Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 116
Văn bản gốc(Tây Tạng)
Trang 5 / 19 (50.000 ký tự/trang)
་ཟིན་པ་ལ་ཡེ་ཤེས་སྔོན་དུ་འགྲོ་བས་སྤོང་བའོ། །སྤངས་ཟིན་པ་ལ་ཡེ་ཤེས་སྔོན་དུ་འགྲོ་ བས་སྤོང་ཞེས་བྱ་བའི་ཐ་ཚིག་སྟེ། བསམ་གཏན་བཞི་པ་ལ་བདེ་བ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་སྤངས་པ་ལ། སྤངས་པ་དེ་ཡང་དེ་དང་མི་ལྡན་པའི་ཕྱིར་རོ། །གཞན་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་བརྗོད་པར་བྱའོ། །དད་པ་ནི་སེམས་དང་བ་གང་ཡིན་པའོ། །དབང་བྱེད་པས་ན་དབང་ངོ་། །ཡང་ན་དབང་ཡོད་པས་ན་དབང་ངོ་། ། དབང་ཉིད་དབང་པོ་ཡིན་ཏེ། དབང་ཕྱུག་དང་ལྡན་པ་དང་། དབང་ཕྱུག་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དད་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པར་བྱེད། བརྩོན་འགྲུས་ཀྱིས་ནི་སྒྲུབ་པར་བྱེད། དྲན་པས་ནི་ཆུད་མི་ཟ་བར་བྱེད། ཏིང་ངེ་འཛིན་གྱིས་ནི་རྩེ་གཅིག་ཏུ་བྱེད། ཤེས་རབ་ཀྱིས་ནི་སོ་སོར་ རྟོག་པར་བྱེད་དེ། དེ་ལྟར་ན་འདི་དག་རང་གི་བྱ་བ་བྱེད་ནུས་པའི་ཕྱིར་དབང་པོ་ཉིད་ཡིན་ནོ། །དེ་དག་ཉིད་དབང་པོ་རྣོན་པོ་རྒྱུད་ལ་ཡོད་པ་རྣམས་བདུད་དང་རབ་ཏུ་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བའི་ཕྱིར་སྟོབས་རྣམས་ཞེས་བྱ་སྟེ། དེ་ལྟ་བས་ན་དད་པའི་སྟོབས་སྒོམ་མོ་ཞེས་བྱ་བ་ལ་སོགས་ པ་གསུངས་སོ། །དག་པས་ན་ལམ་མོ། །ཡང་ན་འདིས་སམ་འདི་ཡོད་ན་དག་པར་འགྱུར་བའི་ལམ་སྟེ། སེམས་རྣམ་པར་དག་པའི་ཐབས་ཡིན་པའི་ཕྱིར་རོ། །དེ་ཡང་བསྒོམ་པའི་ལམ་ལ་ཡན་ལག་བརྒྱད་པ་ཡིན་པས་དེའི་ཕྱིར་ཡང་དག་པའི་ལྟ་བ་སྒོམ་མོ་ཞེས་བྱ་བ་ལ་སོགས་པ་འདི་གསུངས་སོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ཉིད་དགེ་བ་གསུམ་དང་ཕུང་པོ་གསུམ་གྱིས་བསྡུས་ཏེ། དགེ་བ་གསུམ་ནི་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་སོ། །ཕུང་པོ་གསུམ་ནི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་མ་ཆགས་པ་ནི་ཁམས་གསུམ་པ་ལ་སེམས་མངོན་པར་ཆགས་པ་གང་ ཡིན་པའོ། །འདི་གང་གི་རྩ་བ་ཡིན་ཞེ་ན། དེ་ལས་སྐྱེས་པ་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་རྣམས་དང་། ལམ་གྱི་ཡན་ལག་གསུམ་པོ་ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་ཏིང་ངེ་འཛིན་གྱི་རྩ་བ་ཡིན་ཏེ། འདི་རྣམས་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ཞེས་བྱ་བ་དག་གོ། ། ཞེ་སྡང་མེད་པ་ནི་སེམས་ཅན་རྣམས་དང་འདུ་བྱེད་རྣམས་ལ་གནོད་པ་མེད་པ་གང་ཡིན་པའོ། །གང་གི་རྩ་བ་ཡིན་ཞེ་ན། ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བའི་རྩ་བ་ཡིན་ཏེ། འདི་རྣམས་ནི་ཚུལ་ཁྲིམས་ཀྱི་ཕུང་ པོ་ཞེས་བྱ་བ་དག་གོ། །གཏི་མུག་མེད་པ་ནི་འཕགས་པའི་བདེན་པ་བཞི་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་མཐོང་བ་སྟེ། གཏི་མུག་མེད་པ་ལས་སྐྱེས་པ་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་དང་། ལམ་གྱི་ཡན་ལག་གཉིས་པོ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་ དྲན་པའི་རྩ་བ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ན། ལུས་ཡོངས་སུ་སྒོམ་པ་ཡིན་ཏེ། ཡན་ལག་གཉིས་པོ་ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་རྩོལ་བ་བསྒོམས་པའི་ཕྱིར་རོ། །ཚུལ་ཁྲིམས་བསྒོམས་པ་ཞེས་བྱ་བ་ནི། ཡང་དག་པའི་ངག་དང་། ཡང་དག་པའི་ འཚོ་བ་བསྒོམས་པའི་ཕྱིར་རོ། །སེམས་བསྒོམས་པ་ཞེས་བྱ་བ་ནི། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ཏིང་ངེ་འཛིན་བསྒོམས་པའི་ཕྱིར་རོ། །ཤེས་རབ་བསྒོམས་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་དྲན་པ་བསྒོམས་པའི་ཕྱིར་རོ། །དེ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོས་ནི་རྟོགས་པ་མྱུར་བ་དང་། རྟོགས་པ་དག་པར་འགྱུར་རོ། །ཤེས་རབ་ཀྱི་ཕུང་པོས་ནི་རྟོགས་པ་ཆེན་པོ་དང་། རྟོགས་པ་རྒྱ་ཆེ་བ་དང་། མ་ལུས་པ་རྟོགས་པར་འགྱུར་ཏེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ན། རྟོགས་པ་རྣམ་པ་ལྔ་ཐོབ་པར་འགྱུར་ རོ། །དེ་ལྟར་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྒོམ་པ་དབེན་པ་ལ་སོགས་པ་ཡོན་ཏན་བཞི་དང་ལྡན་པར་ཤེས་པར་བྱའོ། །འབྲས་བུ་ནི་རྣམ་པ་གཉིས་སུ་བརྗོད་དེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤངས་པའི་མཚན་ཉིད་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པའི་མཚན་ཉིད་ དོ། །དེའི་ཐབས་ཀྱི་དབང་དུ་བྱས་ནས་ཞེས་བྱ་བ་ནི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་མངོན་པར་སྒྲུབ་པ་དེ་ཉིད་ཀྱི་ཐབས་གང་ཡིན་པ་དེའི་དབང་དུ་བྱས་ནས་སོ། །ས་ལ་ཆོག་པར་མི་འཛིན་པར་སྒྲུབ་པ་ཞེས་བྱ་བ་འདིས་ནི་ས་བདུན་པའི་བར་བསྡུས་ཏེ། གོང་ནས་གོང་དུ་ཁྱད་ པར་ཅན་གྱི་ཆོས་ཡོངས་སུ་ཚོལ་བ་ཉིད་ཀྱིས་བསྟན་ཏོ། །ཕྱིར་མི་ལྡོག་པའི་ས་ནི་བརྒྱད་པ་སྟེ། །དེར་སངས་རྒྱས་ཀྱི་ཆོས་ཟབ་མོའི་རྣམ་པར་ཐར་པ་ཐོབ་པའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྒྲུབ་པས་ནི་ས་དགུ་པ་དང་བཅུ་པ་བསྟན་ཏེ། དེ་གཉིས་ནི་ཐབས་ལ་མཁས་པ་ཆེན་ པོས་རྣམ་པར་དཔྱོད་པ་སོ་སོ་ཡང་དག་པར་རིག་པ་དང་ཐམས་ཅད་ཀྱི་གསང་བ་རྟོགས་པ་ཐོབ་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་ནི་གསུམ་དང་སྦྱར་ཏེ། ཇི་ལྟ་ཞེ་ན། དེའི་ཕྱིར་སྨྲས་པ། སོ་སོར་རྟོག་པའི་ཕྱིར་ན་རྟག་པར་འཛིན་པ་རྣམས་སོ། །བདག་ཉིད་དུ་ཁས་ལེན་པའི་ཕྱིར་ན་བདག་གིར་འཛིན་པ་རྣམས་སོ། །ནོར་ བཞིན་དུ་འཛིན་པའི་ཕྱིར་ན་ནོར་དུ་འཛིན་པ་རྣམས་སོ། །ཉེས་དམིགས་ནི་རྟེན་གྱི་གནས་སོ། །སྟོན་པ་ལ་གུས་པ་ནི་བཅས་པའི་ཁ་ན་མ་ཐོ་བ་རྣམས་སངས་རྒྱས་ཀྱིས་སྨད་པ་ཉིད་ཀྱི་ཕྱིར་རོ། །ཁ་ན་མ་ཐོ་བས་འཇིགས་པ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་རྣམས་ཀུན་ནས་ཉོན་མོངས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ རོ། །འདི་གཉིས་ཀྱིས་ནི་བྱ་བའི་ཆ་མ་ཡིན་པ་ཉིད་ཁོ་ནར་བསྟན་ཏོ། །བྱ་བར་འོས་པ་ཉིད་ཀྱང་རྒྱུ་གཉིས་ཀྱིས་བསྟན་ཏེ། སྟོན་པས་བསྔགས་པ་དང་། ཚོགས་དང་མཐུན་པས་སོ། །འཇམ་པའི་སེམས་ཉིད་དེ་ཡང་རྒྱུ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། བདེ་བར་གནས་པའི་ཁྱད་ པར་ནི། མཉེན་པའི་སེམས་ཞེས་གང་གསུངས་པའོ། །ཏིང་ངེ་འཛིན་ལ་དབང་བའི་ཁྱད་པར་ནི་ལས་སུ་རུང་བའི་སེམས་གང་གསུངས་པའོ། །ཉེས་པ་རྣམ་པར་འབྲི་བའི་གཉེན་པོའི་ཁྱད་པར་ནི་ཕན་པ་དང་བདེ་བ་བསྐྱེད་པའི་སེམས་ཞེས་བྱ་བའོ། །ཉེས་པ་རྣམ་པར་འབྲི་བ་ཡང་ཚིག་འདིས་སྦྱོར་བ་བསྟན་ པ་ཡིན་པས་ཚིག་འདིས་ནི་ཡན་ལག་ཡིན་ནོ། །ཚིག་ལྷག་མ་རྣམས་ཀྱིས་ནི་ཉེས་པ་རྣམས་རྣམ་པ་དྲུག་ཏུ་ཕྱེ་ནས་འདི་ཉིད་རྣམ་པར་འབྱེད་པར་བྱེད་དོ། །དེ་ལ་ཆོས་སྟོན་པའི་དུས་ན་ཟང་ཟིང་དང་བཅས་པ་ལ་ཉོན་མོངས་པའམ་ཀླན་ཀ་ཚོལ་བ་ལ་ཉོན་མོངས་པ་སྟེ། འམ་ཞེས་བྱ་བ་ནི་བསྡུ་བ་ ཡིན་ནོ། །ཉེས་པ་འདི་གཉིས་ཀྱི་གཉེན་པོར་ཡོངས་སུ་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཞེས་གསུངས་ཏེ། ཟང་ཟིང་རབ་ཏུ་སྦྱིན་པ་དག་དང་། ཀླན་ཀ་ཚོལ་བའི་བསམ་པ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པས་ཡོངས་སུ་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །སྦྱིན་པ་ལ་སོགས་ པ་དང་། འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་རྣམས་དང་། ཡེ་ཤེས་ཀྱིས་ཆོག་པར་འཛིན་པ་ནི་ཉེས་པ་སྟེ། དེའི་གཉེན་པོར་ཚིག་གཉིས་ཏེ། གོང་ནས་གོང་དུ་ཁྱད་པར་ཡོངས་སུ་ཚོལ་བའི་སེམས་དང་ལྡན་པ་ཡིན། ཡེ་ཤེས་ཀྱི་ཁྱད་པར་མངོན་པར་འདོད་པའི་སེམས་དང་ལྡན་པ་ཡིན་ ཞེས་གསུངས་པའོ། །སྐྱོ་བ་ནི་ཉེས་པ་སྟེ་དེའི་གཉེན་པོར་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་སེམས་ཞེས་གསུངས་ཏེ། སེམས་ཅན་གྱི་དོན་དུ་ཡུན་རིང་པོར་དཀའ་བ་མང་པོ་ཁས་བླངས་པའི་ཕྱིར་རོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པ་ནི་ཉེས་པ་སྟེ་དེའི་གཉེན་པོར་བླ་མ་ལ་གུས་ པ་དང་མཐུན་པའི་སེམས་ཞེས་གསུངས་ཏེ། ཆོས་དང་མཐུན་པའི་ཆོས་སྤྱད་པའི་དོན་དུ་བརྩོན་འགྲུས་རྩོམ་པར་བྱེད་པའི་ཕྱིར་རོ། །བྱས་པ་གཟོ་བ་ཞེས་བྱ་བ་ནི་ཡན་ལག་སྟེ། དེ་ལ་ཕན་གདགས་པར་ཡིད་ལ་བྱེད་པའི་ཕྱིར་རོ། །བྱས་པ་ཤེས་པའི་ཕྱིར་བྱས་པ་ཚོར་བའོ། །སེམས་རྗེས་སུ་སྲུང་ བའི་ཕྱིར་ངེས་པའོ། །ཇི་སྐད་རྗེས་སུ་བསྟན་པ་སྒྲུབ་པའི་ཕྱིར་འགྲོགས་ན་བདེ་བའོ། །ཉེས་པ་གླིང་བ་བཟོད་པའི་ཕྱིར་དྲང་བའོ། །དྲིས་པས་འཁྲུག་པ་བཟོད་པ་ནི་མཉེན་པའོ། །རང་གི་ཉེས་པ་མི་འཆབ་པས་ནི་ཐིབས་པོ་མེད་པར་སྤྱོད་པའོ། །ཡང་དག་པ་མ་ཡིན་པའི་ཡོན་ཏན་མི་བརྗོད་ པས་ན་སྒྱུ་མེད་པའོ། །ཁེངས་པར་མི་འགྱུར་བས་ན་ང་རྒྱལ་མེད་པའོ། །ཚིག་བཟོད་པས་ན་བཀའ་བློ་བདེ་བའོ། །མ་ནོར་བར་འཛིན་པས་ན་མཐུན་པར་འཛིན་པའོ། །དེའི་འབྲས་བུ་གོང་མ་དང་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤངས་པའི་མཚན་ཉིད་དང་ངོ་། །དེའི་ འབྲས་བུ་འོག་མ་རྣམས་དང་ཞེས་བྱ་བ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པའི་མཚན་ཉིད་ལ་སོགས་པ་དང་སྟེ། དེ་དག་ནི་དུལ་བ་དང་ཞི་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །མདོར་ན་འདིའི་འབྲས་བུ་ནི་དེ་སྔོན་འགྲོ་བའི་ཁམས་བརྟས་པ། བསམ་པའི་ཁམས་ནི་འདི་བྱང་ཆུབ་ཀྱི་སེམས་སོ། །བྱང་ ཆུབ་དེའི་ལམ་གང་ཡིན་པ་དེ་སྒྲུབ་པའི་ཕྱིར་ཐོབ་པའི་ཕྱིར་མངོན་པར་རྟོགས་པའི་ཕྱིར་ལྷག་པའི་བསམ་པའི་ཁམས་སོ། །ངེས་པ་སྐྱེ་བ་ནི་མོས་པ་སྟེ་ངེས་པ་ཤིན་ཏུ་གསལ་བའི་རྒྱུ་ལས་བྱུང་བའི་གཉེན་པོ་འཕེལ་བ་ཡིན་ནོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་ཉམས་པ་དང་། འཇིག་ རྟེན་པ་ནི་དྲི་མའི་ནག་ནོག་དང་བྲལ་བ་ཡིན་ནོ། །ས་དེའི་གསང་བ་ལ་ཐེ་ཚོམ་ཟ་བ་ལྡོག་པ་ནི་འདིའི་ཐེ་ཚོམ་དང་ཡིད་གཉིས་དང་ནེམ་ནུར་ཡང་རྒྱུན་ཆད་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལོག་ན་སྟེ་ཐེ་ཚོམ་གྱི་གནས་གཞན་དག་ལ་ཡང་མོས་ཏེ། ངེས་པ་འཐོབ་པ་ནི་སོམ་ཉི་མེད་པ་མངོན་དུ་ འགྱུར་བ་ཡང་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བ་ཡིན་ནོ། །བདེ་བར་གནས་པའི་ཁྱད་པར་ནི་དགའ་བ་དང་ཤིན་ཏུ་སྦྱངས་པ་ཡང་ཡང་དག་པར་འགྲུབ་བོ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཞེས་བྱ་བའོ། །ཏིང་ངེ་འཛིན་དཔག་ཏུ་མེད་ པ་མངོན་པར་སྒྲུབ་པ་ནི་སེམས་ཀྱི་བསམ་པ་ཚད་མེད་པ་ཞེས་བྱ་བ་ཡིན་ཏེ། སེམས་ཞེས་བྱ་བའི་སྒྲས་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཏིང་ངེ་འཛིན་རྣམས་བསྟན་ཏོ། །དེ་ལྟར་ན་གཉེན་པོ་སྒོམ་པ་འཕེལ་བ་འདིའི་འབྲས་བུ་བཅུ་ཚན་བཞིས་རྣམ་པ་བཞི་བསྟན་པ་ཡོངས་སུ་བསྟན་པ་དང་། སྔར་ཉོན་མོངས་ པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་བཟློག་པའི་མཚན་ཉིད་རྣམ་པ་གཉིས་བཤད་པ་དང་། སྤྱིར་ན་དེའི་འབྲས་བུ། འབྲས་བུ་རྣམ་པ་དྲུག་གིས་རྣམ་པར་གཞག་པར་ཤེས་པར་བྱའོ། །མཆོད་པ་ལ་སོགས་ལྷག་མ་ཀུན། །འོད་བྱེད་ཇི་ལྟར་དེ་བཞིན་དུ། །འོད་འཕྲོ་ཅན་ལའང་ཤེས་པར་བྱ། ། ཁྱད་པར་དུ་ན་ཡོན་ཏན་ལྷག །ཡོངས་སུ་དག་པ་དེའི་ས་པ་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཐོས་སྩོགས་ཤེས་པ་རབ་བརྟེན་ནས། །འོད་བྱེད་པ་ལ་སྣང་བྱས་ཏེ། །གཏི་མུག་མུན་པ་རྣམ་མནན་ནས། །དེ་འོག་འོད་འཕྲོ་ཅན་རྣམ་སྦྱོང་། །ཡེ་ཤེས་ མེ་ནི་རབ་འབར་བ། །ཉོན་མོངས་བུད་ཤིང་རྣམ་འཇོམས་པ། །ཆོས་ཀྱི་དབྱིངས་ནི་སྣང་བྱེད་པ། །ཐབས་དང་ཡེ་ཤེས་ལྡན་པ་ཡིས། །འབྲས་བུ་རྣམ་པ་དྲུག་ཐོབ་ནས། །རྣམ་དག་ཤིན་ཏུ་རྣམ་དག་མཐོང་། །དོན་སྒྲུབ་པར་ནི་དཀའ་བ་ཡི། །ས་ནི་ཤིན་ཏུ་སྦྱང་དཀའ་ཐོབ། །སྔར་ནི་ཞེས་ བྱ་བ་ལ་སོགས་པ་ནི་གསུམ་པ་ལ་དེ་ནོར་ཆེ་བར་འཛིན་གྱི་ཞེས་བྱ་བ་ལ་སོགས་པས་ཆོས་རྟོགས་པའི་མངོན་པའི་ང་རྒྱལ་གང་ཡིན་པ་དེའི་གཉེན་པོར་བཞི་པོ་ལས་ལྷག་པར་གཡོ་བ་ལ་སོགས་པ་སྤངས་པ་གསུངས་པ། ད་ནི་རྣམ་པར་དག་པ་ལ་སངས་རྒྱས་ལ་སོགས་པའི་རྒྱུ་ཐ་དད་པའི་མངོན་པའི་ ང་རྒྱལ་གྱི་གཉེན་པོར་བཤད་པ་ཡིན་ནོ། །དེ་ལ་རྣམ་པར་དག་པ་ལ། །སེམས་ཀྱི་བསམ་པ་མཉམ་པ་ཉིད། །ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་བསམ་པ་གང་དག་ཡིན་པ་དེ་དག་མཉམ་པ་ཉིད་དོ། །གང་ལ་ཞེ་ན་རྣམ་པར་དག་པ་ལའོ། །འདི་སྐད་དུ་ས་འདི་ལ་བྱང་ཆུབ་ སེམས་དཔའ་རྣམ་པར་དག་པ་ལ་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་དང་ལྡན་པ་རྣམས་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་དོ་ཞེས་བཤད་པར་འགྱུར་རོ། །ཚིག་མང་པོར་བསྟན་པ་ནི་ཡུལ་ཐ་དད་པའི་ཕྱིར་རོ། །རྣམ་པར་དག་པའི་བྱེ་བྲག་གིས་ཞེས་བྱ་བ་ལ་རྣམ་པར་ དག་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །དེ་དག་ཀྱང་རྒྱུ་དང་འབྲས་བུའི་བྱེ་བྲག་གིས་རབ་ཏུ་ཕྱེ་ནས་འདིར་རྣམ་པ་བཅུར་བསྟན་ལ་དེ་དག་ལ་མཉམ་པ་ཉིད་འཐོབ་པས་དེ་ཡང་རྣམ་པ་བཅུ་ཡིན་ནོ། །རྣམ་པར་དག་པའི་ཆོས་རྣམས་ཀྱང་རྒྱུར་གྱུར་པ་དང་། འབྲས་བུར་གྱུར་པ་དག་གོ། །རྣམ་པར་ དག་པ་གང་དག་ཡིན་པ་ཞེས་བྱ་བ་ནི་འབྲས་བུར་གྱུར་པ་རྣམས་སྟོན་ཏེ། མདོའི་ཚིག་གསུམ་པོ་འདས་པ་ལ་སོགས་པའི་བྱེ་བྲག་གིས་བསྟན་ཏོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཆོས་རྣམ་པར་དག་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་མཚན་ཉིད་དོ། །ཆོས་རྣམ་པར་དག་ པ་དེ་ལ་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་འདིའི་བསམ་པ་མཉམ་པ་ཉིད་དེ་བསམ་པ་མཚུངས་པ་ཡིན་ནོ། །བསམ་པ་གང་ཞེ་ན། དད་པ་དང་། འདུན་པ་དང་། བརྩོན་འགྲུས་དང་། ཐབས་ཀྱི་མཚན་ཉིད་དོ། །དད་པ་ལ་སོགས་པའི་ཆོས་བཞི་པོ་དེ་དག་ནི་དགེ་ བའི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་བསམ་པ་ཞེས་བྱ་བ་སྟེ་ཆུའི་གཞི་བཞིན་ནོ། །བསམ་པ་དེ་མཉམ་པ་ཉིད་དེ། ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་འདས་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་འཇུག་པ་དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བའི་བཅོམ་ལྡན་འདས་ རྣམས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་ནི་མཉམ་པ་ཉིད་འདིས་འཇུག་སྟེ། དེ་དག་གི་རྒྱུད་ཐ་དད་པ་མེད་པར་རྟོགས་སོ། །ཇི་ལྟར་ཞེས་བྱ་བ་འདི་ཚུལ་ཁྲིམས་ལ་སོགས་པ་སྟེ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ཐོབ་པར་བྱ་བ་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པའི་ལམ་གྱིས་འཐོབ་བོ། །དེའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ་དེ་ལ། ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལམ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཞན་རྣམས་དང་ལྷན་ཅིག་བསམ་པ་ཉིད་དོ། །ཇི་ལྟར་ ཚུལ་ཁྲིམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ལྟར་སེམས་རྣམ་པར་དག་པ་ལ་ཡང་དེ་དང་འདྲ་སྟེ། རྣམ་པར་དག་པ་བདུན་པོའི་བར་ཐམས་ཅད་ལ་བསམ་པ་མཉམ་པ་ཉིད་དོ། །དེ་ལ་ཚུལ་ཁྲིམས་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་རྣམ་ པར་དག་པ་གང་ཡིན་པའོ། །སེམས་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པར་དག་པ་སྟེ། །ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པ་གཉིས་ཚིག་གཉིས་ཀྱིས་བསྟན་པ་ཡིན་ནོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་ཚིག་བཞིས་བསྟན་ཏེ། ལྟ་བར་གྱུར་པ་ རྣམས་སེལ་བ་དང་། སོམ་ཉི་དང་ཡིད་གཉིས་རྣམས་སེལ་བ་དང་། འགྱོད་པ་སེལ་བས་རྣམ་པར་དག་པ་ཞེས་བྱ་བའོ། །ལྟ་བར་གྱུར་པ་རྣམས་སེལ་བ་ནི་ལྟ་བ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཇི་ལྟར་ཡིན་སྙམ་པ་ནི་སོམ་ཉིའོ། །བློ་སྣ་ཚོགས་པ་ནི་ཡིད་གཉིས་ཏེ་ཇི་འདི་ལྟར་ཡིན་ནམ་འོན་ཏེ་ དེ་ལྟ་མ་ཡིན་སྙམ་པའོ། །ངན་པར་བྱས་པ་དང་། ཡིད་ལ་གཅགས་པ་དང་། སྙིང་ལ་གཅགས་པ་ནི་འགྱོད་པ་ཞེས་བྱའོ། །ལྟ་བ་དང་སོམ་ཉི་དང་། ཡིད་གཉིས་དང་འགྱོད་པ་འདི་དག་སེལ་བ་ནི་རྣམ་པར་དག་པ་སྟེ། རྣམ་པར་དག་པ་དེ་ལ་བྱང་ཆུབ་སེམས་དཔའི་བསམ་པ་མཉམ་པ་ ཉིད་དོ། །ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་རྣམ་པར་དག་པ་ཉིད་ལ། ལམ་དང་ལམ་མ་ཡིན་པ་ཤེས་ཞེས་བྱ་བ་ནི་ཤེས་པ་གང་གིས་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་ལམ་དང་། ལམ་མ་ཡིན་པ་དེ་དང་བྲལ་བའམ། འཇིག་རྟེན་པའམ་ཐེག་པ་དམན་ པར་ལྷུང་བ་ཤེས་པའོ། །དེ་ནི་ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་བསམ་པ་མཉམ་པ་ཉིད་དོ། །ལམ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ཅེས་བྱ་བ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ནས་ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་ པར་དག་པའི་བར་སྔར་བཤད་པ་རྣམས་ལམ་བཞིའི་ནང་དུ་བསྡོམས་ནས་ཤེས་པ་ནི་ལམ་ཤེས་པའོ། །ལམ་བཞི་ནི་ལམ་དཀའ་ལ་མངོན་པར་ཤེས་པ་བུལ་བ་དང་། ལམ་དཀའ་ལ་མངོན་པར་ཤེས་པ་མྱུར་བ་དང་། ལམ་སླ་ལ་མངོན་པར་ཤེས་པ་བུལ་བ་དང་། ལམ་སླ་ལ་མངོན་པར་ཤེས་ པ་མྱུར་བའོ། །ལམ་ཤེས་པ་འདི་བཞི་རྣམ་པར་དག་པ་ནི་ལམ་ཤེས་པ་རྣམ་པར་དག་པ་སྟེ། ལམ་ཤེས་པ་རྣམ་པར་དག་པ་འདི་ལ་བྱང་ཆུབ་སེམས་དཔའི་བསམ་པ་མཉམ་པ་ཉིད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི། ཐབས་དེ་དག་གིས་སེམས་ཅན་ ཁམས་དང་མོས་པ་དང་། དབང་པོ་ཐ་དད་པ། ཐབས་སྣ་ཚོགས་པས་སྒྲུབ་པར་བྱེད་པ་རྣམས་ཡོངས་སུ་སྨིན་པར་བྱེད་པའོ། །དེ་རྣམ་པར་དག་པ་ནི། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ས་མཚུངས་པ་ལ་གནས་པའི་ བྱང་ཆུབ་སེམས་དཔའི་ས་གཞན་དག་དང་། ལྷན་ཅིག་བསམ་པ། བསམ་པ་སྣ་ཚོགས་པ་མ་ཡིན་པ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། ཐ་མ་འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཤད་དོ། །བྱང་ཆུབ་སེམས་དཔའ་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་བཅུ་པོ་འདི་ དག་གིས་རྒྱུད་ཐ་དད་པ་མ་ཡིན་པའི་དོན་དུ་སྒྲུབ་སྟེ། ས་ལྔ་པས་རྒྱུད་མཉམ་པ་ཉིད་དུ་རྟོགས་པར་བྱེད་པའི་ཐ་ཚིག་གོ། །ལམ་གྱིས་སྤོང་བ་སྟེ། ལམ་གྱིས་སྤོང་བར་ཤེས་པ་ནི། ལམ་ནི་སྤོང་བར་ཤེས་པ་ཞེས་བྱའོ། །འོག་མ་རྣམ་པར་འཇིག་པ་ཉིད་ཀྱིས་ཡིད་ཙམ་སྤོང་བའི་དོན་དུ་བསྟན་ཏོ། །ཇི་ ལྟ་ཞེ་ན། རྣམ་པར་འཇིག་པ་དེ་ལ་དམན་པ་ཉིད་དུ་རྟོགས་པས། གོང་མ་གོང་མ་གྱ་ནོམ་པ་དོན་དུ་གཉེར་བ་ཆོག་མི་ཤེས་པ་དེས་ཡིད་ཙམ་སྤོང་བའི་དོན་དུ་བསྟན་ཏོ། །ཅུང་ཟད་སྤོང་བ་ནི་ཡིད་ཙམ་སྤོང་བ་སྟེ་དཔེར་ན་ཅུང་ཟད་སྐྱུར་བ་ལ་ཡིད་ཙམ་སྐྱུར་བ་ཞེས་བྱ་བ་བཞིན་ནོ། །ཅུང་ཟད་སྤོང་བ་ནི་གོང་ མ་མ་ཡིན་པ་སྤོང་བ་ཞེས་བྱ་བའི་ཐ་ཚིག་སྟེ། ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །ཅུང་ཟད་སྤོང་བ་ཡང་དེ་ལ་མངོན་པར་མི་བརྩོན་པ་ལས་ཤེས་པར་བྱ་སྟེ་གོང་མ་དོན་དུ་གཉེར་བས་སོ། །ཡིད་ཙམ་སྤོང་བ་ཉིད་དོན་ཡིན་པས་ཡིད་ཙམ་སྤོང་བའི་དོན་ཏོ། །དེའི་ང་རྒྱལ་ཀུན་ཏུ་གཞོམ་པའི་ཕྱིར་ཞེས་བྱ་ བ་ནི་རྣམ་པར་དག་པ་ལ་རྒྱུད་ཐ་དད་པའི་མངོན་པའི་ང་རྒྱལ་ཀུན་ཏུ་གཞོམ་པའི་ཕྱིར་རོ། །རྒྱུ་བརྒྱད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བྱང་ཆུབ་ཀྱི་སེམས་གོམས་པར་བྱས་པ་ནི་སྨོན་ལམ་གྱི་སྟོབས་བསྐྱེད་པའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །ཐེག་པ་ལས་མི་གཡོ་བ་ནི་སྙིང་རྗེ་དང་བྱམས་ པས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ནི་བསོད་ནམས་ཀྱི་ཚོགས་བསྩགས་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །བརྩོན་པ་མ་བོར་བ་ནི་རྒྱུན་མ་བཅད་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །ཡང་དག་པར་སྦྱོར་བ་ནི་ཐབས་ལ་མཁས་པ་མངོན་པར་ བསྒྲུབ་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །ཆོག་པར་མི་འཛིན་པ་ནི་ས་གོང་མ་གོང་མའི་སྣང་བ་ལ་ལྟ་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །མཐུའི་ཁྱད་པར་བླ་ཐབས་ཐོབ་པ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡང་དག་པར་བླངས་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །སོ་སོར་རང་གི་མཐུའི་ཁྱད་པར་ཐོབ་པ་ནི་དྲན་པ་ལ་སོགས་ པས་ཁྱད་པར་དུ་བྱས་པའི་ཤེས་རབ་ཀྱིས་སོ། །དེ་ལྟར་རེ་ཞིག་ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་གཞག་པར་ཤེས་པར་བྱའོ། །བདེན་པའི་ཆོས་ཉིད་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་ བྱ་བ་ནས། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བའི་བར་ཡིན་ནོ། །གཉིས་གཉིས་ཀྱིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཉིད་དག་འཇུག་པ་འདི་ནི་བདེན་པ་རྣམས་ཀྱི་ཆོས་ཉིད་ཡིན་ནོ། །འདི་དག་བྱེད་པ་པོ་ལ་མི་ལྟོས་པར་ཇི་སྐད་བཤད་ པའི་ཆོས་ཉིད་ཡོངས་སུ་མི་འདོར་བས་ན་བདེན་པ་ཉིད་དོ། །གདུལ་བྱ་རྣམས་ནི་རྣམ་གྲོལ་བའི། །ཐབས་ཀྱི་ཆོ་ག་མདོར་བསྡུ་ན། །ཐེག་དམན་ཐེག་པ་མཆོག་དག་གིས། །བསྟན་པ་རྣམ་པ་གཉིས་ཁོ་ན། །ཐེག་པ་དམན་ལ་གདུལ་བྱ་བ། །ཡོངས་སྨིན་བྱ་སྩོགས་མཚན་ཉིད་དྲུག །ཐེག་པ་ཆེ་ ལ་གདུལ་བྱ་བ། །བདུན་པ་ཡིན་པར་ཡོངས་སུ་བསྒྲགས། །དེ་ལ་གདུལ་བར་བྱ་དྲུག་ནི། །ཡོངས་སྨིན་བྱ་དང་དེ་བཞིན་སྨིན། །ཆོས་ཉིད་དང་ནི་དགོངས་པ་སྟེ། །དེ་གཉིས་ལ་ནི་ཀུན་རྨོངས་དང་། །དེ་བཞིན་གཞན་ཡང་ཡང་དག་པའི། །ཡིད་བྱེད་ལྟ་དང་མི་ལྡན་པ། །འདི་དྲུག་ཉན་ཐོས་ དག་ཏུ་བཤད། །ལྔ་ཡི་བྱ་བ་བདེན་པ་ལ། །མཁས་པ་ལྔ་པོ་དག་གིས་བསྒྲུབ། །སྡུག་བསྔལ་བདེན་སྩོགས་བསྡུས་པའི་ཕྱིར། །དྲུག་པའི་དོན་དུ་བཞི་ཡིན་ནོ། །བདུན་པའི་དོན་དུ་མཁས་པ་ནི། །བཅུ་པ་ཡང་དག་བཤད་པ་ཡིན། །ཇི་ལྟ་ཞེ་ན། ཡོངས་སུ་མ་སྨིན་པའི་དོན་དུ་སེམས་ ཅན་གཞན་དག་གི་བསམ་པ་ཇི་ལྟ་བ་བཞིན་ཚིམ་པར་བྱེད་པས་ཀུན་རྫོབ་ཀྱི་བདེན་པ་རབ་ཏུ་ཤེས་སོ། །ཡོངས་སུ་སྨིན་པའི་དོན་དུ་བགྲོད་པ་གཅིག་པུ་ལ་ཡང་དག་པར་གཞོལ་བས་དོན་དམ་པའི་བདེན་པ་རབ་ཏུ་ཤེས་སོ། །ཆོས་ཉིད་ཟབ་མོ་ཉིད་ལ་ཀུན་ཏུ་རྨོངས་པའི་དོན་དང་རང་དང་སྤྱིའི་ མཚན་ཉིད་ཀྱི་བདེན་པ་རབ་ཏུ་ཤེས་སོ། །དགོངས་པ་ཟབ་མོ་ཉིད་ལ་ཀུན་ཏུ་རྨོངས་པའི་དོན་དུ་ཆོས་རྣམ་པར་དབྱེ་བ་རྣམ་པར་གཞག་པ་རྟོགས་པས་རྣམ་པར་དབྱེ་བའི་བདེན་པ་རབ་ཏུ་ཤེས་སོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་མི་ལྡན་པའི་དོན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་གཞག་པ་རྟོགས་པས་ ཕྱེ་སྟེ། རྟོག་པའི་བདེན་པ་རབ་ཏུ་ཤེས་སོ། །དེ་ལྟར་ན་སྔ་མ་རྣམས་ཀྱི་དབྱེ་བ་མཁས་པ་ལྔ་པོ་དག་གིས་བསྒྲུབ་པར་ཤེས་པར་བྱའོ། །དྲུག་པའི་དོན་དུ་དངོས་པོའི་བདེན་པ་ལ་སོགས་པ་ལ་མཁས་པ་བཞི་ཞེས་བྱ་བ་ནི་དྲུག་པའི་དོན་དུ་ལུས་དང་སེམས་ལ་གནོད་པ་རབ་ཏུ་འབབ་པས་དངོས་པོའི་བདེན་པ་རབ་ ཏུ་ཤེས་སོ་ཞེས་བྱ་བ་སྟེ་འདི་ནི་སྡུག་བསྔལ་གྱི་བདེན་པའོ། །དེ་ཉིད་ཀྱི་དོན་དུ་འགྲོ་བར་མཚམས་སྦྱོར་བ་རྟོགས་པས་རབ་ཏུ་སྐྱེ་བའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བ་སྟེ། འདི་ནི་ཀུན་འབྱུང་གི་བདེན་པའོ། །དེ་ཉིད་ཀྱི་དོན་དུ་རིམས་ནད་ཀྱིས་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བས་ཟད་པ་དང་མི་ སྐྱེ་བ་ཤེས་པའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བ་སྟེ་འདི་ནི་འགོག་པའི་བདེན་པའོ། །དྲུག་པ་ཉིད་ཀྱི་དོན་དུ་མི་གཉིས་པ་མངོན་པར་སྒྲུབ་པས་ལམ་ཤེས་པ་ལ་འཇུག་པའི་བདེན་པ་རབ་ཏུ་ཤེས་སོ་ཞེས་བྱ་བ་སྟེ་འདི་ནི་ལམ་གྱི་བདེན་པའོ། །ལམ་གཅིག་ཏུ་བགྲོད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཅིག་ ཏུ་འགྲོ་བའི་ཕྱིར་ཏེ་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་བྱང་ཆུབ་སེམས་དཔའི་གཅིག་ཏུ་བགྲོད་པའི་ལམ་ནི་འཕགས་པ་བློ་གྲོས་མི་ཟད་པ་ལས་བྱང་ཆུབ་སེམས་དཔའ་གཅིག་ཏུ་ཟླ་མེད། གྲོགས་མེད་པར་རང་གི་བརྩོན་འགྲུས་དང་མཐུ་དང་། སྟོབས་ཀྱིས་ཡོངས་སུ་ ཟིན་པའི་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གོ་ཆ་གྱོན་ལ། རང་ཉིད་བྱེད་ཅིང་གཞན་ལ་གླགས་མི་ཚོལ་བ་རང་གི་མཐུའི་སྟོབས་ཀྱིས་འཕགས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་པ་ཡིན་ནོ། །བདུན་པའི་དོན་དུ་བཅུ་པ་ནི་རྣམ་པ་ཐམས་ ཅད་མངོན་པར་རྫོགས་པར་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཀྱི་གོ་རིམས་མཚམས་སྦྱར་བ་བསྒྲུབ་པ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་རབ་ཏུ་ཤེས་ཏེ་ཞེས་བྱ་བ་ཡིན་ཏེ། མཁས་པ་བཅུ་པ་འདི་ནི་བྱང་ཆུབ་སེམས་དཔའི་དོན་དུ་ཡང་དག་པར་ བཤད་པ་ཡིན་ནོ། །རིག་པའི་གནས་ལྔ་ལ་མཁས་པའི་ཕྱིར་ཞེས་བྱ་བ་ནི། གཏན་ཚིགས་མཚན་ཉིད་བཟོ་དང་ནི། །དེ་བཞིན་དུ་ནི་གསོ་བ་དང་། །ནང་རིག་པ་དང་བཅས་རྣམས་ལ། །མཁས་པས་རིག་པ་ལྔར་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཀྱི་གོ་རིམས་ཀྱི་མཚམས་ སྦྱོར་བས་སྒྲུབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ས་རྣམས་རིམ་གྱིས་ཐོབ་པ་སྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །བར་ཞེས་བྱ་བ་ངེས་པར་གཟུང་བའོ། །ངེས་པར་གཟུང་བ་ཡང་ངེས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བར་གྱི་བདེན་པ་གང་ཡིན་པ་དེ་ཐམས་ ཅད་ཡང་དག་པར་ཤེས་སོ་ཞེས་ངེས་པར་བཤད་པ་ཡིན་ནོ། །དེ་ལྟར་ན་བདུན་པའི་དོན་དུ་མཁས་པ་བཅུ་པ་ཡང་དག་པར་བཤད་པ་ཡིན་ནོ། །མོས་པས་ཤེས་པའི་སྟོབས་བསྐྱེད་པས་ཞེས་བྱ་བ་ནི་གཟུགས་བརྙན་ཤེས་པའི་སྟོབས་བསྐྱེད་པས་ཡིན་གྱི། དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པས་ ནི་མ་ཡིན་པའོ། །འདིའི་དོན་བསྟན་བཅོས་གཞན་ལ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནོ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པ་གང་ཞེ་ན། མོས་པ་ཡིད་ལ་བྱེད་པས་ཞི་གནས་དང་ལྷག་མཐོང་གིས་དམིགས་པ་གང་ཡིན་ པའོ། །རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནི་དེ་ཁོ་ན་ཡིད་ལ་བྱེད་པས་ཞི་གནས་དང་ལྷག་མཐོང་གིས་དམིགས་པའོ། །དགོས་པ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་གནས་གྱུར་པའོ། །ཆོས་ཀྱི་སྐུ་ཤིན་ཏུ་ཡོངས་སུ་དག་པ་ཉིད་དེ། གནས་གྱུར་པའི་ཤེས་པ་ནི་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་ ལ་དམིགས་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་བཤད་དོ། །དེ་ལྟ་བས་ན་འདིར་མོས་པའི་སྐབས་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་བ་ཉིད་པས་རྣམ་པར་རྟོག་པ་དང་བཅས་པ་ཉིད་སྨོས་ཏེ་མ་གསུངས་སོ། །དེ་ཚེ་ཕུང་བས་མངོན་གཙེས་ཤིང་། །སྡུག་བསྔལ་ གྱིས་ནི་ཉམ་ཐག་པའི། །འཇིག་རྟེན་བལྟས་ན་ཕྱིར་ཞིང་ནི། །འདི་ཡི་སྙིང་རྗེ་རབ་ཏུ་འཇུག །བྱིས་པ་ནི་མི་ཤེས་པའི་ཕྱིར་དེ་ལ་མངོན་པར་ཞེན་པའི་གནས་ཡིན་གྱི། འཕགས་པ་ནི་ཤེས་པའི་ཕྱིར་མ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོ་སོར་རྟོག་པས་སྡུག་བསྔལ་ལ་ཡང་ དག་པ་ཇི་ལྟ་བ་བཞིན་དུ་དམིགས་པ་སྔོན་གྱི་མཐའི་མ་རིག་པ་དང་སྲེད་པ་ལས་བྱུང་བའི་སེམས་ཅན་འཁོར་བའི་རྒྱུན་གྱི་རྗེས་སུ་ཞུགས་པ་ཕུང་པོའི་གནས་ལས་མ་བསྐྱོད་པ་རྣམས་ཀྱི་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་ནི་ཐབས་མཁས་པ་ལས་བྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་གདུལ་བའི་དོན་དུ་ ཡིན་གྱི་མ་རིག་པ་དང་སྲེད་པ་ལས་བྱུང་བ་ནི་མ་ཡིན་པའོ། །སྲིད་པའི་ཡན་ལག་གི་རྩ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཆ་གཉིས་ལ། འཕེན་པར་བྱེད་པའི་ཡན་ལག་རྣམས་ཀྱི་ནང་ན་མ་རིག་པའི་རྩ་བ་ཡིན་ལ། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་རྣམས་ཀྱི་ནང་ན་སྲེད་ པ་རྩ་བ་ཡིན་པར་རིག་པར་བྱའོ། །བདག་དང་བདག་གི་བྲལ་བ་ཞེས་བྱ་བ་ནི་ཟ་བ་པོ་དང་ཟ་བར་འདོགས་པ་ལ་མངོན་པར་ཞེན་པ་སྤངས་པའི་ཕྱིར་རོ། །ཡང་རྣམ་པ་གཞན་གྱིས་སེམས་ཅན་སྡུག་བསྔལ་བར་སོ་སོར་རྟོག་པའི་ཁམས་ཀྱི་སྦྲུལ་དག་གིས་སྐྱེ་བར་མི་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ཡིན་ ཏེ། ཁམས་ཀྱི་སྦྲུལ་དག་གིས་ནི་ན་བ་དང་རྒ་བ་དང་འཆི་བའི་སྡུག་བསྔལ་བསྟན་ཏོ། །ང་རྒྱལ་དང་ལྟ་བའི་ཟུག་རྔུ་མི་འབྱིན་པ་ཞེས་བྱ་བ་ནི་ལོག་པའི་ཚངས་པར་སྤྱོད་པ་ཚོལ་བར་གྱུར་པ་རྣམས་སོ། །འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་མེ་ལྕེ་འབར་བ་ཞི་བར་མི་བྱེད་པ་ཞེས་བྱ་བ་ནི། འདོད་པ་ཚོལ་ བར་གྱུར་པ་འདོད་པ་ལ་ཉེ་བར་སྤྱོད་པ་རྣམས་སོ། །མ་རིག་པའི་མུན་པ་མི་སེལ་ཞེས་བྱ་བ་ནི་འདོད་པ་ཚོལ་བར་གྱུར་པ་ཉེས་པར་སྤྱད་པ་སྤྱོད་པ་རྣམས་སོ། །སྲེད་པའི་རྒྱ་མཚོ་མི་སྐེམས་པ་ཞེས་བྱ་བ་ནི་སྲིད་པ་ཚོལ་བར་གྱུར་པ་རྣམས་ཏེ་ང་རྒྱལ་དང་ལྟ་བའི་ཟུག་རྔུ་མི་འབྱིན་པ་ཞེས་བྱ་བ་ལ་སོགས་པའི་ ཚིག་གིས་ནི་ན་བ་དང་རྒ་བ་དང་འཆི་བའི་སྡུག་བསྔལ་གྱི་ཀུན་འབྱུང་ཡོངས་སུ་བསྟན་ཏོ། །དཔུང་གཉེན་མེད་པ་ཞེས་བྱ་བ་ནི་སྡུག་བསྔལ་བར་གྱུར་ནའོ། །སྐྱབས་མེད་པ་ཞེས་བྱ་བ་ནི་མ་གྱུར་ནའོ། །གནས་མེད་པ་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་དང་བརྟེན་པ་དང་བྲལ་བའོ། །གླིང་མེད་པ་ཞེས་ བྱ་བ་ནི་དམ་པའི་ཆོས་མཉན་པ་དང་བྲལ་བའོ། །རྟེན་མེད་པ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་དང་བྲལ་བའོ། །ལོང་བར་གྱུར་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་དང་བྲལ་བར་གྱུར་པའོ། །མ་རིག་པའི་སྒོ་ང་དང་སྦུབས་དང་ཕྲིས་ཡོག་པ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་མི་མཐུན་ པའི་ཕྱོགས་གཉུག་མ་སྟེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་སོ། །མུན་པས་ཟིལ་གྱིས་གནོན་པ་དེ་དག་གི་དོན་དུ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བའི་མི་མཐུན་པའི་ཕྱོགས་གློ་བུར་བ་དམ་པའི་ཆོས་མ་ཡིན་པ་ཉན་པ་དང་ལྡན་པ་རྣམས་སོ། །ལྷག་མ་ནི་ཁོང་དུ་ཆུད་པར་སླའོ། །ཐོས་པ་ ཡོངས་སུ་འཛིན་པའི་ཁྱད་པར་ནི་ཚིག་གསུམ་གྱིས་དྲན་པ་དང་ལྡན་པ་དང་། བློ་གྲོས་དང་ལྡན་པ་དང་རྟོགས་པ་དང་ལྡན་པ་ཞེས་བྱ་བ་ཤེས་རབ་གསུམ་བསྡུས་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་ཞེས་བྱ་བ་ནི་ཚིག་གསུམ་པོ་འདི་ཉིད་རྣམ་པར་བཤད་པ་གཞན་གྱིས་དོན་ཐ་དད་པར་སྟོན་པའོ། །དེ་ལ་ ཐོས་པ་འཛིན་པ་ནི་དྲན་པ་དང་ལྡན་པ་ཞེས་བྱའོ། །སྟོང་པ་ཉིད་དུ་རོ་གཅིག་ཀྱང་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་ཐ་དད་པ་ནི་ཆོས་ཉིད་ཟབ་མོ་སྟེ། དེ་ཤེས་པ་ནི་བློ་གྲོས་དང་ལྡན་པ་ཞེས་བྱའོ། །དགོངས་པ་ཟབ་མོ་ཤེས་པ་ནི་རྟོགས་པ་དང་ལྡན་པ་ཞེས་བྱ་བ་སྟེ། །མདོ་རྣམས་ཀྱི་ཚུལ་ནི་ལུགས་ཏེ། དེའི་དགོངས་པ་མངོན་དུ་རྟོགས་པའི་ཕྱིར་རོ། །དང་པོས་ནི་མདོ་ལ་སོགས་པའི་ཆོས་ལ་མཁས་པའོ། །ལྷག་མ་རྣམས་ཀྱིས་ནི་དོན་ལ་མཁས་པའོ། །ངོ་ཚ་དང་ལྡན་པ་ཉིད་ཀྱིས་ནི་སྡོམ་པ་བླངས་པ་བསྲུངས་པས་བཟོད་པ་དང་ངེས་པ་དང་ལྡན་པའི་ཕྱིར་ཚུལ་ཁྲིམས་མནོས་པ་འདྲལ་བར་མི་བྱེད་ དོ། །བརྟེན་པ་དང་ལྡན་པ་ཉིད་ཀྱིས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མི་འདོར་ཏེ། དེ་ལྟར་ན་ཚུལ་ཁྲིམས་མཉམ་པ་དང་། སྐྱོན་མེད་པ་ཡོངས་སུ་བསྟན་པ་ཡིན་ནོ། །བློ་དང་ལྡན་པ་ཉིད་ཀྱིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་སོ། །འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་རྒྱུ་མེད་པར་ལྟ་ བའི་གཉེན་པོ་ཡིན་ནོ། །འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་ནི་མི་འདྲ་བ་རྒྱུར་ལྟ་བའི་གཉེན་པོ་སྟེ། མི་རྟག་པའི་རྒྱུ་རྟག་པ་ནི་རྒྱུ་མི་འདྲ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གནས་དང་གནས་མ་ཡིན་པ་ཞེས་པ་གསུངས་ཏེ། རྒྱུ་དང་རྒྱུ་མ་ཡིན་པ་ཤེས་པའི་ཕྱིར་རོ། །རྟོགས་པའི་ཤེས་པ་དང་ལྡན་པ་ཉིད་ཀྱིས་ ནི་བདུད་ཕྱིར་རྒོལ་བ་ལ་སོགས་པ་གཞན་དག་གིས་མི་བཀྲི་ཞིང་མི་འཕྲོགས་པ་ཡིན་ཏེ། ལམ་མཐོང་བའི་ཕྱིར་རོ། །ཤེས་རབ་དང་ལྡན་པ་ཉིད་ཀྱིས་ནི་ལྷད་བཅུག་པ་ཤེས་སོ། །ལྷད་བཅུག་པ་ནི་དམ་པའི་ཆོས་འཇིག་པར་བྱེད་པའི་ཚིག་ལྷད་བཅུག་པ་གང་ཡིན་པའོ། །དེ་ལ་ནག་པོ་ བསྟན་པའི་གཉེན་པོར་འདི་ནི་མདོ་ལ་སོགས་པ་ལ་འཇུག་པ་ལ་སོགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད་པ་ཡིན་པའི་ཕྱིར་དོན་གྱི་ཚིག་ཡིན་ནོ། །འདིའི་ཆོས་ཉིད་དང་འགལ་བ་ཉིད་ཀྱིས་བདུད་ལ་སོགས་པས་སྨྲས་པ་ཡིན་པའི་ཕྱིར་དོན་མ་ཡིན་པའི་ཚིག་ཡིན་ནོ་ཞེས་བྱ་བ་དང་། འདྲེས་པའི་ཚིག་ཡིན་ནོ་ཞེས་བྱ་བར་ཤེས་སོ། །མངོན་པར་ཤེས་པ་རྣམས་ཀྱིས་ནི་སྐྱབས་ངན་པར་ཞུགས་པ་རྣམས་དད་པར་བྱས་ནས་བསྟན་པ་ལ་འཛུད་པར་བྱེད་དོ། །ཐབས་མཁས་པ་ཉིད་ཀྱིས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ན་དྲན་པ་ལ་སོགས་པའི་ཡོན་ཏན་ཡོངས་ སུ་འཛིན་པའི་ཁྱད་པར་རྣམ་པར་གཞག་པ་ཡིན་ནོ། །སྒྲུབ་པའི་ཁྱད་པར་རྣམ་པར་གཞག་པ་ནི་བཅུ་གཉིས་པས་བསྟན་ཏོ། །ཇི་ལྟ་ཞེ་ན། ངོམས་མི་ཤེས་པ་ཡིན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་གཞག་པ་ནི་བཅུ་གསུམ་པས་བསྟན་ཏོ། །ཇི་ལྟ་ཞེ་ ན། དེ་དེ་ལྟར་མངོན་པར་བརྩོན་པས་སྦྱིན་པས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ཏེ་བསྡུ་བའི་དངོས་པོ་བཞིས་ཚིག་བཞི་བསྟན་པའོ། །གཟུགས་ཀྱི་ལུས་ཀུན་ཏུ་བསྟན་པ་ནི་རང་གི་རིས་ལ་ཆགས་པ་རྣམས་ལའོ། །ཆོས་བཤད་པ་ནི་ཐེ་ཚོམ་ཟ་བ་རྣམས་ལའོ། ། བྱང་ཆུབ་སེམས་དཔའི་སྤྱོད་པ་བརྗོད་པ་ནི་ཐབས་འཁྲུལ་པ་རྣམས་ལའོ། །དེ་བཞིན་གཤེགས་པའི་ཆེ་བ་ཉིད་སྨོས་པ་ནི་ཡོངས་སུ་སྐྱོ་བ་རྣམས་ལའོ། །འཁོར་བའི་ཉེས་པ་བསྟན་པ་ནི་དེ་ལ་མངོན་པར་དགའ་བ་རྣམས་ལའོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཕན་ཡོན་ཡོངས་སུ་བསྟན་པ་ནི་ མི་འཇུག་པ་རྣམས་ལའོ། །བློ་ཆུང་བ་རྣམས་ལ་ནི་ཚིག་ཐ་མས་ཡོངས་སུ་སྨིན་པར་བྱེད་པས་བསྟན་ཏོ། །དེ་ལ་དོན་བརྗེད་པའི་གནོད་པ་དང་། བྱ་བ་བརྗེད་པའི་གནོད་པའི་རྣམ་པ་གཉིས་གཅིག་ཏུ་བྱས་ནས་གཞག་སྟེ། འདི་ཡང་ཚིག་གཉིས་ཀྱིས་རྣམ་པར་ཕྱེ་བ་ཡིན་ནོ། །འདིའི་གཉེན་པོ་ ནི་ཡི་གེ་སྟེ། ཡི་གེའི་འབྲུ་རྣམས་ཀྱིས་བྱིན་པ་ལ་སོགས་པའི་དོན་དང་། བྱས་པ་ལ་སོགས་པའི་བྱ་བ་རྣམས་མི་བརྗེད་པར་བྱ་བའི་ཕྱིར་བྲིས་ནས་འཇོག་པར་བྱེད་དོ། །གཏན་ཚིགས་ཀྱི་བསྟན་བཅོས་ཀྱིས་ནི་ལྟ་བ་ངན་པ་སེལ་བར་བྱེད་དོ། །སྒྲའི་བསྟན་བཅོས་ཀྱིས་ནི་བློ་ཆུང་བ་སེལ་བར་བྱེད་དོ། ། ཡོངས་སུ་བླངས་པའི་ནོར་མ་སྦས་པའི་གཉེན་པོར་བརྒྱ་སྟེ་དེས་སྦེད་པའི་ཕྱིར་རོ། །འདུ་བ་དང་འགོད་པ་ལ་རྨོངས་པའི་གཉེན་པོར་རྩིས་དང་ཤོ་ཐབས་ཏེ། དེ་གཉིས་ཀྱི་འདུ་འགོད་ཤེས་པའི་ཕྱིར་རོ། །ཁམས་མི་མཉམ་པ་ནི་སྐེམས་པ་དང་བརྗེད་བྱེད་དོ། །སེམས་ཅན་གནོད་པ་ནི་འབྱུང་པོའི་གདོན་ ཏོ། །རྒྱུ་ལས་བྱུང་བའི་ནད་ཀྱི་གནོད་པ་ནི་རོ་ལངས་ཀྱི་སྦྱོར་བ་སྟེ། གཤེད་བྱེད་སྒྲུབ་པ་ལ་སོགས་པས་རིམས་ལ་སོགས་པ་འབྱུང་བའོ། །ཟླ་བ་ལ་སོགས་པ་ལོག་པར་མཐོང་བ་དང་། མཚན་ངན་པ་ལ་སོགས་པ་ཡན་ལག་གི་སྐྱོན་རྣམ་པར་སྨིན་པ་ཁོ་ནས་ཐོབ་པ་དེས་བྱས་པའི་རྣམ་པར་འཚེ་ བའི་གནོད་པའི་ངོ་ལོན་ཡང་ཤེས་སོ། །དེ་ལ་སྡོམ་པའི་ཆོ་ག་ནི་སྡོམ་པའི་ཚུལ་ཁྲིམས་ཏེ། འཆལ་པའི་ཚུལ་ཁྲིམས་ཀྱི་གཉེན་པོའོ། །བསམ་གཏན་ནི་འདོད་པ་ལ་འདོད་ཆགས་པའི་གཉེན་པོའོ། །མངོན་པར་ཤེས་པ་རྣམས་ནི་སྐྱབས་ངན་པའི་གཉེན་པོའོ། །ཚད་མེད་པ་ རྣམས་ནི་ལོག་པའི་བསོད་ནམས་ཀྱི་གཉེན་པོའོ། །གཟུགས་མེད་པ་རྣམས་ནི་ལོག་པའི་ཐར་པའི་གཉེན་པོའོ། །རྒྱུ་བཞི་དང་ལྡན་པར་ཞེས་བྱ་བ་ལ་གནོད་པ་གཞན་གྱིས་གནོད་པར་བྱ་བ་མེད་པ་ནི་ཐོ་འཚམས་པ་མེད་པ་ཞེས་བྱའོ། །ཁ་ན་མ་ཐོ་བ་མེད་པའི་བདེ་བ་སྐྱེས་པ་ནི་སེམས་ཅན་ ཐམས་ཅད་ལ་ཕན་པ་དང་། བདེ་བར་འགྱུར་བ་ཞེས་བྱ་བའོ། །འབྱུང་བར་བྱེད་པ་རྣམ་པར་དག་པ་ནི་སྙིང་རྗེ་དང་ལྡན་པས་ཞེས་བྱ་བའོ། །དགོས་པ་རྣམ་པར་དག་པ་ནི་མཐར་གྱིས་སངས་རྒྱས་ཀྱི་ཆོས་ལ་དགོད་པའི་ཕྱིར་ཞེས་བྱ་བའོ། །ཤིན་ཏུ་སྦྱང་དཀའ་ལ་ནི་འཁོར་བ་དང་། །མྱ་ངན་འདས་ ལམ་མི་གནས་ལམ་ཐོབ་ནས། །ཤེས་རབ་སྙིང་རྗེས་ཡོངས་སྦྱངས་བསམ་པ་ཅན། །ས་འབྲས་རྣམ་པ་བཞི་ལ་རབ་གནས་པ། །བློ་ཡིས་འཁོར་བའི་སྐྱོན་རྣམས་རབ་དཔྱད་དེ། །ཞི་བའི་དབྱིངས་ནི་སེམས་ལ་རབ་སྨོན་ནས། །མཚན་མ་མེད་ལ་མང་དུ་གནས་ལྡན་པའི། །ས་དྲུག་ མཚན་མ་མེད་པར་ཐོབ་པར་འགྱུར། །ས་དྲུག་པའི་འགྲེལ་པ་ནི། རྒྱུ་ནི་གསུམ་པོ་གང་དག་གིས། །ལྔ་པ་རྣམ་པར་གཞག་འདོད་པའི། །རྒྱུ་དེ་ཉིད་ནི་ཁྱད་འཕགས་པས། །དྲུག་པ་རབ་ཏུ་བསྟན་པ་ཡིན། །ས་བཞི་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ས་འདིའི་འབྲེལ་པ་སྟོན་པར་བྱེད་ པ་སྟེ། ས་དང་པོ་ལ་ཆོས་ཀྱི་དབྱིངས་མཐོང་བའི་ཕྱིར། གང་ཟག་ཏུ་མངོན་པར་ཞེན་པ་སྤངས་པ་ཡིན་ནོ། །དེའི་འཕེན་པ་ལས་གྱུར་པ་ཆོས་རྟོགས་པའི་ང་རྒྱལ་ནི་ས་བཞི་པ་ལས་སྤངས་པ་ཡིན་ནོ། །ལྔ་པ་ནི་རྣམ་པར་དག་པ་ལ་རྒྱུད་ཐ་དད་པའི་མངོན་པའི་ང་རྒྱལ་སྤངས་པ་ཡིན་པས་དེ་དག་ཏུ་དེ་དག་གི་གཉེན་ པོར་བཤད་དོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ལ་ཐ་དད་པའི་མངོན་པའི་ང་རྒྱལ་གང་ཡིན་པ་དེའི་གཉེན་པོ་ནི་འདི་ལས་བསྟན་པར་བྱ་བ་ཡིན་པས་ན། སའི་འབྲེལ་པ་ཡིན་ཏེ། ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ ས་དྲུག་པ་ལ་འཇུག་སྟེ་ཞེས་གང་གསུངས་པའོ། །ཆོས་ལ་ཐ་དད་ང་རྒྱལ་ནི། །ཆོས་མངོན་ཞེན་ལས་སྐྱེས་གང་ཡིན། །དེ་ཡི་གཉེན་པོ་རྣམ་པ་བཅུ། །དྲུག་པ་ལས་ནི་རབ་ཏུ་བསྟན། །དེ་ལ་ཆོས་ཐམས་ཅད་དེ། སྐྱེ་མཆེད་བཅུ་གཉིས་པོ་རྣམས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པས་ མཉམ་པ་ཉིད་དོ། །སྐྱེ་བ་དང་འཆི་འཕོའི་མཚན་མ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བླང་བ་མེད་པ་དང་། དོར་བ་མེད་པ་མཉམ་པ་ཉིད་ཅེས་གང་གསུངས་པ་སྟེ། བླང་བ་ནི་སྐྱེ་བ་ཡིན་ལ། དོར་བ་ནི་འཇིག་པ་ཡིན་པའི་ཕྱིར་རོ། །གང་ཟག་ལ་མངོན་པར་ཞེན་པའི་མཚན་མ་ནི་ཕུང་པོ་ ལྔ་པོ་དག་སྟེ། དེ་སྐད་དུ། མདོ་ལས། དགེ་སློང་དག་འདི་ན་གང་ལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་བརྟགས་པའི་གཟུགས་ལ་སོགས་པ་མེད་ན་གང་ཟག་ཏུ་མངོན་པར་ཞེན་པ་ལ་སོགས་པ་མེད་པའི་ཕྱིར་དེའི་གཉེན་པོར་སྒྱུ་མ་ལ་སོགས་པ་དང་མཉམ་པ་ཉིད་དེ། ཉོན་མོངས་ པ་གློ་བུར་བ་དང་འཁོར་བའི་དྲི་མ་བསྩལ་བས་གཉེན་པོ་ཡིན་ནོ། །བྱི་དོར་བྱས་པ་ཡིན་ཏེ། གནས་བྱི་དོར་བྱེད་པ་བཞིན་ནོ། །མཉམ་པ་ཉིད་དུ་མོས་པའི་ཕྱིར་ཞེས་བྱ་བ་ནི་གཉེན་པོ་མཉམ་པ་ཉིད་དུ་མོས་པའི་ཕྱིར་རོ། །དེ་ལྟར་ན་རྗེས་སུ་མཐུན་པར་བྱས་པ་ཡིན་ཏེ། དེ་བཞིན་ཉིད་ཀྱིས་རང་ གི་ངོ་བོ་ཡོངས་སུ་ཤེས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཕྱིར་ཞེས་བྱ་བ་ནི་གཉེན་པོ་འདི་ལྟ་བུ་ནི་ཀུན་ནས་ཉོན་མོངས་པ་ཟློག་པར་བྱེད་པ་ཡིན་ནོ་སྙམ་དུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །བཟོད་པ་ཞེས་བྱ་བ་ནི་བཟོད་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་མ་ཐོབ་པོ་ཞེས་བྱ་བའི་ཚིག་ གིས་ན་ཞེས་བྱ་བ་ནི་དེ་ཙམ་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པའི་སྒོ་རྗེས་སུ་ཐོབ་པ་ནི་མ་ཡིན་ནོ་ཞེས་གང་གསུངས་པའོ། །འདི་ཡན་ཆད་ནི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་ཟིན་པ་ལ་སྙེགས་སོ། །ཁྱད་པར་དུ་འགྲོ་བ་ཞེས་བྱ་བ་ནི་ང་རྒྱལ་ཆ་ཕྲ་བའི་གཉེན་པོར་རྣམ་པར་གཞག་པའི་ཕྱིར་རོ། ། འདི་ནས་བཟུང་སྟེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རྟོགས་པ་ནས་ཞེས་བྱ་བ་ནས་བཟུང་སྟེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ཀུན་དུ་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་བར་གྱི་གཞུང་འདིས་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་སྒྲུབ་པའི་ཁྱད་པར་བཤད་པ་ཡིན་ནོ། །སེམས་ཅན་ལ་ལྟ་བ་ དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་སྒྲུབ་པའི་ཁྱད་པར་སྟོན་པར་བྱེད་པའོ། །རྒྱུ་གཉིས་ཀྱིས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ཉིད་དུ་མི་འགྱུར་ཏེ། ཉན་ཐོས་བཞིན་དུ་སྙིང་རྗེ་དང་བྲལ་བ་དང་། འཁོར་བ་པ་བཞིན་དུ་ཤེས་རབ་དང་ བྲལ་བས་སོ། །སྙིང་རྗེ་དང་ཤེས་རབ་གཉིས་ཀྱིས་ནི་འགྱུར་བས་དེའི་ཕྱིར་དེ་དག་དང་ལྡན་པ་སྟོན་པར་བྱེད་དོ། །སྙིང་རྗེའི་ཁྱད་པར་ཡོངས་སུ་འཛིན་པ་ནི་སླ་བས་སྒོ་གསུམ་ནས་ཞེས་བྱ་བ་ལ་སོགས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡོངས་སུ་རྟོག་པ་བསྟན་ཏོ། །སྒྲུབ་པ་དང་བརྒལ་བའི་ལམ་ ཡིན་པས་བརྒལ་བའི་ལམ་དང་མཚན་ཉིད་དེ་དག་རྣམ་པར་གཞག་པའོ། །འདིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡོངས་སུ་རྟོག་ཅེས་བྱ་བར་སྦྱར་ཏེ། ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་བ་ཞེས་བྱ་བ་འདི་ནས་བཟུང་སྟེ། བྱེད་པ་པོ་མེད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། ། དོན་དམ་པའི་བདེན་པ་རྣམ་པར་གཞག་པས་ཡོངས་སུ་རྟོག་པ་ནི་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་ཞེས་བྱ་བ་ལ་སོགས་པའོ། །ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པ་ནི་སྲིད་པའི་ཡན་ལག་བཅུ་གཉིས་པོ་གང་དག་ཅེས་བྱ་བ་བཟུང་སྟེ། དེ་དེ་ལྟར་རྟེན་ཅིང་འབྲེལ་བར་ འབྱུང་བ་ལ་རྣམ་པ་བཅུར་ཞེས་བྱ་བའི་བར་ཡིན་ནོ། །དེ་ལྟར་མདོ་རྣམ་པར་ཕྱེ་ནས་སྒྲུབ་པ་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་ལ་སོགས་པས་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ནི་ཞེས་བྱ་བ་ནི་བདག་མེད་པ་དེ་སྒྲུབ་པར་བྱེད་པའོ། །རིགས་པ་གང་གིས་ཤེ་ན། འཇིག་ རྟེན་འབྱུང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དང་བྲལ་ན་ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་སྟོན་པར་བྱེད་དོ། །བདག་དོན་དམ་པར་ཡོད་དུ་ཟིན་ན་ནི་ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་བདག་ཉིད་སྦྱོར་བར་བྱེད་པའོ། །དེ་ལ་སྦྱོར་བ་ནི་ འཇིག་རྟེན་འབྱུང་བ་ཐམས་ཅད་ཀྱི་རྒྱུ་ནི་བདག་ཏུ་ལྟ་བ་ཡིན་ཏེ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར། མ་རིག་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་ལམ་བཞིན་ནོ། །གལ་ཏེ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཉིད་ཀྱང་ མ་གྲུབ་པོ་ཞེ་ན། དེ་ནི་མ་ཡིན་ཏེ། ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པའི་ཕྱིར་འདོད་ཆགས་ལ་སོགས་པ་བཞིན་དུ་ཉོན་མོངས་པ་ཉིད་ཡིན་ནོ། །ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པ་ཉིད་ནི་གཟུགས་ལ་སོགས་པ་བདག་མེད་པ་རྣམས་ལ་བདག་ཏུ་མངོན་པར་ཞེན་པའི་ཕྱིར་ཏེ། དོན་དམ་ པར་ན་བདག་མེད་པའི་ཕྱིར་རོ། །འདི་ནི་རང་གི་སྡེ་པ་རྣམས་ཀྱིས་སྲོལ་བཏོད་ཟིན་པས་འཕན་མི་སྐྱེད་དོ། །དེ་ལས་བརྒལ་བ་རྣམ་པར་གཞག་པ་སྟེ་གང་ཞིག་བདག་མེད་ན་རིགས་པ་གང་གིས་དེར་འཛིན་པ་འཇུག་པ་འདི་སྨྲོས་ཤིག་ཅེས་ཟེར་ན། འདིའི་ལན་རྣམ་པར་གཞག་པ་ནི་བྱིས་པའི་ བློ་ཉིད་དང་མི་ཤེས་པ་ལ་སོགས་པ་རྒྱུ་ལྷག་མ་རྣམས་ཀྱིས་བདག་མེད་པ་ལ་ཀུན་ཏུ་རྨོངས་ནས་བདག་ཏུ་འཛིན་པ་ཡིན་ནོ། །བྱིས་པའི་བློ་ཅན་དུ་གྱུར་པས་ཞེས་བྱ་བ་ནི་བློ་ཆུང་བའི་ཕྱིར་རོ། །དེའི་འོག་ཏུ་བདག་མེད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་གཞུང་མཐའ་དག་འཕེན་ཏོ། ། ཉོན་མོངས་པ་གཞན་ཡང་ཡོད་བཞིན་དུ་ཅིའི་ཕྱིར་མི་ཤེས་པ་དང་། སེར་སྣ་དག་ཁོ་ན་སྨོས་ཞེས་རྒོལ་བ་འདིའི་ལན་གདབ་པའི་ཕྱིར་སྲིད་པའི་ཡན་ལག་གི་རྩ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །སྲིད་པའི་ཡན་ལག་འདི་ནི་གཙོ་བོ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གཞན་ལས་སྐྱེ་བ་རྣམས་ཀྱི་རྒྱུ་ནི་སྲེད་པ་ཡིན་ ནོ་ཞེས་གསུངས་སོ། །བདག་མེད་བཞིན་དུ་ཡང་ཇི་ལྟ་བ་བཞིན་དུ་ཡང་ཇི་ལྟར་འཇིག་རྟེན་སྐྱེ་བ་དག་སྲིད་པ་དེ་ལྟར་མདོ་ཉིད་ལས་རིགས་པ་དག་རབ་ཏུ་བསྟན་ཏོ། །ཇི་ལྟ་ཞེ་ན། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་རྣམས་ཀྱང་སྩོགས་ཞེས་བྱ་བ་རྒྱས་པར་ གསུངས་སོ། །དེ་ལ་ཡོངས་སུ་མ་བཏང་བ་ཞེས་བྱ་བ་ནི་ཡོངས་སུ་མ་སྤངས་པའོ། །གང་དག་གིས་ཤེ་ན་འདུ་བྱེད་དག་གིས་སོ། །དེ་ཅི་ཞིག་ཅེ་ན། སེམས་ཀྱི་ས་བོན་ནོ། །ཅི་འདྲ་བ་ཞིག་ཅེ་ན། ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པའོ། །གང་གི་ཚེ་ན་ཞེ་ན། ཕྱི་ མ་ལའོ། །ཅི་ཞེ་ན། སྐྱེ་བ་རྒ་ཤིའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཉིད་ཡང་སྲིད་པ་དང་སྲིད་པ་བར་མ་གཉིས་ཀྱི་རྒྱུ་ཡིན་པའི་ཕྱིར་ས་བོན་ཡིན་ནོ། །དེ་ཉིད་སྐྱེ་བ་དང་རྒ་བ་དང་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །མདོ་ལས་མངོན་པར་འགྲུབ་པ་ཞེས་ འབྱུང་བ་ནི་བར་མ་དོའི་སྲིད་པ་ཡིན་ནོ། །ཡང་སྲིད་པ་ཞེས་འབྱུང་བ་ནི་སྐྱེ་བའི་སྲིད་པ་ཡིན་ནོ། །དེ་དག་གིས་བསྡུས་པ་ལ་ཉེ་བར་འགྲོ་བའི་ཕྱིར་ན་ཉེ་བར་སོང་བ་ཡིན་ནོ། །བསོད་ནམས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཕྱིའི་མྱུ་གུ་སྐྱེ་བ་དང་ཆོས་མཐུན་པ་ཉིད་དུ་སྟོན་པར་བྱེད་ དོ། །དེ་ལ་འདི་ནི་ཆོས་མཐུན་པ་ཉིད་ཡིན་ཏེ། མྱུ་གུ་སྐྱེད་པར་བྱེད་པ་ལ་དང་པོར་ཞིང་དང་། ལུད་ཀྱིས་དགབ་པ་དང་། ཆུའི་ཁམས་ཀྱིས་བརླན་པ་དང་། ཕྱིའི་གནོད་པ་འབྱུང་དུ་འོང་བས་རྒྱ་ལ་སོགས་པས་བསྐོར་དགོས་པ་དེ་ཐམས་ཅད་ནང་གི་དག་ལ་ཡང་སྦྱར་བར་བྱའོ་ཞེས་སྟོན་པར་ བྱེད་དོ། །བདག་ཉིད་དང་ཞེས་བྱ་བ་ནི་གཞན་གྱིས་མ་ཡིན་པའོ། །རང་གིས་འཇིག་པའི་བློ་སྔོན་དུ་གཏོང་བ་མེད་ཅེས་བྱ་བ་ནི་བདག་གིས་འདི་ལྟར་གཞིག་པར་བྱའོ་སྙམ་པའོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། །ལས་ལ་བརྟེན་ནས་རྣམ་པར་ཤེས། །མིང་དང་གཟུགས་སུ་མྱོང་བར་ འགྱུར། །ནུར་ནུར་པོ་ལ་སོགས་རིམ་གྱིས། །སྐྱེ་མཆེད་དྲུག་པོ་ཀུན་དུ་འབྱུང་། །སྐྱེ་མཆེད་དོད་པར་གྱུར་ནས་ནི། །ཡུལ་རྣམས་ལ་ནི་མངོན་པར་དགའ། །ཡུལ་རྣམས་དོན་དུ་གཉེར་བ་ན། །ཕྱིར་ཞིང་རང་གི་ལས་ལ་འཇུག །ལས་གང་དག་གིས་འདི་ཟིལ་ནོན། །ཕྱི་མར་སྐྱེ་ རྒྱུ་ལས་བྱུང་བའི། །རྒ་དང་འཆི་དང་མྱ་ངན་སོགས། །སྡུག་བསྔལ་ཉམས་སུ་མྱོང་འགྱུར་ཞིང་། །བརྒལ་བའི་ལན་རྣམ་པར་གཞག་པ་ནི་དེ་ལྟ་བུ་ཡིན་ནོ། །མཚན་ཉིད་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། བརྒལ་དང་སྒྲུབ་པའི་སྐབས་ཀྱིས་ནི། རྐྱེན་ལས་བྱུང་བའི་ རྣམ་པ་ནི། །བདག་མེད་ཉིད་དུ་བསྒྲུབས་ནས་སུ། །དེ་ཡི་འོག་ཏུ་བརྟག་པར་བྱ། །ཇི་ལྟར་བརྟག་པར་བྱ་ཞེ་ན། །རྣལ་གནས་མཚན་ཉིད་གང་གིས་ན། །འདི་ནི་རབ་ཏུ་འབྱུང་བའོ། །ཇི་ལྟ་ཞེ་ན་དེ་འདི་སྙམ་དུ་སེམས་ཏེ། བདེན་པ་རྣམས་མི་ཤེས་པ་ནི། དོན་དམ་པར་མ་རིག་པའོ་ཞེས་ བྱ་བ་རྒྱས་པར་སྨོས་སོ། །མིང་དང་གཟུགས་སུ་སྟོན་ཏོ་ཞེས་བྱ་བ་ལ་ཅི་ཞིག་སྟོན་པར་བྱེད་ཅེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་བརྟེན་པ་འདི་ལ་ཆ་གསུམ་དུ་རྣམ་པར་གཞག་པར་བསྟན་པར་དགོངས་པ་ནི་མ་ཡིན་ནོ། །འོན་ཀྱང་ཡན་ལག་རྣམས་ཀྱི་འབྲེལ་པ་ཙམ་ཞིག་བརྗོད་པར་བཞེད་པ་ཟད་དེ། འདི་ལྟར་མ་རིག་པས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ་ཞེས་གསུངས་པ་ལ། འདུ་བྱེད་ཅེས་བྱ་བའི་སྒྲ་ནི་འདིར་འདུས་བྱས་ཀྱི་ཆོས་ཀྱི་རྣམ་གྲངས་ཡིན་ཏེ། དཔེར་ན་གཞན་ལས་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ་ཞེས་འབྱུང་བ་ལྟ་བུ་ཡིན་གྱི། ཇི་ལྟར་གཞན་ ལས་འདུ་བྱེད་ནི་གསུམ་སྟེ་ཞེས་འབྱུང་བ་ལྟ་བུ་བསོད་ནམས་སྩོགས་པའི་ཆོས་ཀྱི་རྣམ་གྲངས་ནི་མ་ཡིན་ཏེ། བསོད་ནམས་ལ་སོགས་པའི་འདུ་བྱེད་དེ་དག་ནི་འདིར་མ་རིག་པས་བྱས་པ་ཉིད་ཀྱིས་ཡོངས་སུ་བསྡུས་པ་དག་ཡིན་ནོ། །འདུ་བྱེད་དེ་དག་ཀྱང་རྣམ་པར་སྨིན་པའི་གནས་ སྐབས་ཡིན་པས་མིང་དང་གཟུགས་སུ་སྟོན་ཏོ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་བརྟེན་པ་སྟེ། མིང་དང་གཟུགས་དང་རྣམ་པར་ཤེས་པ་ལྷན་ཅིག་པ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་དང་ལྷན་ཅིག་པ་ཉིད་དོ། །དེ་ལྟ་བས་ན་འདིར་ཀུན་གཞིའི་རྣམ་པར་ཤེས་པ་དང་མིང་དང་ གཟུགས་གཅིག་ལ་གཅིག་བརྟེན་པ་ཉིད་དུ་བཤད་པ་ཡིན་ཏེ། འདུ་བྱེད་དང་རྣམ་པར་ཤེས་པ་དང་། མིང་དང་གཟུགས་ཀྱི་ཡན་ལག་རྣམས་དུས་གཅིག་ཏུ་འབྱུང་བར་རྣམ་པར་གཞག་པར་མངོན་ནོ། །གཞན་དག་ན་རེ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ་འདིར། སྔོན་གྱི་མཐའ་དང་ མཐའི་བར་དང་ཕྱི་མའི་མཐའ་དང་ཆ་གསུམ་དུ་རྣམ་པར་གཞག་པས་བསྟན་པ་ཡིན་ལ། འདིར་ཁྱད་པར་དུ་ན་སྔོན་གྱི་མཐའ་ནི་མ་རིག་པ་ཁོ་ན་རྣམ་པར་གཞག་ལ། འདུ་བྱེད་རྣམས་ནི་མཐའི་བར་ཁོ་ནར་རྣམ་པར་གཞག་གོ། །མིང་དང་གཟུགས་རྣམ་པར་སྨིན་པར་འགྱུར་བ་དེ་ཡང་ཀུན་གཞིའི་རྣམ་ པར་ཤེས་པ་དང་ལྷན་ཅིག་པར་བསྟན་ལ། དེ་ལས་ཀུན་གཞིའི་རྣམ་པར་ཤེས་པ་ཕྱུང་ནས། ཡང་རྣམ་པར་ཤེས་པའི་ཡན་ལག་ཉིད་དུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། མིང་དང་གཟུགས་ལ་བརྟེན་པ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་དང་། མིང་དང་གཟུགས་ཀྱང་ཀུན་གཞིའི་རྣམ་པར་ ཤེས་པ་ལ་བརྟེན་པ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་ཏེ། འདི་ལྟར་རྣམ་པར་ཤེས་པ་དང་མིང་དང་གཟུགས་གཅིག་ལ་གཅིག་བརྟེན་པ་ཉིད་དུ་བསྟན་ཏོ་ཞེས་སྨྲ་བའི་ཕྱིར་རོ། །འདི་ལ་འདུ་བྱེད་རྣམ་པར་སྨིན་པ་ཞེས་པ་ཡང་མ་རིག་པ་ཁོ་ན་ལས་སྐྱེ་བ་མ་ཡིན་ཏེ། མ་རིག་པ་ལས་ དང་ལྷན་ཅིག་པ་རྒྱུའི་དངོས་པོར་སྨོས་པའི་ཕྱིར་འདི་ལྟར་མ་རིག་པས་བྱས་པའི་ལས་ཀྱི་ཞེས་གསུངས་སོ་ཞེས་ཟེར་རོ། །འདི་ནི་སྲིད་པའི་ཡན་ལག་རྗེས་སུ་འབྲེལ་པས་ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་དེ་འདི་ལྟར། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ལུགས་དང་མཐུན་པ་དང་ལུགས་དང་མཐུན་པ་མ་ཡིན་ པར་སོ་སོར་རྟོག་སྟེ། འདི་ལྟ་སྟེ། སྲིད་པའི་ཡན་ལག་རྗེས་སུ་འབྲེལ་བ་དང་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་རྣམ་པ་བཅུ་པོ་དེ་དག་ཚིག་མང་པོ་ཡོངས་སུ་སྤང་བའི་ཕྱིར་འདི་ཉིད་དུ་སྦྱོར་བར་བྱེད་པ། སྲིད་པའི་ཡན་ལག་རྗེས་འབྲེལ་བ། །མ་རིག་པ་ལས་འདུ་བྱེད་རྣམས། །ཞེས་བྱ་བ་ལ་སོགས་པས། ། རྒྱུ་དང་འབྲས་བུ་རྒྱུད་པ་ཡིན། །སེམས་གྱུར་པ་ཙམ་དུ་ཟད་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་དེ་ལྟ་དེ་ལྟར་ཡོངས་སུ་གྱུར་པས་ཁམས་གསུམ་པ་རྣམ་པར་གཞག་པའི་ཕྱིར་རོ། །བདག་དང་བྲལ་བ་ཉིད་ཀྱིས་སེམས་ཙམ་ལ་བརྟེན་པས་ན་སེམས་གཅིག་ལ་བརྟེན་པའོ། །རྣམ་པ་གཅིག་ཏུ་ན་འདིར་ ཡན་ལག་རྣམས་དང་ལྷན་ཅིག་འབྱུང་བ་བརྗོད་པར་བཞེད་པ་ཡིན་པས་སེམས་གཅིག་ལ་བརྟེན་པའི་ཕྱིར་ཏེ་འདི་ལྟར་གཞི་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞི་གང་ལ་ཞེས་བྱ་བ་ནི་བསོད་ནམས་ལ་སོགས་པ་ལའོ། །འདོད་ཆགས་དང་ལྡན་པ་ཞེས་བྱ་བ་ནི། ཀྱེ་མ་བདག་ གིས་བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམས་ཀྱི་ཚོགས་བསགས་ནས། ལྷ་ལ་སོགས་པའི་ནང་དུ་སྐྱེ་བར་བྱའོ་སྙམ་པའོ། །ཇི་ལྟར་ན་དེ་དག་གཞི་ཞེས་བྱ་ཞེ་ན། འདི་ལ་འབྲས་བུ་རྣམས་གནས་པའི་ཕྱིར་ཏེ། དེའི་ཕྱིར་གཞི་ནི་འདུ་བྱེད་རྣམས་སོ་ཞེས་བྱ་བ་གསུངས་སོ། ། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། དོན་དམ་པའི་བདེན་པ་ལ་འཇུག་པར་འགྱུར་བའི་རྒྱུ་ནི་ཀུན་རྫོབ་ཅེས་བྱའོ། །བརྟག་པ་རྣམ་པ་དྲུག་པོ་དེས། །རྣམ་དྲུག་ཡོངས་སུ་རྟོག་ཕྱིར་རོ། །ཇི་ལྟ་ཞེ་ན། ཀུན་ནས་ཉོན་མོངས་རྟེན་དང་ནི། །རྒྱུ་དང་དེ་བཞིན་ཉེས་དམིགས་བསྡུས། ། ཉེས་པ་སྤངས་པའི་རྣམ་པ་དང་། །ཡིད་མི་འབྱུང་དང་ཡིད་འབྱུང་དང་། །དེ་བཞིན་ཟབ་པ་ཉིད་མཐོང་ལས། །བརྟག་པ་རྣམ་པ་དྲུག་ཏུ་བཤད། །འདི་ནི་བདེན་པ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་བཅུའི་ནང་ནས་རྣམ་པ་གཉིས་པ་སྟེ། སེམས་གཅིག་ཏུ་ཡང་དག་པར་འདུ་བ་ཞེས་བྱ་བ་ སྦྱོར་བར་བྱེད་པའོ། །སེམས་ནི་རྣམ་པ་གཉིས་ཏེ་སེམས་ཙམ་དང་སེམས་གཅིག་ལ་བརྟེན་པའོ། །རྒྱུར་བརྟག་པ་ནི་རྣམ་པ་གཉིས་ཏེ། གཞན་གྱི་རྒྱུ་ཉིད་དུ་བརྟག་པ་ནི། དེ་ལ་མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནས། འཆི་བ་ཡང་བྱ་བ་གཉིས་ སུ་ཉེ་བར་གནས་པ་ཡིན་ཏེ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །རང་གི་བྱ་བ་བྱེད་པས་ཞེས་བྱ་བ་ནི་བདག་ཉིད་ཀྱི་བྱ་བ་ནི་རང་གི་བྱ་བའོ། །དེ་བྱེད་ཅིང་སྒྲུབ་པ་ནི་བྱེད་པ་སྟེ། དེས་ན་ཡན་ལག་གཞན་རྣམས་ཀྱི་རྒྱུ་ཡིན་ནོ། །དེ་ལ་འདུ་བྱེད་འཇིག་པར་ཡང་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་གཞུང་ འཕེན་པར་བྱེད་དོ། །ཚེ་རབས་གཞན་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཇི་ལྟར་ན་ཚེ་རབས་གཞན་གྱི་རྒྱུ་ཡིན་ཞེ་ན། གལ་ཏེ་ཤི་བ་དེ་ཡང་དག་པར་ཡོངས་སུ་མ་ཤེས་པར་གྱུར་ཏེ། གང་དག་གིས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ ཤེས་སོ་ཞེས་འཆི་བ་ཡང་དག་པར་ཡོངས་སུ་ཤེས་པ་དེ་དག་གི་འཆི་བ་དེ་ནི་ཚེ་རབས་གཞན་གྱི་རྒྱུ་མ་ཡིན་ནོ། །རང་གི་རྒྱུ་ཉིད་དུ་ཡོངས་སུ་བརྟག་པ་ནི་དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་མི་འཆད་པ་དང་སྟོན་པའོ་ཞེས་བྱ་བ་ལ་སོགས་ པ་ནས། སྐྱེ་བའི་རྐྱེན་མེད་པས་ན་རྒ་ཤི་ཉེ་བར་ཞི་ཞིང་སྟོན་པ་མེད་པའོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། རང་གི་རིགས་རྒྱུའི་དངོས་པོར་རྐྱེན་དུ་ཡོངས་སུ་བརྟག་པའི་ཕྱིར་རོ། །འདུ་བྱེད་རྣམས་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་མ་རིག་པ་ལ་སོགས་པ་རང་གི་རིགས་རྒྱུ་ཉིད་དུ་ཡོངས་སུ་སྟོན་པར་བྱེད་དོ། ། འདིར་མ་རིག་པ་ནི་རྒྱུར་གྱུར་པ་དང་། འབྲས་བུར་གྱུར་པ་དང་རྣམ་པ་གཉིས་སུ་བསྟན་ཏེ། འདུ་བྱེད་རྣམས་ཇི་ལྟར་མ་རིག་པའི་རྐྱེན་ཅན་ཉིད་ཡིན་ཞེ་ན། རྒྱུན་མི་འཆད་པ་དང་རྟོན་པ་ཞེས་སྨྲས་པ་གང་ཡིན་པའོ། །དེའི་ཕྱིར་མ་རིག་པའི་ས་བོན་ཡོད་པས་རྒྱུན་མི་འཆད་དེ། འདི་ལྟར་ཡང་སྲིད་པ་ མངོན་པར་འདུ་བྱེད་པས་ན་འདུ་བྱེད་རྣམས་ཞེས་བྱ་ལ། དེ་དག་ཀྱང་མ་རིག་པའི་ས་བོན་ཡོད་པའི་ཕྱིར་འདུ་བྱེད་དག་ཡིན་ཏེ། མ་རིག་པའི་ས་བོན་རྣམས་དཔྱིས་ཕྱུང་བ་ནི་ཡང་སྲིད་པ་མངོན་པར་འདུ་མི་བྱེད་པའི་ཕྱིར་རོ། །རྟོན་པ་ནི་འབྲས་བུར་གྱུར་པ་དེ་སྐྱེས་པས་དེ་དག་རྟོན་ཅིང་སྐྱེ་བ་སྟེ། །མ་ རྨོངས་ཅིག་ཤོས་སྐྱེ་བ་མེད། །ཅེས་འབྱུང་བའི་ཕྱིར་རོ། །དེ་ལ་ས་བོན་དུ་གྱུར་པ་གང་ཡིན་པ་དེ་ནི་བསྐྱེད་པར་བྱ་བ་ལ་རྒྱུ་ཡིན་ནོ་ཞེས་བྱའོ། །མ་རིག་པ་ལ་སོགས་པ་རང་གི་རིགས་རྒྱུའི་དངོས་པོར་རྐྱེན་ཉིད་དུ་ཡོངས་སུ་བརྟག་པ་བཤད་ཟིན་ཏེ། རྒྱུན་མི་འཆད་དང་རྟོན་རྣམ་གཉིས། ། མི་ཤེས་རྒྱུ་ལས་བྱུང་བ་སྟེ། །མ་རིག་ས་བོན་གྱུར་གང་དང་། །འབྲས་བུར་གྱུར་པར་བརྗོད་པ་ཡིན། །ས་བོན་དུས་ན་རྒྱུན་མི་འཆད། །འབྲས་བུ་སྐྱེ་བའི་ཚེ་ན་རྟོན། །འདི་ལྟར་དེ་ནི་སྐྱེས་པ་ལས། །འདུ་བྱེད་རྣམས་ནི་སྐྱེ་བར་འདོད། །འདི་གཉིས་ཀྱིས་ནི་འདི་ཡོད་པས་འདི་འབྱུང་ འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་འབྱུང་བ་དང་། སྐྱེ་བར་བཤད་པ་གང་ཡིན་པ་དེ་རབ་ཏུ་འགྲུབ་པོ། །རང་གི་རིགས་རྒྱུ་ཉིད་དུ་དོན་རྣམ་པ་གཉིས་ཀྱིས་ཞེས་བྱ་བ་ནི་རྟོན་པ་དང་། རྒྱུན་མི་འཆད་པའི་དོན་གྱིས་སོ། །ཐ་དད་པ་མ་ཡིན་པས་ཞེས་བྱ་བ་ནི་རྣམ་པ་བཞི་པ་སྟོན་པར་བྱེད་ པའོ། །རྣམ་པ་བཅུའི་ནང་ནས་རྣམ་པ་གསུམ་པ་སྟེ། རང་གི་ལས་མ་འདྲེས་པ་ཞེས་བྱ་བ་ནི་རེ་ཞིག་མི་སྦྱོར་ཏེ། འདི་སྙམ་དུ་སྦྱར་སླའོ་སྙམ་དུ་སེམས་སོ། །འདི་ལྟར་གཞན་གྱི་རྒྱུ་ཉིད་དུ་བརྟག་པར་ལས་རང་གི་ལས་མ་འདྲེས་པ་ཞལ་ཉིད་ནས་གསུངས་ཏེ། དེ་སྐད་དུ་རང་གི་བྱ་བ་བྱེད་པས་ ཡན་ལག་གཞན་གྱི་རྒྱུ་ཉིད་ཡོངས་སུ་བརྟག་པ་ཞེས་ཀྱང་སྨྲས་སོ། །དེ་ལྟ་བས་ན་རྟོགས་དགའ་བའི་རྣམ་པ་ཁོ་ན་བསྟན་པའི་ཕྱིར་ཐ་དད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྨྲས་སོ། །ད་ནི་ཐ་དད་པ་མ་ཡིན་པའི་དོན་དེ་ཡན་ལག་སྔ་མ་མེད་ན་ཡན་ལག་ཕྱི་མ་མི་འབྱུང་བར་ཡོངས་སུ་བརྟག་ པ་ཞེས་བྱ་བ་ལ་སོགས་པ་རྣམ་པ་གཉིས་ཀྱིས་བཤད་དོ། །ཡན་ལག་སྔ་མ་མེད་པར་ཡན་ལག་ཕྱི་མ་མི་འབྱུང་སྟེ། ཐ་དད་པ་མ་ཡིན་པའི་དོན་ནི་མེད་ན་མི་འབྱུང་བའི་དོན་ཏེ། འདི་ལྟར་རྒྱུ་མེད་པར་འབྲས་བུ་མེད་པས་རྒྱུ་མེད་པར་འབྲས་བུ་མི་འབྱུང་ཞེས་བྱའོ། །དེ་སྐད་དུ། གང་ཞིག་གང་གི་ རྒྱུར་མཐོང་བ། །དེ་ནི་དེ་ལས་སྐྱེ་བ་ཡིན། །རྒྱུ་ཡོད་མ་ཡིན་འབྲས་བུ་ནི། །ཇི་ལྟ་བུ་ཡང་མི་རུང་ངོ་། །ཞེས་གསུངས་ཏེ། དེ་ལྟ་བས་ན་སྟོན་པའི་དོན་འདི་གསལ་བར་བྱས་པ་ཡིན་ནོ། །རང་གི་རིགས་སུ་འདུས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་པས་ཐ་དད་པ་མ་ཡིན་པའི་དོན་འཆད་པའོ། །འདིར་ ཡང་ཐ་དད་པ་མ་ཡིན་པའི་དོན་ནི་སོ་སོ་པ་མ་ཡིན་པའི་དོན་ཡིན་ཏེ། རང་གི་རིགས་སུ་འདུས་པའི་རྐྱེན་ཡོངས་སུ་བརྟག་པ་ཞེས་གང་སྨྲས་པའོ། །དེ་ལྟ་བས་ན་རྒྱུན་མི་འཆད་པའི་དོན་རབ་ཏུ་གསལ་བར་བྱས་པ་ཡིན་ནོ། །ཉེས་དམིགས་བསྡུས་པར་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་ཉེས་དམིགས་ བསྡུས་པ་སྟེ། དེ་ཡོངས་སུ་བརྟག་པའོ། །ལམ་གསུམ་གྱིས་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ལམ་གྱིས་ཏེ། འདི་ལྟར་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཞེས་གསུངས་པ་ལ་སོགས་པའི་མདོས་ལམ་གསུམ་པོ་དག་བཤད་དོ། །གང་གིས་བསྡུས་ཤེ་ན། སྡུག་བསྔལ་གྱི་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་གྱི་རྒྱུ་ནི་ཉོན་མོངས་པ་དང་ལས་ཀྱི་ལམ་དག་གོ། །སྡུག་བསྔལ་ནི་སྐྱེ་བའི་ལམ་ཞེས་བྱ་བའོ། །རྣམ་པ་ལྷག་མ་རྣམས་ནི་སླ་བའི་ཕྱིར་སྦྱོར་བ་མི་བྱེད་དེ། འདི་ལྟར་ལམ་གསུམ་གྱི་རྒྱུད་དུ་འབྲང་བ་ཞེས་རང་ གི་སྒྲས་བཤད་པ་ལྟར་ལྷག་མ་རྣམས་ཀྱང་<ད་‚དེ་>དང་འདྲ་བར་བལྟ་བར་བྱའོ། །དེ་ལྟ་བུའི་ཉེས་དམིགས་བསྡུས་པ་ཡོངས་སུ་བརྟག་པ་ཡིན་པར་ཤེས་པར་བྱའོ། །ཡོངས་སུ་སྤངས་པར་ཡོངས་བརྟག་པའང་། །ཉེས་པ་རྣམས་ནི་ཡོངས་སྤང་ཡིན། །རྟེན་ཅིང་འབྲེལ་འབྱུང་སྨྲ་བ་ལ། །ཉེས་ རྣམ་གསུམ་དུ་ཡོངས་བརྟགས་ཏེ། །རྒྱུ་ལ་བྱེ་བྲག་མེད་པའི་ཕྱིར། །ལུས་ཀུན་ཅིག་ཅར་འགྲུབ་པ་དང་། །བྱེད་པོ་མེད་ཕྱིར་ལམ་བདག་གིར། །བྱ་བ་མེད་པར་ཐལ་བར་འགྱུར། །འབྲས་བུ་མེད་ཕྱིར་ལས་རྣམས་ནི། །ཆུད་ཟ་བར་ཡང་ཐལ་འགྱུར་ཏེ། །ལས་དེ་འབྲས་བུ་མ་ཆུང་བ། ། གང་ཕྱིར་འགག་པར་འགྱུར་ཕྱིར་རོ། །དེ་ལ་ཉེས་པ་ཡོངས་སུ་སྤང་བར་བརྟག་པ་ཞེས་བྱ་བ་ནི་གཞན་གྱིས་བསྒྲུབས་པའི་ཉེས་པ་ཡོངས་སུ་བརྟག་པའོ། །དེ་ལ་གཞན་དག་གིས་ཉེས་པ་འདི། རྣམ་པ་གསུམ་ནི་ཡོངས་སུ་བརྟགས། །འདིར་གཞན་དག་གིས་བདག་མེད་པར་སྨྲ་བ་ རྣམས་ལ། རྒྱུ་ལ་བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱི་ལུས་ཅིག་ཅར་མངོན་པར་འགྲུབ་པའི་ཉེས་པ་ཞེས་བྱ་བ་ལ་སོགས་པ་ཉེས་པ་རྣམ་པ་གསུམ་སྒྲུབ་པར་བྱེད་དོ། །ཅིག་ཅར་ཞེས་བྱ་བ་ནི་ལན་ཅིག་ཏུ་སྟེ། ཐམས་ཅད་ཀྱི་ལུས་མངོན་པར་གྲུབ་པ་དེ་ཉིད་ཉེས་པ་ཡིན་ནོ། །འདིར་ འཐད་པ་རྒྱུ་བྱེ་བྲག་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། རྒྱུ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །འདི་ལྟར་མ་འོངས་པའི་ལུས་སུ་གཏོགས་པའི་ལུས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་མ་རིག་པ་དང་། འདུ་བྱེད་ཙམ་གྱི་རྒྱུ་ལས་འབྱུང་བ་ཡིན་གྱི། གཞན་གྱི་རྒྱུ་ལས་འབྱུང་བར་མི་འདོད་ལ། མ་རིག་ པ་དང་འདུ་བྱེད་རྣམས་ཀྱང་སྔོན་གྱི་མཐའ་ན་ཉེ་བ་ཡིན་ཏེ། རྒྱུ་ཉེ་བའི་ཕྱིར་འབྲས་བུ་ཡང་ཅིག་ཅར་འབྱུང་བ་ཁོ་ནར་འགྱུར་རོ། །གང་ལ་བདག་ཡོད་པ་དེ་ལ་ནི་ཉེས་པ་འདིར་མི་འགྱུར་ཏེ། དེ་ནི་ལོངས་སྤྱོད་ཀྱི་རྟེན་ཡོངས་སུ་གཟུང་བར་བྱ་བ་ལ་དབང་བསྒྱུར་བ་ཡིན་པས་དེའི་ཕྱིར་ཧ་ཅང་ཐལ་ བར་མི་འགྱུར་རོ། །དེ་བཞིན་དུ་ལས་བདག་གིར་བྱ་བ་མེད་པ་ནི་ཉེས་པ་གཉིས་པ་ཡིན་ཏེ་ལས་བདག་གིར་བྱ་བ་ལ་ལས་རྣམས་བདག་གིར་བྱ་བ་ཉིད་ནི་བདག་ཉིད་ཀྱི་ཡིན་པའོ། །ལས་རྣམས་བདག་གི་ཡིན་ཏེ། དེའི་ཕྱིར་བདག་ཁོ་ནས་འབྲས་བུ་སྤྱད་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་མེད་པ་དེ་ ཉིད་ཉེས་པ་ཡིན་ནོ། །འདིར་འཐད་པར་བྱེད་པ་པོ་མེད་པས་ཞེས་བྱ་བ་སྨྲས་ཏེ། བྱེད་པ་པོ་ཡོད་ན་ནི་བདག་གི་ལས་རྣམས་ཞེས་བྱ་བར་འགྱུར་གྱི། མེད་ན་ནི་མི་འགྱུར་རོ། །ལས་རྣམས་ཆུད་ཟ་བའི་ཉེས་པ་ནི་གསུམ་པའོ། །ཆུད་ཟ་བ་ནི་འཇིག་པ་སྟེ། དེ་ཉིད་ཉེས་པ་ཡིན་ནོ། །འདིར་ འཐད་པ་འབྲས་བུ་མ་སྐྱེས་པར་འགགས་པས་ཞེས་བྱ་བ་སྨྲས་སོ། །ཇི་ལྟ་ཞེ་ན། བདག་མེད་ན་ལུས་དང་ངག་དང་ཡིད་ཅེས་བསྒྲགས་པའི་ལས་གང་དག་ཡིན་པ་དེ་དག་སྐྱེས་མ་ཐག་ཁོ་ནར་ཞིག་པས་འབྲས་བུ་སྐྱེ་བའི་དུས་ན་མི་གནས་སོ། །གང་ལ་བདག་ཡོད་པ་དེ་ལ་ནི་ཉེས་པ་འདིར་ མི་འགྱུར་ཏེ། འདི་ལྟར་དགེ་བ་འམ་མི་དགེ་བ་འགག་ཏུ་ཟིན་ཀྱང་བདག་ལ་ཆོས་དང་ཆོས་མ་ཡིན་པས་གནོད་པར་བྱ་བའི་ཕྱིར་ཉེས་པར་མི་འགྱུར་རོ། །དེ་ལྟ་བས་ན་འདི་དག་གིས་ནི་མ་བྱས་པ་དང་ཕྲད་པའི་ཉེས་པ་དང་། བྱས་པ་ཆུད་ཟ་བའི་ཉེས་པ་སྨྲས་པ་ཡིན་ནོ། །ཉེས་པ་རྣམ་པ་དེ་གསུམ་ ཆར་ཡང་ཡོངས་སུ་སྤངས་པ་བརྗོད་པར་འདོད་ནས། རེ་ཞིག་སྔོན་གྱི་མཐའ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་གཞི་འདྲེ་བར་བྱེད་དེ། སྩོགས་པ་ཞེས་བྱ་བའི་སྒྲས་ནི་མཐའི་བར་དང་། ཕྱི་མའི་མཐའ་དག་ཡོངས་སུ་བསྡུའོ། །སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ མྱོང་བར་མི་འགྱུར་བ་ལ་སོགས་པ་ཡོངས་སུ་བསྡུའོ། །ཚེ་འདིའི་ཕྱིར་སྔར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་གྱི་མཐའ་པའི་ལྟོས་པ་ཞེས་བྱ་བ་ཡིན་ནོ། །ཚེ་འདིའི་ཕྱིར་བྱས་པ་གང་ཡིན་པ་དེ་ཇི་ལྟར་སྔོན་གྱི་མཐའ་ཡིན་ཞེས་བྱ་བའི་ཀླན་ཀ་འདི་ཡོངས་སུ་སྤང་བའི་ཕྱིར་ད་ལྟར་བྱུང་བ་ནི་ཞེས་བྱ་བ་ ལ་སོགས་པ་སྨོས་ཏེ། དོན་ནི་སྔོན་ཞེས་བྱ་བའམ། བར་ཞེས་བྱ་བ་འམ་ཕྱི་མ་ཞེས་བྱ་བ་ནི་ལྟོས་ནས་བསྟན་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །འདི་སྐད་དུ་ཚེ་འདི་ཉིད་ཀྱི་ཕྱིར་མ་རིག་པ་དང་འདུ་བྱེད་དག་ཡོངས་སུ་བརྟག་པ་ན། སྔོན་གྱི་མཐའ་པ་ཡོངས་སུ་བརྟག་པ་ཡིན་ན་ཞེས་བཤད་པ་ ཡིན་ནོ། །གཞན་དག་ནི་གང་ལ་དགོས་པ་སྔོན་གྱི་མཐའ་ཡོད་པའམ། གང་ཞིག་དེའི་རྒྱུ་མཚན་གྱི་དངོས་པོར་རྣམ་པར་གནས་པ་དེ་ནི་སྔོན་གྱི་མཐའ་པའི་ལྟོས་པ་ཞེས་བྱ་སྟེ། མཐའི་བར་གྱི་རྒྱུ་མཚན་ཡིན་ནོ། །ཅིའི་ཕྱིར་དེ་སྐད་བསྟན་ཅེ་ན། དེའི་ཕྱིར་ད་ལྟར་བྱུང་བ་ནི་མ་འོངས་པའི་ སྔོན་གྱི་མཐའོ་ཞེས་བྱ་བ་སྨྲས་སོ། །ཚེ་འདིའི་ཕྱིར་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པར་བྱས་པའི་ཕྱིར་ཏེ། དེའི་ཕྱིར་ལྟོས་པའི་དོན་ནི་རྒྱུའི་དོན་དུ་རིག་པར་བྱའོ་ཞེས་སྨྲས་སོ་སྙམ་དུ་སེམས་སོ། །དོན་གང་ལ་ཞེས་བྱ་བ་ནི་དོན་གང་ལ་བརྟེན་ནས་ད་ལྟར་བྱུང་བའི་ལྟོས་པ་ཡིན་པ་དེ་འདྲི་ བའོ། །ཅིག་ཤོས་ཀྱིས་ཀྱང་བསྟན་པའི་ཕྱིར། ཚེ་རབས་སྔ་མའི་ལས་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཅི་ཞིག་སྟོན་པར་བྱེད་ཅེ་ན། འདིའི་རྣམ་པར་ཤེས་པ་ལ་སོགས་པ་ནི་སྔོན་གྱི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་ལས་དེ་ཡང་འབྲས་བུ་མི་འབྱིན་ཏོ་ཞེས་བྱ་བའི་དོན་འདི་ལ་ད་ལྟར་ བྱུང་བའི་ལྟོས་པ་ཡིན་ཏེ། འབྲས་བུ་རྒྱུ་དང་བཅས་པ་ཡོངས་སུ་བརྟགས་པའི་ཕྱིར་རོ། །ཡང་སྲིད་པ་མངོན་པར་འགྲུབ་པར་གཅིག་ཏུ་ངེས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་གྱི་མཐའ་པའི་ལྟོས་པའི་ཡུལ་དུ་བྱས་པ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་གང་དག་ཡིན་པ་དེ་དག་གིས་འཕངས་སུ་ ཟིན་ཀྱང་ཇི་སྲིད་དུ་སྲིད་པ་ལ་སོགས་པ་ཉེ་བར་ཟིན་པ་མ་ཡིན་པ་དེ་སྲིད་དུ་ཡང་སྲིད་པ་མངོན་པར་འགྲུབ་པར་མི་བྱེད་ཀྱི། ཉེ་བར་ཟིན་པ་དག་ནི་ཡང་སྲིད་པ་མངོན་པར་འགྲུབ་པར་གཅིག་ཏུ་ངེས་པ་ཡིན་པའོ། །དེ་ཕན་ཆད་དུ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཞུང་འཕེན་པར་བྱེད་དོ། །སྔོན་གྱི་མཐའ་པ་ ལ་སོགས་པའི་ལྟོས་པ་ཇི་སྙེད་གླེང་བསླང་བ་འདིས་ཅི་ཞིག་ཡོངས་སུ་སྟོན་ཅེ་ན། མ་བྱས་པར་གྱུར་པ་དང་ཞེས་བྱ་བ་ནི་མ་གྲུབ་པའི་ཕྱིར་རོ། །བྱས་སུ་ཟིན་ཀྱང་འབྲས་བུ་བསྐྱེད་ཟིན་པ་དང་། བྱས་ལ་འབྲས་བུ་མ་བསྐྱེད་ཀྱང་གལ་ཏེ་གཉེན་པོ་རྙེད་པས་སྤངས་ཟིན་པ་ཡིན་ནའོ། །བྱས་པ་ཉིད་ དང་འབྲས་བུ་མ་བསྐྱེད་པ་ཉིད་དུ་སྟོན་ཏོ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པས་ན་འདུ་བྱེད་རྣམས་ཞེས་བྱེ་བྲག་ཏུ་བཤད་པའི་ཕྱིར་རོ། །སྲེད་པ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ན་སྒྲས་ནི་ལེན་པ་ཡོངས་སུ་བསྡུའོ། །མ་སྤངས་པ་ཞེས་བྱ་བ་ཇི་ལྟར་ན་སྲེད་པ་ལ་སོགས་པས་མ་སྤངས་ པ་ཉིད་ཅེས་བྱ་ཞེ་ན། དེའི་ཕྱིར་སྲེད་པ་དང་ལེན་པ་ཟད་ན་ཞེས་བྱ་བ་སྨྲས་ཏེ། སྲེད་པ་ལ་སོགས་པ་ཟད་པས་ལས་རྣམས་ཟད་པ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་གཞི་ཀུན་དུ་བྲེས་ནས་ཉེས་པ་རྣམ་པ་གསུམ་ཡོངས་སུ་སྤོང་བ་སྦྱོར་བར་བྱེད་དེ། འདི་ལྟར་ གང་གི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཇི་སྐད་བཤད་པའི་ཚུལ་གྱིས་ན་ལས་ལ་ལ་ནི་བྱས་ལ་ལ་ནི་མ་བྱས། བྱས་པ་ཡང་རྣམ་པ་གཉིས་ཏེ་འབྲས་བུ་བསྐྱེད་ཟིན་པ་དང་། འབྲས་བུ་མ་སྐྱེས་པ་ཡང་སྤངས་པ་དང་། མ་སྤངས་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། ལས་རྣམས་ཀྱི་བྱེ་བྲག་ནི་ རྣམ་པ་དྲུག་ཡིན་པ་དེའི་ཕྱིར་ཀླན་ཀ་དང་པོ་ཡོངས་སུ་སྤང་བའི་ཕྱིར་ཐམས་ཅད་ཀྱིས་ལུས་ཅིག་ཅར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་ལས་ལ་ལ་ནི་བྱས་པ་ཡིན་ལ། བྱས་པ་ཡང་ཐམས་ཅད་སྐྱེས་ནས་མྱོང་བར་འགྱུར་བ་ཡང་མ་ཡིན་པའི་ཕྱིར་རོ། །དེ་སྐྱེས་ནས་མྱོང་བར་ མི་འགྱུར་བའམ། ནམས་ཀྱང་མྱོང་བར་མི་འགྱུར་བ་ཉིད་ཁོ་ན་ཡང་མ་ཡིན་པས་འདི་ལྟར་མྱོང་བར་མི་འགྱུར་བར་ཅིག་ཅར་དུ་ཡང་མི་འགྱུར་ཞེས་བྱ་བ་སྨྲས་ཏེ། འདིས་ནི་རྒྱུ་བྱེ་བྲག་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཉིད་དུ་ཡོངས་སུ་སྟོན་ཏོ། །གང་གི་ཕྱིར་མ་བྱས་པ་ནི་རྣམ་ པར་སྨིན་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་ཉེས་པ་གཉིས་པ་ཡོངས་སུ་སྤོང་བ་སྟོན་པར་བྱེད་དེ། གང་གི་ཕྱིར་ལས་མ་བྱས་པ་ནི་རྣམ་པར་སྨིན་པར་མི་འགྱུར་གྱི། འོ་ན་ཅི་ཞེ་ན། བྱས་པ་ཁོ་ནར་འགྱུར་བ་དེའི་ཕྱིར་གཞན་གྱི་རྒྱུད་ལ་ལས་དེ་མ་བྱས་པའི་ཕྱིར་གཞན་གྱི་རྒྱུད་ལ་རྣམ་པར་སྨིན་པ་མེད་ ཀྱི། བྱས་པའི་ཕྱིར་རང་གི་རྒྱུད་ལ་རྣམ་པར་སྨིན་པ་ཡོད་དོ། །དེས་ཡོངས་སུ་བསྒོས་པའི་ལུས་དང་སེམས་ཀྱི་རྒྱུད་ལས་དེ་ཉིད་ལས་འབྲས་བུ་འབྱུང་བས་དེ་ཁོ་ན་ལ་བྱེད་པ་པོར་ཉེ་བར་འདོགས་ཏེ། འདིས་ནི་བྱེད་པ་པོ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཉིད་དུ་ཡོངས་སུ་སྟོན་ཏོ། །ཉེས་པ་གསུམ་པོ་ཡོངས་སུ་ སྤང་བ་བསྟན་པའི་ཕྱིར་རྒྱུ་གསུམ་མེད་ན་ཞེས་བྱ་བ་སྨྲས་སོ། །རྒྱུ་རྣམ་པ་གསུམ་ནི་མ་བྱས་པའམ། འབྲས་བུ་བསྐྱེད་ཟིན་པའམ། གཉེན་པོ་རྙེད་པས་སྤངས་ཟིན་པར་གྱུར་པ་སྟེ། དེ་དག་མེད་ན་གདོན་མི་ཟ་བར་འབྲས་བུ་བསྐྱེད་པའི་ཕྱིར་རོ། །ལས་རྣམས་ཆུད་ཟ་བའི་ཉེས་པ་ཡང་མེད་དེ་ཞེས་བྱ་བ་ནི་ ཇི་སྐད་དུ། སེམས་གང་ལས་ནི་ལས་སྐྱེས་པ། །དེ་རྒྱུད་ལས་ཀྱིས་བསྒོས་པ་ལ། །དེ་འབྲས་སྐྱེ་ཕྱིར་བྱས་ཆུད་ཟ། །མ་བྱས་ཕྲད་པ་ཡོད་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །འདིར་ཡང་སྔོན་གྱི་མཐའ་དང་ད་ལྟར་བྱུང་བ་དང་། ཕྱི་མའི་མཐའ་ལ་སོ་སོར་རྟོག་པ་ཞེས་བྱ་བའི་རྣམ་པ་བཞི་ སྦྱར་བར་བྱའོ། །དེ་ལ་ཡིད་མི་འབྱུང་བ་དང་ཡིད་འབྱུང་བའི་རྒྱུར་ཡོངས་སུ་བརྟག་པ་ཞེས་བྱ་བ་ནི་ཡིད་མི་འབྱུང་བའི་རྒྱུར་ཡོངས་སུ་བརྟག་པ་དང་། ཡིད་འབྱུང་བའི་རྒྱུར་ཡོངས་སུ་བརྟག་པ་སྟེ། ཡིད་མི་འབྱུང་བའི་རྒྱུ་ནི་སྡུག་བསྔལ་ཆ་ཕྲ་བ་ཉིད་དོ། །དེ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་ ཉིད་དེ། དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྐྱེ་མཆེད་དྲུག་ཅེས་བྱ་བའི་བར་དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ་ཞེས་གང་གསུངས་པའོ། །དེ་དག་ནི་བྱིས་པ་རྣམས་ཀྱིས་ལེགས་པར་མི་རྟོགས་པས་ན་ཡིད་མི་འབྱུང་བའི་རྒྱུ་ཡིན་ནོ། །ཚོར་བ་གང་ཅི་ཡང་རུང་དེ་ནི་འདིར་ སྡུག་བསྔལ་བའོ་ཞེས་བྱ་བ་སྲིད་པའི་ཡན་ལག་འདི་དག་ལ་འདུ་བྱེད་ཀྱི་སྡུག་བསྔལ་བ་ཉིད་འཇུག་པའི་རྒྱུ་མཚན་སྟོན་པར་བྱེད་པའོ། །ཚོར་བ་དང་མཐུན་པའི་ཚོར་བ་ཡིན་པའི་ཕྱིར་ཏེ། འདི་ལྟར་གང་ལས་ཚོར་བ་དང་། ཚོར་བ་མ་ཡིན་པ་དེ་ཐམས་ཅད་ཚོར་བ་ཞེས་བྱ་བའི་ཕྱིར་རོ། །སྡུག་བསྔལ་ ཉིད་རགས་པའི་རྣམ་པ་ནི། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་འགྱུར་བའི་སྡུག་བསྔལ་ཉིད་དེ། བྱིས་པ་རྣམས་ཀྱིས་ཀྱང་བདེ་བླག་ཏུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡོངས་སུ་གདུང་བའི་ངོ་བོ་ཉིད་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་ཡིན་པས། དེ་ལྟ་བས་ན་སྡུག་བསྔལ་ཉིད་རྣམ་པ་གཉིས་ནི་སྡུག་བསྔལ་ཉིད་རགས་པ་ཞེས་བྱ་བ་སྟེ་རེག་པ་དང་ཚོར་བ་ཞེས་བྱ་བ་དེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །སྲིད་པའི་ཡན་ལག་ལྷག་མ་དེ་དག་ནི་འགྱུར་བའི་སྡུག་བསྔལ་ཉིད་དོ་ཞེས་གང་གསུངས་པའོ། །སྡུག་བསྔལ་གསུམ་ཀུན་དུ་འབྱུང་བ་ ཞེས་བྱ་བའི་རྣམ་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རང་གི་རྒྱུ་ལས་བྱུང་བའི་ཕྱིར་སྲིད་པའི་ཡན་ལག་རྣམས་གཞན་གྱིས་མ་བྱས་པ་ཞེས་བྱ་བ་ལ་རང་གི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་འདིར་རང་གི་རྒྱུ་ནི་རིགས་མཐུན་པའི་ས་བོན་ཡིན་ནོ། །འོ་ན་ནི་རང་ཁོ་ནས་བྱས་པ་དག་ཡིན་ནོ་ཞེས་བྱ་ བའི་ཀླན་ཀ་འདི་ཡོངས་སུ་སྤང་བའི་ཕྱིར་བདག་ཉིད་ཀྱིས་མ་བྱས་པ་ཞེས་སྨྲས་ཏེ། བདག་ཉིད་ཀྱིས་བྱས་པ་དག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྐྱེན་ལས་བྱུང་བའི་ཕྱིར་ཏེ། རྐྱེན་ནི་འདིར་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པར་འདོད་དོ། །འདི་གཉི་ག་བསྟན་པའི་ཕྱིར། མ་རིག་པའི་ རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་བྱུང་བ་ཞེས་གསུངས་སོ། །རྒྱུ་ནི་འདིར་རིགས་མཐུན་པའི་རྒྱུའོ། །རྐྱེན་ནི་ལྷན་ཅིག་བྱེད་པའོ། །འོ་ན་ནི་རྒྱུ་དང་རྐྱེན་ལྷན་ཅིག་པས་བསྐྱེད་པ་ཡིན་ནོ་ཞེས་བྱ་བའི་ཀླན་ཀ་འདི་དགག་པའི་ཕྱིར་གཉི་གས་མ་བྱས་པ་ཞེས་བྱ་བ་སྨྲས་ཏེ། སྐྱེ་བ་ཙམ་དང་འབྲེལ་པའི་ཕྱིར་རོ། །གལ་ཏེ་ཆོས་འགའ་ཞིག་འགའ་ལ་བྱེད་ན་ནི་དེ་ལྟ་ན་དེས་བསྐྱེད་པ་དག་ཏུ་འགྱུར་རོ། །བརྒྱ་ལ་ཅིའི་ཕྱིར་མི་བྱེད་སྙམ་ན་དེའི་ཕྱིར་བྱ་བའི་དུས་ན་མི་གནས་པས་ཞེས་བྱ་བ་སྨྲས་ཏེ། སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར། །ཞེས་བྱ་ བའི་ཐ་ཚིག་གོ། །དེ་ལྟ་བས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྐྱེ་བ་དང་འབྲེལ་བ་སྟེ་ཞེས་བྱ་བ་གསུངས་ཏེ། སྐྱེ་བ་དང་འབྲེལ་པ་ནི་སྐྱེ་བ་དང་འབྲེལ་པའོ། །གལ་ཏེ་དེ་ལྟ་ཡིན་ཏེ་བདག་ལས་མ་ཡིན་གཞན་ལས་མ་ཡིན་གཉི་ག་ལས་མ་ཡིན་ན། འོ་ན་ནི་རྒྱུ་མེད་ པ་དག་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཀླན་ཀ་འདི་ཡོངས་སུ་སྤོང་བའི་ཕྱིར། སྲིད་པའི་ལུགས་དང་མཐུན་པའི་ཕྱིར་རྒྱུ་མེད་པ་ལས་འབྱུང་བ་མ་ཡིན་ཞེས་བྱ་བ་སྨྲས་ཏེ། སྲིད་པ་ནི་འཁོར་བའོ། །དེའི་ལུགས་དང་མཐུན་པས་དེའི་ཕྱིར་རྒྱུ་མེད་པ་པ་དག་ཡིན་ནོ། །རྒྱུ་མེད་པ་པ་ཡིན་ དུ་ཟིན་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་རྣམ་པར་འབྱེད་པའོ། །ཅི་ཞིག་སྟོན་པར་བྱེད་ཅེ་ན། རྒྱུ་མེད་པ་པ་ཉིད་ཡིན་ན་ནི་སྲིད་པའི་ཡན་ལག་རྣམས་འབྱུང་བའི་མཚན་ཉིད་དུ་འགྱུར་གྱི། མི་འབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་སྐྱེ་བ་དང་མི་སྐྱེ་བ་འདི་དག་ཅི་ལས་གྱུར། དེའི་ཕྱིར་སྲིད་ པའི་ལུགས་དང་མཐུན་པ་ཉིད་དུ་མི་འགྱུར་གྱི་ཆད་པ་ཁོ་ནར་འགྱུར་བ་ཞིག་ན། སྲིད་པའི་ལུགས་དང་མཐུན་པ་སྲིད་པ་དང་མཐུན་པ་ཉིད་ཀྱང་ཡོད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྲིད་པའི་ལུགས་སུ་འབྱུང་བར་ཡོངས་སུ་བརྟག་པ་སྟེ་ཞེས་གང་གསུངས་པའོ། ། ཡན་ལག་ལྷག་མ་རྣམས་ཀྱང་སྦྱར་བར་བྱ་སྟེ། ཇི་ལྟ་ཞེ་ན། རྒྱུ་དང་རྐྱེན་ལས་འབྱུང་བ་ཞེས་བྱ་བ་ནི་གཞན་གྱིས་མ་བྱས་པ་དང་། རང་གིས་མ་བྱས་པར་ཡོངས་སུ་བརྟག་པར་རོ། །སྐྱེ་བ་དང་འབྲེལ་བ་ཞེས་བྱ་བ་ནི་གཉི་གས་མ་བྱས་པར་ཡོངས་སུ་བརྟག་པར་རོ། །མེད་པས་ཟད་པར་སོ་སོར་རྟོག་ པ་ཞེས་བྱ་བ་ནི་རྒྱུ་མེད་པ་ཉིད་སོ་སོར་བརྟག་པ་སྟེ། རྒྱུ་མེད་པ་ཉིད་ཡིན་ན་ནི་སྲིད་པ་མེད་དོ། །རྒྱུ་ཡོད་པ་ཉིད་ཡིན་ན་ནི་སྲིད་པ་ཡོད་དོ། །སྲིད་པ་ཡོད་པ་དེ་ཟད་པ་སྟེ་དེ་ལ་སོ་སོར་རྟོག་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པ་བཅུར་སོ་སོར་རྟོག་པ་འདི་ནི་ཞེས་བྱ་བ་ནི་རྣམ་པ་བཅུ་པོ་ཇི་ སྐད་དུ་སྦྱར་བ་སྟོན་པར་བྱེད་དོ། །མཚན་ཉིད་དང་བདེན་པ་རྣམ་པར་གཞག་པས་ཡོངས་སུ་བརྟག་པ་བསྟན་ཏེ་ཞེས་བྱ་བ་ནི་མཚན་ཉིད་དང་བདེན་པ་སྟེ། དེ་གཉིས་རྣམ་པར་གཞག་པས་ཡོངས་སུ་བརྟག་པ་ནི་མཚན་ཉིད་དང་