་དེ་དག་ལ་མཁས་པར་སྐྱེ་བས་བསམ་པ་ལས་བྱུང་བའི་ཤེས་པ་ནི་དོན་རྟོགས་པར་བྱེད་པའི་འཇུག་པ་ཞེས་བྱ་སྟེ་འདིས་དོན་མཚོན་པར་བྱེད་པའི་ཕྱིར་རོ། །དེ་ཡང་མདོ་ལས། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་དབྱེ་བ་ལ་
མཁས་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ཏེ། བསམ་པ་ལས་བྱུང་བའི་ཤེས་པ་ནི་ས་རྣམས་ཀྱིས་བརྗོད་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་རྣམས་རབ་ཏུ་རྣམ་པར་དབྱེ་བ་ལ་མཁས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་དེ་ལྟར་དོན་དེ་དག་རྣམ་པར་འབྱེད་པར་བྱེད་པ་ན་དོན་དེ་དག་རྣམ་གྲངས་
བརྗོད་པ་དུ་མས་གཞན་དག་ལ་སྟོན་པར་བྱེད་པའི་རྣམ་གྲངས་དེ་དག་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་ཆོས་ཀྱི་སྒྲར་བསྟན་པ་རྣམས་རྟོགས་པར་བྱེད་རབ་ཏུ་ཤེས་པར་བྱེད་པས་བསམ་པ་ལས་བྱུང་བའི་ཤེས་པ་དེ་ཉིད་ཤིན་ཏུ་མཆོག་ཏུ་གྱུར་པ་ནི་ཆོས་རྟོགས་པར་བྱེད་པའི་འཇུག་པ་ཡིན་ཏེ་འདིས་
ཆོས་ཀྱི་རྣམ་གྲངས་དག་རྟོགས་པར་བྱེད་པའི་ཕྱིར་རོ། །དེ་ཡང་མདོ་ལས། ཆོས་ལ་ཡེ་ཤེས་ཤིན་ཏུ་རྒྱས་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཆོས་ལ་ཡེ་ཤེས་ནི་ཆོས་རྣམས་ཤེས་པ་སྟེ་དེ་རྒྱས་པར་བྱ་བ་ཇི་ལྟ་བུ་ཞེ་ན། རྣམ་གྲངས་རྒྱ་ཆེ་ཞིང་དུ་མ་ཡོད་པའི་ཆོས་ཀྱི་ཡུལ་ཅན་དེ་ཉིད་དེ་རྒྱ་བསྐྱེད་
པའི་ཕྱིར་རོ། །དེས་དེ་ལྟར་བསམ་པ་ལས་བྱུང་བའི་ཤེས་པས་ཆོས་ཀྱི་རྣམ་གྲངས་འདིའི་དོན་རྣམ་པ་དུ་མ་དང་། དེ་རྗོད་པར་བྱེད་པའི་རྣམ་གྲངས་རྣམས་ཁོང་དུ་ཆུད་ནས་སེམས་ཅན་རྣམས་ལ་དེ་གཉི་ག་ཕུན་སུམ་ཚོགས་པར་སྟོན་པས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་བསམ་པ་ལས་བྱུང་བའི་ཤེས་པ་
དེ་ཉིད་ཤིན་ཏུ་མཆོག་ཏུ་གྱུར་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་འཇུག་པའོ། །དེ་ཡང་མདོ་ལས། ལེགས་པར་གནས་པའི་ཆོས་བསྟན་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ཏེ། འདིས་ཤིན་ཏུ་ལེགས་པར་གནས་པའི་ཆོས་ཚིག་འབྲུ་དང་དོན་ཕུན་སུམ་ཚོགས་པས་སྟོན་པར་བྱེད་པའི་

ཕྱིར་རོ། །དེས་དེ་ལྟར་སྔར་དད་པ་དང་མོས་པ་དང་། རབ་ཏུ་དང་བ་སྐྱེས་ནས། དེའི་འོག་ཏུ་ཐོས་པ་དང་བསམ་པ་ལས་བྱུང་བ་གཉིས་ཀྱིས་དོན་རྟོགས་པ་དང་། རྣམ་གྲངས་དུ་མ་རིག་པ། དོན་བཟང་པོ་དང་། ཚིག་བཟང་པོས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ན་མཐོང་བའི་ལམ་ལ་འཇུག་
པས་ན་མཐོང་བའི་ལམ་མངོན་པར་རྟོགས་པ་ནི་འཐོབ་པར་བྱེད་པའི་འཇུག་པའོ། །བཤད་པ་ལས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་ཡོངས་སུ་སྦྱོང་བ་ཞེས་འབྱུང་བ་ཇི་ལྟ་བུ་ཞེ་ན། འདིའི་ལུགས་ལྟར་ན་བདག་མེད་པའི་རྣམ་པ་ཁོ་ནས་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་སྤོང་བས་བདག་
མེད་པ་ཉིད་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ཏེ་རོ་གཅིག་པ་ཉིད་ཀྱིས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །དེ་ཡང་མདོ་ལས། ཡེ་ཤེས་ཐ་མི་དད་པ་རྣམ་པར་བྱང་བར་བྱ་བའི་ཕྱིར་ཞེས་བྱ་བས་བསྟན་ཏོ། །ཡེ་ཤེས་ཐ་མི་དད་པ་གང་ཡིན་པ་དེའི་རྣམ་པར་བྱང་བ་ནི་རྣམ་པར་དག་པ་སྟེ།
མཐོང་བས་སྤང་བར་བྱ་བའི་དྲི་མ་དང་བྲལ་བའི་ཕྱིར་རོ། །ཡེ་ཤེས་ཐ་མི་དད་པ་ཡང་ཡུལ་ཐ་དད་པ་མ་ཡིན་པའི་སྒོ་ནས་ཡིན་གྱི། ཡེ་ཤེས་མང་པོ་རྣམས་ཐ་མི་དད་ཅིང་གཅིག་ཏུ་འགྱུར་བ་ནི་མ་ཡིན་ནོ། །ཡུལ་ཐ་དད་པ་མ་ཡིན་པ་ནི་སྟོང་པ་ཉིད་གང་ཡིན་པ་སྟེ། དེར་ཆོས་ཐམས་ཅད་
མཚན་ཉིད་གཅིག་པའི་ཕྱིར་རོ། །དེ་ཉིད་བཤད་པ་ལས་མཉམ་པ་ཉིད་དུ་ཤེས་པ་ཡོངས་སུ་སྦྱོང་བས་ཞེས་རྣམ་གྲངས་གཞན་གྱིས་མཉམ་པ་ཉིད་དུ་བསྟན་ཏོ། །རང་གི་དོན་གྱི་བཅུ་ཚན་རྣམ་པར་དབྱེ་བར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བ་སྐབས་མ་ཡིན་པའི་གཏན་ཚིགས་ནི་
བཤད་པ་ཉིད་ལས་བསྟན་པས་མ་བཤད་དོ། །སྔར་བསྟན་ཏོ་ཞེས་བྱ་བ་ནི་རྟོགས་པའི་སྔོན་རོལ་དུ་ཞེས་བྱ་བར་རིག་པར་བྱའོ། །དེས་དེ་ལྟར་མཐོང་བས་སྤང་བར་བྱ་བ་སྤངས་ནས། བསྒོམ་པའི་ལམ་ལ་རྙེད་པ་དང་མ་རྙེད་པའི་མཚན་ཉིད་ཀུན་ནས་ཉོན་མོངས་པར་བྱེད་པའི་
ཆོས་ཐམས་ཅད་ཀྱིས་མི་མཐོས་མི་དམས་པ་ཉིད་དུ་དགེ་བའི་ཆོས་རྣམས་སྒོམ་པར་བྱེད་པ་ན་བག་ཡོད་པར་གནས་པས་དེའི་འོག་ཏུ་བག་ཡོད་པའི་འཇུག་པ་སྟེ། དེ་ཡང་མདོ་ལས། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །བསྒོམ་པས་སྤོང་བར་

བྱ་བའི་ཉོན་མོངས་པ་འདོད་ཆགས་དང་ཁོང་ཁྲོ་བ་དང་། ང་རྒྱལ་དང་མ་རིག་པ་དག་ཡོད་པ་དང་། རྙེད་པ་ལ་ནི་ཆགས་ཤིང་དེས་ཀྱང་མཐོས་པར་འགྱུར་ལ། མ་རྙེད་ན་ནི་གནོད་པར་འགྱུར་རོ། །མ་རིག་པ་ནི་སྔོན་དུ་འགྲོ་བ་ཡིན་པས་འཇིག་རྟེན་གྱི་ཆོས་དག་གིས་གོས་པར་
འགྱུར་རོ། །དེ་སྤངས་པའི་ཕྱིར་མི་གོས་ཏེ་རྟོགས་པར་སླའོ། །དེ་དག་རྣམ་པ་ཐམས་ཅད་དུ་སྤངས་པར་ནི་ཁོང་དུ་ཆུད་པར་མི་བྱ་སྟེ། རྣམ་པར་མནན་པས་རང་གི་མཐུའི་དཔུང་བྱེད་མི་ནུས་པ་ཡིན་ནོ། །རིམ་གྱིས་ཡོངས་སུ་སྦྱོང་བའི་ཕྱིར་ས་དང་པོ་ཁོ་ནར་རྣམ་པ་ཐམས་ཅད་དུ་མ་ལུས་པར་སྤོང་
བར་ནི་མི་འདོད་དེ། ས་བཅུ་པ་ལ་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་ཡིན་ནོ། །དེ་བསྒོམ་པའི་ལམ་ལ་ཞུགས་པ་དང་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་པ་སུམ་ཅུ་རྩ་བདུན་གང་ཡིན་པ་དེ་དག་ཉིད་ལ་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་དག་ཡིན་ཏེ།
དེ་དག་ཡོངས་སུ་སྦྱངས་པའི་འོག་ཏུ་ས་ནས་སར་འཕར་བར་འགྱུར་བས་སར་འཕར་བའི་འཇུག་པ་བརྗོད་དོ། །འདི་ལྟར་དེ་དག་ཉིད་གནས་སྐབས་སྔ་མ་དག་པས་གནས་སྐབས་ཕྱི་མ་ཐོབ་སྟེ་ཁྱད་པར་ཅན་དུ་གྱུར་ནས་གོང་མ་ཞེས་བྱའོ། །ཡང་དེ་དག་ཉིད་ཀྱིས་དགེ་བའི་རྩ་བ་ཞེས་བྱ་
བ་ནི་ཡང་ན་ཞེས་བྱ་བའི་ཐ་ཚིག་སྟེ། རྣམ་པར་བཤད་པ་གཞན་སྟོན་པར་བྱེད་པའོ། །སྔར་ནི་བྱེ་བྲག་ཏུ་མ་ཕྱེ་བར་བྱང་ཆུབ་ཀྱི་ཕྱོགས་པ་ཉིད་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་ཡིན་ནོ་ཞེས་གཞི་མཐུན་པར་བསྡུས་པ་ཡིན་ནོ། །ད་ནི་དེ་དག་གི་རྒྱུར་གྱུར་པའི་དགེ་བའི་རྩ་བ་གང་དག་ཡིན་པ་ཞེས་བསྡུ་བ་
བསྟན་ཏེ། འདི་སྐད་དུ་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་སྔར་སྐྱེས་པ་རྣམས་ཡོངས་སུ་སྦྱངས་ན་བྱང་ཆུབ་ཀྱི་ཕྱོགས་པ་ཕྱི་མ་མཆོག་ཏུ་གྱུར་པ་འདྲེན་པས་ས་སྔ་མ་ལས་ཕྱི་མར་འཕར་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དེ་ཡང་མདོ་ལས། འཇིག་རྟེན་ལས་འདས་པའི་དགེ་
བའི་རྩ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །སྤྱིར་བསྟན་པས་འཇིག་རྟེན་ལས་འདས་པ་ཉིད་དགེ་བའི་རྩ་བ་དག་ཡིན་ནོ། །དེ་དག་གི་དགེ་བའི་རྩ་བ་སྟེ་རྒྱུར་གྱུར་པ་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་བ་ཐ་དད་པར་སྨོས་སོ། །དེ་ལྟར་བསྒོམ་པའི་གནས་སྐབས་མཆོག་ཐོབ་

པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ལ་སོགས་པ་ཤེས་པར་བྱེད་ནུས་སམ་བྱང་ཆུབ་སེམས་དཔའི་མཐར་ཕྱིན་པར་བྱེད་པའི་འཇུག་པ་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ལ་སོགས་པ་ཤེས་པ་ཞེས་བྱ་བ་ལ་གསང་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་
གསང་བའོ། །སྩོགས་པའི་སྒྲས་ནི་ས་བཅུ་པ་ལས་ཕྲ་བ་ལ་འཇུག་པའི་ཡེ་ཤེས་དང་། བསྐལ་པ་ལ་འཇུག་པའི་ཡེ་ཤེས་དང་། འཇུག་པའི་ཡེ་ཤེས་རྒྱས་པར་བཤད་པ་གང་ཡིན་པ་དེ་བསྡུ་བར་བྱ་སྟེ། འདིས་དེར་དེ་དག་རྣམ་པ་ཐམས་ཅད་དུ་རབ་ཏུ་ཤེས་པས་ན་བྱང་ཆུབ་སེམས་དཔའི་
མཐར་ཕྱིན་པར་བྱེད་པའི་འཇུག་པ་ཞེས་བྱའོ། །དེ་ཡང་མདོ་ལས། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན་གསང་བ་ལ་སོགས་པ་དེ་དག་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་ཕལ་བ་
དག་གིས་བསམ་པར་མི་ནུས་པས་ན་བསམ་གྱིས་མི་ཁྱབ་པ་སྟེ། དེའི་ཡུལ་ཅན་ཡིན་པས་ཡེ་ཤེས་བསམ་གྱིས་མི་ཁྱབ་པའོ། །དེའི་ཡུལ་ཞེས་བྱ་བ་དེ་ཉིད་ལ་བྱའོ། །དེ་ཁོང་དུ་ཆུད་པ་ནི་མངོན་དུ་བྱ་བ་སྟེ་དེའི་ཕྱིར་རོ། །ཁོང་དུ་ཆུད་པར་བྱ་བ་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་དེས་ཤེས་བྱ་
ཐམས་ཅད་ལ་སྒྲིབ་པ་མེད་པ་སྒྲིབ་པ་སྤངས་པའི་ཤེས་པས་ཆགས་པ་མེད་པ་དང་ཐོགས་པ་མེད་པར་ཤེས་པས་ན་སངས་རྒྱས་ཀྱི་མཐར་ཐུག་པར་བྱེད་པའི་འཇུག་པ་བརྗོད་དེ། དེ་ཡང་མདོ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ནི་ཆོས་ཀྱི་དབྱིངས་ཏེ་དེ་ཡང་བཤད་པ་ལས་ཤེས་བྱ་ཐམས་ཅད་ཅེས་བྱ་བའི་སྒྲས་བསྟན་ཏོ། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་བྱ་བ་དེའི་སྒོ་ནས་ཆོས་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་རོ། །འཇུག་
པ་འདི་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ནི་མིང་གཞན་བརྗོད་པ་བྱེ་བྲག་ཁྱད་པར་ཤེས་པར་བྱེད་པའོ། །དེ་ལྟ་མ་ཡིན་ཏེ། དོན་ལ་ཁྱད་པར་མེད་ན་མིང་ཐ་དད་པར་ཡང་མི་འགྱུར་བ་ཉིད་དོ། །དང་པོ་ནི་མིང་གཞན་ལ་སྨོས་པའི་ཕྱིར་དང་། གཞན་དག་གི་ཡང་རྒྱུའི་དངོས་པོ་ཡིན་པའི་ཕྱིར་ཤུགས་ཀྱིས་ན་

སྤྱིར་མིང་རྩ་བའི་འཇུག་པ་ཞེས་བཤད་དོ། །དངོས་པོ་ཉེ་བར་འགོད་པ་ནི་མ་གཏོགས་ཏེ་ཞེས་བྱ་བ་ནི་གང་དུའམ་མདོ་གཞན་ལས་ཕུང་པོ་ལ་སོགས་པའི་དངོས་པོ་ཙམ་ཉེ་བར་འགོད་པ་གང་ཡིན་པ་དེ་མ་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ས་བཅུ་པ་འདི་ཉིད་
ལས་སྨོན་ལམ་ཆེན་པོ་དག་གི་ནང་ན་སྨོན་ལམ་བཞི་པ་བསྟན་པ་ལྟ་བུ་སྟེ། ཡན་ལག་དང་ཉེ་བའི་ཡན་ལག་ལ་སོགས་པའི་མཚན་ཉིད་བཤད་པའི་རིགས་པའི་ཐབས་ཀྱི་དངོས་པོ་ཉེ་བར་བཀོད་ཅིང་སྨོས་པའི་ཕྱིར་རོ། །འདུ་བ་ནི་སྡུད་པ་སྟེ་གོས་བལྟ་བ་ལྟ་བུའམ། འཇིག་རྟེན་གྱི་ཁམས་འཇིག་
པ་ལྟར་བསྡུས་པའོ། །འཇིག་པའི་སྒོ་ནས་འབྱུང་མོད་ཀྱི་བསྡུས་པ་ལས་མི་འདའོ། །ཇི་ལྟར་ན་གསུམ་པར་འདོན་པ་རྣམས་ཀྱི་དེ་ཉིད་ཀྱི་ཕྱིར་ཡིན་ཞེ་ན། རྒྱུ་ཉིད་དུ་བརྗོད་པའི་ཕྱིར་ཡིན་ཏེ་གསུམ་པ་ཡང་རྒྱུ་ནི་དེ་ཉིད་ཀྱི་ཕྱིར་ལས་མི་འདའོ། །དེ་ཉིད་ཀྱི་ཕྱིར་གསུམ་པ་ཡང་དེ་ཉིད་ཀྱི་ཕྱིར་ཡིན་ནོ་
ཞེས་བཤད་དོ། །དེ་ལ་རྩོམ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་དེས་ས་འདི་དག་གི་མིང་ཐོས་ནས་བདག་གིས་འདི་དག་ནམ་ཞིག་ཐོབ་པར་འགྱུར་ཞེས་དད་པ་དང་འདུན་པར་བྱེད་དོ། །དེ་གཉིས་ཀྱིས་བསྐུལ་བ་ན་དེ་དག་སྐུལ་བར་བྱེད་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐད་དུ་ཉེ་བར་འགྲོའོ། །
སྩོགས་པའི་སྒྲས་ནི་བསྙེན་བཀུར་བྱེད་པ་དང་། བཤད་པ་དོན་དུ་གཉེར་བ་ཞེས་བྱ་བ་ལ་སོགས་པ་བསྡུའོ། །འདི་ཉིད་ཚོལ་བ་ཡིན་ཏེ། ཇི་སྲིད་མ་ཐོས་ཀྱི་བར་དུའོ། །འཐོབ་པ་ནི་འདི་དག་ཐོས་ནས་དོན་དང་ཚིག་གི་སྒོ་ནས་འཛིན་པའོ། །འདིར་ནི་རྣམ་གྲངས་དང་པོ་ཉིད་ཅེས་བྱ་བ་ནི་རྩོམ་ཞིང་
འཐོབ་པ་དག་གི་མཇུག་ཐོགས་སུ་གཏོགས་པ་རྣམ་པར་འཇོག་པའི་ཕྱིར་བཤད་པ་གཉིས་པ་མི་འཐད་དོ་ཞེས་སྟོན་པར་བྱེད་དོ། །འདི་ནི་རང་གིས་རྟོགས་ནས་སེམས་ཅན་རྣམས་ལ་དེ་བཞིན་བྱེད་པས་སེམས་ཅན་རྣམས་ཀྱིས་རྩོམ་ཞིང་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བར་རིག་པར་བྱ་སྟེ། དེ་ལྟར་བཅུ་ཚན་
འདི་གཞན་གྱི་དོན་ཀྱི་དབང་དུ་བྱས་པར་རུང་ངོ་། །ཚིག་དང་པོ་ནི་རྩོམ་ཞིང་འཐོབ་པའི་རྩ་བས་བཤད་ཟིན་ཏོ། །རྩོམ་ཞིང་འཐོབ་པ་གཞན་བཅུ་ཚིག་གཞན་བཅུས་ཇི་སྐད་དུ་བཤད་པ་དེ་བཞིན་དུ་རྣམ་པར་དབྱེ་བར་བྱ་སྟེ། ཇི་ལྟར་ཐོས་པ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བ་བཞིན་དུ་ཕྱིན་ཅི་

མ་ལོག་པར་ཐོས་པར་བྱ་བ་ཡིན་པའི་ཕྱིར་ཐོས་པ་ནི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཡིན་ནོ། །དེ་ཡང་བྱང་ཆུབ་སེམས་དཔའི་ས་བཅུ་པོ་བསྟན་པའི་ཆོས་ཀྱི་ངོ་བོ་ཉིད་འདི་དག་ཉིད་ཡིན་ནོ། །དེའི་དོན་ནི་ཡེ་ཤེས་ཀྱི་བདག་ཉིད་དེ་དག་ཁོ་ན་ཡིན་ནོ། །དེ་ལེགས་པར་འཛིན་པ་ནི་ཡང་དག་པར་འཛིན་
པའོ། །དེ་ཉིད་ཁྱད་པར་དུ་བཀོད་པ་ཡིན་པས་རྣམ་པར་བཀོད་པ་སྟེ། བསམ་པ་ལས་བྱུང་བའི་ཤེས་པ་མཆོག་གིས་གཏན་ལ་ཕབ་པ་ཡིན་ནོ། །དེ་ལྟར་བདག་ཉིད་ཀྱིས་བཟུང་ནས་འཛིན་དུ་འཇུག་པས་ཤེས་པར་བྱ་བ་ནི་གདུལ་བ་རྣམས་ལ་སྟོན་པས་ཞེས་བྱ་བ་ཡིན་པས་ཡང་དག་པར་འཛིན་པ་རྩོམ་ཞིང་
འཐོབ་པའོ། །འདི་ཡང་མདོ་ལས། བྱང་ཆུབ་སེམས་དཔའི་ས་ཇི་ལྟ་བ་བཞིན་དུ་རྣམ་པར་བཀོད་པ་ལ་མཁས་པར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་བསྟན་ཏེ། ཇི་སྐད་དུ་བསྟན་པ་དེ་བཞིན་དུ་བཤད་པའི་ཚིག་གི་དོན་རྣམ་པར་དབྱེ་བ་ཉིད་ཀྱིས་བཤད་དོ། །དེས་དེ་ལྟར་ས་འདི་དག་བཟུང་སྟེ། དོན་དང་
ཚིག་གི་སྒོ་ནས་རབ་ཏུ་བསྟན་ནས་ཡེ་ཤེས་ཀྱི་བདག་ཉིད་འདི་དག་ཁོ་ན་མངོན་སུམ་དུ་བྱ་བས་ཐོབ་པར་འདུན་པ་དང་། འདོད་པ་བསྐྱེད་པའི་ཕྱིར་འདུན་པ་རྩོམ་ཞིང་འཐོབ་པ་སྟེ། འདི་ཡང་མདོ་ལས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྷག་པར་དམིགས་པར་བྱ་བའི་ཞེས་བསྟན་པ་ཡིན་ནོ། །
ཇི་ལྟ་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ཟག་པ་མེད་པའི་ས་ཐམས་ཅད་ལ་ལྷག་པར་དམིགས་པ་ནི་མངོན་པར་འདོད་པ་སྟེ། ལྷག་པའི་བསམ་པས་དམིགས་པའི་ཕྱིར་རོ། །བཤད་པའི་དོན་ནི་དེ་དེ་ལྟར་འདུན་པ་དྲག་པོ་སྐྱེས་ནས། ཟག་པ་མེད་པའི་ཆོས་བྱང་ཆུབ་ཀྱི་ཕྱོགས་པ་གང་
དག་ཡིན་པ་དེ་དག་གི་བྱེ་བྲག་སྣང་བ་ཐོབ་པ་ལ་སོགས་པ་མདོ་སྡེའི་རྒྱན་ལས་བཤད་པ་དེས་བསྒོམ་པའོ། །དེ་ཉིད་རྣམ་པ་ཡིན་ཏེ། དེས་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་དེ་དག་རྣམ་པ་དེས་སྒོམ་པར་བྱེད་ཀྱི། སྔ་མ་བཞིན་དུ་སེམས་པ་ཙམ་གྱིས་མ་ཡིན་པའི་ཕྱིར་མཉམ་པར་གཞག་
པའི་གནས་སྐབས་སྟོན་པར་བྱེད་པས་སྦྱོར་བ་རྩོམ་ཞིང་འཐོབ་པ་ཡིན་ཏེ། གནས་སྐབས་དེ་ནི་རྟོགས་པའི་འཕེན་པར་བྱེད་པ་ཡིན་པས་སྦྱོར་བའོ། །འདི་ཡང་མདོ་ལས། ཟག་པ་མེད་པའི་ཆོས་བྱེ་བྲག་གིས་བསྒོམ་པར་བྱ་བའི་ཕྱིར་བསྟན་པ་ཡིན་ཏེ། ཟག་པ་མེད་པའི་ཆོས་རྣམས་བསམས་པ་

ལས་བྱུང་བ་ལས་ཁྱད་པར་དུ་འཕགས་པ་མཉམ་པར་གཞག་པའི་ཤེས་པ་བྱེ་བྲག་གིས་བསྒོམ་པའི་ཕྱིར་རོ། །རྟོགས་པར་བྱེད་པ་རྩོམ་ཞིང་འཐོབ་པ་ནི་རྣམ་པར་ཕྱེ་ཟིན་པ་ཉིད་དུ་ཟད་དོ། །ཤེས་རབ་ཆེན་པོ་ཡང་ཡིན་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་བསྟན་པས།
མདོ་ལས་ཡོན་ཏན་རྗོད་པར་བྱེད་དེ། མཐོང་བའི་ལམ་འདི་ཉིད་དངོས་པོའི་མཐའ་ཤེས་པ་ཡིན་པའི་ཕྱིར། དོན་དམ་པ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ཏེ། འདི་ཡོད་ན་དྲི་མ་གཉིས་དང་འབྲལ་བར་འགྱུར་གྱི། ཉན་ཐོས་ལ་སོགས་པའི་ནི་དོན་ཆེན་པོ་མ་ཡིན་པ་ཉིད་དོ་ཞེས་
གདུལ་བ་རྣམས་ཐེག་པ་ཆེན་པོ་ལ་སྤྲོ་བ་བསྐྱེད་པའི་ཆེད་ཡིན་པར་རིག་པར་བྱའོ། །དེས་དེ་ལྟར་རྟོགས་ནས་བསྒོམ་པའི་ལམ་ལ་གནས་པ་ནི། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ས་བཅུ་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་རྣམས་ཀྱི་དོན་དུ་བརྗོད་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་པ་ལ་སོགས་པ་
གང་དག་ཡིན་པ་དེ་དག་རྟོགས་པར་བྱེད་རབ་ཏུ་ཤེས་པར་བྱེད་པས་ན་བསྒོམ་པའི་ལམ་རྩོམ་ཞིང་འཐོབ་པ་ཞེས་བྱའོ། །ཇི་ལྟར་དེ་དག་རྟོགས་པར་བྱེད་ཅེ་ན་དེ་དེས་རང་གི་རྟོགས་པས་ཡོངས་སུ་གཅོད་པ་ན། དེ་དག་ཀྱང་དེས་རྟོགས་ཏེ། དེ་དག་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཁོངས་
སུ་གཏོགས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དེའི་བྱ་བ་རང་གིས་རྟོགས་པ་ཡོངས་སུ་གཅོད་པ་འབའ་ཞིག་ཏུ་མ་ཟད་པས། དེའི་ཕྱིར་དེ་དག་ཀྱང་རབ་ཏུ་ཤེས་སོ། །འདི་ཡང་མདོ་ལས། ཤིན་ཏུ་བརྟགས་པའི་ཡེ་ཤེས་ཀྱི་སྒོ་ལ་འཇུག་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན།
ཤིན་ཏུ་བརྟགས་པའི་ཡེ་ཤེས་ནི། རྗེས་ལ་ཐོབ་པ་ཁོ་ན་ཡིན་ཏེ། དེ་ནི་ཟག་པ་མེད་པའི་སྟོབས་ཀྱིས་སྐྱེས་པའི་ཕྱིར། ཟག་པ་དང་བཅས་པ་ཡིན་ཡང་དེ་སྐད་ཅེས་བྱའོ། །དེས་སྒོ་རྣམས་ལ་འཇུག་པ་ནི་རྟོགས་པའོ། །སྒོ་ནི་འདིར་ཆོས་ཀྱི་རྣམ་གྲངས་ཀྱི་དོན་ཡིན་ཏེ། དེའི་སྒོ་ནས་དེ་དག་
ལ་འཇུག་པའི་ཕྱིར་རོ། །རེས་འགའ་དོན་ཡང་སྒྲ་ཡོངས་སུ་ཤེས་པར་བྱ་བ་ལ་སྒོ་ཞེས་བྱའོ། །རང་གི་ཕྱོགས་ཀྱི་ཁྱད་པར་ཅི་རིགས་པར་ཡོངས་སུ་བསྟན་པ་ལ་ཞེས་བྱ་བ་ལ་ཅི་རིགས་སུ་ཞེས་བྱ་བ་འདིའི་བཤད་པ་ནི་ཅི་རིགས་པར་ཞེས་བྱ་བ་ཡིན་ཏེ། ལུགས་གཞན་གྱི་རྗེས་སུ་འབྲང་བས་གང་ལ་གང་

རིགས་པར་ཞེས་བྱ་བའི་ཐ་ཚིག་གོ། །གནས་གཞན་ཞེས་བྱ་བ་འདིའི་བཤད་པ་ནི་རང་གི་ཕྱོགས་ཀྱི་ཁྱད་པར་ཞེས་བྱ་བ་ཡིན་ནོ། །རང་གི་ཕྱོགས་ཉིད་དེ་ལས་གཞན་པ་ལ་ལྟོས་ན་ཁྱད་པར་ཅན་ཡིན་ལ། དེ་ཉིད་གནས་གཞན་ཡང་ཡིན་ཏེ། ཕ་རོལ་སྨྲ་བའི་ཕྱོགས་གཞན་ལ་ལྟོས་ན་གཞན་ཡིན་པའི་ཕྱིར་
རོ། །རབ་ཏུ་བརྗོད་པ་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་ཡོངས་སུ་བསྟན་པ་ཞེས་བྱ་བ་ཡིན་ཏེ། རབ་ཏུ་བརྗོད་པ་ནི་རབ་ཏུ་བསྟན་པའོ། །དེ་ཉིད་ཡོངས་སུ་བསྟན་པ་ཡིན་ཏེ་འཐད་པ་སྒྲུབ་པའི་རིགས་པས་རང་གི་ཕྱོགས་བསྒྲུབ་པར་བྱ་བ་སྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བག་ཚ་བ་
མེད་པ་ནི་མི་འཇིགས་པ་དང་ལྡན་པའི་ཕྱིར་ཡུལ་ཡུལ་པོར་མ་གྱུར་པའོ། །མི་ཤེས་པས་ཡུལ་ཡུལ་པོར་གྱུར་པ་དང་འདྲ་བས་ན་བག་ཚ་བ་ཞེས་བྱ་བའོ། །སྤོབས་པ་ཞེས་བྱ་བའི་སྒྲ་ལན་འདེབས་པའི་སྤོབས་པ་ཞེས་བྱ་བས་རྣམ་པར་འགྲེལ་ཏེ། ལན་ནི་ཚིག་ལན་ནོ། །དེ་གདབ་པར་ནུས་
པ་ནི་སྤོབས་པའོ། །གཞན་གྱི་ཕྱོགས་སུན་འབྱུང་བའི་ཕྱིར་ལན་འདེབས་ནུས་པ་ནི་དྲི་མ་མེད་པའོ། །དེས་སུན་འབྱུང་བའི་རྣམ་པ་ཐམས་ཅད་རབ་ཏུ་གསལ་བར་བྱེད་པ་ཉིད་དེ། དེ་ལྟ་བུར་མུན་པ་མེད་པ་ནི་སྣང་བ་ཡིན་པས་ཕས་ཀྱི་རྒོལ་བ་ཚར་གཅོད་ནུས་པ་རྩོམ་ཞིང་འཐོབ་པ་ཞེས་བྱའོ། །འདི་
ཡང་མདོ་ལས། གནས་གཞན་ཅི་རིགས་སུ་རབ་ཏུ་བརྗོད་པ་ལ་བག་འཆུམས་པ་མེད་པའི་སྤོབས་པས་སྣང་བར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན། གནས་གཞན་ཅི་རིགས་སུ་རབ་ཏུ་བསྟན་པར་བྱ་བ་ལ་བག་ཚ་བ་མེད་པའི་ཕྱིར་ཏེ། སྤོབས་པས་སྣང་བར་བྱ་བ་གང་ཡིན་པ་དེའི་
ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་ཆེན་པོའི་ས་ནི་སྤྱོད་ཡུལ་དང་ཡུལ་ལོ། །དེ་ཤེས་པས་མངོན་སུམ་དུ་བྱེད་པ་ནི་ཁོང་དུ་ཆུད་པ་དང་དཔྱོད་པའོ། །དེ་དང་ལྡན་པས་གཞན་དག་གིས་དྲི་བ་རྣམ་པ་དུ་མ་སྨྲས་པ་རྣམས་ཀྱི་ལན་འདེབས་པར་ནུས་པས་དེའི་འོག་ཏུ་དྲིས་པ་ལན་འདེབས་ནུས་པ་རྩོམ་
ཞིང་འཐོབ་པ་ཞེས་བྱའོ། །འདི་ཡང་མདོ་ལས། སོ་སོ་ཡང་དག་པར་རིག་པ་ཆེན་པོའི་ས་ཤིན་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན་གོ་རིམས་བཞིན་དུ་སོ་སོ་ཡང་དག་པར་རིག་པ་ཆེན་པོ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་མིང་

དང་དོན་དང་ཚིག་དང་། ཤེས་པ་ལ་སོགས་པའི་མཚན་ཉིད་ཤིན་ཏུ་རྟོགས་པར་བྱ་བའི་ཕྱིར་ཏེ། རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་བྱང་ཆུབ་དོན་དུ་གཉེར་བ་སྟེ། བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ཞེས་བྱ་བའི་སྒྲས་སྟོན་པར་བྱེད་དོ། །དེས་ན་
དྲན་པ་མི་བརྗེད་པས་ཆུད་མི་གསོན་པ་ཡིན་ནོ། །དེ་ཡང་བྱང་ཆུབ་དྲན་པ་ཆུད་མི་གསོན་པ་ཡོད་ན་ཡོད་པས། ལ་ལ་ལས་བར་དུ་བྱང་ཆུབ་ཅེས་བྱ་བའི་སྒྲ་འབྱུང་ངོ་། །ལ་ལ་ལས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་སྒྲ་ཁོ་ན་ཞིག་འབྱུང་སྟེ། དེའི་ཚེ་ནི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ཉིད་བྱང་ཆུབ་ཀྱི་
སེམས་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེས་ན་འདི་ཐེག་པ་དམན་པ་ལ་དགའ་བ་སྐྱེད་པར་མི་བྱེད་པས། དེའི་ཉེས་པའི་གཉེན་པོར་ཐེག་པ་དམན་པར་འགྲོ་བའི་གཉེན་པོར་རྩམ་ཞིང་འཐོབ་པ་ཞེས་བྱའོ། །འདི་ཡང་མདོ་ལས། བྱང་ཆུབ་ཀྱི་སེམས་ཀྱིས་དྲན་པ་
བརྗེད་པ་མེད་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །སེམས་ཅན་གྱི་དོན་བྱ་བ་ལ་ལེ་ལོ་བྱེད་པའི་གཉེན་པོ་རྩོམ་ཞིང་འཐོབ་པ་ནི་རྟོགས་པར་སླའོ། །ཐམས་ཅད་དུ་ཞེས་བྱ་བའི་འགྲེལ་པ་ནི་རིག་པའི་གནས་ལྔ་དག་ཏུ་ཞེས་བྱ་བ་ཡིན་ནོ། །ཞུགས་པ་ནི་རྣམ་པར་ཞུགས་པ་སྟེ་གཏན་ལ་
འབེབས་པ་གང་ཡིན་པའོ། །དེ་ཐོབ་པ་ནི་རྟོགས་པ་སྟེ་ལྡན་པ་ཡིན་ནོ། །དེས་ན་འདི་སེམས་ཅན་གྱི་དོན་གྱི་ཐབས་སུ་རིག་པའི་གནས་དེ་དག་ལ་མཁས་ཤིང་སེམས་ཅན་བག་ལ་ཉལ་ཐ་དད་པ་རྣམས་ཡོངས་སུ་སྨིན་པར་བྱེད་ནུས་པས་ཐབས་མི་ཤེས་པའི་གཉེན་པོ་རྩོམ་ཞིང་འཐོབ་པ་ཞེས་བྱ་སྟེ།
འདི་ཡང་མདོ་ལས་ཐམས་ཅད་དུ་ཞུགས་པའི་རྣམ་པར་གཏན་ལ་འབེབས་པ་ཐོབ་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །རིག་པའི་གནས་ལྔ་ནི། སྒྲ་དང་གཏན་ཚིགས་དེ་བཞིན་བཟོ། །གསོ་བ་དང་ནི་དེ་བཞིན་དུ། །ནང་ནི་སོ་སོར་བརྟག་བྱ་བ། །ཤེས་པ་མཁས་པས་རིག་པར་འདོད། །དེ་ལྟར་
ན་གཞན་གྱི་དོན་ལས་བརྩམས་ནས་བཅུ་ཚེན་གཉིས་པ་ཡིན་ནོ། །དོན་དུ་བརྗོད་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་པ་ལ་སོགས་པ་ཆོས་ཀྱི་སྒོ་མོ་རྣམས་ནི་འཕགས་པ་དཀོན་མཆོག་བརྩེགས་པ་ལ་སོགས་པའི་ཚིག་གི་བདག་ཉིད་ཀྱི་ཆོས་ཀྱི་རྣམ་གྲངས་རྣམས་ཏེ། དེ་དག་གིས་དོན་གྱི་རྗེས་སུ་འཇུག་པའི་

ཕྱིར་རོ། །དེ་དག་གིས་རབ་ཏུ་དབྱེ་བ་ནི་མང་པོ་ཉིད་དེ། །སྒོ་རབ་ཏུ་དབྱེ་བ་དེ་ལའོ། ཇི་ལྟར་ན་འདིས་མཁས་པར་འགྱུར་ཞེ་ན། ཐམས་ཅད་འདིའི་ནང་དུ་འདུས་པའི་ཕྱིར་ཏེ། འདི་དང་འདིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནས་བཟུང་སྟེ། ཟག་པ་མེད་པའི་ཡེ་ཤེས་ཀྱི་རྒྱུན་གང་གིས་ན་བྱང་
ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་རབ་ཏུ་ཕྱེ་བ་རྒྱུ་དང་འབྲས་བུར་བཅས་པའི་ངོ་བོ་གང་ཡིན་པ་དེ་གནས་སྐབས་གང་ནས་གང་མ་ཐོབ་པ་ལ་རྣམ་པར་ཕྱེ་ནས་ས་བཅུ་ཉིད་དུ་བརྗོད་དོ། །མདོ་ཐམས་ཅད་ལས་ནི་འབྲས་བུའི་གནས་སྐབས་སམ་རྒྱུའི་གནས་སྐབས་ཞིག་འབྱུང་ལ།
འདི་ལས་ནི་གཉིས་ཀ་འབྱུང་བ་དེའི་ཕྱིར་འདིས་ཐམས་ཅད་ལ་མཁས་པར་གྱུར་པར་རིག་པར་བྱའོ། །གཞན་དག་ན་རེ་དང་པོ་ཉིད་དུ་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །སྤོབས་པར་གྱིས་ཤིག་ཅེས་བྱ་བ་འདིས་ནི་སྤོབས་པ་སྤྱིར་གསུངས་ཏེ། དེ་ཉིད་རང་གི་མཐུ་དང་གཞན་གྱི་མཐུའི་སྤོབས་པ་ཞེས་
རྣམ་པར་ཕྱེ་ནས་བརྗོད་དོ། །དེ་ལྟར་ན་སྤོབས་པའི་རྩ་བ་ནི་ཡན་ལག་ཀྱང་ཡིན་ལ། ཅིག་ཤོས་ནི་དེའི་དབྱེ་བ་ཡིན་པའི་ཕྱིར་ཉེ་བའི་ཡན་ལག་ཡིན་ཏེ། འདིར་ཉེ་བའི་ཡན་ལག་གི་རང་གི་མཐུའི་སྤོབས་པ་ཡིན་ནོ། །ཡན་ལག་ཏུ་འགྱུར་བ་གང་ཡིན་པ་དེ་ནི་དབྱེ་བའི་ངོ་བོ་སྤོབས་པ་གཞན་རྣམ་པ་
བཞིའི་རྟེན་ཡིན་པའི་ཕྱིར་རོ། །དེ་ལ་གཞན་གྱི་མཐུ་བྱིན་གྱི་རླབས་ཀྱིས་འཆར་བར་ནུས་ཏེ། དེ་ཉིད་སངས་རྒྱས་ཀྱི་མཐུས་ཞེས་བྱ་བས་བསྟན་ཏོ། །སངས་རྒྱས་ཀྱི་མཐུས་དེ་ནི་མདོ་ཉིད་ལས་དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བའི་བྱིན་གྱི་རླབས་ཞེས་ཚིག་གཞན་གྱིས་རྣམ་པར་ཕྱེ་བ་མཛད་པ་ཡིན་
ཏེ། དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས། རྡོ་རྗེ་སྙིང་པོ་སྣང་ཞིང་མུན་པ་མེད་པ་དང་། རབ་ཏུ་མངོན་ཞིང་དོན་ཐམས་ཅད་གསལ་བར་གྱུར་ནས་ཇི་ལྟར་བསྟན་པར་བྱ་བའི་དོན་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སངས་རྒྱས་བཞིན་དུ་ཕྱིན་ཅི་མ་ལོག་པར་སྟོན་པ་དེ་ལྟར་བྱིན་གྱིས་བརླབས་པའི་ཕྱིར་
རོ། །འདུས་བྱས་ནི་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་པ་ལ་སོགས་པའོ། །དེ་ཉིད་མ་ཆགས་པ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་དགེ་བའི་རྩ་བའི་ཆོས་ཞེས་བྱ་སྟེ། རྡོ་རྗེའི་སྙིང་པོའི་རྒྱུད་དུ་གཏོགས་པ་དེ་དག་ཡོངས་སུ་དག་ཅིང་རྣམ་པར་བྱང་བས་སྤོབས་པས་ན་དེ་སྐད་ཅེས་བྱའོ། །

དེ་ལ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་སྐབས་སུ་གཞན་གྱི་མཐུའི་སྤོབས་པ་ཁོ་ན་བརྗོད་པར་རུང་སྟེ། འདུས་བྱས་ཀྱི་ཆོས་དེ་དག་སྤོབས་པ་འབྱིན་ནུས་པ་དང་། དེ་བཞིན་གཤེགས་པ་ཉིད་ཀྱིས་གསུང་གིས་རྡོ་རྗེའི་སྙིང་པོ་ལ་བསྐུལ་བ་དང་། བརྟས་ཤིང་ཁ་འབྱེ་ལ་རྒྱས་པར་འགྱུར་མོད་ཀྱི།
འོན་ཀྱང་རང་གི་རྒྱུད་དུ་གཏོགས་པ་རྣམས་ཀྱི་མཐུ་བརྟས་པས་དེར་སྤོབས་པ་སྐྱེ་བའི་ཕྱིར་རང་གི་མཐུའི་སྤོབས་པ་ཞེས་བྱའོ། །གཞན་ཡང་ཡོད་དགུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་འབའ་ཞིག་འཆད་པ་ནི་མ་ཡིན་གྱི། འདིའི་རང་གི་ནུས་པའི་མཐུ་ཡང་འདི་འདྲའོ་ཞེས་བསྟན་པའི་ཕྱིར་རོ། །འདི་
ཡང་མདོ་ལས། རང་གི་དགེ་བའི་རྩ་བ་ཡོངས་སུ་དག་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །འདུས་མ་བྱས་ཀྱི་ཆོས་ནི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་སོ། །དེ་ཡོངས་སུ་དག་པ་ནི་རྣམ་པར་བྱང་བ་སྟེ། དེའི་སྟོབས་ཀྱི་སྤོབས་པ་གང་ཡིན་པ་དེ་འདུས་མ་བྱས་ཀྱི་ཆོས་ཡོངས་སུ་དག་པར་སྤོབས་
པ་ཞེས་བྱའོ། །དེ་ཡང་མདོ་ལས་ཆོས་ཀྱི་དབྱིངས་ཡོངས་སུ་སྦྱངས་པའི་ཕྱིར་ཞེས་རྣམ་གྲངས་གཞན་གྱིས་བསྟན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕན་འདོགས་པ་དེའི་རྒྱུ་ལས་བྱུང་བ་ཡོངས་སུ་དག་པ་སྟེ། དེས་སྤོབས་པའོ། །དེ་ཡང་མདོ་ལས་སེམས་ཅན་གྱི་ཁམས་ལ་ཕན་འདོགས་པའི་
ཕྱིར་ཞེས་རང་གི་ཚིག་གིས་བསྟན་ཏོ། །ཆོས་ཀྱི་སྐུ་ནི་ཆོས་ཀྱི་དབྱིངས་ཏེ། སེམས་དང་ཡིད་དང་རྣམ་པར་ཤེས་པ་སྤངས་ཞེས་བྱ་བ་ནི་དེ་བྱེ་བྲག་ཏུ་བྱེད་པ་ཡིན་ནོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ས་བོན་རྣམས་ཀྱིས་བསྩགས་
ཤིང་བསྒོས་པ་ཡིན་པའི་ཕྱིར་སེམས་ཞེས་བྱའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་རྟག་ཏུ་བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞིས་རློམ་པའི་བདག་ཉིད་ཡིན་པའི་ཕྱིར་ཡིད་ཡིན་ནོ། །མིག་ལ་སོགས་པའི་རྣམ་པར་རིག་པ་ནི་གཟུགས་ལ་སོགས་པ་གསལ་བར་སྣང་བ་ཡིན་པའི་ཕྱིར་རྣམ་
པ་དྲུག་ཅར་ཡང་རྣམ་པར་ཤེས་པ་ཡིན་ཏེ་དེ་དག་སྤངས་པའོ། །ཇི་ལྟ་ཞེ་ན། བཤད་པ། རྡོ་རྗེའི་སྙིང་པོ་ལ་མཐར་ཕྱིན་པ་རྣམ་པ་འདི་གསུམ་ཆར་ཡོད་དེ། མཐར་ཕྱིན་པ་ནི་བྱང་ཆུབ་སེམས་དཔའི་མཆོག་ཉིད་ཡིན་ནོ། །དེ་ལ་ས་བཅུ་པ་ལ་དེའི་དེ་བཞིན་ཉིད་ཡོངས་སུ་གྱུར་པ་ན། དེའི་ཚེ་ཤེས་པ་དེ་དག་

སེམས་ཞེས་བྱ་བ་ལ་སོགས་པའི་སྒྲ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་དེ་དག་ཏུ་མི་བརྗོད་ཀྱི། འོན་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པའི་སྒྲར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་སེམས་དང་ཡིད་དང་རྣམ་པར་ཤེས་པ་སྤངས་པ་ཞེས་བཤད་དོ། །ཡེ་ཤེས་འབའ་ཞིག་གི་གནས་ཞེས་བྱ་བ་
ཇི་ལྟ་བུ་ཞེ་ན། འཛིན་པ་གཉིས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་ཡེ་ཤེས་དག་པ་འབའ་ཞིག་གི་གནས་ཡིན་པས་སོ། །འདི་གོ་ཆོས་ཉིད་མ་ཡིན་ནམ། འདི་ལྟར་འདི་དག་གི་གནས་ཡིན་ཞེ་ན། དེ་དག་དེས་རབ་ཏུ་ཕྱེ་བའི་ཕྱིར་ཏེ། འདི་ལྟར་གཞན་ནས་དང་པོ་ནི་གཉིས་ཀྱི་གནས་ཡིན་ནོ་ཞེས་དེ་བཞིན་
ཉིད་ཡོངས་སུ་དག་པའི་མཚན་ཉིད་འདི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་གཉིས་ཀྱི་གནས་ཡིན་པར་བཤད་དོ། །དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་མཐར་ཕྱིན་པ་འདི་ཡང་མདོ་ལས། ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་
སྐུའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །འདི་ནི་ཆོས་ཀྱི་སྐུ་ཡང་ཡིན་ལ་ཡེ་ཤེས་ཀྱི་སྐུ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། སྐུ་ནི་གནས་ཁོ་ན་ཡིན་ནོ། །ཡང་ན་ཡེ་ཤེས་རྣམས་ཉིད་སྐུའི་གནས་ཡིན་ཏེ། དེ་ནི་ཆོས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཡེ་ཤེས་འབའ་ཞིག་གི་གནས་ཞེས་བྱ་བ་འདིར་ཡང་མེ་
ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་འབའ་ཞིག་རྟེན་ཡིན་པས་ཡེ་ཤེས་དེ་སྐད་ཚིག་རྣམ་པར་སྦྱར་རོ། །མཐར་ཕྱིན་གཉིས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། ད་གཟོད་ཁོ་ན་དབང་ཕྱུག་ཆེན་པོའི་གནས་སུ་སྐྱེ་ཞེས་བཤད་པ་མ་ཡིན་ནམ། དེ་ནི་འོག་མིན་གྱི་གནས་སུ་སྐྱེ་བ་ཡིན་པས། དེ་ཡང་
མདོ་ལས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས་འབྱུང་བའི་ཕྱིར་ཞེས་བསྟན་པ་ཡིན་ན། ཇི་ལྟར་དེའི་ལུས་ཁོག་པ་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་དཔག་ཚད་ཁྲི་དྲུག་སྟོང་གི་ཚད་དུ་འབྱུང་བ་རྙེད་པ་དང་། དེ་བཞིན་དུ་སེམས་ཅན་གྱི་དོན་ལ་འགྲོ་བ་གཞན་དུ་ཡང་
སྐྱེ་བ་ཉིད་ན། དེ་ཇི་ལྟར་འགྲོ་བ་ལྔ་ལས་ཡང་དག་པར་འདའ་བ་ཞེས་བྱ་བ་ན། དབང་ཐོབ་པས་ཉོན་མོངས་པའི་གཞན་གྱི་དབང་གིས་དེ་དག་ཏུ་མི་སྐྱེ་བའི་ཕྱིར་རོ། །ཉན་ཐོས་རྣམས་ནི་གཏན་དུ་མི་སྐྱེ་སྟེ། དེའི་ཕྱིར་ཡང་དག་པར་འདས་པ་ནི་ཐུན་མོང་བའི་མཐར་ཕྱིན་པ་ཞེས་བྱའོ། །དེ་ཡང་མདོ་

ལས་འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་ཞེས་རང་གི་ཚིག་གིས་བསྟན་ཏོ། །མྱ་ངན་ལས་འདས་པའི་ལམ་ཡོངས་སུ་དག་པ་ནི་མདོ་ལས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འགྲོ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞེས་གསུངས་པ་ཡིན་
ཏེ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འགྲེ་བ་ཡོངས་སུ་དག་པ་ཞེས་བྱ་བར་བསྡུས་སོ། །དེ་ལ་མྱ་ངན་ལས་འདས་པ་ནི་དོན་དམ་པའི་ཆོས་ཡིན་པའི་ཕྱིར་ཆོས