Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 116
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
ེས་སེམས་ཅན་རྣམས་བདག་གིར་བྱས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སེམས་ཅན་དེ་དག་གི་དོན་དུ་དཀའ་བ་སྤྱད་པ་མང་པོ་ཡུན་རིང་པོར་ཁས་བླངས་པས་རྩོལ་བ་ཤིན་ཏུ་མང་པོས་སྒྱིད་ལུག་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་རྣམ་པ་དྲུག་ནི་ཁྲོ་བ་ལ་སོགས་ པའོ། །དེ་ལ་བྱམས་པའི་སེམས་ལ་སོགས་པའི་མི་མཐུན་པའི་ཕྱོགས་སུ་གྲངས་བཞིན་དུ་ཡང་མ་ཡིན་ལ་ཚོལ་བ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བྱེ་བྲག་མེད་པར་ཤེས་པར་བྱ་བའི་ཞེས་བྱ་བ་སྨྲས་ཏེ། འདི་སྐད་དུ་སེམས་རེ་རེ་ལ་མི་མཐུན་པའི་ཕྱོགས་དྲུག་དྲུག་གོ་ཞེས་ བཤད་པ་ཡིན་ནོ། །གང་གིས་ཁོན་མ་བྱུང་བ་འབྱིན་པ་ཞེས་བྱ་བས་ནི་ཁྲོ་བས་སོ། །གང་གིས་འབྱུང་བའི་རྗེས་སུ་འབྲང་བའམ། འཕེལ་བར་བྱེད་པ་ནི་ཁོན་དུ་འཛིན་པས་སོ། །གང་གིས་དགེ་བའི་ལོ་ཏོག་ཅེས་བྱ་བ་ནི་ཕྱིའི་ཞིང་ཚ་སྒོ་ཅན་དང་ཆོས་མཐུན་པར་ཐབས་སོ། ། གང་གིས་མི་དགེ་བ་མ་སྐྱེས་པ་སྐྱེད་ཅིང་སྐྱེས་པ་ཡང་འཕེལ་བར་བྱེད་ཅེས་བྱ་བ་ནི་དྲི་མས་སོ། །གང་གིས་མི་སྡུག་པ་མི་དགའ་བ་མི་མཐུན་པ་སྐྱེད་ཅིང་སྐྱེས་པ་འཕེལ་བར་བྱེད་པ་ནི་གནོད་སེམས་ཀྱིས་སོ། །གང་གིས་སྡུག་པ་མ་སྐྱེས་པ་མི་སྐྱེད་ཅིང་སྐྱེས་པ་ཡང་འཕེལ་ བར་བྱེད་པ་ནི་ཁོང་ཁྲོ་བས་སོ། །དེ་དག་ནི་མི་དགེ་བ་རབ་འབྱམ་གྱིས་འཇུག་པར་བྱེད་པ་ཡིན་པའི་ཕྱིར་སྔོན་དུ་འགྲོ་བ་དག་ཡིན་ནོ་ཞེས་རྗོད་པར་བྱེད་པའོ། །དེ་ལ་ཐེག་པ་གཞན་ལ་ལྟ་བའི་གཉེན་པོར་ཡང་དག་པའི་ལམ་ལ་གནས་ཞེས་བྱ་བ་ཡིན་ནོ། །གཉིས་པ་དང་གསུམ་པ་ནི་ བཤད་ཟིན་པ་ཉིད་དོ། །བདག་གི་མཆོག་ཏུ་འཛིན་པའི་གཉེན་པོར་ལྟ་བ་དྲང་ཞེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། གླང་པོ་འཚོ་བཞིན་དུ་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་བདག་ལ་བཙན་དུ་བྱས་ན་སྙེམས་པར་བྱེད། ཚིག་གི་དོན་རྣམ་པར་འགོད་པར་བྱེད་པ་ནི་མ་ཡིན་གྱི། འོན་ ཀྱང་བླ་མས་ལུང་ཇི་ལྟར་བྱིན་པ་དེ་བཞིན་དུ་ལམ་དྲང་པོས་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །འཆབ་པའི་ལྟ་བ་ནི་གཉེན་པོ་མེད་ཅེས་བྱ་བ་ཡིན་ཏེ། གཡོས་རང་གི་ཉེས་པ་འཆབ་པའི་ཕྱིར་རོ། །བརྫུན་དུ་བརྗོད་པར་ལྟ་བའི་གཉེན་པོར་སྒྱུ་མེད་པ་ཞེས་བྱ་བ་ཡིན་ཏེ། སྒྱུས་ སྤྱོད་ལམ་ལ་སོགས་པས་སྦྱིན་བདག་ལ་སོགས་པ་ལ་ཡང་དག་པ་མ་ཡིན་པའི་ཡོན་ཏན་རབ་ཏུ་སྟོན་པའི་ཕྱིར་རོ། །འཇིག་རྟེན་པའི་ལྟ་བའི་གཉེན་པོར་སངས་རྒྱས་ལ་སོགས་པ་ལ་བསམ་པ་ངེས་པ་ཞེས་བྱ་བ་ཡིན་ཏེ། འདི་ལྟར་མུ་སྟེགས་དང་བྲམ་ཟེ་ལ་སོགས་པ་དག་ལ་ རྟེན་གྱི་སངས་རྒྱས་ལ་སོགས་པ་དག་ལ་གཅིག་ཁོ་ནར་དད་པ་མ་རྙེད་པས་དེ་དག་ལ་མི་འཇུག་པའི་ཕྱིར་རོ། །འདི་ལྟ་སྟེ་རྣམ་པ་ཐམས་ཅད་དང་སྐྱོན་མེད་པས་ནི་དེ་ལྟར་མཆོག་ཏུ་བྱུང་བའི་ཚུལ་ཁྲིམས་དང་རང་བཞིན་གྱི་ཚུལ་ཁྲིམས་ཡོངས་སུ་བསྟན་པ་ཡིན་ཏེ་གོ་རིམས་བཞིན་ ནོ། །ཡང་ན་ཚུལ་ཁྲིམས་གཉིས་ཀ་གཉི་གར་ཡོངས་སུ་བསྟན་པར་ཤེས་པར་བྱའོ། །སངས་རྒྱས་ཉིད་ནི་འཐོབ་པའི་རྒྱུ། །དགེ་བའི་ཆོས་དག་ཇི་སྙེད་པ། །དེ་དག་ཀུན་ཏུ་སྡུད་པའི་ཕྱིར། །ཚུལ་ཁྲིམས་གཉིས་པ་ཡང་དག་བཤད། །ཉེས་པར་སྤྱད་པ་འགྲོ་བའི་དོན་གྱིས་ ངན་སོང་གདགས་ཏེ་དགེ་བ་མེད་པར་བྱེད་པའི་ཕྱིར་རོ། །སྡུག་བསྔལ་གྱི་གནས་ལུས་མངོན་པར་འགྲུབ་པའི་དོན་གྱིས་ངན་འགྲོ་གདགས་ཏེ་འགྲོ་བ་ངན་པའི་ཕྱིར་རོ། །སྡུག་བསྔལ་སྣ་ཚོགས་སུ་རྟག་ཏུ་ལྟུང་བའི་དོན་གྱིས་རྣམ་པར་ལྟུང་བ་གདགས་ཏེ། སྡུག་བསྔལ་སྣ་ ཚོགས་སུ་རྒྱུན་མི་འཆད་པར་ལྟུང་བའི་ཕྱིར་རོ། །གྲངས་སུ་ནི་བཅུ་ཞེས་བྱ་བའོ། །ཁ་ན་མ་ཐོ་བ་ནི་མི་དགེ་བ་ཞེས་སྨོས་པས་སྟོན་ཏོ། །འབྲས་བུ་ཐོབ་པར་བྱེད་པ་ནི་ལས་ཀྱི་ལམ་ཉིད་ཀྱིས་སྟོན་ཏོ། །དེ་དག་ནི་ལས་ཀྱང་ཡིན་ལ། ངན་འགྲོ་འབྲས་བུར་གྱུར་པ་རྣམས་ ཀྱི་ལམ་ཡང་ཡིན་པས་སོ། །ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་ཞེས་བྱ་བའི་ཚིག་འདི་ལ་བསླབ་པ་ལེན་པ་ལྟ་བུའི་ཡང་དག་པར་ལེན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཀུན་ཏུ་སྤྱོད་པའོ་ཞེས་བྱ་བ་སྨྲས་ཏེ། ཡང་དག་པར་བླང་བ་ནི་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་མེད་པར་སྨྲ་བ་ནི་འཇིག་རྟེན་རྒྱང་ འཕེན་པའོ། །མི་འདྲ་བའི་རྒྱུར་སྨྲ་བ་ནི་དབང་ཕྱུག་ལ་སོགས་པར་སྨྲ་བ་སྟེ། འབྲས་བུ་མི་རྟག་པའི་རྒྱུ་རྟག་པ་ནི་མི་མཚུངས་པའི་ཕྱིར་མི་འདྲ་བ་ཡིན་ནོ། །རྣམ་པ་འདི་གཉི་ག་ཡང་ལས་ཀྱི་ལམ་རྣམས་རྒྱུའི་དངོས་པོར་བརྗོད་པས་བསྩལ་ཏོ། །ལོག་པར་སྒྲུབ་པ་ལ་གནས་པ་རྣམས་ བདག་ཉིད་དེ་འདྲ་བས་ཞེས་བྱ་བ་ནི་ལོག་པར་སྒྲུབ་པ་ལ་གནས་པ་ཁོ་ནས་དབྲལ་བ་དེ་དང་འབྲལ་བ་ལོག་པར་སྒྲུབ་པ་དང་དབྲལ་བ་སྟེ། མི་དགེ་བ་རྣམས་ལས་བཟློག་ནས་དགེ་བ་ལ་སྦྱོར་བར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མི་མཐུན་པའི་ཕྱོགས་དང་གཉེན་པོར་གྱུར་པ་ ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་ནི་མི་དགེ་བའི་ལས་ཀྱི་ལམ་རྣམས་སོ། །གཉེན་པོ་ནི་དགེ་བ་རྣམས་ཏེ། དེ་དག་འབྲས་བུ་ངན་འགྲོ་དང་བདེ་འགྲོ་དང་བཅས་པའོ། །འདིས་ནི་མདོའི་ཚིག་དེ་འདི་ལྟར་རྣམ་པར་དཔྱོད་དེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ལས་ཀྱི་ ལམ་གོང་ནས་གོང་དུ་རྣམ་པར་དག་པ་ཞེས་བྱ་བ་འདིས་ཀྱང་དེའི་གོང་དུ་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ལ་སོགས་པ་མདོའི་དུམ་བུ་ཐེག་པ་གསུམ་རྗོད་པར་བྱེད་པ་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་རྣམ་པ་ཞེས་བྱ་བ་ལ་སོགས་པ་ལ་འཕགས་པའི་བདེན་པའི་སྐབས་ཀྱིས་ འདིར་མི་དགེ་བ་ལྟོས་ནས་བདེན་པ་རྣམ་པར་བཤད་པ་ཡིན་པར་རིག་པར་བྱའོ། །མདོ་ལས་དེ་དག་ཤེས་རབ་ཀྱི་བདེན་པའི་རྣམ་པར་བསྒོམས་ན་ཉན་ཐོས་ཀྱི་ཐེག་པ་འགྲུབ་པར་བྱེད་དོ་ཞེས་གསུངས་པ་ནི་མ་ཡིན་ནོ། །མི་དགེ་བ་རྣམས་ནི་རང་གི་ངོ་བོ་སྤོང་གི་དགེ་བ་རྣམས་ནི་དེ་ལྟ་མ་ ཡིན་ནོ་ཞེས་བསྟན་པའི་ཕྱིར། བག་ལ་ཉལ་སྤངས་པ་ནི། དེ་འགོག་པ་ཞེས་བྱ་བ་སྨོས་ཏེ་དགེ་བ་རྣམས་ཀྱིས་ནི་དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤོང་བ་ཡིན་ནོ། །སྡུག་བསྔལ་གྱི་རྒྱུ་ལ་གནས་པའི་སེམས་ཅན་རྣམས་ལ་སྙིང་བརྩེ་བར་ཤེས་པར་བྱ་སྟེ། མ་འོངས་པའི་སྡུག་ བསྔལ་ལ་བརྟགས་ནས་སྙིང་བརྩེ་བ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་བར་གྱུར་པ་རྣམས་ལ་ནི་སྙིང་རྗེ་བར་ཤེས་པར་བྱའོ། །སེམས་ཅན་གྱི་སྡུག་བསྔལ་དག་གིས་གནོད་པར་འགྱུར་བས་ན་སྙིང་རྗེ་སྟེ། སེམས་ཅན་གྱི་སྡུག་བསྔལ་སྐྱེས་པ་སེམས་ཅན་བཞིན་དུ་མི་བདེ་བར་འགྱུར་ཞེས་བྱ་བའི་ཐ་ ཚིག་གོ །སྨྲས་པ། སྙིང་རྗེའི་གངས་ནི་གཅེར་བ་ལ། །གཞན་གྱི་སྡུག་བསྔལ་ཉི་ཚོགས་ཀྱིས། །གདུངས་ཏེ་སྙིང་ལ་བཞུ་བ་ན། །མཁས་མིག་གཉིས་ནས་འཛག་པ་འདྲ། །དེའི་གང་དུ་ཞེས་བྱ་བ་ལ་སོགས་པ་ལ་སྤོང་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཅེས་ཡོངས་སུ་སྦྱངས་པས་ཞེས་བྱ་བ་འདིས་སྟོན་ཏེ། འདི་ཉིད་ཤེས་བྱ་ཐམས་ ཅད་ཤེས་པ་ལ་དབང་བས་རྣམ་པ་ཐམས་ཅད་ཡོངས་སུ་སྦྱངས་པར་རིག་པར་བྱ་བས་རྣམ་པར་ཕྱེ་བ་ཡིན་ནོ། །དབང་བྱེད་པ་ནི་སྟོབས་བཅུའི་སྟོབས་ཞེས་བྱ་བ་འདིས་སྟོན་ཏེ། དེ་ཉིད་བདུད་ཕྱིར་རྒོལ་བ་སེལ་བའི་སྐབས་ཡིན་པ་སྟོབས་སྨོན་པ་ཞེས་བྱ་བས་བསྟན་ཏོ། །ཐེག་པ་གཉིས་ ཡོངས་སུ་སྤོང་བ་དང་མཁས་པ་འདི་གཉི་ག་ཡང་ཐེག་པ་དམན་པ་དག་སེལ་བར་བྱེད་པའི་སྐབས་ཡིན་པས་སངས་རྒྱས་ཀྱི་ཆོས་སྨོས་ཞེས་བྱ་བས་བསྟན་ཏོ། །ཆོག་མི་ཤེས་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། དེ་ལྟ་བས་ན་བདག་གིས་ཞེས་བྱ་བ་འདིས་བསྟན་ཏོ། །སྡུག་ བསྔལ་མ་ལུས་ཞི་བྱའི་ཕྱིར། །སེམས་ཅན་བྱ་བ་ཇི་སྙེད་པ། །བྱང་ཆུབ་སེམས་དཔའ་དེ་ཡི་ནི། །ངང་ཚུལ་ཡིན་ཕྱིར་གསུམ་པ་བརྗོད། །དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡོངས་སུ་ཤེས་པ་ནི་རྣམ་པ་གསུམ་གྱིས་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ ནི། གནས་སྐབས་ཀྱི་བྱེ་བྲག་ལ་སོགས་པས་མི་དགེ་བའི་ལས་ཀྱི་ལམ་དེ་དག་ཡོངས་སུ་ཤེས་པས་ན་ཡོངས་སུ་ཤེས་པའོ། །མི་དགེ་བ་རྣམས་ཀྱི་ཆེན་པོ་ལ་སོགས་པའི་གནས་སྐབས་ཐ་དད་པས་འབྲས་བུ་ཡང་དེ་བཞིན་དུ་ཐ་དད་པའི་ཕྱིར་གནས་སྐབས་ཀྱི་བྱེ་བྲག་ཡིན་ནོ། །དེ་ལྟར་ན་ སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཚད་མེད་པ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ནི་རེ་རེ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རེ་རེ་ཞེས་བྱ་བ་ནི་ལས་ཀྱི་ལམ་རེ་རེ་ཡིན་པའོ། །མཐའ་དག་གི་ཞེས་བྱ་བ་ནི་ཐམས་ཅད་ཀྱི་འབྲས་བུ་སྡུག་བསྔལ་གང་ཡིན་པའོ། །གང་དུ་ཞེ་ན། ངན་སོང་རྣམས་སུ་སྟེ་ཆེ་བ་དང་ཚད་མེད་པ་ཞེས་བྱ་བ་དང་གོ་རིམས་བཞིན་ནོ། །དེ་ལྟར་ན་ལས་ཀྱི་ལམ་ལ་ལྟོས་ནས་རེ་རེ་དང་མཐའ་དག་ཅེས་བྱ་བ་སྨོས་ཀྱི། །ངན་སོང་གི་ཁྱད་པར་དུ་བྱ་བའི་ཕྱིར་ནི་མ་ཡིན་ཏེ། འདི་ལྟར་ལ་ལ་ནི་འགའ་ཞིག་བྱེད། ལ་ལ་ནི་ཐམས་ཅད་བྱེད་ པའི་ཕྱིར་རོ། །དེ་ལྟར་ན་གཞུང་འདི་ཙམ་གྱིས་ནི་སྡུག་བསྔལ་ཡོངས་སུ་ཤེས་པའི་ཕྱིར་ཡོངས་སུ་ཤེས་པར་བཤད་པ་ཡིན་ནོ། །ཚེ་ཐུང་བ་དང་ནད་མང་བ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དེ་དང་འདྲ་བ་རྗེས་སུ་རྒྱུན་ཆད་པའི་ཕྱིར་ཏེ། སྲོག་གཅོད་པས་ཚེ་ཐུང་བར་འགྱུར་ལ། དེ་དང་བྲལ་བས་སྡུག་བསྔལ་བསྐྱེད་པའི་ཕྱིར་ནད་མང་བར་འགྱུར་རོ། །དེ་བཞིན་དུ་འོག་མ་རྣམས་ཀྱི་ཡང་ཤེས་པར་བྱའོ། །དེ་ནས་གལ་ཏེ་ཞེས་སྨོས་པ་ནི་མཇུག་ཐོགས་ཀྱི་རྒྱུ་ཡིན་པས་ཁྱད་པར་བྱ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། དེ་ནས་ཞེས་བྱ་བའི་ཚིག་གི་ཕྲད་འདི་ནི་མཇུག་ཐོགས་ལ་འབྱུང་ བས་གང་གི་ཚེ་ངན་སོང་རྣམས་ཀྱི་མཇུག་ཐོགས་སུ་མི་དག་གི་ནང་དུ་སྐྱེས་ན་ཞེས་བྱ་བ་འདི་ཤེས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་དང་། གལ་ཏེ་ཞེས་བྱ་བ་དང་། བརྒྱ་ལ་ཞེས་བྱ་བ་དང་། ནི་ཞེས་བྱ་བ་ནི་རྒྱུར་སྟོན་པ་སྟེ། དཔེར་ན་གང་གི་ཕྱིར་བློན་པོ་རྣམས་ཀྱིས་ཀྱང་མཆོད་པ་ དེའི་ཕྱིར་མཐུ་དང་ལྡན་ནོ་ཞེས་བྱ་བ་དང་། གལ་ཏེ་བཅོས་ལ། བརྒྱ་ལ་ཀུན་ནས་བྱས་ནས་ཁོ་བོའི་བྱ་བ་ཡིན་ནོ་ཞེས་བྱ་བ་དང་། དེ་ནི་སྐྱེས་བུ་དམ་པ་ཞེས་བྱ་བ་ལྟ་བུའོ། །འདི་ཡང་གལ་ཏེ་ཞེས་བྱ་བའི་ཚིག་གི་ཕྲད་ནི་རྒྱུའི་དོན་དུ་ཤེས་པར་བྱ་སྟེ། ཇི་ལྟ་ཞེ་ན་གང་གི་ཕྱིར་སེམས་ཅན་ དག་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་གིས་སྲོག་ཆགས་རྣམས་ལ་ཤིན་ཏུ་གནོད་པར་བྱེད་པ་དེའི་ཕྱིར་འདི་དག་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་མི་འདོད་པ་གཉིས་གཉིས་མངོན་པར་འགྲུབ་པར་འགྱུར་རོ་ཞེས་བྱའོ། །སྨོན་ལམ་ནི་འདོད་པ་སྟེ། ཆོས་ཀྱི་ཀུན་དགའ་ བ་ལ་དགའ་བས་དགའ་བར་གནས་པར་བྱའོ་ཞེས་བྱ་བ་འདིས་སྟོན་ཏོ། །སྒྲུབ་པ་ནི་བྱེད་པ་སྟེ། དགེ་བའི་ལས་ཀྱི་ལམ་རྣམས་ལ་བདག་ཉིད་ཀྱང་གནས་ལ་གཞན་དག་ཀྱང་འཇོག་པའོ། །སེམས་བསྐྱེད་པ་ཐ་མ་གཉིས་ནི་སློབ་དཔོན་གྱི་སེམས་ཉིད་དང་། སྟོན་པའི་སེམས་ཉིད་དོ། ། སེམས་སྔ་མ་རྣམས་ནི་ཡུལ་སོ་སོར་ངེས་པ་ཅན་ཡིན་ལ། འདི་གཉིས་ནི་སེམས་ཅན་ཐམས་ཅད་ལ་ཡིན་པས་དེ་དག་ཉིད་ལ་ཞེས་བྱ་བ་སྨོས་སོ། །དེ་ལ་ལྟོས་ནས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ཞེས་བྱ་བ་ནི་འདི་སྐད་དུ་སེམས་ཅན་རྣམས་ལ་ལྟོས་ནས། བརྟེན་ནས། དམིགས་ནས། བདག་གིས་བླ་ན་མེད་པའི་བྱང་ཆུབ་རྟོགས་ཏེ། དེའི་ཕྱིར་སེམས་འདི་དག་ནི་བླ་ན་མེད་པའི་ལམ་སྟོན་པར་བྱེད་པ་ཡིན་པས་སློབ་དཔོན་དུ་གྱུར་པའོ་ཞེས་དེ་དག་སེམས་སྐྱེད་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་ པ་རྒྱུ་ཡིན་པའི་ཕྱིར་དེ་དག་ལ་སྟོན་པའི་སེམས་ཉིད་སྐྱེད་པར་བྱེད་དོ། །ཕྱིན་ཅི་ལོག་གི་དབང་དུ་བྱས་ནས་ཞེས་བྱ་བ་ནི་བདག་ལ་སོགས་པར་ཕྱིན་ཅི་ལོག་པའི་དབང་གིས་དེའི་སྟོབས་ཀྱིས་སེམས་ཅན་དེ་དག་འདོད་པ་དང་སྲིད་པ་དང་ཚངས་པར་སྤྱོད་པ་ཚོལ་བར་གྱུར་པ་ཡིན་ཞེས་ བྱ་བའི་ཐ་ཚིག་གོ། །དེ་ལ་འདོད་པ་ཚོལ་བར་གྱུར་པ་དག་ཁོ་ན་ཐུན་མོང་མ་ཡིན་པ་དང་། ཆོག་མི་ཤེས་པ་དང་སྩོག་འཇོག་བྱེད་པའི་ཡོངས་སུ་སྤྱོད་པའི་བྱེ་བྲག་གིས་རྣམ་པ་གསུམ་དང་། ཉེས་པར་སྤྱོད་པ་དང་ལེགས་པར་སྤྱོད་པ་དག་གིས་ཚེ་འདི་དང་། ཚེ་རབས་གཞན་ཀུན་ཏུ་ ཚོལ་བའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ་རྣམ་པ་ལྔའོ། །སྲིད་པ་ཚོལ་བར་གྱུར་པ་དག་ཀྱང་འགྲོ་བ་དང་ཁམས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཚངས་པར་སྤྱོད་པ་ཚོལ་བར་གྱུར་པ་དག་ཀྱང་ལོག་པ་དང་ཡང་དག་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །སེམས་ཅན་རྣམ་པ་ དགུ་པོ་འདི་དག་ནི་གོ་རིམས་བཞིན་དུ་ཚིག་དང་པོ་མ་གཏོགས་པ་དགུས་སྟོན་ཏོ། །ཚིག་དང་པོས་ནི་ཕྱིན་ཅི་ལོག་བཤད་དོ། །དེ་ཉིད་ཀྱེ་མ་སེམས་ཅན་འདི་དག་ནི་ལྟ་བ་ངན་པར་ལྟུང་བ་ཞེས་བྱ་བས་སྟོན་ཏོ། །ཕྱིན་ཅི་ལོག་བཞི་ཆར་བསྟན་པ་ཡིན་ནོ། །དེ་དག་ཀྱང་རབ་ཏུ་ཕྱེ་ནས་ཚིག་ གཉིས་ཀྱིས་བཤད་དེ། བློ་གྲོས་མི་མཉམ་པ་ཞེས་བྱ་བས་ནི་གཉིས་སོ། །ཇི་ལྟ་ཞེ་ན་དེ་ལ་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་ནི་བློ་གྲོས་མི་མཉམ་པར་བཤད་དེ། དེ་གཉིས་ཀྱིས་བདག་དང་རྟག་པར་ཕྱིན་ཅི་ལོག་པ་དག་རབ་ཏུ་ཕྱེ་ཞིང་ བསྡུས་སོ། །བསམ་པ་མི་མཉམ་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་བསྡུས་པ་ཡིན་ནོ། །འདིས་ནི་བདེ་བ་དང་གཙང་བར་ཕྱིན་ཅི་ལོག་པ་གཞན་གཉིས་རབ་ཏུ་ཕྱེ་བ་སྟེ། བསམ་པ་མི་མཉམ་པ་ཞེས་བྱ་བ་འདིས་སྟོན་ཏོ། །དེ་དག་དང་མཐུན་པའི་གཉེན་པོར་ དམ་པའི་ཆོས་ནི་མ་ནོར་བའི་ལམ་ཞེས་བྱ་བ་སྟོན་ཏོ། །གཞན་དག་ན་རེ་རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་གཉིས་ནི་ངེས་པར་སེམས་པ་ལས་བྱུང་བའི་ཕྱིར་བློ་གྲོས་མི་མཉམ་པས་རབ་ཏུ་ཕྱེ་བའོ། །བདག་ཏུ་འདུ་ཤེས་པ་དང་། གཙང་བར་འདུ་ཤེས་པ་ཉིད་ནི་ངེས་པར་ སེམས་པ་མེད་པར་ཡང་འབྱུང་བའི་ཕྱིར་བསམ་པ་མི་མཉམ་པས་རབ་ཏུ་ཕྱེ་བའོ་ཞེས་ཟེར་རོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཡང་དག་པའི་ལྟ་བའི་ལམ་ཞེས་བྱ་བ་འདིས་སྟོན་ཏོ། །ཡང་དག་པའི་ལྟ་བ་འཇིག་རྟེན་ལས་འདས་པ་ཇི་ལྟ་བ་དེ་བཞིན་ཉིད་ལ་ཞེས་བྱ་བ་འདིས་སྟོན་ཏོ། །ད་ནི་ སེམས་ཅན་རྣམ་པ་དགུ་པོ་དེ་དག་ཚིག་དགུ་དང་ཐུན་མོང་མ་ཡིན་པའི་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་སྦྱོར་བར་བྱེད་དེ། དེ་ལ་མི་འཕྲོད་པ་སྨོས་པ་ནི་མི་མཐུན་པ་ཁྱད་པར་མེད་པར་བསྟན་པ་དེ་སེམས་དང་ངག་གི་བྱེ་བྲག་གིས་མི་མཐུན་པར་འཛིན་པ་དང་རྩོད་པ་ དག་གིས་བསྟན་ཏོ། །རྩོད་པ་ནི་མི་མཐུན་པར་སྨྲ་བ་སྟེ་འཐོབ་པའོ། །གནོད་པར་བྱ་བ་མངོན་པར་འདུ་བྱེད་པས་ཞེས་བྱ་བ་ནི་ཁྲོ་བ་དང་ཁོན་དུ་འཛིན་པ་དག་གིས་སོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་བྱམས་པ་ཉེ་བར་སྒྲུབ་པའོ། །ཆོག་མི་ཤེས་པས་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་ཞེས་ བྱ་བ་ལ་སོགས་པ་ལ་གཞན་གྱི་ནོར་ལ་མངོན་པར་འདོད་པ་ཅན་ཞེས་བྱ་བ་ནི་བརྣབ་སེམས་ཀྱིས་སོ། །ཡ་ང་བའི་འཚོ་བས་རྗེས་སུ་སྤྱོད་པ་ཡིན་ཞེས་བྱ་བ་ནི་ལུས་དང་ངག་གཉིས་ཀྱིས་ཏེ། དེ་ལུས་ཀྱིས་ནི་རྐུ་བ་དང་གཞལ་ལུགས་ལ་གཡོ་བྱེད་པ་དག་གིས་སོ། །ངག་གིས་ནི་བརྫུན་ དུ་སྨྲ་བ་ལ་སོགས་པས་སོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་འཚོ་བ་ཡོངས་སུ་དག་པ་ཉིད་དོ། །སོག་འཇོག་བྱེད་པས་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སོག་འཇོག་བྱེད་པ་ནི་སྩོགས་པ་སྟེ། དེ་ནི་འདོད་ཆགས་ལ་སོགས་པའི་རྐྱེན་ཡིན་ནོ། །དེ་ཉིད་ བཤད་པ་ལ། དེ་ལ་མངོན་པར་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་སོ། །དེའི་དགྲ་བོ་དེ་ལ་འདོད་པ་རྣམས་ཞེ་སྡང་གིས་སྡང་ངོ་། །དེ་ལ་ཡོན་ཏན་དུ་འཛིན་པ་ནི་གཏི་མུག་གིས་ཏེ། མཐོང་བ་དང་མ་མཐོང་བའི་ཉེས་དམིགས་མ་མཐོང་བའི་ཕྱིར་རོ། །འདི་ཡང་གསུམ་ གྱི་གཞི་དང་ལྡན་པ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ཡིན་ནོ། །སོག་འཇོག་དེ་ཉིད་ཡོངས་སུ་སྤྱོད་པའི་ཚེ་ཡུལ་ལ་ཉོན་མོངས་པ་རྣམ་པ་སྣ་ཚོགས་སྒོ་མང་པོ་སྒོ་སྣ་ཚོགས་ནས་ཀུན་ནས་བསླང་བས་རྒྱུན་མི་འཆད་པར་དུས་ཐམས་ཅད་དུ་ལུས་དང་སེམས་ཡོངས་སུ་ གདུང་བ་ཀུན་ནས་གདུང་བ་ནི་ཉེས་པ་གཉིས་པ་སྟེ། ཉོན་མོངས་པ་སྣ་ཚོགས་ཀྱི་མེ་ལྕེ་རྟག་ཏུ་རྒྱུན་མི་འཆད་པ་ཀུན་དུ་འབར་བར་གྱུར་ཞེས་གང་གསུངས་པའོ། །ཚེ་འདི་དང་ཕྱི་མ་ལ་སོགས་པ་དེ་ཉིད་ཀྱི་ཉེས་དམིགས་དེ་མ་མཐོང་བ་རྣམས་ངེས་པར་འབྱུང་བ་མི་ཚོལ་བ་ནི་ཉེས་པ་གསུམ་ པའོ། །ཇི་སྐད་བཤད་པའི་ཉེས་པ་གསུམ་པོ་ཡོངས་སུ་སྤོང་བའི་ཕྱིར་དེ་དག་དང་མཐུན་པའི་གཉེན་པོ་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་འཚེ་བ་མེད་པའི་མྱ་ངན་ལས་འདས་པ་ལ་ཞེས་བྱ་བ་ནི་ཚིག་གསུམ་གྱིས་བསྟན་ཏོ། །འདོད་པ་ཚོལ་བར་གྱུར་པ་རྣམས་ཀྱིས་ཡོངས་སུ་ སྤྱོད་པས་བྱས་པའི་བྱེ་བྲག་རྣམ་པ་གསུམ་བརྗོད་ནས། ད་ནི་གཉིས་པ་ཀུན་དུ་ཚོལ་བས་བྱས་པའི་བྱེ་བྲག་རྣམ་པ་གཉིས་པོ་གཞན་གང་ཡིན་པ་དེ་བཤད་པ་ལ་འཇུག་སྟེ། གཏི་མུག་གི་མུན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཏི་མུག་ཉིད་མུན་པ་སྟེ། དེ་ཡང་རབ་རིབ་ལ་ སོགས་པ་ཉིད་ཀྱིས་ཁྱད་པར་བྱེད་དོ། །རབ་རིབ་ལ་སོགས་པ་དང་འདྲ་བ་ཉིད་དུ་བསྟན་པའི་ཕྱིར་བཤད་པ་ཉིད་ལས་རྒྱུ་གསུམ་བཤད་དོ། །དེ་ཉིད་ལས་རབ་རིབ་ལ་སོགས་པའི་ཁྱད་པར་རྟོགས་པར་བྱའོ། །འདི་ཡང་གཏི་མུག་གི་མུན་པའི་རབ་རིབ་དང་ལིང་ཏོག་དང་མུན་གནག་ ཅེས་བྱ་བ་འདིའི་རྣམ་པར་བཤད་པ་ཡིན་ནོ། །ཇི་སྐད་བཤད་པ་དེའི་རྒྱུ་བརྟས་པ་ནི་འཇུག་པ་ཤས་ཆེ་བ་སྟེ་བག་ལ་ཉལ་ནི་ས་བོན་ནོ། །དེར་གྱུར་པ་གཏི་མུག་དེའི་རྒྱུ་བག་ལ་ཉལ་བརྟས་པར་གྱུར་པ་ཡང་ཉེས་པ་སྟེ། གཏི་མུག་མུན་པའི་ཐིབས་པོར་ཞུགས་ པ་ཞེས་གསུངས་པ་སྟེ། བག་ལ་ཉལ་ས་བོན་དེ་ཉིད་ཐིབས་པོ་ཡིན་པར་བཤད་དོ། །ཟག་པ་མེད་པའི་ཤེས་རབ་ལས་རིང་དུ་གྱུར་པ་ཡང་ཉེས་པའོ་ཞེས་བྱ་བར་སྙེགས་ཏེ། ཉེས་པ་སྔ་མ་གཉིས་ལ་ལྟོས་ནས་འདིར་ཡང་ཞེས་བྱ་བའི་སྒྲ་སྨོས་སོ། །ཇི་ལྟར་རིང་བར་གྱུར་ཞེ་ ན། དེའི་ཚོགས་ལེགས་པར་སྤྱད་པའི་མི་མཐུན་པའི་ཕྱོགས་ལ་བརྟེན་པས་ཞེས་བྱ་བ་སྨོས་ཏེ། མདོ་ལས་ནི། ཤེས་རབ་ཀྱི་སྣང་བ་དང་རིང་དུ་གྱུར་པ་ཞེས་བྱ་བ་ཡིན་ནོ། །གནོད་པ་ཆེན་པོའི་གནས་ངན་སོང་དུ་འགྲོ་བ་མུན་ནག་ཆེན་པོའི་ནང་དུ་འཇུག་པ་ཞེས་གང་ གསུངས་པའོ། །སྡིག་པ་བྱས་པ་རྣམས་ཀྱི་མཚན་མ་མི་བཟད་པ་གང་དག་ཡིན་པ་དེ་འཆི་བའི་ཚེ་འབྱུང་སྟེ། དེ་མཐོང་བས་འགྱོད་པ་དང་བཅས་ཡིད་མི་བདེ་བ་དང་བཅས་པའི་མཐོང་བས་འཆི་སྟེ་ཡ་ང་བ་མཐོང་བར་སྤགས་པ་ཞེས་གང་གསུངས་པའོ། །ཉེས་པ་བཞི་པོ་ འདི་དག་ནི་ཉེས་པར་སྤྱོད་པས་ཚེ་འདི་ལ་ཚོལ་བ་རྣམས་ཀྱི་ཡིན་པར་བཤད་དེ། དེ་དག་དང་མཐུན་པའི་གཉེན་པོ་ནི་ཤེས་རབ་ཀྱི་མིག་རྣམ་པར་སྦྱོང་བའོ། །ལེགས་པར་སྤྱོད་པས་ཚེ་རབས་གཞན་ཀུན་ཏུ་ཚོལ་བ་རྣམས་ཀྱི་དབང་དུ་བྱས་ནས་སྨྲས་པ། ལམ་ཡང་བར་ ཞུགས་པ་ཉིད་ཉེས་པ་ཡིན་ནོ། །དེ་ནི་རང་བཞིན་དང་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་རང་བཞིན་ནི་འདིར་འཁོར་བ་འབྲོག་ཡ་ང་བའི་ལམ་ཡིན་པར་བརྗོད་པར་བཞེད་པ་དེ་ཚིག་དང་པོ་ཉིད་ཀྱིས་བསྟན་ཏོ། །བགེགས་ནི་རྣམ་པ་བརྒྱད་དེ་གཡང་ས་ལ་མངོན་དུ་ཕྱོགས་པ་ནི་སེམས་ ཅན་དམྱལ་བ་ལ་སོགས་པའི་གཡང་ས་ལ་མངོན་དུ་ཕྱོགས་པ་ཞེས་གསུངས་པའོ། །རྒྱུའི་ནང་དུ་ཞུགས་པ་ནི། སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པའི་ལྟ་བ་ལ་གནས་པའི་ཕྱིར་ཏེ། ལྟ་བ་ངན་པའི་རྒྱུ་ཉམ་ང་བར་ཞུགས་པ་ཞེས་གསུངས་པའོ། །ཐིབས་པོས་ཀུན་ནས་ གཡོགས་པ་ནི་དེའི་རྒྱུ་སྟེ། བདེ་བར་ལྟ་བ་ཕྱིན་ཅི་ལོག་གི་མཚན་ཉིད་དེའི་རྒྱུ་གཏི་མུག་གི་བག་ལ་ཉལ་གང་ཡིན་པའོ། །དེས་འགེབས་པའི་ཕྱིར་དེ་ཉིད་གཏི་མུག་ཐིབས་པོ་ཡིན་ཏེ། གཏི་མུག་ཐིབས་པོས་ཀུན་ནས་གཡོགས་པ་ནི་ཞེས་གང་གསུངས་པའོ། །གཏི་མུག་ཐིབས་པོ་གང་དང་ལྡན་པ་རྣམས་བརྗོད་དུ་ཟིན་ཀྱང་གང་ལ་ཕྱིན་ ཅི་ལོག་ཏུ་གྱུར་པའི་ཕྱིར་བདེ་བར་ལྟ་བར་བཤད་པའི་སྡུག་བསྔལ་དེའི་སྡུག་བསྔལ་ཉིད་ཀྱི་རང་གི་ངོ་བོ་མི་རྟོགས་ཏེ་དེ་ཉིད་ཀྱི་ཕྱིར་གཏི་མུག་གི་བག་ལ་ཉལ་འདི་ནི་དེའི་རྒྱུ་ཡིན་ནོ། །ལོག་པའི་ལམ་དུ་ཞུགས་པ་ནི་དོན་དམ་པའི་བདེ་བ་ཐར་པའི་ཕྱིར་གདུང་བ་ལྔ་ལ་སོགས་པ་ལམ་ལོག་པར་ཞུགས་པའི་ཕྱིར་ཏེ། ལམ་ལོག་པར་གོལ་ བའི་ལམ་དུ་ཞུགས་པ་ཞེས་གང་གསུངས་པའོ། །ལྡོངས་པར་གྱུར་པ་ནི་འདོད་ཆགས་ཀྱི་ཆགས་པ་དེས་ལྡོངས་པར་གྱུར་པའི་ཕྱིར་ཏེ། ལྡོངས་པར་གྱུར་པ་ཞེས་གང་གསུངས་པའོ། །སྟོན་པ་དང་བྲལ་བ་ནི་མི་ཁོམ་པར་སྐྱེས་པ་དང་། ཁོམ་དུ་ཟིན་ཀྱང་བག་མེད་པའི་ཉེས་པས་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་ པའི་ཕྱིར་རོ། །དེའི་བསྟན་པའི་རྗེས་སུ་བྱེད་པས་བསླབ་པ་བསྲུང་བའི་ཕྱིར་སངས་རྒྱས་མཉེས་པ་ཡིན་ན་དེ་གཉིས་ཀྱིས་བསླབ་པའི་སྐལ་བ་དང་མི་ལྡན་པའི་ཕྱིར་དང་མི་འདྲ་བའི་ཕྱིར་མཉེས་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་དགེ་བ་ལ་སྦྱར་བའི་འོས་སུ་གྱུར་པ་མ་ཡིན་པས་སྟོན་པ་བཅོམ་ ལྡན་འདས་དེ་དང་བྲལ་བ་ཡིན་ནོ། །ཡོངས་སུ་འདྲེན་པ་མེད་པ་ཞེས་གང་གསུངས་པའོ། །གང་དུ་འགྲོ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་རོ། །ཚངས་པའི་འཇིག་རྟེན་ལ་སོགས་པ་ནི་འཁོར་བ་ཁོ་ན་ཡིན་ནོ། །དེ་ཉིད་ངེས་པར་འབྱུང་བ་མ་ཡིན་པ་ལ་ངེས་པར་འབྱུང་བར་ལྟ་བ་ཞེས་གསུངས་པ་ཡིན་ནོ། ། ཆོམ་པོས་ཟིན་པ་ཡང་ཞེས་བྱ་བ་ནི་བགེགས་བརྒྱད་པ་སྟེ། བགེགས་སྔ་མ་ལ་ལྟོས་ནས་ཡང་ཞེས་བྱ་བའི་སྒྲ་སྨོས་སོ། །བདུད་ཀྱི་ཡུལ་འདོད་པ་རྣམས་ལ་ཀུན་དུ་ཆགས་པའི་བསོད་ནམས་བདག་པ་ཡང་ཟད་པར་འགྱུར་ལ། མ་བྱས་པ་ཡང་མི་སྩོགས་སོ། །དེའི་ཕྱིར་བཅོམ་པ་ཡིན་ཏེ། བདུད་ཀྱི་ ལམ་གྱི་ཆོམ་པོས་ཟིན་པ་ཞེས་གང་གསུངས་པའོ། །འདོད་པ་རྣམས་ཉིད་བདུད་ཀྱི་ལམ་ཡིན་ལ། དགེ་བའི་ནོར་འཕྲོག་པའི་ཕྱིར་ཆོམ་པོ་ཡིན་ནོ། །དེ་ལྟར་རང་བཞིན་དང་བགེགས་ཀྱི་སྒོ་ནས་ཡ་ང་བ་བསྟན་ནས། ཆུད་ཟ་བའི་སྒོ་ནས་སྟོན་ཏེ། ཆུད་ཟ་བ་རྣམ་པ་གསུམ་ ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་སོ། །ས་ངན་པ་ལ་གནས་པའི་ཕྱིར་ནི་ཡོངས་སུ་འདྲེན་པ་མཁས་པ་དང་བྲལ་བ་ཞེས་གསུངས་པའོ། །དགྲའི་ས་ན་གནས་པ་ནི་བདུད་ཀྱི་བསམ་པ་ཐིབས་པོར་ཞུགས་ཞེས་གང་གསུངས་པའོ། །ཟིན་གྱི་ས་ལས་རིང་དུ་གྱུར་པ་ནི་སངས་ རྒྱས་ལ་སེམས་པ་ལས་རིང་དུ་གྱུར་པ་ཞེས་གང་གསུངས་པའོ། །དེ་ལྟར་ན་ཕྱི་རོལ་གྱི་རྣམ་པ་དང་ཆོས་མཐུན་པར་རང་བཞིན་དང་། བགེགས་དང་ཆུད་ཟ་བའི་སྒོ་ནས་འཁོར་བ་ཡ་ང་བ་ཉིད་དུ་བསྟན་ཏོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་བསྒྲལ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་འཇིགས་པ་མེད་པ་ ལ་དགོད་དོ། །དེ་ལྟར་ཐུན་མོང་མ་ཡིན་པ་དང་། ཆོག་མི་ཤེས་པ་དང་། སོག་འཇོག་བྱེད་པའི་ཡོངས་སུ་སྤྱོད་པའི་སྒོ་དང་། ཡང་དག་པ་དང་ལོག་པའི་ཚངས་པར་སྤྱོད་པ་གཉིས་ཀྱི་བྱེ་བྲག་གིས་འདོད་པ་ཚོལ་བ་རྣམ་པ་ལྔར་བསྟན་ནས། འགྲོ་བའི་སྒོ་ནས་སྲིད་པ་ཚོལ་བ་བཤད་པ་ལ་འཇུག་སྟེ། འགྲོ་བའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀླུང་ཆེན་པོར་བྱིང་བ་ཉིད་ཀྱི་ཉེས་པ་སྟེ་ཀླུང་དེའི་རྣམ་པ་ལྔར་བཤད་དེ། ཟབ་པ་ནི་འདོད་པ་ལ་སོགས་པའི་ཆུ་བོར་ཞུགས་པ་ཞེས་གང་གསུངས་པའོ། །འདས་པ་ནི་འཁོར་བ་རྒྱུན་གྱིས་འདས་པ་ཞེས་གང་གསུངས་པའོ། །མིང་ནི་སྲིད་པ་ ཆུ་ཀླུང་དུ་ཞུགས་པ་ཞེས་གང་གསུངས་པའོ། །ཤུགས་དྲག་པ་ནི་ཤུགས་དྲག་པོས་བདས་ཏེ་བྱ་བ་དང་། བལྟ་བའི་མཐུ་མེད་ཅེས་གང་གསུངས་པ་ཚིག་གཉིས་ཀྱིས་བསྟན་ཏོ། །སྔ་མ་འདས་ཞེས་བྱ་བ་ནི་འཇུག་པ་ཙམ་བརྗོད་པ་བཞེད་པ་ཡིན་གྱི། ཤུགས་དྲག་པས་ནི་བདས་པ་ཤིན་ཏུ་ དྲག་པར་སྟོན་ཏོ། །རྒྱས་པ་ཉིད་ནི་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་མང་པོའི་རྗེས་སུ་རྒྱུ་བ་ཞེས་གང་གསུངས་པའོ། །ཀླུང་དེ་ལྟ་བུའི་རང་བཞིན་ཡིན་ཡང་གལ་ཏེ་གནོད་པ་ཞིག་མེད་ན་དབུགས་ཕྱིན་པར་འགྱུར་སྲིད་ན། དེ་ཡང་མེད་དེ། གནོད་པ་འབྱུང་བར་བྱེད་པ་ཡང་རྣམ་པ་བཞི་ སྟེ་ཞེས་བཤད་པ་གང་ཡིན་པའོ། །དེ་ལ་ཆུ་སྲིན་གྱིས་ཟིན་པ་ནི་འཇིག་ཚོགས་ལ་ལྟ་བའི་ཆུ་སྲིན་གྱིས་ཟིན་པ་ཞེས་གང་གསུངས་པའོ། །གློང་དུ་ཆུད་པ་ནི་འདོད་པ་ཐིབས་པོའི་ཀློང་དུ་ཞུགས་པ་ཞེས་གང་གསུངས་པའོ། །དཀྱིལ་དུ་ཐོགས་པ་ནི་དགའ་བ་ཅན་དང་འདོད་ཆགས་ཀྱི་དཀྱིལ་དུ་ ཐོགས་པ་ཞེས་གང་གསུངས་པའོ། །དགའ་བ་ཅན་ནི་འདིར་ཡིད་བདེ་བ་ཉོན་མོངས་པ་ཅན་ཡིན་གྱི། ཡོངས་སུ་སྤྱོད་པའི་དུས་སུ་བརྗོད་པར་བཞེད་པའི་ཕྱིར་མ་འོངས་པ་དོན་དུ་གཉེར་བ་ནི་མ་ཡིན་ནོ། །གླིང་གི་ཐང་ལ་འཐོན་པ་ནི་ཕ་བོང་ལ་བབ་པ་བཞིན་དུ་ང་རྒྱལ་གྱི་ཕ་བོང་གིས་ཁེངས་པའི་ཕྱིར་ངའོ་ སྙམ་པའི་ང་རྒྱལ་གྱི་ཐང་ལ་འཐོན་པ་ཞེས་གསུངས་པའོ། །དེ་ལྟར་གནོད་དུ་ཟིན་ཀྱང་། གལ་ཏེ་གསོན་ན་ཐ་གི་ན། དེ་ཡང་མེད་པས་ཆུད་ཟ་བ་ཡང་རྣམ་པ་གསུམ་སྟེ་ཞེས་བྱ་བ་སྨྲས་སོ། །དེ་ལ་དང་པོ་ནི་དཔུང་གཉེན་མེད་པ་ཞེས་བྱ་བའོ། །གཉིས་པ་ནི་སྐྱེ་མཆེད་ཀྱི་གྲོང་ནས་མ་འཕགས་པ་ཞེས་བྱ་ བའོ། །གསུམ་པ་ནི་སྒྲོལ་བ་མཁས་པ་དང་བྲལ་བ་ཞེས་བྱ་བའོ། །ཁམས་ཀྱི་སྒོ་ནས་སྲིད་པ་ཚོལ་བའི་དབང་དུ་བྱས་ནས་སྨྲས་པ། བཙོན་རར་བཅུག་པའི་ཉེས་པ་ནི་ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བའི་བཙོན་རར་བཅུག་པ་ཞེས་བྱ་བ་འདིས་བསྟན་ཏོ། །བཅུག་པ་དེ་ནི་རྣམ་པ་ལྔར་ བཤད་དེ། དེ་ལ་ནད་མེད་པས་ཕོངས་པ་ནི། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུགས་པ་མང་པོ་ཞེས་བྱ་བའོ། །ལོངས་སྤྱོད་ཀྱིས་ཕོངས་པ་ནི། སྡུག་པ་དང་མི་སྡུག་པར་འབྲེལ་བ་ཞེས་བྱ་བ་སྟེ། ཕུན་སུམ་ཚོགས་པ་ལ་རྒུད་པས་བགེགས་བྱེད་པའི་ཕྱིར་སྡུག་པ་དང་མི་སྡུག་ པ་འབྲེལ་བ་ཞེས་བྱ་བར་རིག་པར་བྱའོ། །ཉེ་དུས་ཕོངས་པ་ནི་མྱ་ངན་དང་སྨྲེ་སྔགས་འདོན་པའི་རྗེས་སུ་རྒྱུ་བ་ཞེས་བྱ་བའོ། །ཚུལ་ཁྲིམས་ཀྱིས་ཕོངས་པ་ནི་སྲེད་པའི་སྒྲོག་ཏུ་བཅུག་པ་ཞེས་བྱ་བའོ། །ལྟ་བའི་ཕོངས་པ་ནི་མ་རིག་སའི་ཐིབས་པོས་ཀུན་ནས་ཁེབས་པ་ཞེས་བྱ་བའོ། །དེ་དག་དང་ མཐུན་པའི་གཉེན་པོ་ནི་ཁམས་གསུམ་པས་དབེན་པ་ལ་དགོད་པའོ། །ལོག་པའི་ཚངས་པར་སྤྱོད་པ་ཚོལ་བའི་དབང་དུ་བྱས་ནས་སྨྲས་པ། བདག་ཏུ་མངོན་པར་ཞེན་པ་ཉིད་ཉེས་པ་ཡིན་ཏེ། བདག་ཏུ་མངོན་པར་ཞེན་པ་ཞེས་བྱ་བ་འདིས་བསྟན་ཏོ། །དེ་ལ་ཕུང་པོའི་རྟེན་ལས་མི་འཕགས་ པ་ཞེས་བྱ་བ་ནི་ཕུང་པོའི་གཞི་ལས་མི་འཕགས་པའོ། །ལམ་བཟང་པོ་མ་ཡིན་པར་འགྲོ་བས་ན་ཕྱིན་ཅི་ལོག་བཞིས་འགྲོ་བ་ཞེས་བྱའོ། །བདག་ཏུ་དམིགས་ནས་ཞེས་བྱ་བ་ནི་བདག་སེམས་ལ་བཞག་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ ཞེས་བྱ་བ་ནི། བདག་དེ་ཉིད་འབའ་ཞིག་ཏུ་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འགྲོ་འདོད་པ་རྣམས་ཞེས་བྱ་བ་ནི་ཐར་པའི་ལམ་དུ་ཞུགས་པ་རྣམས་ཞེས་བྱ་བའི་ཐ་ཚིག་སྟེ། སྐྱེ་མཆེད་དྲུག་གི་གྲོང་སྟོང་པ་ན་གནས་པ་ཞེས་གང་གསུངས་པའོ། །ན་བ་དང་རྒ་བ་དེ་གཉིས་ཀྱི་རྒྱུ་ མཚན་ནམ་གནས་ནི་འདི་ལྟ་སྟེ། འབྱུང་བ་མི་མཉམ་པ་སྟེ་དེ་དང་རྗེས་སུ་འབྲེལ་བའི་ཕྱིར་ཏེ། འབྱུང་བ་ཆེན་པོ་བཞིའི་སྦྲུལ་གྱིས་གཙེས་པ་ཞེས་གང་གསུངས་པའོ། །ཕུང་པོའི་གཤེད་མ་རྗེས་སུ་འབྲང་བས་འཆི་བའི་ཕྱིར་ཕུང་པོའི་གཤེད་མའི་ཆོམ་པོས་བཅོམ་པ་ཞེས་བྱའོ། །སྡུག་བསྔལ་ སྣ་ཚོགས་རྗེས་སུ་འབྲེལ་བ་ཞེས་བྱ་བ་ནི་དེ་ལས་བྱུང་བའི་སྡུག་བསྔལ་ཞེས་བྱ་བ་དེའི་བཤད་པ་ཡིན་ཏེ། དེ་ལས་བྱུང་བ་ཞེས་བྱ་བ་ནི། ན་བ་དང་རྒ་བ་དང་འཆི་བ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ཡོངས་སུ་མི་འགྲོལ་བ་སྟེ། སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་གྱུར་པ་ཡིན་ཞེས་གང་ གསུངས་པའོ། །དེ་ལྟར་ན་བདག་ཏུ་མངོན་པར་ཞེན་པས་བསམ་པ་མ་རུངས་པར་བྱས་པའི་ཕྱིར་ཉེས་པ་འདི་དག་ལས་ཡོངས་སུ་མི་འགྲོལ་བས་འདི་དག་ཚངས་པར་སྤྱོད་པ་ལོག་པ་ཡིན་ནོ། །ཡང་དག་པའི་ཚངས་པར་སྤྱོད་པ་ཚོལ་བའི་དབང་དུ་བྱས་ནས་ཐེག་པ་དམན་པ་ལ་མོས་པའི་ཉེས་ པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་སོ། །དམན་པ་ཉིད་ནི་ཞུམ་པ་དང་ཞན་པ་ཉིད་དག་གིས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ལ་བརྟེན་ནས་སྨོན་ལམ་གྱི་ཉེས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ་བའི་ཕྱིར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་གི་སེམས་མི་བདོག་པ་ཞེས་གང་གསུངས་ པའོ། །སྒྲུབ་པའི་ཉེས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་པ་མི་བྱེད་པའི་ཕྱིར་ཏེ། ཐེག་པ་མཆོག་གིས་ངེས་པར་འབྱུང་བ་ཡོད་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་ལྟུང་བ་ཞེས་གང་གསུངས་པའོ། །ཅིའི་ཕྱིར་ཞེས་བྱ་བ་ཅི་སྟེ་ཤས་ཆེ་བར་ གསུངས་ཞེས་བྱ་བ་སྟེ། འདི་སྙེད་ཅིག་ནི་བརྩད་པ་ཡིན་ནོ། །དེ་མ་ཡིན་པ་དག་ལ་ཤས་ཆུང་བའི་ཕྱིར་ཞེས་བྱ་བ་ནི་ལན་ཡིན་ཏེ། འདི་སྐད་དུ་དང་པོ་ལ་ཚུལ་ཁྲིམས་མ་དག་པས་སྦྱིན་པ་མ་དག་མོད་ཀྱི། འོན་ཀྱང་ཕྱི་དང་ནང་བཏང་བའི་ཕྱིར་སྦྱིན་པ་རྣམ་པ་ཐམས་ཅད་གཏོང་བ་ལ་འཇུག་ པས་ལྷག་པ་ཡིན་ནོ། །ཚུལ་ཁྲིམས་ནི་ས་དང་པོ་ལ་རྣམ་པ་ཐམས་ཅད་ཀྱི་བྱེ་བྲག་གིས་འཇུག་པ་མ་ཡིན་པས་ཤས་ཆུང་བ་ཉིད་དུ་རིག་པར་བྱའོ། །འདིར་ནི་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་གྱིས་ཚུལ་ཁྲིམས་རྣམ་པར་དག་པ་ཡོངས་སུ་བསྟན་པའི་ཕྱིར་ཏེ། ཅི་ཞེ་ན། གསེར་གྱི་ས་ལེ་སྦྲམ་གྱི་དཔེས་ བསྟན་ཞེས་བྱ་བར་སྦྱར་རོ། །འདོད་ཆགས་མུན་པའི་གཉེན་པོར་གྱུར་པ་ཡི། །ཆགས་བྲལ་འོད་བྱེད་ས་ནི་རབ་ཐོབ་ནས། །ཆགས་དང་བཅས་པ་རྣམས་ཀྱི་འདོད་ཆགས་མུན། །རབ་ཞི་བྱ་ཕྱིར་མཐུ་རྣམས་ཞི་འཐོབ་བོ། །བསམ་པ་དྲང་བ་ཉིད་ལ་སོགས་པའོ། །རྣམ་དག་ཐབས་ནི་ སྣ་ཚོགས་རྣམ་མང་གིས། །གཉིས་པ། སྦྱང་བའི་ས་ལ་ཚུལ་ཁྲིམས་རྣམས་སྦྱངས་ནས། །འདོད་ཆགས་བྲལ་བ་ཐོབ་པར་བྱ་ཕྱིར་དེ། །རྒྱུ་རྣམས་བཅུ་ལ་ཡང་དག་བརྟེན་ནས་བརྩོན། །འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་བར་བྱེད་པ་རྒྱུ་རྣམ་པ་བཅུ་ལ་ཡང་དག་པར་བརྟེན་ཏེ། སེམས་ ཀྱི་བསམ་པ་ཡིད་ལ་བྱེད་པ་བཅུ་པོ་ཞེས་གང་གསུངས་པའོ། །འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་ནི་སེམས་ཀྱི་བསམ་པ་གང་གིས་འདོད་ཆགས་དང་བྲལ་བར་འགྱུར་བའོ། །དེའི་རྒྱུ་ཡིད་ལ་བྱེད་པ་ནི་གང་དག་མངོན་དུ་བྱས་ན་འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་ འཐོབ་པར་འགྱུར་བ་དེ་དག་ཡིད་ལ་བྱེད་པའོ། །བསམ་གཏན་བཟློག་ནུས་པ་ཞེས་བྱ་བ་ནི་བསམ་གཏན་གྱི་མཐུའི་འབྲས་བུ་དེ་བཟློག་ནུས་པ་ཉིད་དུ་རིག་པར་བྱ་བའི་བསམ་གཏན་ཉིད་བཟློག་པ་སྟེ། འདོར་བ་དང་འབྲལ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མཇུག་ཐོགས་སུ་ འོག་མར་སྐྱེ་བ་དང་ཡོངས་སུ་མི་ཉམས་པ་གཉིས་ཀྱིས་ཞེས་འབྱུང་བའི་ཕྱིར་ཏེ། བསམ་གཏན་རྣམ་པ་ཐམས་ཅད་དུ་བོར་རམ་བྲལ་ན་ནི་ཡོངས་སུ་ཉམས་པར་མི་རུང་ངོ་། །དེ་ལྟ་བས་ན་འདིར་བསམ་གཏན་གྱི་མཐུ་བཟློག་པར་རིག་པར་བྱའོ། །གལ་ཏེ་འདི་ཡང་ཇི་ལྟར་རུང་ཞེ་ན། འདི་ནི་ བསམ་གྱིས་མི་ཁྱབ་པ་ཉིད་དེ། དེ་སྐད་དུ། །ཐབས་ཆེན་དང་ནི་ལྡན་རྣམས་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་གྱུར། །འཁོར་བ་དང་ཞི་བའི་བདག་ཉིད་དེ། །དེ་ཕྱིར་བྱ་དཀའ་ཆུང་ཟད་མེད། །ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དེར་ཡང་སྐྱེ་ལ་ཀུན་ནས་ཉོན་མོངས་པ་ཡང་མེད་པ་ཉིད་ དུ་བརྗོད་པར་བྱའོ། །ས་འདི་ལ་ནི་འདོད་ཆགས་དང་བྲལ་བ་ཁོ་ན་འཇུག་པ་ཡང་མ་ཡིན་ལ། ཞུགས་མ་ཐག་ཏུ་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ཏེ། འདི་ཉིད་ལ་འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་བར་བྱེད་པ་དང་། འདོད་ཆགས་དང་བྲལ་བར་སྦྱོར་བ་རྣམ་པར་ གཞག་པའི་ཕྱིར། ས་འདི་ལ་གནས་པ་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །ཆགས་བྲལ་སྦྱོར་བ་ནས་བཟུང་སྟེ། །ཆགས་བྲལ་ཐོབ་པ་ཡན་ཆད་དུ། །འདོད་ཆགས་བྲལ་བ་ཐོབ་བྱའི་ཕྱིར། །སྦྱོར་བའི་ས་རྣམས་གསུམ་དུ་བཤད། །འདུ་བྱེད་དུ་གྱུར་པ་ཐམས་ཅད་ལ་མི་རྟག་པར་སོ་སོར་རྟོག་ཅེས་ བྱ་བ་ནས་བཟུང་སྟེ་ཚིག་གི་ལས་ཡོངས་སུ་དག་པ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་ཡིན་ནོ། །ཐེག་པ་དམན་པ་ལས་ཀུན་ཏུ་སྲུང་བར་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་དེ་ལ་གང་ལ་བརྟེན་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལའོ། །དེ་བཞིན་གཤེགས་ པའི་ཡེ་ཤེས་ས་བཅུ་པ་ལ་ཡང་མི་འཐོབ་པ་མ་ཡིན་ནམ། དེ་ཇི་ལྟར་ས་གསུམ་པའི་རྟེན་ཞེས་བྱ་ཞེ་ན། མ་ཐོབ་ཀྱང་དམིགས་པའི་ངོ་བོར་བརྟེན་ནས་ཞེས་བྱ་བ་ཡིན་པས་ཉེས་པ་མེད་དོ། །གང་གི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གྱི་ཕྱིར་རོ། །ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་པ་ནི་བརྩོན་འགྲུས་ཀྱིས་ ཏེ། འདི་དག་ནི་བདག་གིས་ཡོངས་སུ་བསྐྱབ་པར་བྱ་བ་ལ་སོགས་པས་བསྟན་ཏོ། །མཐུ་ཉིད་ཡོན་ཏན་ཏེ། དེ་ཡོངས་སུ་འཛིན་པ་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཅེས་བྱ་བ་ཡིན་ཏེ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ལ་སོགས་པ་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། ། མངོན་པར་རྫོགས་པར་བྱང་ཆུབ་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་མཚུངས་པ་མེད་པ་ཞེས་བྱ་བ་སྟེ་ཐུན་མོང་མ་ཡིན་པར་མངོན་པར་རྫོགས་པར་བྱང་ཆུབ་པས་ཟླ་མེད་པའི་ཕྱིར་རོ། །དོན་ཆེན་པོ་ཉིད་ཀྱི་ཡོན་ཏན་ཡོངས་སུ་འཛིན་པ་ནི་དཔག་ཏུ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཚད་བཟུང་དུ་ མེད་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་རྙེད་དཀའ་བ་ཉིད་ཅེས་བྱ་བ་ཡིན་ཏེ། མགོ་དང་ལག་པ་དང་རྐང་པ་ལ་སོགས་པ་སྦྱིན་པའི་སྡུག་བསྔལ་ཁས་བླངས་པས་ཐོབ་པར་བྱ་བའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་མ་འདྲེས་པ་ཉིད་ཅེས་བྱ་བ་ཡིན་ནོ། །སྔར་ནི་ཁྱད་པར་ མེད་པར་མི་མཚུངས་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་བཤད་ཀྱི། ད་ནི་དེའི་ཡོན་ཏན་དང་འདྲ་བའི་ཚུལ་གྱིས་ཆ་ཙམ་གྱི་སྒོ་ནས་ཀྱང་བཅོམ་ལྡན་འདས་དང་འདྲ་བ་མེད་དོ་ཞེས་བྱ་བ་ཡིན་པས་ཁྱད་པར་ཡོད་དོ། །རྣམ་པར་དག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་སྡུག་བསྔལ་དང་བྲལ་བ་ནི་གནོད་ པ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །སྡུག་བསྔལ་དང་བྲལ་བ་ནི་འཁྲུག་པ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །མྱ་ངན་ལས་འདས་པ་ཐོབ་པ་ནི་འཇིགས་པ་མེད་པའི་གྲོང་ཁྱེར་དུ་འགྲོ་བ་ཉིད་ཅེས་བྱ་བ་སྟེ་ཚིག་འོག་མ་གཉིས་ནི་དེ་ཁྱད་པར་དུ་བྱེད་པ་ཡིན་ནོ། །དེ་ལ་ཡོངས་སུ་བསྐྱབ་པར་བྱ་ཞེས་བྱ་བ་ནི་གཙོ་བོའི་ཚིག་ཡིན་ ནོ། །གང་ལས་ཡོངས་སུ་བསྐྱབ་པར་བྱ་བ་ནི་གང་ལས་ཏེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་ནི་དགྲོལ་བར་བྱ་ཞིང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་ནི་ཡོངས་སུ་སྦྱང་བར་བྱ་ལ། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ནི་གདོན་པར་བྱའོ། །ཇི་ལྟར་ཡོངས་སུ་བསྐྱབ་པར་བྱ་བ་ནི་ཇི་ལྟར་ གཞག་པར་བྱ་བ་སྟེ། ཚུལ་ཁྲིམས་ལ་གཞག་པ་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལ་ལྟོས་ནས་དགོད་པ་ཞེས་བྱ་བ་ཡིན་ནོ། །ཚིག་འདི་གཉིས་ནི་ཡན་ལག་ཡིན་ཏེ། ཚིག་གཞན་གྱིས་བཤད་དོ། །དེ་ལ་ཚུལ་ཁྲིམས་ལ་གཞག་པའི་ཕྱིར་ཡོངས་སུ་ཚིམ་པར་བྱ་བ་དང་། ཡང་དག་པར་གཞག་པར་བྱ་བ་ཞེས་བྱ་བ་ ཚིག་གཉིས་བསྟན་ཏོ། །ཏིང་ངེ་འཛིན་དང་ཤེས་རབ་ལ་ལྟོས་ཏེ་གདུལ་བར་བྱ་བ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ཡིན་ཞེས་བྱ་བ་འདིས་ནི་ཇི་ལྟར་ཡོངས་སུ་སྐྱོབ་པ་པོར་འགྱུར་བ་དེ་བཤད་དོ། །དེའི་ལམ་སྒོམ་པར་བྱེད་ཅེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ སྟེ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་སྟོན་པ་ཞེས་བྱ་བ་འདིས་བསྟན་ཏོ། །ཡོངས་སུ་སྨིན་པར་བྱེད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱས་ལ་བརྩོན་ཞེས་བྱ་བ་འདིས་བསྟན་ཏོ། །མཐར་ཕྱིན་པ་རྟོགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། མཐར་ཕྱིན་པ་ནི་སངས་རྒྱས་ཉིད་དོ། །དེ་ཉིད་རྣམ་པར་ཐར་པ་ལ་གནས་པ་ཡིན་ཏེ། ཆོས་ཀྱི་སྐུའི་མཚན་ཉིད་དོ། །དེ་ལ་མ་གཏོགས་པར་གཞན་སེམས་ཅན་གྱི་དོན་གྱི་ཐབས་མེད་དོ་སྙམ་དུ་དེ་ལྟར་ངེས་པ་ནི་མཐར་ཕྱིན་པར་རྟོགས་པའོ། །སངས་རྒྱས་མཐར་ཕྱིན་པ་དེ་ཡང་བྱང་ཆུབ་སེམས་ དཔའི་མཐར་ཕྱིན་པ་ཐམས་ཅད་རྟོགས་པའི་མཚན་ཉིད་མེད་ན་མི་འབྱུང་བ་ཡིན་པས་དེ་ལྟར་ན་མཐར་ཕྱིན་པ་སྒྲུབ་པ་རྟོགས་པ་ཡིན་ནོ། །མཐར་ཕྱིན་པ་སྒྲུབ་པ་ས་བཅུ་པའི་ངོ་བོ་ཉིད་དེ་ཡང་ས་འོག་མས་བསྡུས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་ན་མི་འབྱུང་བས་དེ་ལྟར་ན་མཐར་ ཕྱིན་པ་སྒྲུབ་པའི་གོང་ནས་གོང་མ་རྟོགས་པ་ཡིན་ནོ། །རང་དང་སྤྱིའི་མཚན་ཉིད་ལ་རྣམ་པར་རྟོག་པ་གཉི་ག་དང་བྲལ་བ་ལ་ལྟོས་ནས་རྒྱུ་བ་མེད་ཅིང་སྐྱེ་བ་མེད་པ་ཞེས་བྱ་བ་སྨོས་སོ། །སའི་ཡེ་ཤེས་དོན་དམ་པ་པ་དེ་ལྟ་བུ་དེ་ཡང་བསམ་གཏན་ལ་མཁས་པ་མེད་ན་མེད་པས་དེ་ལྟར་ན་མཐར་ ཕྱིན་པ་སྒྲུབ་པའི་གོང་མ་གོང་མ་རྟོགས་པ་ཡིན་ནོ། །ཡང་ཞེས་བྱ་བ་ནི་བསྡུ་བ་གཞན་སྟོན་པར་བྱེད་པ་སྟེ། སྔ་མ་ནི་གཞི་ཐ་དད་པ་ཡིན་ནོ། །ད་ནི་བསམ་གཏན་ལ་མཁས་པ་ཉིད་རྣམ་པར་ངེས་པ་ཡིན་ལ་སོ་སོར་རྟོག་པ་ཡང་ཡིན་པས་ཞེས་གཞི་མཐུན་པར་བསྡུ་བ་ཡིན་ནོ། །མཁས་པ་དེ་ཡང་ཐོས་པ་ ལ་མཁས་པ་མེད་པས་དེ་ལྟར་ན་དེ་སྒྲུབ་པའི་གནས་ལ་སྦྱོར་བ་ཡིན་ཏེ། དེ་སྒྲུབ་པ་ནི་བསམ་གཏན་ལ་མཁས་པའོ། །དེའི་གནས་ནི་ཐོས་པ་ལ་མཁས་པའོ། །ལ་ལ་ལས་རྟོགས་པ་ཞེས་བྱ་བའི་སྒྲ་ཡང་འབྱུང་བ་ཉིད་དོ། །དེར་ནི་གནས་ཀྱི་ཕྱིར་སྦྱོར་བ་ཞེས་བྱ་བར་སྦྱར་བར་བྱའི་རྟོགས་པའི་ཕྱིར་ ཞེས་བྱ་བ་ནི་མ་ཡིན་ནོ། །གང་ཡོངས་སུ་སྤང་བའི་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ལུས་ཀྱི་གནོད་པ་ཡོངས་སུ་སྤང་བའི་ཕྱིར་ནོར་གཏོང་སྟེ། ལུས་ཀྱི་གནོད་པ་དེ་དག་ཀྱང་ཉམས་སུ་ལེན་ཏོ། །ཇི་ལྟར་རྒྱལ་སྲིད་པས་ཀྱང་རིམ་གྲོ་ཆེར་བྱེད་ཅེ་ན། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པ་ བས་ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་མཐོ་རིས་སུ་སྐྱེ་བ་དང་། འཇིག་རྟེན་པའི་རྣམ་པར་དག་པ་པས་ཀྱང་རིམ་གྲོ་ཆེར་བྱེད་པ་ཡིན་ཞེ་ན། བརྒྱ་བྱིན་ཉིད་དང་ཚངས་པ་ཉིད་དག་དང་གོ་རིམས་པ་བཞིན་ནོ། །ཇི་ལྟར་ལུས་པས་ཀྱང་རིམ་གྲོ་ཆེར་བྱེད་ཅེ་ན། སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་བ་ ལ་སོགས་པ་གསུངས་པའོ། །དགའ་བ་དང་བཏང་སྙོམས་ནི་གྲོལ་བ་རྣམས་ཀྱི་དབང་དུ་བྱས་པ་སྟེ། འདི་དག་གི་སྡུག་བསྔལ་ལོག་པ་དྲན་པས་མགུ་བ་སྐྱེ་བའི་ཕྱིར་དགའ་བ་ལ་སྙོམས་པར་འཇུག་ལ། དེ་དག་གི་སྡུག་བསྔལ་ལོགས་པ་ཟིན་པ་ལ་བརྩོན་པ་མེད་པའི་ཕྱིར་བཏང་སྙོམས་ལ་སྙོམས་ པར་འཇུག་གོ། །ས་སྔ་མ་གཉིས་ལ་ཡང་བསམ་གཏན་ལ་སོགས་པའི་སྙོམས་པར་འཇུག་པ་དེ་མེད་པ་ནི་མ་ཡིན་ཏེ་ཡོད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །དགག་པ་གཉིས་ནི་མི་དགག་པའི་དོན་ཡིན་པའི་ཕྱིར་ཏེ། དཔེར་ན་མི་བྱ་བ་མ་ཡིན་པ་ནི། བྱ་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་དང་འདྲའོ། ། དེ་ལ་བསམ་གཏན་དང་པོ་ལ་འདོད་པ་རྣམས་ལས་དབེན་པ་ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། རྒྱགས་པའི་གནས་སུ་གྱུར་པ་ཡོངས་སུ་གཟུང་བ་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དག་ཡལ་བར་བཏང་བ་ཉིད་བཤད་པ་ཡིན་ནོ། །སྡིག་པ་མི་དགེ་བའི་ ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་གཟུགས་ལ་སོགས་པ་ནི་ཡལ་བར་བོར་བ་ཙམ་མ་ཡིན་གྱི་དེ་དག་དང་ཕྲད་པའི་རྒྱུས་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ལ་འཇུག་པ་གང་དག་ཡིན་པ་དེ་དག་སྤངས་པར་བཤད་པ་ཡིན་ནོ། །དེ་ལྟར་ན་བསམ་གཏན་དང་པོ་ལ་འདོད་པ་དང་སྡིག་པ་མི་ དགེ་བའི་ཆོས་ལས་དབེན་པ་ཉིད་ཀྱིས་ནི་མི་མཐུན་པའི་ཕྱོགས་ཉམས་པ་ཡོངས་སུ་བསྟན་ཏོ། །དེའི་འོག་ཏུ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་པའི་ཁམས་པའི་རྟོག་པ་དང་དཔྱོད་པ་རབ་ཏུ་ཞི་བ་དང་། གཟུགས་ཀྱི་ཁམས་པའི་རྟོག་པ་དང་དཔྱོད་པ་རྒྱུན་ཆགས་ པར་བཤད་པ་ཡིན་ནོ། །དེ་ལྟར་ན་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་ཉིད་ཀྱིས་ནི་གཉེན་པོ་བསྒོམ་པར་བཤད་དོ། །དེའི་འོག་ཏུ་དབེན་པ་ལས་སྐྱེས་པ་ཞེས་བྱ་བ་ནི་མི་དགེ་བ་ལས་དབེན་པ་ལས་སྐྱེས་པའི་ཕན་ཡོན་བཤད་དོ། །ཕན་ཡོན་དེ་ཡང་གང་ཞེ་ན། དེའི་ འོག་ཏུ་དགའ་བ་དང་བདེ་བ་ཅན་ཞེས་གསུངས་ཏེ། དེ་ལ་དགའ་བ་ནི་སྙོམས་པར་འཇུག་པའི་སེམས་རབ་ཏུ་དགའ་བའོ། །བདེ་བ་ནི་ལུས་དང་སེམས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་ལས་སུ་རུང་བའི་ཚུལ་གྱིས་རྒྱུད་ཉམས་བདེ་བའོ། །དགའ་བ་དང་བདེ་བ་ནི། དགའ་བ་དང་བདེ་བ་སྟེ། དགའ་ བ་དང་། ཡིད་བདེ་བས་ནི་བསྒོམས་པའི་ཕན་ཡོན་བཤད་དོ། །དེའི་འོག་ཏུ་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་གྱིས་དེ་གཉི་གའི་གནས་ཏིང་ངེ་འཛིན་བཤད་དེ། གཉེན་པོ་སྒོམ་པའི་གནས་དང་། བསྒོམས་པའི་ཕན་ཡོན་གྱི་གནས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ས་ལ་སེམས་འཁྲུག་པར་བྱེད་པ་རྟོག་པ་དང་དཔྱོད་པ་གང་དག་ཡིན་པ་དེ་དག་སྤངས་པར་བཤད་པ་དེ། དེ་ལྟར་ན་བསམ་གཏན་གཉིས་པ་ལ་མི་མཐུན་པའི་ཕྱོགས་ཉམས་པའི་བཤད་པ་ཡིན་ནོ། །དེའི་འོག་ཏུ་ནང་ཡོངས་སུ་དང་ སྟེ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་བསམ་གཏན་པས་ཕྱི་རོལ་གྱི་གནོད་པ་རྣམས་དང་བྲལ་བ་གནོད་པ་མེད་པའི་གནས་བསྒྲུབས་ཏེ་དགའ་བས་སྙིང་ཡི་ཟ་ལང་བ་ན་དགའ་བའི་དགོད་པས་བསྐྱོད་པའི་རྟོག་པ་དང་དཔྱོད་པ་དག་གིས་ནང་ཡོངས་སུ་མ་དང་བ་ཡིན་ནོ། །དེས་རྟོག་པ་དང་དཔྱོད་པ་སྤངས་ཏེ་ སེམས་ཀྱི་རྒྱུད་འཁྲུག་པ་མེད་པ་ན་ནང་དང་བ་ཡིན་པས་དེའི་ཕྱིར་རྟོག་པ་དང་དཔྱོད་པ་རྣམས་དང་བྲལ་བས་ནང་ཡོངས་སུ་དང་སྟེ་ཞེས་གསུངས་སོ། །དེའི་འོག་ཏུ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་སེམས་དམིགས་པ་ལ་དོན་གཅིག་ཏུ་རྒྱུ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། གྱུར་པའི་སྒྲ་ ནི་རྒྱུ་བའི་དོན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ནང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པའི་ཕྱིར་བསམ་གཏན་གཉིས་པ་ལ་ཡང་གཉེན་པོ་སྒོམ་པར་བཤད་པ་ཡིན་ནོ། །རྟོག་པ་མེད་པའི་དཔྱོད་པ་མེད་པ་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་རྟོག་པ་དང་དཔྱོད་པ་རྣམས་མི་སྲིད་པར་ བཤད་པ་ཡིན་ནོ། །རྟོག་པ་དང་དཔྱོད་པ་དང་བྲལ་བ་ཞེས་བཤད་ཟིན་ན་ཡང་རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་བྱ་ཅི་དགོས་ཤེ་ན། བསམ་གཏན་དང་པོ་འདི་ལ་བསམ་གཏན་ལ་འདོད་པའི་ཁམས་ཀྱི་རྟོག་པ་དང་དཔྱོད་པ་དག་ལས་གྲོལ་ཡང་བསམ་གཏན་དང་པོའི་ས་པའི་རྟོག་པ་དང་དཔྱོད་པའི་ ཁྱད་པར་དག་དང་རྗེས་སུ་འབྲེལ་བར་འགྱུར་ཏེ། དེའི་ཕྱིར་ལ་ལ་འདི་སྙམ་དུ་ཇི་ལྟར་བསམ་གཏན་དང་པོ་ལ་འདོད་པ་ན་སྤྱོད་པ་རྣམས་ལྡོག་ལ། བསམ་གཏན་དང་པོའི་ས་པ་སྐྱེ་བ་དེ་བཞིན་དུ་བསམ་གཏན་གཉིས་པོ་ལ་ཡང་བསམ་གཏན་དང་པོའི་ས་པ་རྣམས་ནི་བཟློག་ལ། བསམ་གཏན་ གཉིས་པའི་ས་གཞན་སྐྱེའོ་སྙམ་དུ་སེམས་སྲིད་པས། དེའི་ཕྱིར་བསམ་གཏན་གཉིས་པ་ལ་རྟོག་པ་དང་དཔྱོད་པ་རྣམས་མི་སྲིད་པར་བསྟན་པའི་ཕྱིར་རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་གསུངས་སོ། །ཡང་ཇི་ལྟར་བསམ་གཏན་གཉིས་པའི་ས་ལ་བསམ་གཏན་དང་པོའི་ས་པའི་དགའ་བ་དང་ བདེ་བ་ནི་ལྡོག་ལ་བསམ་གཏན་གཉིས་པའི་ས་པའི་དགའ་བ་དང་བདེ་བའི་ཁྱད་པར་གཞན་འབྱུང་བ་ལྟར་རྟོག་པ་དང་དཔྱོད་པ་རྣམས་ཀྱང་དེ་དང་འདྲའོ་སྙམ་དུ་སེམས་པའི་ཐེ་ཚོམ་འདི་བསྩལ་བའི་ཕྱིར་ཡང་རྟོག་པ་མེད་པའི་དཔྱོད་པ་ཞེས་གསུངས་སོ། །དེའི་འོག་ཏུ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་ བ་དང་བདེ་བ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ས་པའི་དགའ་བ་དང་བདེ་བའི་ཁྱད་པར་དུ་བྱ་བའི་ཕྱིར་བཤད་པ་ཡིན་ནོ། །ཇི་ལྟ་ཞེ་ན་བསམ་གཏན་དང་པོའི་ས་ལ་ནི་གནོད་པ་ལས་དབེན་པའི་དགའ་བ་དང་བདེ་བ་སྐྱེ་སྟེ་ཆོམ་རྐུན་གྱིས་གཙེས་པའི་མི་བདེ་བར་ཡུལ་དུ་ཕྱིན་པ་དང་འདྲ་ལ། བསམ་ གཏན་གཉིས་པའི་ས་ལ་ནི་རྟོག་པ་དང་དཔྱོད་པ་དག་གིས་མ་དཀྲུགས་པའི་སེམས་མཉམ་པར་གཞག་པ་ལས་དགའ་བ་དང་བདེ་བ་སྐྱེའོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་དང་པོ་ལ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བཤད་ལ། གཉིས་པ་ལ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ དགའ་བ་དང་བདེ་བ་ཞེས་བཤད་དེ། འདིས་ནི་བསྒོམས་པའི་ཕན་ཡོན་བཤད་དོ། །བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་གྱིས་དེ་གཉི་གའི་གནས་བསྟན་ཏོ། །དེའི་འོག་ཏུ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་ནི་སྤངས་ ཟིན་པའི་ཕྱིར་གནོད་པ་བྱེད་པ་གང་ཡིན་པ་དེ་དང་བྲལ་བར་བཤད་པ་ཡིན་ནོ། །བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པ་ཆ་ཕྲ་བའི་ཕྱིར་ཡིད་འབྱུང་བར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཞེས་བྱ་བ་ འདིས་ནི། བསམ་གཏན་གསུམ་པ་ལ་མི་མཐུན་པའི་ཕྱོགས་ཉམས་པ་བཤད་པ་ཡིན་ནོ། །དེའི་འོག་ཏུ་དྲན་པ་དང་ཤེས་བཞིན་ཅན་ཞེས་བྱ་བ་ནི་གཉེན་པོ་ཡོད་པའི་ཕྱིར་བཙལ་བར་ནུས་སོ་ཞེས་ཤེས་པར་བྱས་པ་ཡིན་ཏེ། འདིས་ནི་གཉེན་པོ་བསྒོམས་པའི་ཕན་ཡོན་བཤད་དོ། །དེའི་འོག་ཏུ་ བདེ་བ་ཡང་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་ནི་ཡིད་ཀྱི་ལུས་ཀྱིས་ཡིན་གྱི་གཟུགས་ཀྱི་ལུས་ཀྱིས་ནི་མ་ཡིན་ཏེ། དེ་ནི་བསམ་གཏན་གཉིས་པའི་ས་པ་ཡིན་པས་སྤངས་པའི་ཕྱིར་རོ། །འདིས་ནི་བསྒོམས་པའི་ཕན་ཡོན་བཤད་དོ། །འཕགས་པ་རྣམས་ཀྱིས་བརྗོད་ཅེས་བྱ་བ་ནི་གཉེན་པོ་ སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་དང་པོ་དང་གཉིས་པ་ལས་འཕགས་པ་རྣམས་ཀྱིས་བརྗོད་ཅེས་མ་བཤད་ཅེ་ན། དེ་དག་ག་གནོད་པ་རྣམས་རགས་པའི་ཕྱིར་གཞན་གྱིས་བསྟན་པས་གོ་བར་བྱ་བ་མ་ཡིན་ནོ། །བསམ་གཏན་གསུམ་པ་ལ་ནི་འདི་ནི་བདེ་བའོ་སྙམ་པའི་སེམས་ཀྱི་ རྩོལ་བ་གང་ཡིན་པ་དེ་ཉེ་བའི་ཉོན་མོངས་པ་ཡིན་པར་བཤད་ཅིང་ཉེ་བའི་ཉོན་མོངས་པ་འདི་ཡང་ཆ་ཕྲ་བ་ལ་བསམ་གཏན་གསུམ་པའི་ས་པའི་བདེ་བ་ཡང་མཆོག་ཡིན་པས་བསམ་གཏན་པ་འདི་བདེ་བ་མཆོག་གི་ཆང་འཐུངས་པས་ར་རོ་སྟེ་བདག་ཉིད་ཀྱིས་རྗེས་སུ་རྟོགས་པར་མི་ནུས་པར་མཁྱེན་ནས་དེ་ཁོང་དུ་ཆུད་ པར་བྱ་བའི་ཕྱིར་འཕགས་པ་རྣམས་བརྗོད་དོ། །ཇི་སྐད་དུ་བརྗོད་ཅེ་ན། དྲན་པ་དང་ལྡན་པ་དང་བདེ་བ་ལ་གནས་པ་བཏང་སྙོམས་སོ་ཞེས་དེ་སྐད་དུ་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་བསམ་གཏན་གསུམ་པོ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་གཉི་གའི་གནས་ཏིང་ངེ་འཛིན་བཤད་པ་ཡིན་ ནོ། །བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་བདེ་བ་གང་ཡིན་པ་དང་། དེ་ཉིད་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ལས་སྐྱེས་པའི་སྡུག་བསྔལ་གང་ཡིན་པ་དེ་གཉིས་སྤངས་ཤིང་ངོ་། །གཞན་དག་ན་རེ་བསམ་གཏན་གསུམ་པའི་ བདེ་བ་ཉིད་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དེ། དེ་ཉིད་ཀྱི་ཕྱིར་བདེ་བ་སྤངས་པའི་མཇུག་ཐོགས་སུ་སྡུག་བསྔལ་སྤངས་པ་ལ་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །སྔ་ནས་ཡིད་བདེ་བ་དང་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་ནི་ཡིད་བདེ་བའི་སྒྲས་དགའ་བ་སྔ་ནས་ནུབ་པ་བསྟན་ པ་ཡིན་ནོ། །དགའ་བ་ཡང་ཡོངས་སུ་གྱུར་ནས་ཡིད་མི་བདེ་བར་འགྱུར་བས་དེའི་ཕྱིར་བདེ་བ་ནུབ་པའི་མཇུག་ཐོགས་སུ་ཡིད་མི་བདེ་བ་ནུབ་པ་གསུངས་སོ། །ཡིད་ཀྱི་ས་པ་སྤངས་པའི་ཕྱིར་སྔར་ཐམས་ཅད་སྤངས་པར་བཤད་པ་ནི་མ་ཡིན་ནོ། །གཉི་ག་སྤངས་པ་འདིས་ནི་མི་མཐུན་པའི་ ཕྱོགས་ཉམས་པ་བཤད་དོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་ཞེས་བྱ་བ་ནི་བསམ་གཏན་བཞི་པའི་སེམས་སྟོན་པ་སྟེ་འདིས་ནི་གཉེན་པོ་སྒོམ་པ་བཤད་པ་ཡིན་ནོ། །བཏང་སྙོམས་ཀྱི་དྲན་པས་ཡོངས་སུ་དག་པ་ཞེས་བྱ་བ་ནི་གཡོ་བ་མེད་པའི་ཕྱིར་བཏང་སྙོམས་སུ་འཇུག་པའི་དྲན་ པ་ཡོངས་སུ་དག་པ་ཡིན་ཏེ། འདིས་ནི་བསྒོམས་པའི་ཕན་ཡོན་བཤད་དོ། །བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་གཉི་གའི་གནས་ཏིང་ངེ་འཛིན་བཤད་དོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་པའོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་མཚུངས་པར་ལྡན་པའི་འདུ་ཤེས་རྣམས་ནུབ་པར་གྱུར་པའོ། །སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་ མི་བྱེད་པས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པར་རྟོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདིས་ནི་མི་མཐུན་པའི་ཕྱོགས་ཉམས་པར་བསྟན་ཏོ། །རྣམ་པར་གཞིག་པའི་ཚུལ་གྱིས་ གཟུགས་ལ་སོགས་པའི་ཡུལ་ལ་བདག་མེད་པར་མཐོང་བའི་ཕྱིར་གཉེན་པོ་གང་གིས་གཟུགས་ལ་སོགས་པའི་ཡུལ་གྱི་འདུ་ཤེས་ལས་ཡང་དག་པར་འདས་པ་དེ་ནི་གཉེན་པོ་སྒོམ་པ་ཡིན་པར་ཤེས་པར་བྱའོ། །ནམ་མཁའ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི་བསྒོམས་པའི་ཕན་ཡོན་ཡིན་ནོ། །གཞན་ དག་ན་རེ་འདི་ཉིད་གཉེན་པོ་སྒོམ་པ་ཡིན་པར་རིགས་སོ་ཞེས་ཟེར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་གཉི་གའི་གནས་ཏིང་ངེ་འཛིན་བཤད་པ་ཡིན་ནོ། །གཞན་དག་ན་རེ་འདི་ཉིད་བསྒོམས་པའི་ཕན་ཡོན་ཡང་ཡིན་ལ་གནས་ཀྱང་ཡིན་ནོ་ཞེས་ཟེར་རོ། །གཞན་ དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །བྱམས་པ་དང་ལྡན་པའི་སེམས་ཡངས་པ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་བདེ་བ་ཉེ་བར་སྒྲུབ་པའི་ཕྱིར་རོ། །ཆེན་པོར་གྱུར་པ་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་གཉིས་པའི་ས་པ་དགའ་བ་དང་བཅས་པ་ཉེ་བར་སྒྲུབ་པའི་ཕྱིར་ ཞེས་བྱ་བའི་ཐ་ཚིག་སྟེ། དེ་གཉིས་ན་དགའ་བ་ཡོད་པའི་ཕྱིར་རོ། །མི་གཉིས་པ་བསམ་གཏན་གསུམ་པའི་ས་པ་དགའ་བ་མེད་པ་ཉེ་བར་སྒྲུབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཇི་ལྟ་བུ་ཞེ་ན། ཁོན་མེད་པ་ཞེས་བྱ་བ་ཡིན་ནོ། །རྣམ་པར་དག་པ་ཇི་ལྟ་བུ་ཞེ་ན། འགྲན་ཟླ་མེད་པའི་སྒྲིབ་པ་མེད་པ་ཞེས་བྱ་བ་ཡིན་ནོ། །འབྲས་བུ་ཡོངས་སུ་འཛིན་པ་ཇི་ལྟ་བུ་ཞེ་ན། གནོད་པ་མེད་པ་ཞེས་བྱ་བ་ཡིན་ནོ། །རང་གི་མཚན་ཉིད་ལ་དམིགས་པ་ནི་འཇིག་རྟེན་ཆོས་ཀྱི་དབྱིངས་དམ་པ་ཞེས་འབྱུང་བའི་ཕྱིར་རོ། །མཐའ་ཡོངས་སུ་མ་ཆད་པ་ནི་ནམ་ མཁའི་ཁམས་ཀྱི་མཐས་གཏུགས་པ་ཞེས་བྱ་བ་ཡིན་ནོ། །འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་ལས་རྣམ་པར་དག་པ་ཞེས་བྱ་བ་ནི་གསལ་བར་རབ་ཏུ་མཐོང་བའི་ཕྱིར་རོ། །མི་ལས་འདས་པ་ཞེས་བྱ་བ་ནི་རྒྱང་རིང་པོ་མཐོང་བའི་ཕྱིར་ཏེ། ཡུལ་གཞན་དང་། འཇིག་རྟེན་གཞན་ན་ཡོད་པ་ཡང་ མཐོང་བའི་ཕྱིར་རོ། །རེ་ཞིག་གང་གིས་མཐོང་བ་ནི་དེ་ལྟ་བུ་ཡིན་ནོ། །གང་མཐོང་བ་ལ་འཆི་འཕོ་བ་ལ་སོགས་པ་ནི་འཆི་འཕོ་བ་དང་སྐྱེ་བའི་བྱེ་བྲག་གིས་སོ། །མདོག་སྡུག་པ་དང་མདོག་མི་སྡུག་པ་ཞེས་བྱ་བ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་སོ། །བདེ་བར་སོང་བ་དང་ངན་ པར་སོང་བ་ཞེས་བྱ་བ་ནི་དབང་ཕྱུག་དང་བཀྲེན་པའི་བྱེ་བྲག་གིས་སོ། །བཟང་པོ་དང་ངན་པ་ཞེས་བྱ་བ་ནི་རྒྱ་ཆེ་བ་དང་རྒྱ་མི་ཆེ་བའི་བྱེ་བྲག་གིས་སོ། །ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བའི་སེམས་ཅན་རྣམས་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་སོ། །ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ནི་སྲོག་གཅོད་ པ་ལ་སོགས་པ་རྣམ་པ་གསུམ་དང་ངོ་། །ངག་གི་ཉེས་པར་སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་རྣམ་པ་བཞི་དང་ངོ་། །ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ནི་བརྣབ་སེམས་ལ་སོགས་པ་རྣམ་པ་གསུམ་དང་ངོ་། །འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ཞེས་ བྱ་བ་ནི་འཕགས་པ་རྣམས་མེད་དོ་ཞེས་འཕགས་པ་རྣམས་ལ་སྐུར་པ་དང་། འཕགས་པ་རྣམས་ལ་མི་སྙན་པར་བརྗོད་པ་དག་གོ། །ལོག་པར་ལྟ་བ་ཅན་ཞེས་བྱ་བ་ནི་ཉེས་པ་བཤད་མ་ཐག་པ་དང་། དཀོན་མཆོག་དག་ལ་མ་དད་པས་སོ། །ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་ རྒྱུས་ཞེས་བྱ་བ་ནི་ལོག་པར་ལྟ་བའི་ལས་ལེན་པ་དང་བྱེད་པའི་རྒྱུས་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཞིག་ནས་ཞེས་བྱ་བ་ནི་ཤི་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཤི་བའི་འོག་ཏུ་ཤི་མ་ཐག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཞེ་ན། སྨྲས་པ། ངན་སོང་ངན་འགྲོ་རྣམ་པར་ལྷུང་བའི་ཕྱིར་སེམས་ཅན་ རྣམས་སུ་སྐྱེའོ། །ཅིག་ཤོས་ལ་ནི་བཟློག་སྟེ་སྦྱར་བར་བྱའོ། །བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ཞེས་བྱ་བ་ལ་འགྲོ་བ་བསྔགས་པ་ནི་བདེ་འགྲོའོ། །ཡོན་ཏན་བསྔགས་པ་སྒྲུབ་པ་ལ་མཐོ་རིས་ཏེ་མཐོ་རིས་ནི་འཇིག་རྟེན་ཡིན་ནོ། །ས་འོག་མ་ལ་དབང་བྱེད་པའི་དབང་བྱེད་པ་ཡོངས་སུ་མི་འདོར་བ་ཉམས་ པ་མེད་པར་ཡོངས་སུ་སྟོན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་པ་བྱེད་དུ་དོགས་པ་ལ་ནི་བཤེས་པ་ཉིད་དུ་སྙན་པའི་ཚིག་གིས་སྦྱོར་ཏེ་བཤེས་ཤིང་འཇམ་པའི་བསམ་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །གནོད་པ་བྱེད་པ་ལ་མི་འཁྲུགས་པ་ནི་མི་གཡོས་པའི་བསམ་པ་ཞེས་བྱ་བ་ཡིན་ནོ། །ཕྱིར་མི་གཤེ་བ་ལ་ སོགས་པ་ནི་མི་འཁྲུགས་པའི་བསམ་པ་ཞེས་བྱ་བ་ཡིན་ནོ། །ཡིད་མི་བདེ་བ་མི་སྐྱེད་པ་ནི་གཡོ་བ་མེད་པའི་བསམ་པ་ཉིད་ཅེས་བྱ་བ་ཡིན་ཏེ་དེ་ལྟར་ན་གནོད་པ་བྱེད་པ་ལ་བཟོད་པ་རྣམ་པ་གསུམ་ཡིན་ནོ། །འདས་པ་ལ་ང་རྒྱལ་མེད་པས་ནི་མཐོ་དམན་མེད་པའི་བསམ་པ་ཉིད་ཅེས་བྱ་བ་ཡིན་ནོ། །གཞན་ལས་ འདུད་པའི་བྱ་བ་ལ་མི་སྨོན་པ་ནི་སེམས་ཅན་གྱིས་བྱས་པ་ལ་འདོད་པ་མེད་པའི་བསམ་པ་ཉིད་ཅེས་བྱ་བ་ཡིན་ནོ། །ལན་དུ་ཕན་འདོགས་པར་བྱེད་པར་སྨོན་པ་མེད་པ་ནི་བྱས་པ་ལ་ཕྱིར་བྱེད་པར་རེ་བ་མེད་པའི་བསམ་པ་ཉིད་ཅེས་བྱ་བ་ཡིན་ནོ། །བཅོས་པ་མ་ཡིན་པར་ཕན་གདགས་པར་སྦྱོར་བ་ནི་གཡོ་བ་མེད་པ་ ཡིན་ནོ། །ཉེ་མགོན་མེད་དེ་མཉམ་པར་ཕན་འདོགས་པར་འཇུག་པ་ནི་རྒྱུ་མེད་པའི་བསམ་པ་ཉིད་ཅེས་བྱ་བ་ཡིན་ནོ། །མི་དགའ་བ་ཆུང་ངུ་དང་ཡང་འབྲལ་བ་མེད་པ་ནི་མདོ་ལས་ཐིབས་པོ་མེད་པའི་བསམ་པ་ཉིད་ཡོངས་སུ་དག་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ནི་བསླབ་པའི་རིམ་པས་ བསམ་གཏན་གྱི། །ཡོན་ཏན་ལྡན་པ་འོད་བྱེད་ཐོབ་ནས་ནི། །གཏི་མུག་མུན་པ་ལེགས་པར་རྣམ་བཅོམ་སྟེ། །འོད་འཕྲོ་ཅན་གྱི་ས་དོན་གཉེར་བར་བྱེད། །བསམ་གཏན་རྟེན་དང་ས་ཡི་ཡོན་ཏན་གཞི། །རྒྱ་ཆེ་སྣ་ཚོགས་མཐུ་ལྡན་ཐོབ་འགྱུར་ཞིང་། །ཆོས་ལ་སྣང་བར་གྱུར་པ་རྣམས་ཐོབ་ ནས། །བཞི་པ་འོད་འཕྲོ་ཅན་ནི་གནོད་པར་བྱེད། །ས་བཞི་པ་འདི་ནི་ས་གསུམ་པ་ལ་ཐོས་པ་བཟུང་བ་གང་ཡིན་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དེ་ཏིང་ངེ་འཛིན་རྣམ་པར་དག་པ་ལ་བརྟེན་ནས་རྣམ་པར་དག་པ་གང་ཡིན་པ་དེས་རབ་ཏུ་ཕྱེ་བ་ཡིན་གྱི། ཏིང་ངེ་འཛིན་རྣམ་པར་དག་པ་ལ་བརྟེན་ནས་ ཐོས་པ་བཟུང་བ་གང་ཡིན་པ་ཞེས་དེ་ལྟར་ཁོང་དུ་ཆུད་པར་བྱ་བ་ནི་མ་ཡིན་ཏེ། དེ་ནི་ཐོས་པའི་རྟེན་ཐོས་པ་ཡིན་གྱི། འོན་ཀྱང་དེའི་རྟེན་ཐོབ་པ་ཡིན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམ་པར་དག་པ་ནི་དེ་ལ་བརྟེན་ནས་ཞེས་བྱ་བར་རིག་པར་བྱའོ། །ཁམས་བཅུ་ རྣམ་པར་དཔྱད་པ་ལས། །ཆོས་ལ་སྣང་བ་བཅུར་ཞེས་བྱ། །སེམས་ཅན་ཁམས་ནི་མ་ལུས་པའི། །རྣམ་འཕེལ་སྐྱེད་པར་བྱེད་པའང་དེ། །འཕེལ་བ་ལ་ནི་རྣམ་པ་གཉིས་ཏེ། རྣམ་པར་དག་པ་འཕེལ་བ་དང་། གཉེན་པོ་སྒོམ་པ་འཕེལ་བའོ། །དེ་ལ་གཉེན་པོ་སྒོམ་པ་འཕེལ་བ་ནི། འབྲས་བུ་དེ་ བཞིན་གཞན་རྣམ་དྲུག །འོག་ནས་རབ་ཏུ་འབྱེད་པར་འགྱུར་བ་གང་ཡིན་པ་སྟེ། འདིའི་འབྲས་བུ་ནི་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པའི་མཚན་ཉིད། འབྲས་བུ་རྣམ་པ་གཉིས་སུ་བཤད། །གཞན་རྣམ་པ་བཞི་སྟེ། དེ་ལྟར་ན་མདོར་ནས་འོད་འཕྲོ་བ་ཅན་ནི་རྣམ་པ་བཞིས་རྣམ་པར་ གཞག་པར་ཤེས་པར་བྱའོ། །ཆོས་ལ་སྣང་བས་འཇུག་པ་བཅུས་གནོན་ཏེ་ཞེས་འབྱུང་བ་དེ་ལ་སྣང་བ་འདི་རྟོགས་པའི་ཡེ་ཤེས་ཏེ། དེས་སར་གཏོགས་པ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་རྣམས་སྣང་བར་བྱེད་པའི་ཕྱིར་རོ། །སྣང་བ་དེས་ཆོས་རྣམས་ལ་འཇུག་པས་ན་ཆོས་ལ་སྣང་བས་ འཇུག་པའི་ཡེ་ཤེས་ཞེས་བྱ་བའི་མིང་འཐོབ་བོ། །དེར་གཏོགས་པ་རྟོགས་པའི་ཡེ་ཤེས་དེའི་དབང་དུ་བྱས་ནས། མདོ་སྡེའི་ཆོས་ཀྱི་རྣམ་གྲངས་བཤད་པ་གང་དག་ཡིན་པ་དེ་དག་ལ་འཇུག་པའོ། །ཇི་ལྟ་ཞེ་ན། དེ་དག་དང་དེ་མཚུངས་པར་རྟོགས་པའི་ཕྱིར་རོ། །འདིའི་དོན་ནི་འདི་ཡིན་ཏེ། དེས་སྔོན་ཆོས་ཀྱི་རྣམ་གྲངས་དེ་དག་གི་དོན་ལུང་གི་སྒོ་ནས་རྟོགས་པའི་ཕྱིར། དེས་དེ་རྟོགས་པ་ཐོབ་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་དོན་རྣམས་ལ་ངེས་པའི་དད་པ་ཆེས་བརྟན་པོ་ལྷག་པར་སྐྱེས་ནས། ཇི་ལྟར་བདག་གི་རྟོགས་པས་དོན་འདི་དག་ཡང་དག་པར་རྟོགས་པ་དེ་བཞིན་དུ་ བཅོམ་ལྡན་འདས་ཀྱིས་ཀྱང་བཤད་དེ། དེ་ཉིད་ཀྱི་ཕྱིར་དངོས་པོ་ཇི་ལྟ་བ་བཞིན་གསུང་བས་ན་དེ་བཞིན་གཤེགས་པ་ཞེས་བཤད་དོ་ཞེས་ལུང་དང་རྟོགས་པ་གཉིས་དོན་དམ་པའི་དངོས་པོ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་དུ་མཚུངས་པར་རྟོགས་པར་བྱེད་དོ། །དེའི་ཕྱིར་ལུང་གི་ཆོས་རྣམས་དང་ རྟོགས་པ་གཉི་ག་ཤེས་བྱ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཁྱད་པར་ནི་འདི་ཡོད་དེ། ལུང་ནི་དོན་དམ་པའི་དངོས་པོ་དེ་ལ་སྨོས་པའི་རྣམ་པར་བརྗོད་པ་ཉིད་ཀྱིས་འཇུག་ལ། རྟོགས་པ་ནི་མངོན་སུམ་གྱི་རྣམ་པར་དམིགས་པས་འཇུག་པ་ཞེས་བྱ་བ་ཡིན་ནོ། །གཉི་ག་ཡང་སྟོན་པར་ བྱེད་པ་ཉིད་དུ་མཚུངས་སོ་ཞེས་བྱ་བར་རིག་པར་བྱའོ། །རྣམ་པར་དཔྱད་པའི་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་དཔྱད་པའི་བྱེ་བྲག་གིས་དེ་ཐ་དད་པ་སྟེ་རྣམ་པར་དཔྱད་པར་བྱ་བ་དག་ནི་སེམས་ཅན་གྱི་ཁམས་ལ་སོགས་པའོ། །དེ་ལ་སེམས་ཅན་རྣམས་ནི་ཟན་པའི་ཕུང་པོ་རྣམས་ལ་གདགས་ པས་དེ་ཉིད་ཀྱི་ཕྱིར་སེམས་ཅན་གྱི་ཁམས་སོ། །གནས་ནི་སྣོད་ཀྱི་འཇིག་རྟེན་ནོ། །རང་བཞིན་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །མཐའ་ནི་ནམ་མཁའི་ཁམས་ཏེ། སེམས་ཅན་གྱི་ཁམས་ཚད་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་ པར་བྱང་བའི་གནས་ནི་རྣམ་པར་ཤེས་པ་ཡིན་ཏེ། དེ་སྐད་དུ། དེ་ཡོད་ན་ནི་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་ཏེ། དེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ནི་ཁམས་གསུམ་ཡིན་ཏེ། འདིར་ཀུན་ ནས་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །རྣམ་པར་བྱང་བ་ནི་གཉིས་ཏེ་ཞེས་བྱ་བ་ནི་རླབས་པོ་ཆེ་དང་ཆེ་བ་ཉིད་ཀྱི་བསམ་པ་ལ་མོས་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་སྟེ། གོ་རིམས་བཞིན་དུ་ཀུན་ནས་ཉོན་མོངས་པ་མེད་པ་དང་སེམས་ཅན་ཡོངས་སུ་མི་གཏོང་བའི་དབང་དུ་བྱས་པར་ རིག་པར་བྱའོ། །དེ་ལ་མྱ་ངན་ལས་འདས་པ་ལ་གཞོལ་བ་ཉིད་ཀྱིས་སྲིད་པ་དང་ལོངས་སྤྱོད་ལ་ཆགས་པ་ལས་རྣམ་པར་གྲོལ་བའི་ཕྱིར་རླབས་པོ་ཆེའི་བསམ་པའོ། །དེ་ཉིད་ཀྱི་ཕྱིར་འདི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཡིན་ནོ། །སྙིང་རྗེ་ཆེན་པོ་དང་། ཐབས་མཁས་པ་སྔོན་དུ་འགྲོ་ བའི་ཕྱིར་སེམས་ཅན་ལ་ལྟ་བས་ཐེག་པ་ཆེན་པོའི་ཆོས་ལ་དམིགས་པའི་ཕྱིར་ཆེན་པོའི་བསམ་པ་སྟེ། དེ་ཉིད་ཀྱི་ཕྱིར་ཐུན་མོང་མ་ཡིན་པའོ། །དེ་བཞིན་གཤེགས་པའི་རིགས་སྐྱེས་པ། །རྣམ་དག་རྣམ་འཕེལ་ཡིན་ཞེས་བྱ། །ཡེ་ཤེས་ཁྱད་ཞུགས་གྱུར་པ་ནི། །ཤེས་བྱའི་སྒྲིབ་པ་འཇོམས་ པའི་ཕྱིར། །དེ་བཞིན་གཤེགས་པའི་རིགས་ཞེས་བྱ། །དེ་ཉིད་ཕྱིར་ན་དེའི་བདག་ཉིད། །དེ་བཞིན་གཤེགས་པའི་བདག་ཉིད་ཆོས། །གང་གིས་དེ་བཞིན་གཤེགས་པར་ཤེས། །ཡེ་ཤེས་སྨིན་པར་བྱེད་པ་བཅུས། །ཡོངས་སུ་སྨིན་པར་བྱེད་ཤེས་པ། །ཡེ་ཤེས་ རྣམ་པ་བཞི་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཏེ། །ཐེག་པ་ཆེ་དང་དཀོན་མཆོག་དང་། །དེ་བཞིན་དེ་བཞིན་ཉིད་དང་ནི། །རྣམ་པར་གཞག་པའི་བདེན་ཚུལ་ལ། །ཡེ་ཤེས་རྣམ་པ་བཞིར་བཤད་དོ། །དེ་ལ་ཆོས་དང་པོ་གཉིས་པོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་བསམ་པ་ཉིད་ནི་རང་ གི་གནས་ལ་གནས་པ། ཡོངས་སུ་སྨིན་པར་བྱེད་པའོ། །དཀོན་མཆོག་གསུམ་ལ་དད་པ་མི་ཕྱེད་པ་མཐར་ཐུག་འགྲོ་བ་ནི་དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པ་ཡོངས་སུ་སྨིན་པར་བྱེད་པའོ། །ཆོས་གཉིས་པོ་ཞེས་བྱ་བ་ནི། དེ་བཞིན་ཉིད་ཤེས་པ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བར་སྦྱར་ཏེ། འདུ་བྱེད་ཀྱི་སྐྱེ་བ་དང་འཇིག་པ་ལ་རྣམ་པར་འཇིག་པ་ནི་གང་ཟག་ལ་བདག་མེད་པ་ལ་དམིགས་པ་ཡོངས་སུ་སྨིན་པར་བྱེད་པའོ། །རང་བཞིན་གྱིས་མ་སྐྱེས་པ་རྣམ་པར་འཇིག་པ་ནི་ཆོས་ལ་བདག་མེད་པ་ལ་དམིགས་པ་ཡོངས་སུ་སྨིན་པར་བྱེད་པའོ། །ལྷག་མ་འཇིག་རྟེན་འབྱུང་བ་ལ་རྣམ་པར་འཇིག་ པ་ལ་སོགས་པ་དྲུག་ནི་རྣམ་པར་གཞག་པའི་ཤེས་པ་ཡོངས་སུ་སྨིན་པར་བྱེད་པའོ། །ཇི་ལྟ་ཞེ་ན། ཇི་ལྟར་ཀུན་ནས་ཉོན་མོངས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཇིག་རྟེན་འབྱུང་བ་རྣམ་པར་འཇིག་པ་ཞེས་བྱ་བ་ནི། སྣོད་ཀྱི་འཇིག་རྟེན་འབྱུང་བའི་ཕྱིར་རོ། །ལས་ཀྱི་སྲིད་པ་སྐྱེ་བ་ལ་རྣམ་ པར་འཇིག་པ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་འབྱུང་བའི་ཕྱིར་ཏེ། རྒྱུ་དང་བཅས་པའི་སྐྱེ་བ་སྨོས་པའི་ཕྱིར་རོ། །སྐྱེ་བའི་རྒྱུ་གང་ཞེ་ན། ལས་ཀྱི་སྲིད་པ་སྡེ་སྣོད་ཀྱི་འཇིག་རྟེན་ལ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །འདི་ནི་རེ་ཞིག་ཀུན་འབྱུང་ཡིན་ནོ། །ཀུན་ནས་ཉོན་མོངས་པ་ནི་གང་ཡིན་རྣམ་པར་བྱང་བ་ནི་གང་ ཡིན་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པ་རྣམ་པར་འཇིག་པ་ཞེས་བྱ་བའོ། །འདིར་འཁོར་བ་ལ་རྣམ་པར་འཇིག་པས་ནི་ཀུན་ནས་ཉོན་མོངས་པ་འཁོར་བ་བསྟན་ཏེ། དེ་ཡང་སྡུག་བསྔལ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་རྣམ་པར་འཇིག་པས་ནི་རྣམ་པར་བྱང་བ་བསྟན་ཏོ། །ཇི་ལྟར་རྣམ་པར་བྱང་ ཞེ་ན། ཞིང་དུ་ལས་ཀྱི་སེམས་ཅན་ལ་རྣམ་པར་འཇིག་པ་ཞེས་བྱ་བ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་སྔ་ཕྱི་སྟེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་རྣམ་པར་འཇིག་པ་ཞེས་བྱ་བ་ཡིན་ནོ། །དངོས་པོ་མེད་པ་དང་ཟད་པ་མེད་པར་རྣམ་པར་འཇིག་པ་ཞེས་བྱ་བ་ནི། གཞག་པ་མེད་ པ་དང་དོར་བ་མེད་པ་ཡིན་ནོ། །དེ་ལྟར་རྣམ་པར་བྱང་བ་ཡིན་ཏེ། དེ་ཡང་ལམ་ཡིན་ནོ། །དེ་ལྟར་ན་ཀུན་འབྱུང་བ་དང་། སྡུག་བསྔལ་བ་དང་། འགོག་པ་དང་། ལམ་ཤེས་པ་ནི་རྣམ་པར་གཞག་པའི་བདེན་པའི་ཚུལ་ཤེས་པ་ཡིན་པར་རིག་པར་བྱའོ། །གཉེན་པོ་སྒོམ་པ་རྣམ་འཕེལ་བ། །ཐབས་ དང་བཅས་པར་འདོད་པ་དང་། །བྱང་ཆུབ་ཕྱོགས་ནི་དབེན་ལ་སོགས། །ཡོན་ཏན་བཞི་དང་ཡང་དག་ལྡན། །ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བདག་གི་ཆེད་ནི་ནང་སྟེ་བདག་གི་དབང་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །འདི་འབྱུང་བ་ཆེན་པོ་རྣམས་ཀྱིས་ བསགས་པས་ན་ལུས་ཏེ་ལུས་དེ་ལའོ། །མཐུན་པར་ལྟ་བ་ནི་རྗེས་སུ་ལྟ་བ་སྟེ། འཚམ་པར་རྟོག་ཅེས་བྱ་བའི་ཐ་ཚིག་སྟེ། རྗེས་ཞེས་བྱ་བ་འདིའི་དོན་ནི་འཚམ་པ་ཡིན་པའི་ཕྱིར་ལ། ལྟ་བའི་སྐད་ཀྱི་དབྱིངས་ཀྱི་དོན་ཡང་རྟོག་པ་ཡིན་པའི་ཕྱིར་རོ། །འདི་ལ་ལུས་ནི། ཕྱིན་ཅི་ལོག་ལས་བྱུང་བ་རྒྱུ་དང་ རྐྱེན་ལས་གྲུབ་པ་གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ་ཡོངས་སུ་འཛིན་པ་མེད་པ་སྟེ། དཔེར་ན་ཕྱིའི་རྩྭ་དང་ཤིང་གེལ་པ་དང་སྨན་དང་། ནགས་ཚལ་དག་དང་འདྲའོ་ཞེས་བྱ་བ་ལ་སོགས་པ་ལུས་དང་འཚམ་པར་ཤེས་རབ་ཀྱི་ལྟ་བ་ཡོད་པས་ན་ལུས་ཀྱི་རྗེས་སུ་ལྟ་བ་ཅན་ཞེས་བྱའོ། །རྣམ་ པ་གཅིག་ཏུ་ན། དེའི་ངང་ཚུལ་ཅན་ཉིད་དུ་ལུས་ལ་རྗེས་སུ་ལྟ་བས་རྗེས་སུ་ལྟ་བའོ། །གནས་སོ་ཞེས་བྱ་བ་ནི་ཇི་སྐད་བཤད་པ་ཡོན་ཏན་དང་འཚམ་པའི་གནས་ན་འདུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་བུར་གྱུར་ནས་ཤེ་ན་བརྟུན་པ་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཀྱི་མེས་གདུང་བར་བྱེད་ པ་དང་། བརྩོན་འགྲུས་ཀྱི་སྟོབས་ཀྱིས་ལེ་ལོ་ཟད་པར་བྱེད་པའི་ཡོན་ཏན་དང་ལྡན་པ་དང་ཉེ་བར་གནས་པར་བྱེད་པའི་ཕྱིར་ཤིན་ཏུ་སྡུག་བསྔལ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་དེ་དང་ལྡན་པ་ཡོད་པས་ན་བརྟུན་པ་ཅན་ཡིན་ནོ། །ཤེས་བཞིན་ཞེས་བྱ་བ་ནི་ཡང་དག་པ་དང་། རབ་ཏུ་ཤེས་པ་ཞེས་བྱ་ བའི་ཐ་ཚིག་གོ། །དྲན་པ་ནི་དྲན་པ་སྟེ་སེམས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་ཐོས་པ་གཟུང་བའི་གཞུང་རྣམས་མི་བརྗེད་པ་ཡོད་པས་ན་དྲན་པ་དང་ལྡན་པའོ། །རྣམ་པར་སྤངས་ཏེ་ཞེས་བྱ་བ་ནི་རྣམ་པར་བཟློག་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་དུ་འབྲེལ་བ་ནི་བརྣབ་སེམས་ ཏེ། ལུས་ལ་ངའོ་བདག་གིའོ་སྙམ་དུ་ཤིན་ཏུ་སེམས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་མི་བདེ་བའི་དངོས་པོ་ནི་ཡིད་མི་བདེ་བ་ཉིད་དེ། རྣམ་པར་སྤངས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། ལུས་ཀྱི་རྗེས་སུ་ལྟ་བ་ཉིད་ཀྱིས་ནི་འདི་ལ་ངའོ་བདག་གིའོ་སྙམ་པ་མི་འབྱུང་ངོ་། །དེ་མེད་པའི་ཕྱིར་ལུས་ ཞིག་ན་ཡང་ཡིད་མི་བདེ་བར་མི་འགྱུར་རོ། །དེ་ལྟར་ལུས་ཀྱི་རྗེས་སུ་ལྟ་བ་ཉིད་ཀྱིས་བརྣབ་སེམས་དང་ཡིད་མི་བདེ་བ་དག་སྤངས་ཏེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ནི་ནང་དང་འབྲེལ་བའི་ཉོན་མོངས་པ་རྣམས་ཀྱི་གོ་སྐབས་དབྱེ་བ་དགག་པའི་ཕྱིར་རོ། །ཕྱིའི་ཞེས་བྱ་བ་ནི་ཕྱི་དང་འབྲེལ་ བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་འགྲོགས་པར་བྱ་བའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ནང་དང་ཕྱིའི་ཞེས་བྱ་བ་ནི་ཅིག་ཅར་དུ་གོ་སྐབས་དབྱེ་བ་དགག་པའི་ཕྱིར་དང་། མི་འགྲོགས་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་ནང་གི་ཚོར་བ་རྣམས་ཞེས་བྱ་བ་ལ་ཚོར་བས་ ན་ཚོར་བ་སྟེ། འདོད་པ་དང་མི་འདོད་པ་གཉི་ག་མ་ཡིན་པ་ཉམས་སུ་མྱོང་བ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཉམས་སུ་མྱོང་བའི་བྱེ་བྲག་ཁོ་ན་རྣམ་པ་གསུམ་ཡིན་ཏེ། བདེ་བ་དང་སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་པ་དང་གོ་རིམས་བཞིན་ནོ། །ཚོར་བའི་རྗེས་སུ་ལྟ་ཞིང་ གནས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ཅི་ཞེ་ན། སྡུག་བསྔལ་དུ་ལྟ་བའོ། །ཇི་ལྟ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་གང་ཅི་ཚོར་ཡང་རུང་སྟེ་དེ་ཐམས་ཅད་སྡུག་བསྔལ་ལོ་སྙམ་དུ་སེམས་སོ། །ཅིའི་ཕྱིར་ཞེ་ན། སྡུག་བསྔལ་ཉིད་གསུམ་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །ཇི་ལྟ་ཞེ་ ན། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ནི་འབྲས་ཀྱི་ཐོག་ཏུ་ཕོལ་མིག་དང་འདྲ་སྟེ། དེ་ནི་སྐྱེ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །འགྱུར་བའི་སྡུག་བསྔལ་ཉིད་ནི་སྡུག་བསྔལ་ཉིད་དུ་མི་འབྲལ་བར་སྲིད་པ་དང་རྗེས་སུ་འབྲེལ་བའི་ཕྱིར་དེ་ནི་འཇིགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་ མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བའོ་ཞེས་འབྱུང་བའི་ཕྱིར་རོ། །འདུ་བྱེད་དང་འབྲེལ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ཡང་ཁྱད་པར་དུ་བསམ་གཏན་དང་གཟུགས་མེད་པ་བཞི་དག་ཏུ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པར་རྣམ་པར་གཞག་སྟེ། དེ་དག་ནི་དེ་སྲིད་པ་ཁོ་ནའི་ཕྱིར་རོ། །འགྲོ་ བ་སྡུག་བསྔལ་ཉིད་གསུམ་པོ་འདི་དག་དང་རྗེས་སུ་འབྲེལ་བའི་ཕྱིར་ཤེས་རབ་ཀྱིས་ཚོར་བ་དང་འཚམ་པར་སྡུག་བསྔལ་དུ་ལྟ་ཞིང་རྟོག་པ་ཡོད་པས་ན་ཚོར་བའི་རྗེས་སུ་ལྟ་བ་ཅན་ཞེས་བྱའོ། །འདིར་བརྣབ་སེམས་ནི་བདེ་བའི་ཚོར་བ་དང་། དེའི་རྒྱུ་གཟུགས་ལ་སོགས་པ་ཡུལ་རྣམས་དང་། དེ་གཉི་གའི་རྟེན་ ལུས་ལ་མངོན་པར་ཆགས་པའོ། །ཚོར་བའི་རྗེས་སུ་ལྟ་བ་ཉིད་ཀྱིས་ནི་འདི་ལ་བདེ་བའི་ཚོར་བ་དང་། དེའི་རྒྱུ་དང་དེ་གཉི་གའི་རྟེན་ལུས་ལ་མངོན་པར་ཆགས་པ་མི་འབྱུང་ངོ་། །དེ་མེད་པའི་ཕྱིར་བདེ་བའི་ཚོར་བ་ཡོངས་སུ་གྱུར་པ་དང་། དེའི་རྒྱུ་རྣམས་དང་དེ་གཉི་གའི་རྟེན་ལུས་ཡོངས་སུ་གྱུར་ན་ཡིད་མི་བདེ་བར་ མི་འགྱུར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ནང་གི་སེམས་ཞེས་བྱ་བ་ལ་སེམས་པར་བྱེད་པས་ན་སེམས་སོ། །རིག་པ་སྟེ་ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གཅིག་ཏུ་ན་དགེ་བ་དང་མི་དགེ་བ་དང་། མི་གཡོ་བའི་འདུ་བྱེད་རྣམས་སྩོགས་པར་བྱེད་པས་ན་སེམས་སོ། །ལྷག་མ་ནི་སྔ་མ་ བཞིན་ནོ། །ནང་གི་ཆོས་རྣམས་ཞེས་བྱ་བ་ནི། རང་གི་མཚན་ཉིད་འཛིན་པར་བྱེད་པ་དང་། གཞན་གྱི་རྐྱེན་གྱི་དངོས་པོ་ཡང་ཡིན་པས་ཆོས་དག་སྟེ། ཡོངས་སུ་མི་འདོར་བ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་དེ་དག་ལས་ཡིན་གྱི་བདག་ལ་སོགས་པ་ལ་ནི་མ་ཡིན་ནོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེའི་སྡིག་ པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ལ། འདུན་པ་སྐྱེད་དོ་ཞེས་བྱ་བ་འདི་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་ཡིན་ནོ། །འབད་དོ་བརྩོན་འགྲུས་རྩོམ་མོ་ཞེས་བྱ་བ་འདི་ནི་ཚུལ་བཞིན་ཡིད་ལ་བྱེད་པ་མི་འདོར་བ་ཡིན་ནོ། །སེམས་རབ་ཏུ་འཛིན་ཏོ་ཡང་དག་པར་རབ་ཏུ་འཇོག་གོ་ཞེས་ བྱ་བ་འདི་ནི་ཚུལ་བཞིན་དུ་སོ་སོར་རྟོག་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་ལ་རབ་ཏུ་བརྩོན་པ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཀུན་ཏུ་མི་སྤྱོད་པའི་ཕྱིར་རོ། །སྡིག་པ་དེ་དག་ཀྱང་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་དང་། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང་། ཤེས་རབ་ཀྱི་མི་ མཐུན་པའི་ཕྱོགས་ཏེ། ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ནི་གང་འདིའི་ཚུལ་ཁྲིམས་ཉམས་པ་དང་། ཚུལ་ཁྲིམས་ཉམས་པའི་རྒྱུ་གང་དག་ཡིན་པ་ཚུལ་ཁྲིམས་ཀྱི་ཕུང་པོའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་གཞན་དང་གཞན་དག་ཀྱང་ཡིན་ཏེ། འདི་ནི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ ཞེས་བྱའོ། །ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ནི། གང་འདི་ཀུན་ཏུ་སྤྱོད་པ་ཉམས་པ་དང་། སེམས་གཡེང་བའི་རྒྱུ་གཞན་དང་གཞན་དག་ཀྱང་ཡིན་ཏེ། འདི་ནི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ནི་གང་འདི་ལྟ་བ་ཉམས་པ་དང་། ལྟ་བ་ཉམས་པའི་རྒྱུ་གཞན་ དང་། གཞན་དག་ཀྱང་ཡིན་ཏེ། འདི་ནི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་དག་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་གང་གིས་དེ་ལྟ་བུ་མ་སྐྱེས་པ་དེ་དག་སྐྱེ་བའི་གོ་སྐབས་མི་འབྱེད་པ་འདི་ནི་ཡང་དག་པར་སྤོང་བ་དང་པོ་ཡིན་ནོ། །ལྷག་མ་ནི་འདི་ཁོ་ན་ལས་རྗེས་སུ་ རྟོགས་པར་བྱའོ། །འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ་འདུན་པ་ནི་བྱེད་པར་འདོད་པ་ཉིད་དོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ། །འདུན་པའི་དབང་གྲུབ་པའི་ཏིང་ངེ་འཛིན་ནི། འདུན་པའི་ཏིང་ངེ་འཛིན་ཏོ། །དེས་ཉོན་མོངས་པ་སྤངས་པའི་ཕྱིར་འདུ་བྱེད་པ་དེ་ དང་ལྡན་པའོ། །རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་འདི་ཅི་ཞེ་ན། རྫུ་འཕྲུལ་གྱི་རྐང་པ་སྟེ། ཡན་ལག་ཅེས་བྱ་བའི་ཐ་ཚིག་གོ། །དེ་སྒོམ་མོ་ཞེས་བྱ་བ་ནི་གོམས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དབེན་པ་ལ་གནས་པ་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་ལྡན་པའི་ཕྱིར་ཏེ། འདོད་པ་དང་སྡིག་པ་མི་དགེ་བ་ལས་ དབེན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ལ་གནས་པ་ནི་བསམ་གཏན་གཉིས་པ་དང་ལྡན་པའི་ཕྱིར་རོ། །རྟོག་པ་དང་དཔྱོད་པ་དང་བྲལ་བའི་ཕྱིར་ཏེ། གཉིས་པ་ནི་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ལ་བྲལ་བ་ཞེས་བྱ་བའི་ཕྱིར་རོ། །འགོག་པ་ལ་གནས་པ་ནི་བསམ་གཏན་གསུམ་པ་དང་ ལྡན་པའི་ཕྱིར་རོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིར་ཏེ། དེ་ནི་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ལ་འགོག་པ་ཞེས་བྱ་བའི་ཕྱིར་རོ། །བསམ་གཏན་བཞི་པ་ལ་སོགས་པ་དང་ལྡན་པའི་ཕྱིར། སྤངས