Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 116

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
་སོ། །དེ་ཐོབ་པར་བྱེད་པའི་ལམ་ནི་འགྲོ་བ་ཡིན་ཏེ། དེ་ནས་དེར་འགྲོ་བའི་ཕྱིར་འགྲོ་བ་ནི་ལམ་ཡིན་ནོ། །འཇིག་རྟེན་པ་ཡང་
ཡོད་དེ། དེས་ཀྱང་འབྲལ་བ་འཐོབ་པའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱ་བའི་སྒྲས་ཁྱད་པར་དུ་བྱས་སོ། །ཐུགས་ཀྱིས་བྱིན་གྱིས་བརླབས་པ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། ལུས་དེ་ཡང་ཕུང་པོ་ལྔ་པ་ཡིན་པས། དེའི་ཕྱིར་དེ་དག་ཟིལ་གྱིས་མི་ནོན་པ་ཉིད་དུ་རྣམ་པར་ཕྱེ་ནས་བརྗོད་
དོ། །བླ་ན་མེད་པའི་དཔལ་གྱི་གཟི་བརྗིད་དང་ལྡན་ཞེས་བྱ་བ་ལ། གཟི་བརྗིད་ནི་གཟི་བྱིན་ཏེ་གཟུགས་མཛེས་པའི་ཁྱད་པར་རོ། །དེ་ཡང་སྨན་བཅུད་ཀྱིས་ལེན་ལ་སོགས་པས་ཀྱང་འགྱུར་བ་དེའི་ཕྱིར་བླ་ན་མེད་པའི་དཔལ་གྱིས་ཞེས་སྨོས་པས་ཁྱད་པར་དུ་བྱས་ཏེ། དཔལ་གྱིས་མཛེས་པ་དང་
ལྡན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་དཔེས་སྟོན་པར་བྱད་དེ། དེ་ནི་མདོག་མཛེས་པ་དང་ལྡན་པའི་ཕྱིར་རྒྱལ་པོའི་འཁོར་རྣམས་ཟིལ་གྱིས་མནན་ནས་འདུག་གོ། །བསྟན་བཅོས་ཀྱི་དོན་རྣམ་པར་གཏན་ལ་དབབ་པར་བྱ་བ་ལ། མི་ཤེས་པ་དང་ལྡན་པ་དང་འཇིག་པར་འགྱུར་བས་གཟུགས་
དང་མིང་གི་བྱེ་བྲག་གིས་སོ་ཞེས་བྱ་བ་སྨོས་ཏེ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམས་སོ། །དེ་ལྟ་བས་ན་འདིས་ནི་གཟུགས་ཀྱི་སྐུ་ལ་མཛེས་པ་དང་ལྡན་པའི་ཕྱིར་དང་། ཚོར་བ་ལ་སོགས་པ་མི་ཤེས་པ་དང་བྲལ་བའི་ཕྱིར་ཕུང་པོ་ལྔ་པོ་ཐམས་ཅད་ཟིལ་གྱིས་མི་ནོན་པར་བསྟན་ཏོ། །དེ་ཡང་
རྣམ་པ་དགུ་སྟེ་ཞེས་བྱ་བ་ལ། ཟིལ་གྱིས་མི་ནོན་པའི་ལུས་རྣམ་པ་གཉིས་སུ་ཕྱེ་བ་གང་ཡིན་པ་དེ་ལ་དང་པོ་ནི་ཡན་ལག་ཁོ་ན་ཡིན་ནོ། །གཉིས་པ་ཚོར་བ་ལ་སོགས་པ་མཛེས་པར་བཤད་པ་ནི་དེའི་ཉེ་བའི་ཡན་ལག་ཡིན་ཏེ་ཚིག་དགུས་བཤད་དོ། །གཟུགས་ཀྱི་སྐུ་མཛེས་པ་ནི་ཚིག་གཞན་གྱིས་

རྣམ་པར་ཕྱེ་བའི་ཕྱིར་ཡན་ལག་ཁོ་ནར་གནས་ཏེ། ཐམས་ཅད་དུ་ཡང་ཡན་ལག་དང་ཉེ་བའི་ཡན་ལག་བཤད་པའི་སྒོ་ནས་སྦྱར་བར་བྱའོ། །དེ་ལ་རྒྱུན་ཆགས་སུ་ཐོགས་པ་མེད་པ་ཞེས་བྱ་བ་ནི་བསྟན་པ་དང་བཤད་པ་དག་གིས་སོ། །རིགས་པ་རྣམ་པ་བཞི་ཤེས་པ་ཤིན་ཏུ་རྣམ་པར་བྱང་བར་བྱས་ཤིན་ཏུ་
རྣམ་པར་དག་པར་བྱས་པས་ཏེ། རིགས་པ་རྣམ་པ་བཞི་ནི། ལྟོས་པ་དང་ནི་ཆོས་ཉིད་དང་། །རྒྱུ་དང་འབྲས་བུ་ཉིད་དང་ནི། །འཐད་པས་སྒྲུབ་པ་གང་ཡིན་པ། །འདི་དག་རིགས་པ་བཞི་ཡིན་ནོ། །དེ་ལ་དང་པོ་ནི་ཆོས་ཐམས་ཅད་རྒྱུ་ལ་ལྟོས་པ་ཡིན་པས། ཐམས་ཅད་འབྲས་བུའི་དོན་དུ་བྱུང་། །དེ་
ཕྱིར་རྟག་པ་ཡོད་མ་ཡིན། །ཞེས་བྱ་བ་སྟེ་ཆོས་ཐམས་ཅད་ནི་མི་རྟག་པའི་ཕྱིར་ལ། མི་རྟག་པ་ཡང་རྒྱུ་ལ་ལྟོས་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་རིགས་པ་ནི། །འབྲས་བུ་ཁྱད་པར་ཅན་སྐྱེ་བར་ངེས་པ་སྟེ། དེ་ཡང་མིག་ཁོ་ནས་མིག་གི་རྣམ་པར་ཤེས་པ་སྐྱེད་ཀྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །
སྔ་མ་ནི་འབྲས་བུའི་བདག་ཉིད་རྣམས་ཀྱི་རིགས་པ་ཡིན་ལ། འདི་ནི་རྒྱུའི་བདག་ཉིད་རྣམས་ཀྱི་ཡིན་པས་ཁྱད་པར་ཡོད་དོ། །འཐད་པ་སྒྲུབ་པའི་རིགས་པ་ནི་མཚན་ཉིད་གསུམ་པའི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བའི་དོན་སྒྲུབ་པའོ། །འདི་ནི་ཤེས་པར་བྱེད་པའི་ཡུལ་ཅན་ཡིན་ལ། དང་
པོ་གཉིས་ནི་སྐྱེད་པའི་ཡུལ་ཅན་ཡིན་ནོ། །ཆོས་ཉིད་ཀྱི་རིགས་པ་ནི་རང་དང་སྤྱིའི་མཚན་ཉིད་དུ་གནས་པའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་སྟེ། མེ་ཁོ་ན་ཚ་ལ་ཆུ་ཁོ་ན་གཤེར་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་གང་ཡིན་པའོ། །དེ་དག་ཤེས་པ་སྟེ་མཐར་ཕྱིན་པ་དེས་སོ། །གང་གིས་
གང་རིགས་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་ཐམས་ཅད་རྟོགས་པ་མ་ཡིན་པའོ། །མ་རིག་པ་ཞེས་བྱ་བ་ནི། འདི་ལྟར་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དག་ལ་འཐད་པ་སྒྲུབ་པའི་རིགས་པའི་གོ་སྐབས་མེད་པ་ལྟ་བུ་སྟེ། དེ་དག་ནི་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་དག་
ལ་འཐད་པས་སྒྲུབ་པའི་རིགས་པའི་གོ་སྐབས་མེད་དོ། །དེ་ཁོང་དུ་ཆུད་པའི་ཕྱིར་ཞེས་བྱ་བ་ནི། དེ་རྟོགས་པའི་ཕྱིར་ཏེ་དེ་ལྟ་བས་ན་རིགས་པ་བཞིས། ཆོས་ཐམས་ཅད་ཀླན་ཀ་དང་ལན་དུ་བཅས་པའི་སྒོ་ནས་གདུལ་བ་རྣམས་ལ་སྟོན་པར་ནུས་པའི་ཕྱིར་རིགས་པའི་སྤོབས་པ་ཞེས་བྱའོ། །དེ་ཡང་མདོ་

ལས་ཤིན་ཏུ་རྣམ་པར་སྦྱངས་པའི་ཡེ་ཤེས་ཀྱིས་རྣམ་པར་ཕྱེ་བ་ལ་འཇུག་པ་ཞེས་བྱ་བ་འདིས་བསྟན་ཏོ། །ཇི་ལྟ་ཞེ་ན། ཤིན་ཏུ་རྣམ་པར་སྦྱངས་པ་ནི་ཤིན་ཏུ་རྣམ་པར་བྱང་བར་བྱས་པའི་ཡེ་ཤེས་ནི་རིགས་པ་རྣམ་པ་བཞི་ཤེས་པ་ཁོ་ན་ཡིན་ནོ། །རྣམ་པར་ཕྱེ་བ་ནི་བྱེ་བྲག་ཏུ་ཕྱེ་བ་སྟེ།
དེ་ཡང་བཤད་པ་ལས་གང་གིས་གང་རིགས་པ་ཞེས་བསྟན་པ་ཡིན་ནོ། །འདིས་ཆོས་རྣམས་ལ་འཇུག་པས་ན་འཇུག་པ་ནི་ཁོང་དུ་ཆུད་པ་ཁོ་ན་ཡིན་ཏེ། དེ་ཡང་དེ་ཁོང་དུ་ཆུད་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །གོ་རིམས་ལ་མི་ལྟོས་པར་ཞེས་བྱ་བ་ནི་དཔེར་ན་ཕུང་པོ་ལ་སོགས་པ་བསྟན་པའི་
སྐབས་ལྟ་བུ་དག་ལ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དབྱེ་བའི་འོག་ཏུ། ཚོར་བའི་ཕུང་པོ་རྣམ་པར་དབྱེ་བ་ཡིན་ནོ་སྙམ་ནས་གོ་རིམས་ཀྱི་སྟོབས་ཀྱིས་དེ་ལ་ལྟོས་ནས་སྟོན་ནུས་པ་ཉིད་བས་གོ་རིམས་ལ་མི་ལྟོས་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་མ་ལྟོས་ཀྱང་གཡེངས་པ་མེད་པའི་ཕྱིར་སྟོན་
ནུས་པ་ཉིད་པས་གཏམ་གྱི་བར་དུ་བཅད་ཀྱང་ཞེས་བྱ་བ་སྨོས་ཏེ། གདུལ་བ་བསམ་པ་སྣ་ཚོགས་པ་རྣམས་ཀྱིས་དྲིས་ཏེ། གཡེངས་པའི་རྒྱུད་ཡོད་དུ་ཟིན་ཀྱང་ཐང་ཆད་པ་མེད་པར་ཇི་ལྟར་འདོད་པ་ཇི་ལྟར་བསམས་པ་བཞིན་དུ་དེ་དང་དེ་གང་ཡང་རུང་བ་ནས་བསྟན་པར་བྱ་བའི་ཚིག་འབྲུ་རྣམས་དང་།
རྣམ་གྲངས་རྣམས་དང་། དོན་རྣམ་པ་དུ་མ་ལག་མཐིལ་དུ་གཞག་པ་བཞིན་དུ་རྗེས་སུ་དྲན་རབ་ཏུ་ཤེས་པས་ན་གྲོལ་བའི་སྤོབས་པ་ཡིན་ནོ། །དེ་ཡང་མདོ་ལས། དྲན་པ་བརྗེད་པ་མེད་པའི་བྱིན་གྱི་རླབས་ཞེས་བསྟན་པ་ཡིན་ཏེ། ཚིག་འབྲུ་དང་དོན་ཐམས་ཅད་དྲན་པ་ཉམས་པ་ནི་བརྗེད་པ་མེད་པའོ། །
དེའི་བྱིན་གྱིས་བརླབས་ཞེས་བྱ་བ་ནི་གང་གིས་དེ་ལ་བྱིན་གྱིས་རློབ་པ་སྟེ། བརྗེད་པ་མེད་པའི་རྒྱུའི་སྤོབས་པ་ཉེ་བར་སྒྲུབ་པས་ན་གྲོལ་བའི་སྤོབས་པ་ཞེས་བཤད་ཀྱི་སྐབས་མ་ཡིན་པའི་བྱིན་གྱི་རླབས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གདུལ་བར་བྱ་བ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་གང་ཞིག་
རྣམ་པ་གང་གིས་གདུལ་བར་བྱ་བ་དེ་བཞིན་དུ་རྣམ་གྲངས་སྐད་དུ་མས་བརྗོད་པའི་རྣམ་པ་དག་དང་དཔེ་སྟེ་རྟོགས་པར་བྱ་བའི་ཐབས་དཔེ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་ཐེ་ཚོམ་ཡིད་གཉིས་གཅོད་པར་བྱེད་སེལ་བར་བྱེད་ཅིང་ཡང་དག་པར་ངེས་པར་བསྐྱེད་པས་ན་གོ་བར་བྱེད་པའི་སྤོབས་པ་

ཞེས་བྱའོ། །འདི་ཡང་མདོ་ལས་ཤིན་ཏུ་རྣམ་པར་ངེས་པའི་བློ་གྲོས་ལ་མཁས་པ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན། མི་མཐུན་པའི་ཕྱོགས་རྣམ་པར་བཅད་པས་གདུལ་བ་རྣམས་ཀྱི་ཤིན་ཏུ་རྣམ་པར་ངེས་པའི་བློ་གྲོས་བློ་གང་ཡིན་པ་དེ་བསྐྱེད་པ་ལ་མཁས་པ་སྟེ་དེ་དག་ཉེ་བར་སྒྲུབ་པར་
མཛད་དོ་ཞེས་འབྱུང་བའི་ཕྱིར་དེ་བསྐྱེད་པར་ནུས་པ་ཡིན་ནོ། །སྤྱིའི་མཚན་ཉིད་གསུམ་ནི་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་ཉིད་དང་། འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དང་། ཆོས་ཐམས་ཅད་བདག་མེད་པ་ཉིད་དེ། དེའི་རྣམ་པར་ཤེས་པ་རྒྱུན་མི་འཆད་པར་ཡང་དང་ཡང་
དུ་མངོན་དུ་བྱེད་པ་ཀུན་དུ་སྤྱོད་པས་སོ། །མཐུན་པ་རྣམས་ལ་ནི་རྗེས་སུ་ཆགས་པས་ཇི་ལྟ་བ་བཞིན་སྟོན་པར་བྱེད་མི་མཐུན་པ་རྣམས་ལ་ནི་གཞན་དུ་སྟོན་པར་བྱེད་པ་མེད་པས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྤོབས་པ་ཞེས་བྱའོ། །མདོ་ལས་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བའི་
བློ་མི་འདོར་བ་ཞེས་གསུངས་པ་ཡིན་ཏེ། ཇི་ལྟ་ཞེ་ན། ཆོས་ཐམས་ཅད་ཀྱི་རྗེས་སུ་མཚན་ཉིད་གསུམ་གྱི་རྣམ་པས་སོང་ཞིང་ཞུགས་པའི་བློ་གྲོས་གང་ཡིན་པ་དེ་མི་འདོར་བས་ཡོངས་སུ་མི་འདོར་བ་ཡིན་ནོ། །མཚན་ཉིད་རྣམ་པ་གསུམ་ནི་ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་
གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །སྤྱིའི་མཚན་ཉིད་ནི་འདུས་བྱས་དང་། ཟག་པ་དང་བཅས་པ་དང་། ཆོས་ཀྱི་རྗེས་སུ་འཇུག་པའི་ཕྱིར་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་སྟོང་པ་ཡིན་ཏེ། འདུས་བྱས་ཐམས་ཅད་ནི་མི་རྟག་པ་ཉིད་དོ། །
ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བ་ཉིད་དོ། །ཆོས་ཐམས་ཅད་ནི་སྟོང་པ་དང་བདག་མེད་པ་དག་ཡིན་པར་ཡང་དང་ཡང་མངོན་སུམ་དུ་བྱེད་པ་ཁོ་ནའོ། །གདམས་ངག་ནི་ལུང་འབོགས་པའོ། །དེ་ཡང་རྣམ་པ་དུ་མ་ཡོད་པས་ངེས་པར་འབྱིན་པའི་ཞེས་བྱ་བ་སྨོས་ཏེ།
དགོས་པ་ངེས་པར་འབྱུང་བ་ཅན་ཡིན་ནོ། །ངེས་པར་འབྱུང་བ་ནི་འདིར་སངས་རྒྱས་སུ་ངེས་པར་འབྱུང་བ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པའི་གདམས་ངག་སྦྱིན་པའི་མཐུ་ནི་འདི་ལ་ཡོད་པ་ཉིད་ལས་ཉེ་བར་སྒྲུབ་པ་མཛད་ཅི་དགོས། དེ་སྦྱིན་ནུས་པ་ནི་དེར་སྤོབས་

པ་ཉིད་དོ། །དེ་ཇི་ལྟ་བུ་ཞེ་ན། སྟོབས་བཅུ་པོ་ཐོགས་པ་མེད་པས་ཞེས་བྱ་བ་སྨོས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོབས་བཅུ་པོ་བྱིན་གྱིས་བརླབས་པས་དེ་དག་སངས་རྒྱས་ཀྱི་མཐུས་ཡིན་པའི་ཕྱིར། སངས་རྒྱས་དང་ལྡན་པ་དག་ཡིན་ནོ། །དེ་དག་གིས་སེམས་དེ་
དག་ལ་ཐོགས་པ་མེད་ཐགས་ཐོགས་མེད་པས་གདུལ་བ་རྣམས་ཀྱི་ཉོན་མོངས་པ་དྲུངས་ནས་འབྱིན་པར་བྱེད་པའི་ཕྱིར་ངེས་པར་འབྱིན་པའི་གདམས་ངག་གི་སྤོབས་པ་ཡིན་ཏེ། མདོ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྟོབས་བརྫི་བ་མེད་པ་ཉིད་ཅེས་གསུངས་པ་ཉིད་དོ། །ཇི་ལྟ་
ཞེ་ན། བཅོམ་ལྡན་འདས་ཀྱིས་ཉེ་བར་སྒྲུབ་པ་མཛད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྟོབས་དག་གིས་རྡོ་རྗེའི་སྙིང་པོ་བརྫི་བ་མེད་པའི་མཐུ་རྙེད་པས་སངས་རྒྱས་ཁོ་ན་བཞིན་དུ་ཐོགས་པ་མེད་པའི་ཕྱིར་ཏེ། དེ་ཡང་ཐར་པ་པའི་ལམ་གྱིས་ལུང་ཕོག་པས་གདུལ་བ་རྣམས་ཀྱི་ཉོན་མོངས་
པ་གཅོད་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་ན་མི་འཇིགས་པ་ལ་སོགས་པས་ཞུམ་པ་མེད་ཅིང་མི་འགོང་བ་ཉིད་ཡིན་ཏེ། མི་ཤེས་པའི་ཕྱིར་ཕས་ཀྱི་རྒོལ་བ་དང་ཉེ་བར་གནས་ན་འགོང་བར་འགྱུར་གྱི། མི་འཇིགས་པ་ཉེ་བར་སྒྲུབ་པ་མཛད་པས་ན་བག་ཚ་བ་མེད་པར་སྟོན་པར་བྱེད་
དོ། །དེ་ཡང་མདོ་ལས་དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པས་ཞུམ་པ་མེད་པ་ཉིད་ཅེས་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་སུ་གཏོགས་པ་ཞེས་བྱ་བ་ནི་རྣམ་གྲངས་གཞན་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་བསྟན་པ་ཡིན། སོ་སོ་ཡང་དག་པར་རིག་པའི་རབ་ཏུ་དབྱེ་
བ་ནི་བྱེ་བྲག་ཡིན་ཏེ་དེས་སོ། །མདོའི་སྡེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་ལ་སོགས་པ་བསྡུའོ། །ཚུལ་དྲུག་པོ་དེ་དག་ལ་རྟོག་པ་ནི་དཔྱོད་པ་སྟེ་དེས་ཆོས་དེ་དག་གི་རྣམ་གྲངས་དུ་མ་མོས་པ་ཐ་དད་པ་རྣམས་ལ་སྟོན་པས་
ན་མི་ཟད་པའི་སྤོབས་པ་ཞེས་བྱའོ། །དེ་ཡང་མདོ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་གིས་ཆོས་ཀྱི་ཚུལ་ལ་རྟོགས་པ་ཞེས་སྨོས་པ་ཡིན་ནོ། །ཇི་ལྟ་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་ནི་རབ་ཏུ་དབྱེ་བ་སྟེ། ཡུལ་གྱི་

བྱེ་བྲག་གིས་རྣམ་པ་དུ་མར་ས་བཅུ་པ་ལས་བཤད་དོ། །དེས་ན་ཆོས་རྣམས་ཀྱི་ཚུལ་ལ་རྟོག་པར་བྱེད་དེ། །དེ་ལ་ཚུལ་དག་ནི་དྲུག་གོ། །དེ་དག་ལ་རྟོག་པ་ནི་དཔྱོད་པ་དང་རྟོག་པ་ཉིད་དོ། །དེ་ལ་ཚུལ་དྲུག་ནི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་དང་། ཐོས་པའི་ཚུལ་དང་། སྟོན་པའི་ཚུལ་དང་། མཐའ་
གཉིས་སྤོང་བའི་ཚུལ་དང་། བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཚུལ་དང་། དགོངས་པའི་ཚུལ་ལོ། །དེ་ལ་ཕྱི་མ་རྣམས་ཀྱིས་དང་པོ་གསུམ་རྟོགས་པར་བྱ་སྟེ། ཇི་ལྟ་ཞེ་ན། དཔེར་ན་དགེ་སློང་དག །གཟུགས་ལ་རོ་མྱང་བ་ཡང་ཡོད། ཉེས་དམིགས་དང་ངེས་པར་འབྱུང་བ་ཡང་ཡོད་དོ། །ཚོར་བ་
ནས་རྣམ་པར་ཤེས་པའི་བར་དུ་ཡང་དེ་དང་དེ་འདྲའོ་ཞེས་རྒྱས་པར་གསུངས་པ། ཕུང་པོ་ལྔ་པོ་ཁོ་ན་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་བསྟན་ཏེ། རོ་མྱང་བ་དང་ཉེས་དམིགས་ནི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །ངེས་པར་འབྱུང་བ་ནི་རྣམ་པར་བྱང་བ་ཡིན་ནོ། །དེ་གཉི་ག་ཡང་འདི་ཉིད་
ལ་ཡོད་ན་བདག་གིས་ཅི་ཞིག་བྱ་ཞེས་སྒྲོ་འདོགས་པ་མཐའ་བསྩལ་ཏོ། །བདག་མེད་ན་ཡང་དེ་དག་མི་རུང་ངོ་ཞེས་དེ་གཉིས་ལ་སྐུར་པ་འདེབས་པ་ཡང་འདི་ཉིད་ཀྱིས་བསྩལ་ཏོ། །དེ་ལྟ་བས་ན་འདི་ལས་མཐའ་གཉིས་སྤང་བའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་བསྟན་པ་ལྟ་བུ་དང་། དཔེར་ན་
མདོ་ཉིད་ལས་དགེ་སློང་དག་ངས་ཇི་སྲིད་དུ་གཟུགས་ལ་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཤེས་པར་མ་གྱུར། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཤེས་པར་མ་གྱུར་པ་དེ་སྲིད་དུ་ངས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་
སྙམ་དུ་ཤེས་པར་མ་གྱུར་གྱི། གང་གི་ཕྱིར་ངས་འདི་དག་ལ་རོ་མྱང་བ་ལ་སོགས་པར་ཤེས་པའི་ཕྱིར། ངས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་ཤེས་སོ་ཞེས་གསུངས་པ། མདོ་དེ་ཉིད་ལས་རྟོགས་པར་བྱ་སྟེ། འདིས་ནི་ཐོབ་པའི་
ཚུལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ངོ་བོ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཚུལ་གྱིས་བཤད་པ་ལྟ་བུ་དང་། དེ་བཞིན་དུ་མདོ་དེ་ཉིད་ལས་དགོངས་པ་འདི་ཉིད་ཀྱིས་འདི་ལྟ་བུ་དང་འདི་ལྟ་བུར་སྟོན་པས་དགོངས་པའི་ཚུལ་གྱིས་སྟོན་པའི་ཚུལ་བཤད་པ་ལྟ་བུའོ། །མཇུག་ཏུ་ཟིལ་

གྱིས་མི་ནོན་པའི་ལུས་ཉིད་སྨོས་པ་འདི་ནི་དེའི་དབྱེ་བ་ཡིན་ནོ་ཞེས་སྟོན་པར་བྱེད་པ་སྟེ། བར་དུ་ཆོད་པའི་ཕྱིར་རོ། །གདུལ་བ་ཐ་དད་པས་ཐ་དད་པ་ཞེས་བྱ་བ་ནི་གང་དག་ལུས་གང་ལ་མོས་པ་བཞིན་དུ་གདུལ་བ་རྣམས་ལ་ཉན་ཐོས་ལ་སོགས་པའི་ལུས་དེ་སྟོན་པའི་ཕྱིར་རོ། །སྐུ་ལ་སོགས་
པའི་ཆོ་འཕྲུལ་སྐུ་ལ་སོགས་པའི་ངོ་མཚར་རྣམས་མངོན་དུ་མཛད་པ་ནི་ཀུན་དུ་སྤྱོད་པ་དང་། དབང་བ་ཉིད་དེ་ཇི་ལྟར་བཞེད་པ་བཞིན་སྟོན་པའི་ཕྱིར་ཆོ་འཕྲུལ་དང་བཅས་པའི་སྤོབས་པ་ཞེས་བྱའོ། །མདོ་ལས་ནི། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱན་ཤིན་ཏུ་རྣམ་པར་ཕྱེ་བ་ཐམས་
ཅད་མངོན་པར་སྒྲུབ་པ་ཉིད་ཉེ་བར་སྒྲུབ་པ་མཛད་དོ་ཞེས་བསྟན་པ་ཡིན་ཏེ། ཇི་ལྟ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ལ་སོགས་པའི་རྒྱན་ཆོ་འཕྲུལ་གང་དག་འགྲོ་བ་ཐམས་ཅད་དགའ་བར་བྱ་བའི་ཕྱིར་ཤིན་ཏུ་རྣམ་པར་ཕྱེ་བ་ཐ་དད་དུ་གྱུར་པ་དེ་དག་མངོན་པར་སྒྲུབ་པ་ནི་མངོན་པར་སྒྲུབ་
པའོ། །དེའི་དངོས་པོ་ནི་མངོན་པར་སྒྲུབ་པ་ཉིད་དོ། །གང་དང་ལྡན་ན་མངོན་པར་འགྲུབ་པ་དེ་ཡང་ཡེ་ཤེས་ཡིན་ཏེ། དེ་མངོན་པར་སྒྲུབ་པ་མཛད་དོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དུ་མ་ཞིག་འདུས་ན་དེ་ཁོ་ན་ལ་བྱིན་གྱིས་བརླབས་ཤེ་ན། སྨྲས་པ་ཏིང་ངེ་འཛིན་གྱི་མཐུས་སོ། །དེ་ཡང་དེ་
དང་འདྲ་བའི་སངས་གཞན་དག་ལ་ཅིའི་ཕྱིར་མེད་ཅེ་ན་འདི་ལ་ཡང་། ཏིང་ངེ་འཛིན་གྱི་མཐུ་དེ་ནི་གཞན་དག་ལ་མེད་དོ་ཞེས་གཏན་ཚིགས་སྟོན་པར་བྱེད་དོ། །འདི་ལྟར་གཞན་དག་ལས་ཀྱང་སྲིང་མོ་ཡིད་གཉིས་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་གི་མཐུས་འཕགས་པ་འཇམ་དཔལ་ལ་སོགས་པ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་བསླང་བར་མ་ནུས་ན་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་སྙོམས་པར་ཞུགས་སོ་ཞེས་གྲག་གོ། །ཡང་ཇི་ལྟར་ན་མཐུ་དེ་འདི་ཁོ་ན་ལ་ཡོད་ཀྱི་གཞན་དག་ལ་མ་ཡིན་ཞེ་ན། སྔོན་གྱི་མངོན་པར་འདུ་བྱེད་པས་འཕངས་
པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྔོན་གྱི་མངོན་པར་འདུ་བྱེད་པས་འཕངས་པ་དེ་ལ་ཡང་མདོ་ལས། སྔོན་གྱི་སྨོན་ལམ་གྱིས་མངོན་པར་བསྒྲུབས་ཞེས་བསྟན་པ་ཡིན་ཏེ། དེས་སྔོན་གང་གིས་ན་བདག་ཁོ་ན་ལ་ཏིང་ངེ་འཛིན་འདི་ཡོད་ཀྱི་གཞན་དག་ལ་མ་ཡིན་པ་དེ་ལྟ་བུའི་སྨོན་ལམ་མངོན་པར་བསྒྲུབས་སོ། །

ཏིང་ངེ་འཛིན་གྱི་རྟེན་ནི་དེ་སྐྱེ་བའི་རྒྱུ་རྣམས་ཏེ་ཡོན་ཏན་འོག་ནས་གཞི་དག་པ་ལ་སོགས་པ་ཉིད་དུ་འབྱུང་བ་གང་དག་ཡིན་པ་དེ་དག་ཡོངས་སུ་འཛིན་པ་ནི་ཡང་དག་པར་སྒྲུབ་པ་དང་། འཐོབ་པའོ། །དེ་དད་པ་དང་ལྡན་པས་མངོན་པར་ཡིད་ཆེས་པར་གྱུར་ལ་འདུན་པ་དང་ལྡན་པས་དོན་དུ་གཉེར་བར་གྱུར་ནས་
དགེ་བའི་ཆོས་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར་འདི་གཉི་ག་དགེ་བའི་རྩ་བ་ཐམས་ཅད་སྐྱེ་བ་ལ་སྔོན་དུ་འགྲོ་བ་ཡིན་པས་ས་བཞིའོ། །དེ་ཉིད་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པའི་རྒྱུ་ཞེས་འོག་ནས་འབྱུང་ངོ་། །དེ་རྣམ་པར་དག་པ་ནི་གཞི་རྣམ་པར་དག་པའོ། །དེ་ཡང་ས་དང་པོ་ལ་གནས་པ་ལ་ཡང་དྲི་མ་
དང་བྲལ་བ་ཤས་ཀྱིས་ཡོད་པས་ཁྱད་པར་དུ་བྱ་བའི་ཕྱིར་མདོ་ལས་ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱང་བའི་ཕྱིར་ཞེས་ཤིན་ཏུ་ཞེས་བྱ་བའི་སྒྲ་སྨོས་ལ། བཤད་པ་ལས་ཀྱང་བྱང་ཆུབ་སེམས་དཔའི་མཐར་ཕྱིན་པ་ཞེས་སྨོས་སོ། །རྒྱུད་ཡོངས་སུ་སྨིན་པས་རྣམ་པར་དག་པ་ཡིན་ཏེ། འདིར་
ཚོགས་ནི་བསོད་ནམས་ཀྱི་ཚོགས་སོ། །ཡེ་ཤེས་ཀྱི་ཚོགས་ནི་ཤེས་རབ་རྣམ་པར་དག་པས་བཤད་ཟིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཆུད་མི་ཟ་བའི་རྒྱུ་ཡིན་ནོ། །འདི་ནི་འབྱོར་པ་རྒྱ་ཆེན་པོ་འཐོབ་པའི་རྒྱུ་ཡིན་ནོ་ཞེས་འཆད་པར་འགྱུར་ཏེ། ཤེས་རབ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ཅན་གྱིས།
དེ་དང་ཐ་མི་དད་པའི་ཕྱིར་ཐམས་ཅད་མངོན་སུམ་དུ་བྱེད་པས་ཆུད་མི་ཟ་ལ། བསོད་ནམས་ཀྱིས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་ཀྱིས་འབྱོར་པ་མཆོག་རྣམས་འཐོབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་གསང་བའི་ཆོས་རྣམས་ཐམས་ཅད་བསྟན་པ་སྟེ་གསང་བ་དག་ཁོ་
ན་ཆོས་རྣམས་ཡིན་ནོ། །དེ་ཡང་ཡུལ་ཚད་མེད་པ་ཉིད་ཀྱིས་ཚད་མེད་དོ། །དེ་དྲན་པ་མི་བརྗེད་པ་ནི་འཛིན་པ་སྟེ། འདི་དྲན་པ་དེའི་སྣོད་དང་གཞི་ལ་རྟེན་ཡིན་པའོ། །གསང་བ་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་འདི་སྐད་དུ་སངས་རྒྱས་རྣམས་ལས་ཆོས་བསྟན་པ་ཚད་མེད་པ་དག་ཐོས་ནས་དྲན་ཞིང་
འཛིན་པར་ཕོད་ནུས་སོ་ཞེས་བསྟན་པ་ཡིན་པས་ཐོས་པ་ཡོངས་སུ་འཛིན་པ་རྣམ་པར་དག་པ་ཞེས་བྱའོ། །མངོན་པར་ཤེས་པ་འོད་གསལ་བ་ཞེས་བྱ་བ་ཇི་ལྟར་ན་མངོན་པར་ཤེས་པ་དག་མོས་པ་རྣམས་ཞེས་བྱ་ཞེ་ན། སྨྲས་པ། དེས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འདི་ཡང་ཕལ་ཆེར་དཔེའི་དབང་

དུ་བྱས་ནས་བཤད་པར་ཟད་དེ། འདི་ལྟར་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་ཡང་བ་ཉིད་དུ་མོས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ལྷའི་རྣ་བ་དང་ལྷའི་མིག་དག་ནི་སྒྲ་དང་སྣང་བ་ལ་མོས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཤིན་ཏུ་རྟོགས་པའི་ཕྱིར་ལེགས་པར་རྟོགས་པའི་ཕྱིར་རོ། །གཟུངས་
རྣམས་ཀྱི་སྒོ་ནི་ཡི་གེ་རྣམས་ཏེ། དེ་དག་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །ཡི་གེ་དེ་དེ་དག་ཐ་དད་པ་མེད་པ་ནི་སྔ་ཕྱི་མི་འགལ་བའོ། །དོན་དམ་པ་ཤེས་པར་བྱ་བའི་ཕྱིར་གདམས་ངག་གང་ཡིན་པ་དེ་བསླུ་བ་མེད་པ་སྟེ། དེ་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་རྟོགས་
པས་ང་རྒྱལ་ཐམས་ཅད་སྤངས་པའི་ཕྱིར་མངོན་པའི་ང་རྒྱལ་མེད་པ་རྣམ་པར་དག་པ་ཞེས་བྱའོ། །མདོ་ལས་ནི། ཆོས་ཀྱི་དབྱིངས་ཞེས་བྱ་བའི་ཕྱག་རྒྱས་ལེགས་པར་བཏབ་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ཏེ། ཇི་ལྟ་ཞེ་ན། ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་དོན་དམ་པ་ནི་ཆོས་ཀྱི་
དབྱིངས་ཡིན་ནོ། །དེའི་ཡུལ་ཅན་གྱི་ཤེས་པ་དོན་དམ་པ་ཤེས་པ་དང་། ཆོས་ཀྱི་དབྱིངས་ཤེས་པ་སྟེ། དེའི་ཆེད་ཀྱི་ཕྱག་རྒྱ་ནི་མཚན་ཉིད་གསུམ་གང་ཡིན་པ་སྟེ། སྤྱིའི་མཚན་ཉིད་གསུམ་མོ། །ཡང་འདུལ་བ་དང་ཆོས་མངོན་པ་དང་མདོ་སྡེ་ལ་འཇུག་པའི་མཚན་ཉིད་དེ་དེས་ལེགས་པར་བཏབ་
པའོ། །དེ་ཡང་གང་ཞེ་ན། གདམས་ངག་གོ་ཞེས་ཚིག་ཁོང་ནས་དྲང་སྟེ། དེ་ཉིད་ཀྱི་ཕྱིར་སླུ་བར་མི་བྱེད་པ་ཡིན་ནོ། །ཡང་ན་གདམས་ངག་དེ་ཉིད་ཕྱག་རྒྱ་ཡིན་ཏེ། རང་ལ་ངེས་པ་བཞིན་འདོམས་པའི་ཕྱིར་རོ། །བསླུ་བ་མེད་པ་ཉིད་ནི་གང་དག་ལ་འདོམས་པ་དེ་དག་གིས་དེ་རྟོགས་པར་འགྱུར་བ་ཉིད་ཀྱིས་
རིག་པར་བྱའོ། །ཏིང་ངེ་འཛིན་གྱི་མཐུ་ཡང་ཡོད་ལ་རྫུ་འཕྲུལ་གྱི་མཐུ་ཡང་ཡོད་པས་རྫུ་འཕྲུལ་གྱི་མཐུས་ཞེས་ཁྱད་པར་དུ་བྱེད་དོ། །མཐོང་བའི་ལམ་གྱི་གནས་སྐབས་ན་དོན་དམ་པ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་དོན་དམ་པ་ཤེས་པ་ལ་གནས་པའི་ཕྱིར་ཐེ་ཚོམ་མེད་པས་ཤིན་ཏུ་
རྣམ་པར་ངེས་པའོ། །གནས་པ་ཉིད་ནི་ལྷན་ཅིག་འབྱུང་བ་དང་། མཚུངས་པ་དང་ལྡན་པ་དག་གིས་སོ། །སེམས་བསྐྱེད་པ་དེ་ནི་ས་དང་པོར་ཆུད་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཆེན་པོ་རྣམས་སྐྱེ་བའི་རྒྱུར་གྱུར་པའི་ས་བོན་དུ་གྱུར་པའི་ཕྱིར་རྒྱུའི་དོན་གྱི་དབྱིངས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱས་

པའོ། །ཡང་ཞེས་བྱ་བ་ནི་བཤད་པ་གཞན་ཡིན་ནོ། །ཆོས་ཀྱི་དབྱིངས་ལ་ཆེ་བ་ཞེས་བྱ་བ་ལ། ལ་ཞེས་བྱ་བས་ནི་ཡུལ་དང་ཡུལ་ཅན་གྱི་དངོས་པོར་སྟོན་པར་བྱེད་པའོ། །སྔར་ནི་བྱེ་བྲག་བསྡུ་བ་སྟེ། སེམས་བསྐྱེད་པ་ཉིད་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་སྐྱེ་བའི་རྒྱུ་མཚན་ཡིན་
པས། ཆོས་ཀྱི་དབྱིངས་སུ་བཤད་པ་ཡིན་ནོ། །ད་ནི་ཁྱད་པར་དུ་བརྗོད་པར་འདོད་པའི་དབང་གིས་ཟག་པ་མེད་པ་དག་ཁོ་ན་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ཏེ། དཔེར་ན་སྲིད་སྒྲུབ་གཞུ་ཐོགས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་དག་གི་རྒྱུ་ཞེས་བྱ་བ་ནི་ཆོས་དབྱིངས་བདག་མེད་པ་གཉིས་ཏེ། །
དེའི་ཡུལ་ཅན་ལ་ཡང་དེ་སྐད་ཅེས་བྱའོ། །རྒྱས་པ་ཉིད་ཀྱི་རྒྱུ་སྟོན་པར་བྱེད་དེ་སོ་སོའི་སྐྱེ་བོ་ལ་སོགས་པ་དེ་བཞིན་ཉིད་ལ་དམིགས་པའི་ཤེས་པ་གཞན་གང་དག་ཡིན་པ་སྟེ། སོ་སོའི་སྐྱེ་བོའི་ནི་ཐོས་པའི་གནས་སྐབས་ན་ཀུན་རྫོགས་པའོ། །ཉན་ཐོས་ལ་སོགས་པའི་ནི་དེ་བཞིན་ཉིད་
ལ་དམིགས་པ་ཡིན་པར་རིག་པར་བྱའོ། །དེ་རྣམས་པས་ཤིན་ཏུ་མཆོག་ཏུ་གྱུར་པ་ནི། སྒྲིབ་པ་གཉིས་ཀྱི་གཉེན་པོ་ཞེས་བྱ་བ་ལ་སོགས་པའི་ཕྱིར་རོ། །རྣམ་པར་དག་པ་དང་མཐུན་པའི་ཆོས་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་བའི་རྣམ་པར་དག་པ་ཉིད་ཆོས་ཞེས་བྱ་བར་ནི་མ་ཡིན་ནོ། །དེ་ནི་ཐེག་པ་
ཆེན་པོའི་གསུང་རབ་ཉིད་བཤད་པའི་ངོ་བོ་ཡིན་པའི་ཕྱིར་ཆོས་སོ། །དེ་ཉིད་རིགས་ཀྱི་དོན་གྱིས་ན་དབྱིངས་ཏེ་གང་ཞིག་གང་ལས་སྐྱེ་བ་དེ་ནི་དེའི་རིགས་དང་དབྱིངས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེའི་དོན་མཉན་པ་དང་། བསམ་པ་ལ་སོགས་པའི་རིམ་གྱིས་ཆོས་དེས་ཡོངས་སུ་སྦྱངས་པའི་ཕྱིར་
སེམས་བསྐྱེད་པ་དེའི་ཡོངས་སུ་སྦྱང་བར་བྱ་བའི་ས་ཞེས་བྱའོ། །འདི་ལ་རྒྱལ་བ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། རྒྱས་པ་ནི་མདོ་ལ་སོགས་པ་མཐའ་ཡས་པའི་བྱེ་བྲག་གིས་མཐའ་ཐུག་པ་མེད་པའི་ཕྱིར་རོ། །ཡང་དགེ་བའི་དོན་གྱིས་བསོད་ནམས་ཀྱི་རྣམ་གྲངས་ཉིད་དུ་སྟོན་པར་
བྱེད་དོ། །འདིར་དབྱིངས་ཀྱི་དོན་ནི་རྒྱུའི་དོན་ཏོ། །ཚིག་རྣམ་པར་སྦྱར་བ་ནི་བཤད་མ་ཐག་པ་ཁོ་ནར་ཟད་དོ། །རྒྱས་པ་ནི་བསྐལ་པ་དུ་མར་བསྒྲུབས་པའི་ཕྱིར་རོ། །འདིས་ནི་འདི་བསྐལ་པ་དུ་མས་བསྒྲུབས་པའི་བསོད་ནམས་ཀྱིས་བསྐྱེད་པ་ཉིད་དུ་བསྟན་ཏོ། །མི་རྟག་པ་འདུས་བྱས་སྡུག་

བསྔལ་ཡིད་དུ་འོང་བ། འགྲུབ་པ་སྐྱེ་བ་ཉིད་ཀྱི་རྒྱུའོ། །དེར་ཤིན་ཏུ་རྣམ་པར་ངེས་པ་སྟེ། མདོ་ལས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཞེས་བྱ་བའི་ཚིག་གིས་བསྟན་ཏོ། །ཇི་ལྟ་ཞེ་ན། དེ་ཉིད་སློབ་དཔོན་གྱིས་ནམ་མཁའ་ལྟ་བུ་སྟེ། ཞེས་བསྟན་ཏེ་འདི་སྐད་དུ་ཇི་ལྟར་
ནམ་མཁའ་གོ་ཕྱེ་བའི་སྒོ་ནས་དེས་བསྐྱེད་པའི་གཟུགས་རྣམ་པ་སྣ་ཚོགས་མང་པོ་དག་གིས་ཀྱང་ཟད་པར་མི་འགྱུར་བ་ལྟར་སེམས་བསྐྱེད་པ་འདི་ཡང་དེ་དང་འདྲའོ། །ཇི་ལྟ་ཞེ་ན། དེ་ནི་ཟག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རྒྱུ་མཐུན་པའི་རྒྱུ་ཉིད་དུ་རྣམ་
པར་གནས་ལ། དེ་དག་ཀྱང་སེམས་ཅན་མཐར་ཐུག་པར་ཡོངས་སུ་བསྔོས་པའི་དབང་གིས་འཁོར་བ་ཇི་སྲིད་པར་རྗེས་སུ་འཇུག་གོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་དེ་ནི་རྒྱུ་མཐུན་པ་ཞེས་བྱའོ། །རྣམ་པར་སྨིན་པའི་རྒྱུ་ནི་འབྲས་བུ་བསྐྱེད་ནས་ལྡོག་གི་རྒྱུ་མཐུན་པའི་རྒྱུ་ནི་འབྲས་བུ་དག་
སྐྱེས་ན་ཆེས་ཤིན་ཏུ་རྒྱས་པར་འགྱུར་བས་དེ་ལྟར་ན་འདི་འབྲས་བུ་མི་ཟད་པ་ཉིད་ཀྱི་ཕྱིར་ནམ་མཁའི་མཐས་གཏུགས་པའོ་ཞེས་བཤད་པ་ཡིན་ནོ། །ཕྱི་མའི་མཐའ་ནི་མ་འོངས་པའི་དུས་སོ། །དེའི་མུ་ནི་མཐས་གཏུགས་པ་སྟེ་དེ་རྣམ་པར་འཆད་པའི་ཕྱིར་མྱ་ངན་ལས་འདས་པ་ཡིན་ནོ། །དེའི་ཐུག་
པ་ནི་གཞོལ་བ་སྟེ། དེ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་སེམས་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་འདིར་སྡུག་པ་སྨོས་པ་དང་འགྲུབ་པ་སྨོས་པ་མ་མཛད་དེ། རྟག་པ་མྱ་ངན་ལས་འདས་པ་ལ་མི་སྡུག་པ་དང་ལྡན་པས་རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་
དང་། དེ་ཐོབ་པས་འདི་རྒྱུའི་དངོས་པོ་ཡིན་གྱི་སྐྱེད་པར་བྱེད་པ་ནི་མ་ཡིན་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་ངེས་པ་འདི་གཉིས་ཀྱིས་ནི་རིམ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་བརྗོད་པར་བལྟ་བར་བྱའོ། །ཇི་ལྟ་ཞེ་ན། གོ་རིམས་བཞིན་དུ་འདུས་བྱས་ཀྱི་
རང་བཞིན་གྱི་ཡོན་ཏན་རྣམས་དང་། འདུས་མ་བྱས་མྱ་ངན་ལས་འདས་པ་སྨོས་པའི་ཕྱིར་ཏེ། རྟག་པའི་རྒྱུ་ཉིད་ཤིན་ཏུ་རྣམ་པར་ངེས་པར་བརྗོད་མ་ཐག་པས་ནི་མྱ་ངན་ལས་འདས་པ་ཙམ་ཞིག་ཐོབ་པར་བཤད་ཀྱི་མྱ་ངན་ལས་འདས་པའི་ཁྱད་པར་ནི་མ་ཡིན་ནོ། །འདིས་ནི་གཅིག་ཁོ་ནར་

མྱ་ངན་ལས་འདའ་བ་བཀག་སྟེ། སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡེ་ཤེས་ཀྱི་ས་ལ་འཇུག་པས་འདི་བརྩོན་འགྲུས་ཆེན་པོ་རྩོམ་པའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་ཞུམ་པ་མེད་པ་ཉིད་ཅེས་བྱའོ། །ཡང་དག་
པར་འགྲུབ་པ་ནི་འབྲས་བུའོ། །འཇིག་རྟེན་ན་ཡང་གང་ལས་འབྲུ་རྣམས་སྐྱེ་བ་དེ་ཞིང་ཞེས་བྱ་བས་དེ་བཞིན་དུ་འདིར་ཡང་འདི་དག་ལ་འབྲས་བུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འབྲུ་འབྲས་བུར་གནས་པས་ན་ཡེ་ཤེས་ཀྱིས་འདི་དག་ཉིད་ཡིན་ནོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སོ་སོ་སྐྱེ་བོའི་མཚན་
ཉིད་ནི་འཕགས་པའི་ཆོས་མ་ཐོབ་པ་ཡིན་པའི་ཕྱིར་ལ། ས་དང་པོ་ལ་མཐོང་བའི་ལམ་སྐྱེས་ནས། དེ་དང་བྲལ་བས་མི་མཐུན་པའི་ཕྱོགས་ཉིད་ཡིན་ཏེ། འདི་སྐད་དུ་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་འདས་པ་ཡིན་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །གཉིས་པ་ལ་ནི་དགེ་
བ་བཅུ་བསྟེན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་པ་དེ་ལས་བཟློག་པ་ལོག་པར་སྒྲུབ་པ་མི་མཐུན་པའི་ཕྱོགས་ཡིན་ནོ། །གསུམ་པ་ལ་ནི་དེ་ཆེས་ཕྱུག་པ་ཡིན་ཞེས་བྱ་བ་ལ་སོགས་པས་ཐོས་པ་ལ་སོགས་པའི་དོན་སྣང་བ་བརྗོད་པའི་ཕྱིར་དེ་ལས་བཟློག་པ་བརྗེད་པ་ཞེས་བྱ་བ་མུན་པའི་
ཚུལ་ཅན་ཉིད་མི་མཐུན་པའི་ཕྱོགས་ཡིན་ནོ། །བཞི་པ་ལ་ནི་གང་འདི་འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བའི་ལྷག་པར་གཡོ་བ་དང་བྲལ་བས་གཡོ་བ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པས། དེ་དང་བྲལ་བར་བརྗོད་པའི་ཕྱིར་དེ་ཉིད་མི་མཐུན་པའི་ཕྱོགས་ཡིན་ནོ། །ཀུན་ཏུ་བརྟགས་པ་ནི་དང་པོ་ཁོ་ན་ལ་སྤངས་སོ་
ཞེས་བསྟན་པའི་ཕྱིར་ལྷན་ཅིག་སྐྱེས་པ་ཞེས་སྨོས་ཏེ། དེ་སྐད་དུ་གསུམ་པ་ལས་རྣམ་པར་བརྟགས་པའི་ལྟ་བའི་དབང་དུ་བྱས་ནས་འདི་ལྟ་བས་བྱས་པའི་འཆིང་བ་རྣམས་ནི་སྔ་ནས་སྤངས་པ་ཁོ་ནའོ་ཞེས་བཤད་དོ། །དེ་ལ་ཕྲ་བའི་རྣམ་པ་ནི་དགེ་བ་ལ་སོགས་པའི་སེམས་ལ་ཡང་དེ་དང་མི་འགལ་བར་དུས་ཐམས་
ཅད་དུ་གནས་པས་བརྟག་དཀའ་བའི་ཕྱིར་ཏེ། འདི་ལྟར་དགེ་བ་ལ་སོགས་པ་སྐྱེ་བའི་དུས་ན་ཡང་དེ་དང་མཚུངས་པར་ལྡན་པའི་ཕྱིར་བདག་ལ་ཆགས་པ་དང་། བདག་ཏུ་ང་རྒྱལ་བ་ལ་སོགས་པ་ཡོད་པ་ཁོ་ནའོ། །རྣམ་པར་བརྟགས་པ་ནི་དེ་ལྟ་མ་ཡིན་པས་རགས་པ་ཡིན་ཏེ། ཉོན་མོངས་པ་ཅན་

གྱི་ཡིད་དུ་བྱེད་ཅིང་དེ་སྐྱེ་བའི་ས་བོན་འཇོག་པའི་ཕྱིར་སྐྱེད་པར་བྱེད་པ་ཡིན་ནོ། །རང་གི་ཡིད་ལ་བྱེད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ཏེ། འདི་ལྟར་གཞན་ནི་དེ་ཉིད་ཀྱི་དབང་དུ་བྱས་ནས་དེའི་བརྗོད་པས་བསྒོས་པའི་བརྗོད་པའི་ཡིད་ལ་བྱེད་པ་ཞེས་གསུངས་སོ། །དེ་ཡང་
དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཉིད་ཀྱིས་བརྟག་དཀའ་བ་ཉིད་དེ། དེ་ལ་དམིགས་པས་ཀྱང་ཕྲ་བ་ཡིན་ནོ། །རིང་དུ་སོང་བ་ཉིད་ནི་བཞི་པའི་བར་དུ་རྗེས་སུ་འབྲེལ་བའི་ཕྱིར་རོ། །འདི་ལྟར་རྒྱུ་གསུམ་གྱིས་ཕྲ་བར་རིག་པར་བྱའོ། །ལྔ་པ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་ནུས་ཀྱང་
ཐབས་མཁས་པས་སེམས་ཅན་གྱི་དོན་བྱ་བར་གནས་པའི་ཕྱིར་ཐེག་པ་དམན་པས་ཡོངས་སུ་མྱ་ངན་ལས་འདའ་བ་མི་མཐུན་པའི་ཕྱོགས་ཡིན་ནོ། །དྲུག་པ་ལ་ནི་སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པ་དང་། སེམས་ཅན་གྱི་བྱ་བ་མི་འདོར་བའི་ཕྱིར་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་དུ་ཕྱོགས་པ་
ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཕལ་ཆེར་མཚན་མ་ཀུན་དུ་འབྱུང་བ་ཉུང་བར་བསྟན་པའི་ཕྱིར་མཚན་མ་རགས་པ་ཀུན་དུ་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བདུན་པ་ལ་ནི་དེ་མ་སྤངས་པར་ལུས་དང་ངག་དང་ཡིད་ཀྱི་
ལས་མཚན་མ་དང་བྲལ་བ་ལ་འཇུག་གོ་ཞེས་བྱ་བ་ལ་སོགས་པ་འབྱུང་བས་མཚན་མ་མེད་པ་ལ་སྤྱོད་པ་བསྟན་པའི་ཕྱིར་རོ། །མཚན་མ་ཆུང་ངུ་ཀུན་དུ་འབྱུང་བ་མི་མཐུན་པའི་ཕྱོགས་ཡིན་ནོ། །བརྒྱད་པ་ལ་ནི་རྒྱ་མཚོར་འགྲོ་བའི་གྲུ་བོ་ཆེ་ཞེས་བྱ་བ་ལ་སོགས་པས་མཚན་མ་མེད་པར་སྤྱོད་པ་ལ་
ཡང་རྩོལ་བ་ཐམས་ཅད་དང་བྲལ་བར་བརྗོད་པའི་ཕྱིར་མངོན་པར་འདུ་བྱེད་པ་མི་མཐུན་པའི་ཕྱོགས་ཡིན་ནོ། །དགུ་པ་ལ་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡིན་པས་སེམས་ཅན་གྱི་དོན་ལ་མངོན་པར་འདུ་མི་བྱེད་པ་དེའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བཅུ་པ་ལ་ནི་གསང་བ་ལ་སོགས་
པའི་ཆོས་ཐམས་ཅད་སྣང་བས་ཆོས་ཐམས་ཅད་ལ་དབང་ཐོབ་པ་བརྗོད་པའི་ཕྱིར། དེ་ལ་དབང་མ་ཐོབ་པ་མི་མཐུན་པའི་ཕྱོགས་ཡིན་ནོ། །ས་འདི་རྣམས་ཀྱི་ངེས་པའི་ཚིག་དང་། བྱེད་པ་དང་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དག་ནི་འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་

ལས་ཤེས་པར་བྱའོ། །དེ་ལ་མངལ་ན་གནས་པའི་གནས་སྐབས་བཅུ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་རོལ་སྤྲིས་མར་ཆགས་ལ། ནང་རླན་ཏེ་མར་འདུག་པ་ནི་ནུར་ནུར་པོ་ཡིན་ནོ། །ཕྱི་ནང་གཉིས་ཀ་ཁད་དེ་ཆགས་ལ་ཤའི་དངོས་པོར་མ་རེད་པ་ནི་མེར་མེར་པོ་ཡིན་ནོ། །རྙོལ་རྙོལ་
པོར་འདུག་པ་ནི་ཉོལ་ཉོལ་པོ་ཡིན་ནོ། །ཤར་གྱུར་ཅིང་མནན་བཟོད་པ་ནི་ཤ་མཁྲང་བ་ཡིན་ནོ། །ཤ་སྐྱེས་པ་དང་ལྡན་པས་ཡན་ལག་གི་མཚན་མ་དོད་པ་ནི་ལུགས་དང་མཐུན་པ་ཡིན་ནོ། །དེ་ནས་མངལ་ན་གནས་པ་དེ་ཕྱིས་མིའམ། དུད་འགྲོ་ལ་སོགས་པ་ཅི་ཞིག་ཏུ་འགྱུར་བའི་སྔོན་རོལ་
སྲིད་པའི་གཟུགས་ཉིད་དུ་འགྱུར་བ་གང་ཡིན་པ་དེ་ནི་རང་བཞིན་དང་མཐུན་པ་ཡིན་ནོ། །དེ་ཉིད་འགྱུར་ཞིང་ལྡོག་པས་འགུལ་བ་ནི་ལས་དང་བཅས་པའི་ལུས་ཀྱི་གནས་སྐབས་ཡིན་ནོ། །ཡོངས་སུ་རྫོགས་པའི་ལུས་ཀྱི་གནས་སྐབས་ནི་རྣམ་པར་ཕྱེ་བ་ཁོ་ནར་ཟད་དོ། །ཆེན་པོ་གསུམ་ཞེས་བྱ་བ་
ལ་སོགས་པ་ནི་རྒྱུ་དང་འབྲས་བུ་དང་ངོ་བོ་ཉིད་དེ་གོ་རིམས་བཞིན་ནོ། །ཀྱེ་རྒྱལ་བའི་སྲས་དག་ཅེས་བྱ་བ་ལ་སོགས་པ་ལ་མ་མཐོང་ངོ་ཞེས་བྱ་བའི་དགག་པ་འདི་གང་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་དཔའི་ས་བཅུ་པོ་འདི་དག་མི་གསུང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམ་
ཞེས་བྱ་བའི་ཡིན་ནོ། །རྒྱལ་བའི་སྲས་དག་ཅེས་བྱ་བ་ནི་སྡིག་པ་ཐམས་ཅད་ལས་བྱང་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་སྐད་དུ། བཅོམ་ལྡན་འདས་ཀྱིས། འཚེ་བྱེད་ཉེ་བར་འགྲོ་བ་ལ། །གང་དག་ཟག་ཟད་ཐོབ་པ་དག །རྒྱལ་བ་ང་འདྲར་ཤེས་པར་བྱ། །སྡིག་པའི་
ཆོས་ལས་ང་རྒྱལ་བས། །དེ་བས་ཉེར་འགྲོ་ང་རྒྱལ་བའོ། །ཞེས་གསུངས་སོ། །རྒྱས་པར་བྱེད་པས་ན་སྲས་ཏེ། སྨྲས་པ། བུ་ཡིས་འཇིག་རྟེན་ལས་རྒྱལ་བྱེད། །ཚ་བོ་ཡིས་ནི་ཀུན་དགའ་འཐོབ། །ཡང་ཚ་ཡིས་ནི་མཐོ་རིས་ཀྱི། །འཇིག་རྟེན་དུ་ནི་མཆོད་པར་འགྱུར། །འདི་གང་ཞིག་གང་ལས་
སྐྱེ་བ་དེ་ནི་དེའི་རིགས་ཡིན་པའི་ཕྱིར་ཏེ། འདི་ལྟར་རྒྱལ་བ་རྣམས་ལམ་ལས་སྐྱེ་བས་ལམ་ནི་རྒྱལ་བ་རྣམས་ཀྱི་རིགས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཤིན་ཏུ་བརྩམས་པ་ལམ་དེ་འདོད་པ་རྣམས་ཀྱིས་ཀྱང་དེའི་མི་མཐུན་པའི་ཕྱོགས་ལས་རྒྱལ་ནས་སངས་རྒྱས་ཀྱི་རིགས་དེ་

རྒྱས་པར་བྱེད། སྐྱོན་མེད་པར་བྱེད་པས་ན་རྒྱལ་བ་རྣམས་ཀྱི་ཆོས་ལས་སྐྱེས་པའི་སྲས་དག་ཅེས་བྱའོ། །དེ་ཞེས་བྱ་བ་ནི་བསྟན་པའོ། །གང་ན་ཞེས་བྱ་བ་ནི་བཤད་པའོ། །དེ་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པའི་གཞུང་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་
སྟོན་པར་བྱེད་པ་ཡིན་ཏེ། ཚིགས་སུ་བཅད་པ་འདི་རྣམས་ལ་ལས་འདི་ལྟ་མ་ཡིན་པར་ཡང་འབྱུང་བ་སྣང་སྟེ། དོན་དང་ཚིག་འབྲུ་ཕུན་སུམ་ཚོགས་པ་མ་ཡིན་པ་ཉིད་ནས་གསུངས་པ་མ་ཡིན་པར་བལྟ་བར་བྱའོ། །བདག་གིས་ནི་ཞལ་ནས་གསུངས་པའི་གཞུང་མ་ཉམས་པ་ཡིད་ཆེས་པའི་
ལུང་ལས་འོངས་པ་གང་ཡིན་པ་དེའི་དོན་རྣམ་པར་ཕྱེ་བ་ཡིན་གྱི། དེ་ལྟ་བས་ན་ལ་ལ་ལས་འདི་ལྟ་མ་ཡིན་པར་འབྱུང་བ་མཐོང་ནས་ཇི་ལྟར་འབྱུང་བ་དེ་བཞིན་དུ་རྣམ་པར་ཕྱེའོ་ཞེས་དེ་སྙམ་དུ་བསམ་པར་མི་བྱ་སྟེ། གཞུང་དེ་ནི་ཉམས་པས་ཡིན་གྱི་འདི་ཁོ་ན་ཡང་དག་པ་ཡིན་ནོ་ཞེས་ཆ་གཅོད་པར་
བྱེད་པའོ། །ཞལ་ནས་གསུངས་པའི་གཞུང་མ་ཉམས་པ་གང་གིས་ཤེས་པ་ཞལ་ནས་གསུངས་པའི་དོན་དང་ཚིག་འབྲུ་ཤེས་པ་བདག་གི་བླ་མ་རྣམས་ཀྱིས་དོན་དེ་དམིགས་པ་དེ་ཉིད་གཞུང་ཡིན་ནོ་ཞེས་བྱ་བའོ། །དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ནི་མཚན་མ་མེད་པའི་ཕྱིར་
རྣམ་པར་རྟོག་པ་ཉོན་མོངས་པ་ཅན་རྣམས་ཀྱི་གཞི་དེ་ལས་བྱུང་ཞིང་སྐྱེས་པའི་འདུ་ཤེས་ཀྱི་གཉེན་པོ་སྟེ། དེ་ནི་དྲན་པ་དང་ཡེ་ཤེས་ལྡན་ཞེས་བྱ་བ་འདི་ལས་ཡེ་ཤེས་སྨོས་པས་སྟོན་ཏོ། །འཇིགས་པ་མེད་པ་ཞེས་བྱ་བ་འདིས་ནི་རྟོགས་པ་ལ་རྣམ་པར་ངེས་པ་ཉིད་ཡིན་པ་དང་། ལྐོག་ཏུ་
གྱུར་ལ་དོན་དུ་གཉེར་བ་ཉིད་བསྟན་ཏོ། །ཇི་ལྟ་ཞེ་ན། ཆོས་མཐོང་བ་དང་ལྐོག་ཏུ་མ་གྱུར་ལ་དོན་དུ་གཉེར་བ་ནི་མི་འཇིགས་པ་ཡིན་ནོ་ཞེས་བྱ་བ་འདིས་འཇིགས་པ་མེད་པའི་རྒྱུ་རྟོགས་པ་སྟོན་པས་འདི་དག་གི་རྟོགས་པ་ལ་རྣམ་པར་ངེས་པ་ཉིད་ཀྱང་བཤད་པ་ཡིན་ལ། ལྐོག་ཏུ་མ་གྱུར་ལ་དོན་དུ་གཉེར་
བ་གང་ཡིན་པ་དེ་ནི་མི་འཇིགས་པ་ཡིན་པའི་ཕྱིར་འཇིགས་པ་མེད་པ་ཞེས་བྱ་བ་འདི་ཉིད་ཀྱིས་ལྐོག་ཏུ་མ་གྱུར་ལ་དོན་དུ་གཉེར་བ་ཡང་བཤད་པ་ཡིན་ནོ། །དེ་ལ་རྟོགས་པ་ལ་རྣམ་པར་ངེས་པ་ཉིད་དང་། ལྐོག་ཏུ་མ་གྱུར་ལ་དོན་དུ་གཉེར་བ་ཉིད་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། རྟོགས་པ་ཅུང་ཟད་

ཙམ་ཐོབ་པའི་ཕྱིར། བདེན་པ་མཐོང་བ་ནི་རྟོགས་པ་ལ་རྣམ་པར་ངེས་པ་ཉིད་ཡིན་ནོ། །རྟོགས་པ་ཐོབ་པ་དག་གིས་ཀྱང་བསྟན་པར་བྱ་བའི་དོན་མངོན་སུམ་དུ་མ་བྱས་ཤིང་དེ་དག་དེ་ལ་དོན་དུ་གཉེར་བ་ཡིན་ན་བསྟན་པར་བྱ་བའི་དོན་མ་རྟོགས་པ་དེ་ལྟ་བུ་དག་ལ་ཡང་བཤད་པ་འབྲས་བུ་མེད་པ་ཉིད་པས་
དེ་བསྩལ་བའི་ཕྱིར་འཇིག་པ་མེད་པ་ཞེས་བྱ་བ་གསུངས་ཏེ། ལྐོག་ཏུ་མ་གྱུར་ལ་དོན་དུ་གཉེར་བ་དག་ནི་བསྟན་པ་འདིའི་དོན་མངོན་སུམ་དུ་བྱས་པ་རྣམས་ཡིན་ན། གཞན་ཅི་ཞིག་གི་ཕྱིར་མི་བཤད་ཅེས་བྱའོ། །ལྷག་མ་རྣམས་ནི་སློབ་དཔོན་ཉིད་ཀྱིས་རྣམ་པར་ཕྱེ་བར་ཟད་དོ། །སྤང་བར་བྱ་མིན་
ཞེས་བྱ་བའི་གནོད་པར་མི་བྱེད་པས་སྤང་བར་བྱ་མིན་ཏེ་ཟོས་ན་གནོད་པར་མི་བྱེད་ཅིང་ལེགས་པར་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གཅིག་ཏུ་ན་དོར་བར་བྱ་བ་མ་ཡིན་པས་ན་སྤང་བར་བྱ་མིན་ཏེ། ཟ་བ་ན་འབད་དེ་མི་དགོས་ཀྱི་ཤིན་ཏུ་འཇམ་པའི་ཕྱིར་རང་ལྟོར་འགྲོའོ་ཞེས་བྱ་བའི་ཐ་ཚིག་
གོ། །འདིས་ན་མི་འཆི་བ་འམ་འདི་ཡོད་ན་མི་འཆི་བས་ན་བདུད་རྩི་ཡིན་ལ་འདིས་ཀྱང་དམ་པའི་ཆོས་ཀྱི་སྲོག་འདོར་བར་མི་བྱེད་ལ་འདི་ཡོད་ན་ཡང་དམ་པའི་ཆོས་ཀྱི་སྲོག་འདོར་བར་མི་བྱེད་དེ། གནས་ཡོངས་སུ་གྱུར་པས་ཆོས་ཀྱི་སྐུ་འཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །དཀའ་བ་ཞེས་བྱ་བ་ལ་
སོགས་པ་ལ་ཤིན་ཏུ་དཀའ་བ་ཉིད་ནི་རང་བཞིན་གྱིས་རྟོགས་པར་དཀའ་བའི་ཕྱིར་རོ། །མ་འདྲིས་པས་དཀའ་བ་ཉིད་ནི་ཟག་པ་མེད་པ་ཡིན་པས་མ་གོམས་པའི་ཕྱིར་ཏེ་གོམས་པ་ནི་འདྲིས་པ་ཞེས་བྱའོ། །ས་དག་ཉིད་རྒྱུ་ཡིན་ཏེ་ཐོས་པ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་སེམས་དཔའི་རྟོགས་པའི་
རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེ་དག་བཤད་པའི་ངོ་བོ་ཡིན་པའི་ཕྱིར་བསྟན་པའི་རང་བཞིན་མ་ཡིན་ཇི་ལྟར་ན་རྣམ་པར་དབྱེ་བ་ལ་དེ་རྣམས་བསྟན་པ་ཞེས་བྱ་ཞེ་ན། ཐ་དད་པར་བརྗོད་པར་འདོད་པའི་ཕྱིར་ཏེ། མདོ་སྟོན་པ་ཞེས་བྱ་བ་དང་འདྲ་བས་ཉེས་པ་མེད་དོ། །བསྒོམས་པ་ལས་བྱུང་བའི་
ཤེས་པ་ནི་རྣལ་འབྱོར་པའི་མངོན་སུམ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པར་འདོད་ན། དེ་ཇི་ལྟར་རྣམ་པར་རྟོག་པའི་སྒྲར་བརྗོད་ཅེ་ན་དེའི་ཕྱིར་ཁམས་གསུམ་པའི་ཞེས་བྱ་བ་སྨྲས་ཏེ། དོན་དམ་པའི་དངོས་པོ་མངོན་སུམ་དུ་མི་བྱེད་པའི་ཕྱིར་ཟག་པ་དང་བཅས་པ་ཐམས་ཅད་རྣམ་པར་རྟོག་པ་དག་

ཡིན་ནོ་ཞེས་སྟོན་པར་བྱེད་དོ། །རྣམ་པར་སྨིན་པ་ལས་བྱུང་བའི་སེམས་ཀྱི་བྱེ་བྲག་གང་གི་ཡང་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་ཡོངས་སུ་མ་སྤངས་པར་ཀུན་ཏུ་འབྱུང་བས་ཀྱང་རྟོགས་པར་དཀའ་བའི་ཕྱིར་ཕྲ་བས་ན། གང་གི་ཡང་ཞེས་བྱ་
བ་སྨྲས་སོ། །དེ་ལྟར་དོན་ཟབ་པ་དེ་ཇི་ལྟར་ཀུན་རྫོབ་ཏུ་བརྗོད་ནུས་པ་དེ་བཞིན་དུ་བཤད་ཀྱང་དཀའ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་དེ་བཞིན་དུ་བཤད་ཀྱང་དཀའ་ཞེ་ན། འགྲོ་བས་ཐོས་ན་དེར་ནི་རྨོངས་པར་འགྱུར། ཞེས་བྱ་བ་གསུངས་ཏེ། གཞུང་འདི་ནི་ཚིགས་སུ་བཅད་པའི་ཚིག་འདི་ཁོ་ན་ལ་འཇུག་
པའི་ཆེད་ཡིན་པར་རིག་པར་བྱའོ། །བརྗོད་པའི་ཀུན་རྫོབ་ཀྱིས་བ་མེན་རི་མོར་བྲིས་པ་བཞིན་དུ། དོན་དམ་པའི་དངོས་པོར་བརྗོད་པར་ཟད་ན་བྱིས་པ་རྣམས་ནི་དེ་ཁོ་ན་མ་རྟོགས་པའི་ཕྱིར་སྒྲ་ཙམ་ལ་སོ་སོར་འབྲང་ཞིང་སྒྲས་བརྗོད་པར་བྱ་བ་ཀུན་ཏུ་བརྟགས་པའི་དངོས་པོ་ལ་མངོན་པར་ཞེན་
པས་ན་དོན་ལ་སྒྲ་ཇི་བཞིན་དུ་འཛིན་པ་ཞེས་བྱའོ། །གང་དུ་སེམས་རྣམ་པར་སྨིན་པ་ཞེས་བྱ་བ་ནི་སེམས་ཀྱི་འབྲུ་སྐྱེ་བའི་གནས་ཡིན་པ་ཉིད་ཀྱི་ཕྱིར་ནང་གི་ཕུང་པོ་རྣམས་ནི་ས་ཡིན་ཏེ། འབྲུའི་ས་བཞིན་ནོ། །གང་དུ་དེ་རྒྱུ་བ་ཞེས་བྱ་བ་ནི་སེམས་ཟིན་པ་དང་། མ་ཟིན་པ་དག་ལ་དམིགས་པ་
ཉིད་ཀྱི་ཕྱིར་ཐོགས་པ་མེད་པར་རྒྱུ་བས་ཆོས་ཐམས་ཅད་ས་ཡིན་ཏེ། རྒྱལ་པོའི་ས་བཞིན་ནོ། །ཡང་ན་འདིས་ནི་སྔར་བཤད་པ་བས་མཆོག་ཡིན་པ་ཁོ་ནར་སྟོན་ཏེ། འདི་ལྟར་ཤས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པས་སྤྱོད་པའི་སྐབས་ནས་སྐྱེས་ནས་ཐོབ་པས་ཀྱང་རྣམ་པར་འཕྲུལ་པ་
ཆེན་པོར་འབྱུང་ངོ་། །ལོ་མ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཚིག་ཟུར་གྱིས་ན་ལོ་མ་ལ་རླུང་སྣང་ངོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་མི་རུང་སྟེ་རླུང་ནི་རྟག་ཏུ་རྗེས་སུ་དཔག་པ་ཡིན་པའི་ཕྱིར་མིག་གི་སྤྱོད་ཡུལ་མ་ཡིན་པས་གཡོ་བའི་ལས་ཀྱིས་ཞེས་བྱ་བ་སྨྲས་སོ། །འདི་སྐད་དུ་ཁོ་བོ་
ཅག་གིས་ལོ་མ་ལ་མིག་གིས་དམིགས་པར་བཤད་པ་ནི་མ་ཡིན་གྱི་འགུལ་བ་ལ་སོགས་པའི་རྟགས་ཀྱིས་ཡང་དག་པར་མཐོང་སྟེ་ཡོད་པར་རྟོགས་པར་ནུས་སོ། །ནམ་མཁའ་འབའ་ཞིག་ལ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །བཤད་པ་ནི་བརྟགས་པའི་ངོ་བོ་ཉིད་ཀྱིས་བསྡུས་པའི་

ཕྱིར་ལ། བརྗོད་དུ་མེད་པ་ནི་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར་དེའི་རང་བཞིན་མ་ཡིན་པ་ཉིད་དང་གློ་བུར་བ་ཉིད་ཡིན་ནོ། །གལ་ཏེ་ཇི་ལྟར་ཡང་མཉན་པར་ནུས་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་ཡེ་མཉེན་པར་མི་ནུས་པ་ནི་མ་ཡིན་གྱི་འོན་ཀྱང་སྲ་བ་རྣམ་པ་གཉིས་ཀྱིས་སེམས་བརྟེན་
པོར་གཞག་པར་བྱས་ཤིང་ཆོས་ངོ་བོ་ཉིད་མེད་པར་ཡང་ཤེས་པར་བྱས་ནས་མཉན་པར་ནུས་སོ་ཞེས་འབྱུང་བའི་ཕྱིར་མཉན་པར་སྲིད་དོ་ཞེས་བཤད་པ་ཡིན་ནོ། །འདུན་པ་ཡོངས་སུ་དག་པ་ཞེས་བྱ་བ་ལ་སོགས་པ་འདོད་པའི་ལུང་ཐོས་པ་ཐོབ་པར་བྱེད་པའི་ཐབས་གང་ཡིན་པ་དེ་ལ་ཀུན་ཏུ་རྟོགས་
པ་སྟེ་རྟོགས་པ་དོན་དུ་གཉེར་བ་ཉིད་ཀྱིས་ཡིན་གྱི། ཐོས་པ་མང་པོ་རྙེད་པར་འདོད་པའི་ཕྱིར་ནི་མ་ཡིན་པས་འདུན་པ་ཡོངས་སུ་དག་པའོ། །དེ་ཡང་མདོ་ལས། ཀུན་དུ་རྟོག་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་ཞེས་བསྟན་པ་ཡིན་ཏེ། འདི་དག་ལ་ཀུན་དུ་རྟོག་པ་ཕྱིན་ཅི་མ་ལོག་པའི་ཐོས་པ་
འཐོབ་པའི་ཐབས་འདོད་པའི་མཚན་ཉིད་ཤིན་ཏུ་ཡོངས་སུ་སྦྱངས་པ་ཡོད་པས་སོ། །དེ་དེ་ལྟར་ཕྱིན་ཅི་མ་ལོག་པའི་ཐོས་པ་དོན་དུ་གཉེར་བ་ནི་དེ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་རྣམས་དང་མཐུན་པའི་ལུས་དང་ངག་གི་ཀུན་དུ་སྤྱོད་པ་མཉེས་པར་བྱེད་པས་ན་ཀུན་དུ་ཚོལ་བ་ཡོངས་
སུ་དག་པའོ། །དེ་ཡང་མདོ་ལས་སྤྱད་པར་བྱ་བ་ཤིན་ཏུ་སྤྱད་པ་ཞེས་གསུངས་པ་ཡིན་ཏེ། འདི་དག་ལ་སྤྱད་པར་བྱ་བ་སྟེ་དེ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་ལ་བརྟེན་པ་ལ་སོགས་པའི་མཚན་ཉིད་ཤིན་ཏུ་སྤྱད་པ་ཡོད་པས་སོ། །དེ་དེ་ལྟར་མཉེས་པར་བྱེད་པ་ལྷུར་ལེན་པ་ན་དགེ་བའི་
བཤེས་གཉེན་དེ་དག་ལས་ཐོས་པ་ཕྱིན་ཅི་མ་ལོག་ཅིང་མ་ཉམས་ལ་དེ་ཡང་མང་པོ་ཡིན་གྱི་ཉུང་ངུ་མ་ཡིན་པ་དེ་ཡུན་རིང་པོར་ཏེ་ལོ་འགའ་ཡང་མ་ཡིན་ལ་ཚེ་འགའ་ཡང་མ་ཡིན་པར་འཛིན་པས་ན་ཐོས་པ་འཛིན་པ་ཡོངས་སུ་དག་པའོ། །དེ་ཡང་འགའ་ལས་མ་ཡིན་གྱི་ཚད་མེད་པ་དག་ལས་འོངས་པས་ན་མང་
པོ་ཡིན་ལ་ཡུན་རིང་པོར་ཡང་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེས་དེ་ལྟར་ཕྱིན་ཅི་མ་ལོག་པའི་ཐོས་པ་བཟུང་ནས་སྨོན་ལམ་གྱི་ཁྱད་པར་གྱིས་སྐྱེ་བ་ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར། ཡང་དག་པའི་ཐོས་པ་མ་ལུས་པ་ཡང་དག་པར་གཟུང་བའི་དྲན་པའི་ཁྱད་པར་འཐོབ་པས་ན་སྐྱེ་བས་

འཐོབ་པ་ཡོངས་སུ་དག་པས་ཀྱང་ལུང་ཡོངས་སུ་དག་པ་ཞེས་བྱའོ། །དེ་ཡང་མདོ་ལས་ཚོགས་ཤིན་ཏུ་བསྩགས་པ་ཞེས་གསུངས་པ་ཡིན་ཏེ། སྔ་མ་ནི་ཐོས་པ་འཛིན་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་སུ་བཤད་དོ། །འདིས་ནི་བསོད་ནམས་ཀྱི་ཚོགས་སོ། །དེ་དེ་ལྟར་ཐོས་
པ་ཡོངས་སུ་རྫོགས་ཤིང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ན་རྟོགས་པའི་སྦྱོར་བའི་ལམ་ལ་གནས་པ་ནི་ལུས་དང་སེམས་དབེན་པའི་ཕྱིར་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ཞིང་ལུང་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཕྱིར་སྦྱོར་བ་ཡོངས་སུ་དག་པ་
ཞེས་བྱའོ། །དེ་ཡང་མདོ་ལས་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཞེས་གསུངས་པ་ཡིན་ནོ། །དེ་མཐོང་བའི་ལམ་ལ་ཞུགས་ན་ཐེ་ཚོམ་སྤོང་བའི་ཕྱིར་ཡིད་གཉིས་དང་ནེམ་ནུར་དང་བྲལ་བ་ཞེས་བྱ་བ་འདིས་ནི་རྟོགས་པ་ཡོངས་སུ་དག་པ་བརྗོད་དོ། །དེའི་འོག་ཏུ་བསྒོམ་པའི་ལམ་ལ་ཉོན་མོངས་པ་དང་།
ཉེ་བའི་ཉོན་མོངས་པའི་མཚན་ཉིད་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་པས་ཉོན་མོངས་པ་མེད་པའི་ཕྱིར་ཉོན་མོངས་པས་རབ་ཏུ་མི་རྒྱུ་བ་ཡོངས་སུ་དག་པ་ཞེས་བྱའོ། །དེའི་འོག་ཏུ་འདིས་ཉོན་མོངས་པ་ཐམས་ཅད་སྤང་བར་བྱས་ནས། མྱ་ངན་ལས་འདས་པར་ནུས་ཀྱང་སྙིང་རྗེ་དང་
ཤེས་རབ་དང་ལྡན་པའི་ཕྱིར་ཐེག་པ་དམན་པ་ལས་འདས་ཏེ་བྱང་ཆུབ་སེམས་དཔའི་ཐོབ་པ་ཁྱད་པར་ཅན་འདོད་པས་ན་ཆོག་པར་འཛིན་པ་ཡོངས་སུ་དག་པ་ཞེས་བྱའོ། །དེ་ཡང་མདོ་ལས། ལྷག་པའི་བསམ་པ་དང་མོས་པ་ལ་རབ་ཏུ་གནས་པ་ཞེས་གསུངས་པ་ཡིན་ཏེ།
འདི་ལ་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་བསམ་པ་དང་མོས་པ་ཡོད་པས་སོ། །དེ་ལྟ་བུ་དེ་དག་རང་གི་ཤེས་པའི་སྟོབས་ཁོ་ནས་རང་བྱུང་གི་ཡེ་ཤེས་ཀྱི་ཕྱིར་གདམས་ངག་སྦྱིན་པར་བྱེད་པས་ན་གདམས་ངག་རྗེས་སུ་བསྟན་པ་ལ་གཞན་ལ་རག་མ་ལུས་པ་ཡོངས་སུ་དག་པ་ཞེས་བྱའོ། །སྣོད་
དུ་མི་འགྱུར་བ་སྐལ་བ་དང་མི་ལྡན་པའི་རྣ་ལམ་དུ་གྲག་ན་གཞན་ལ་མི་མཛེས་པར་སྤོང་བ་ལ་སོགས་པའི་ཉེས་པ་སྟོན་ཏོ། །རབ་མཆོག་ཅེས་བྱ་བ་ནི་ཡན་ལག་སྟེ་བོད་པའི་ཚིག་ལོགས་ཤིག་ཡིན་ནོ། །དམ་པ་དྲི་མ་མེད་པའི་བློ་ཉིད་ནི་སློབ་དཔོན་གྱིས་རྣམ་པར་དབྱེ་བ་མཛད་དེ། དེ་ལ་ཉན་ཐོས་

ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་དམ་པ་ཉིད་དོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པ་ཉིད་དེ། ཟག་པ་མེད་པ་ཉིད་དུ་སྟོན་པར་བྱེད་དོ། །བརྗོད་ན་ལེགས་བརྗོད་སྤོབས་པ་མཐའ་ཡས་པ། །ཞེས་བྱ་བ་འདིའི་འགྲེལ་པ་ནི་དྲིས་པ་ལུང་བསྟན་པ་ལ་རིགས་པའི་
སྤོབས་པ་ཉིད་ཟད་མི་ཤེས་པ་ཞེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། ལེགས་བརྗོད་ནི་འགྲེལ་པ་ཡིན་པའི་ཕྱིར་རིགས་པའོ། །མཐའ་ཡས་པ་ནི་ཟད་མི་ཤེས་པ་སྟེ་མཐའ་ཐུག་པ་མེད་པའོ། །བརྗོད་ན་ཞེས་བྱ་བ་ནི་བསྐྱོད་ན་སྟེ། གཞན་དག་གིས་གླེངས་ཤིང་དྲིས་ན་ཞེས་བྱ་བའི་ཐ་ཚིག་གོ། །
འདི་ཡང་དྲིས་པ་ལུང་བསྟན་པ་ལ་ཞེས་བྱ་བས་འགྲེལ་ཏོ། །སྙན་ཞིང་མཆོག་ཏུ་བྱུང་བ་ཞེས་བྱ་བ་འདིས་ཡི་གེ་ཕུན་སུམ་ཚོགས་པ་ཉིད་ཇི་ལྟར་བསྟན་ཞེ་ན། སྨྲས་པ། སྙན་པ་དང་རྒྱ་ཆེ་བ་ཉིད་གཉིས་ཏེ་དེ་ལ་སྙན་པ་ཉིད་ཀྱི་ཕྱིར་སྙན་པའོ། །རྒྱ་ཆེ་བ་ཉིད་ཀྱི་ཕྱིར་མཆོག་ཏུ་བྱུང་བའོ། །དམ་པའི་དོན་
དང་ལྡན་པ་ཞེས་བྱ་བ་ནི་དོན་ཕུན་སུམ་ཚོགས་པ་ཉིད་ཡིན་པར་གོ་སླ་བས་མ་བཤད་དོ། །དྲན་པ་ཁོ་ན་ལ་འདིར་གནས་ཀྱི་བྱེ་བྲག་གིས་དྲན་པ་དང་འཛིན་པ་གཉིས་ཀྱིས་ཞེས་རྣམ་པ་གཉིས་སུ་བསྟན་ཏེ་སྟོབས་བཞིན་ནོ། །འདི་ལྟར་དད་པའི་དབང་པོ་དེ་ཉིད་མི་མཐུན་པའི་ཕྱོགས་ལས་ངེས་
པར་རྒྱལ་ཏེ། མཆོག་གི་གནས་སྐབས་སུ་གྱུར་པ་ལ་སྟོབས་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་དྲན་པ་དེ་ཉིད་ཉན་པའི་གནས་སྐབས་ན་ནི་ལེན་པ་ཡིན་ལ། དུས་ཕྱིས་མཆོག་ཏུ་གྱུར་པ་ནི་འཛིན་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཡུལ་གྱི་བྱེ་བྲག་གིས་དེ་སྐད་བཤད་དེ། སྒྲ་མི་བརྗེད་པ་ནི་
ལེན་པ་ཡིན་ལ། དོན་མི་བརྗེད་པ་ནི་འཛིན་པ་ཡིན་པས་ཐོས་པ་དང་བསམ་པའི་གནས་སྐབས་དག་དང་གོ་རིམས་བཞིན་ནོ། །སྟོབས་བཅུ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོབས་གང་དག་ཡིན་པ་དེ་དག་འཐོབ་པ་ནི་རྟོགས་པ་དང་རྙེད་པའོ། །བསམ་པ་རྣམ་དག་པ་
ཞེས་བྱ་བ་ནི་ས་ལ་འཇུག་པ་སྟོན་པར་བྱེད་པ་སྟེ། དེ་ཉིད་རྟོགས་པ་ཡིན་ནོ། །འདི་དག་གིས་སམ་འདི་དག་ཏུ་དོན་རྣམ་པར་བརྗོད་པས་ནི་རྣམ་འབྱེད་ནི་བསྟན་པའི་བདག་ཉིད་དག་ཁོ་ན་ཡིན་ཏེ། དེ་སོ་སོ་ཡང་དག་པར་རིག་པས་བཤད་པ་མཛོད་ཅེས་བྱ་བར་སྦྱར་རོ། །རྒྱགས་པས་ན་ཆོ་

རིགས་དང་གཟུགས་ལ་སོགས་པ་རང་གི་ཆོས་རྣམས་ཁོ་ན་ལ་སེམས་ཀུན་དུ་ཆགས་ཤིང་ཆོས་ལ་ནན་ཏན་མི་བྱེད་པས་ན་ཆོས་ལ་གུས་པར་མི་འགྱུར་བར་རིག་པར་བྱའོ། །ང་རྒྱལ་གྱིས་ནི་དེ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མི་བྱེད་པའི་ཕྱིར་ཆོས་སྨྲ་བ་ལ་
གུས་པར་མི་འགྱུར་རོ། །ལྟ་བས་ནི་བདག་དང་བདག་གི་བ་ལ་སོགས་པར་ལོག་པར་རྟོག་པས་ཡང་དག་པའི་ལམ་ལས་ཉམས་པར་འགྱུར་རོ། །ཐེ་ཚོམ་ནི་འདི་ཅི་ལྟ་ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་ཟ་བས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ལ་ཡོན་ཏན་གྱི་སྒོ་ནས་མི་མོས་ཏེ་
ཚིགས་སུ་བཅད་པ་འདིས་ནི་གོ་རིམས་བཞིན་དུ་འདི་དག་གི་གཉེན་པོ་སྤྱོད་པ་དང་། སྤངས་པ་དག་བསྟན་ཏོ། །ལྷག་མ་ནི་གོ་སླའོ། །བདེ་གཤེགས་རྣམས་ཀྱི་བགྲོད་པ་ནི་བྱང་ཆུབ་སྟེ། འགྲོ་བར་བྱ་བའི་དོན་གྱིས་བགྲོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནི་དེའི་རྒྱུར་གྱུར་པའི་ས་རྣམས་
བཤད་པ་དང་བསྟན་པར་འགྱུར་བས་དེའི་ཕྱིར་དེ་རབ་ཏུ་བསྟན་པའི་ཕྱིར། སའི་ཁྱད་པར་མ་ལུས་པ་ཐམས་ཅད་བཤད་པར་མཛོད། །ཅེས་བྱ་བར་སྦྱར་རོ། །དེ་ལ་བྱིན་རླབས་མཛད་ཅེས་བྱ་བ་ནི་ཡན་ལག་གོ། །ཚིག་གཞན་དག་གིས་བྱིན་གྱི་རླབས་བྱེ་བྲག་ཏུ་འབྱེད་པས་ན་ཉེ་བའི་ཡན་ལག་
གོ། །སངས་རྒྱས་རྣམས་ཀྱིས་དེ་ལ་བྱིན་གྱིས་བརླབས་པ་མཛད་པས་ན་གཞི་ཕུན་སུམ་ཚོགས་པ་ཡིན་ལ། འབྲས་བུ་ཆོས་སྨྲ་བ་ཡིན་པས་ན་འབྲས་བུ་ཕུན་སུམ་ཚོགས་པ་ཡིན་ནོ། །ལྷ་དང་མིའི་ནང་ན་མཆོག་རྣམས་ཀྱིས། །ཞེས་བྱ་བ་ནི་གཞི་ཕུན་སུམ་ཚོགས་པ་ཡང་དག་པར་བསྟན་པའི་
ཕྱིར་ཁྱད་པར་དུ་བྱ་བར་སྨོས་པས་ཉེ་བའི་ཡན་ལག་ཀྱང་ཡིན་ལ་མི་མཉམ་མཉམ་པ་ཞེས་བྱ་བ་ལ་སོགས་པ་རང་གི་ཁྱད་པར་ལ་ལྟོས་ནས། ཁྱད་པར་གྱི་གཞི་ཉིད་དུ་གཙོ་བོ་ཡིན་པའི་ཕྱིར་ཡན་ལག་ཀྱང་ཡིན་ནོ། །མི་མཉམ་མཉམ་པ་ཞེས་བྱ་བ་ལ་སོགས་པ་ལྷག་མ་ནི་དེའི་ཉེ་བའི་ཡན་ལག་ཁོ་ན་
ཡིན་ཏེ། ཚིག་གཞན་གྱིས་བསྟན་པ་ཉིད་ཀྱིས་རྟག་ཏུ་ཁྱད་པར་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཚོགས་རབ་མཐའ་ཡས་པ་ཞེས་བྱ་བ་འདིའི་འགྲེལ་པ་ནི་རིས་བདུན་ཞེས་བྱ་བ་ཡིན་ཏེ། བསྙེན་གནས་པའི་སྡོམ་པ་མ་གཏོགས་སོ་སོར་ཐར་པའི་སྡོམ་པ་རྣམ་པ་བདུན་ནོ། །རྒྱ་མཚོའི་ཆུ་ནང་གནས་

གྱུར་ཏམ། །ཞེས་བྱ་བ་ནི་ངན་འགྲོའི་མི་ཁོམ་པར་སྐྱེས་པ་དེ་སྟོན་པར་བྱེད་པའོ། །བདེ་འགྲོའི་མི་ཁོམ་པར་སྐྱེས་པ་ནི་འོད་གསལ་བ་ལ་སོགས་པ་རྣམས་ཏེ་མེས་འཇིག་པའི་རྩེ་མོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བསྲེགས་པའི་བསྐལ་ཚེ་འཕོས་ན་ཡང་། ཞེས་གསུངས་སོ། །ཚིགས་སུ་
བཅད་པ་ལྔ་པ་ནི་གོ་སླ་བས་མ་བཤད་དོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཆོས་འདི་ཐོས་པ་ལས་སྐྱེས་པའི་དད་པ་ལ་སོགས་པའི་བསོད་ནམས་མེད་པའི་ཕྱིར་དང་། སྤོང་བའི་ཕྱིར་བསོད་ནམས་མ་ཡིན་པ་སྐྱེ་བས་དེ་དག་གིས་འདི་ཐོས་ཀྱང་མ་ཐོས་པ་ཁོ་ན་ཡིན་ནོ་སྙམ་དུ་དགོངས་པའོ། །ཕྱོགས་བཅུར་རྣམ་
པར་བལྟས་ནས་ཞེས་བྱ་བ་ལ་ཕྱོགས་བཅུར་རྣམ་པར་བལྟ་བས་ནི་ཕྱོགས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་རྣམས་རྗེས་སུ་དྲན་པར་བྱས་ནས་དེ་དག་གི་མཐུས་བཤད་པར་བྱའི་རང་གི་མཐུས་ནི་མ་ཡིན་ནོ་ཞེས་ང་རྒྱལ་མེད་པ་ཉིད་དུ་བསྟན་ཏོ། །འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་
རྣམ་པར་བལྟ་བས་ནི་ཉེ་འཁོན་མེད་པ་ཉིད་དུ་ཐམས་ཅད་ལ་སེམས་སྙོམས་པར་བཤད་པར་བྱའི་གཅིག་གི་ངོར་བལྟས་ན་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་ཚིགས་སུ་བཅད་པ་འདིའི་ཞེས་བྱ་བ་ལ་སོགས་པ་ལ་ཕྲ་བ་ཉིད་རྣམ་པ་གཉིས་ནི་གོང་དུ་ཤེས་དཀའ་ཞེས་བྱ་བ་ལ་སོགས་པས་
བཤད་པའི་དུས་ན་ཕྲ་བ་ཉིད་དང་། ཐོབ་པའི་དུས་ན་ཕྲ་བ་ཉིད་བཤད་པ་གང་ཡིན་པའོ། །ཚིག་གིས་བརྗོད་དུ་མེད་པ་ལ་དམིགས་པའི་ཕྱིར་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ། འདི་ལྟར་དེ་ལ་དམིགས་པ་དེ་ལ་ཡིན་ལ་དེ་ཡང་བརྗོད་པའི་ཡུལ་ཐམས་ཅད་ལས་འདས་པ་ཡིན་ནོ། །ཅི་དེ་ཞེས་བྱ་
བ་ནི་འཇུག་པ་ལ་བརྟེན་པ་ཉིད་གཅིག་གམ་ཞེས་བྱ་བ་སྟེ། འཇུག་པ་ནི་འཁོར་བར་འགྱུར་བས་འཁོར་བ་ཡིན་ནོ། །སྨྲས་པ་མ་ཡིན་ཏེ་དུས་གསུམ་རྣམས་ལས་གྲོལ་བ་ཡིན་ནོ། །ཡེ་ཤེས་འདུས་བྱས་སྐད་ཅིག་མ་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ནམ། དེ་ཇི་ལྟར་དུས་གསུམ་
རྣམས་ལས་གྲོལ་ཞེས་བྱ་ཞེ་ན། དེའི་ཕྱིར་གནས་གྱུར་པ་རྟག་པ་ལ་གནས་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ་གནས་གྱུར་པ་རྟག་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ་འདིའི་གནས་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་དོན་ནི་དུས་གསུམ་ལས་གྲོལ་བའི་གནས་ཅན་ལ་དུས་གསུམ་ལས་གྲོལ་བ་ཞེས་བྱ་

བ་འདི་ཡིན་ནོ། །དེ་ནི་བསམ་དང་ཞེས་བྱ་བ་ནི་བསམ་པ་ལས་བྱུང་བའོ། །སེམས་ཀྱི་ལམ་ཞེས་སྨོས་པས་ནི་སྐྱེས་ནས་ཐོབ་པ་སྟོན་པར་བྱེད་དེ། དེ་ནི་སྐྱེ་བ་དང་དུས་མཉམ་པ་ཁོ་ནར་འཐོབ་པའི་ཕྱིར་སྦྱོར་བ་ལས་བྱུང་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་ལམ་དུ་གྱུར་པའི་
ཕྱིར་དེ་སེམས་ཀྱང་ཡིན་ལ་གཞན་དག་གི་ལམ་ཡང་ཡིན་པས་སེམས་ཀྱི་ལམ་མོ། །ཡང་ན་སེམས་རྣམས་ཀྱི་ལམ་ཡིན་པས་སོ། །སེམས་ཀྱིས་མི་ཤེས་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པ་ཉིད་དུ་གསུངས་པའོ། །ཡིད་ཀྱི་བསམ་པ་མ་ཡིན་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་
ཤེས་པའི་ཡུལ་མ་ཡིན་པ་ཉིད་དུ་གསུངས་པའོ། །ཉེས་དམིགས་རྣམ་པ་ལྔ་ཡོད་དེ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་ཆོས་ཐམས་ཅད་གཟོད་མ་ནས་ཞི་བ་མ་སྐྱེས་པ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་སྒྲ་ཇི་བཞིན་ཁོ་ནར་བཟུང་ན་དེའི་ཚེ་ཐེག་པ་ཆེན་པོའི་ཆོས་
ལ་དད་པ་དང་། དང་པོ་དང་མོས་པ་ཆེན་པོ་གང་ཡིན་པ་དེ་མེད་པར་འགྱུར་བའི་ཕྱིར་མོས་པའི་གནས་མ་ཡིན་པ་ཉིད་ཀྱི་ཉེས་པ་ཡིན་ནོ། །དེས་ན་དེ་ཐོབ་པར་བྱ་བའི་བརྩོན་འགྲུས་རྩོམ་པ་རྩོལ་བ་གང་ཡིན་པ་དེ་ཡང་ཉམས་པར་འགྱུར་བས་རྩོལ་བ་ཉམས་པར་འགྱུར་བའི་ཉེས་པ་ཡིན་ནོ། །
དེའི་ཕྱིར་སྒྲ་ཇི་བཞིན་ཁོ་ནར་བཟུང་ན་གཞན་ལ་ཡང་བསླུས་པར་འགྱུར་ཞིང་སྟོན་པ་ལ་ཡང་སྐུར་པ་འདེབས་པ་དང་། ཆོས་ཀྱང་སྤོང་བར་བྱེད་དོ། །ལྷག་མ་ནི་གོ་སླའོ། །སེམས་ཀྱི་སྤྱོད་ཡུལ་ཞེས་བྱ་བའི་སྒྲས་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་དག་སྟོན་པར་བྱེད་དེ། དེ་དག་ནི་
སེམས་ཀྱང་ཡིན་ལ་གཞན་གྱི་སྤྱོད་ཡུལ་ཡང་ཡིན་པའི་ཕྱིར་དེ་དག་གིས་རྫོགས་པར་མི་བྱེད་ཀྱི། བསམ་པ་དག་པའི་ཡེ་ཤེས་ཀྱིས་རྫོགས་པར་བྱེད་དོ་ཞེས་གདམས་ངག་གིས་རྫོགས་པར་གསུངས་སོ། །གདམས་ངག་ནི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཡིན་ནོ། །དེའི་སྤྱོད་ཡུལ་
ནི་ཡུལ་ཏེ། དེས་བརྗོད་པར་བྱ་བའི་དོན་རྟོགས་པའི་ཡེ་ཤེས་ཞེས་བྱའོ། །དེ་ནི་རང་གིས་རིག་ཀྱང་བརྗོད་པར་མི་ནུས་པས་དམིགས་པ་ཞེས་བྱའོ། །ཚོགས་བསྩགས་པ་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཉིད་ཀྱི་གཞིར་གྱུར་པའི་ཕྱིར་

ཚོགས་པ་ཡིན་ཏེ། ཚུལ་ཁྲིམས་ཀྱང་ལེགས་པར་བྱས་ཚོགས་ཀྱང་ལེགས་པར་བྱས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འཁོར་ནི་དེ་ཉིད་ཀྱི་ཡིན་པར་བཟུང་སྟེ། དེ་ཡང་ཚུལ་ཁྲིམས་ཀྱི་རྒྱུ་ཡང་དག་པའི་རྟོག་པ་ལ་སོགས་པ་དང་དེ་བཞིན་དུ་ཤེས་བཞིན་དང་། གཞན་ཡང་དེའི་རྒྱུ་གང་ཡིན་
པའོ། །འདི་སྐད་དུ་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འཁོར་ལེགས་པར་བྱས་ཤིང་དག་པས་ན་ཚོགས་བསྩགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །མདོ་ལས་ནི་ཚོགས་ཤིན་ཏུ་བསྩགས་པ་ཞེས་བསྟན་པ་ཡིན་ནོ། །ཏིང་ངེ་འཛིན་ཀྱང་ལེགས་པར་བྱས་འཁོར་ཀྱང་ལེགས་པར་བྱས་པ་
ཞེས་འདིར་ཡང་གོང་མ་བཞིན་དུ་ཚིག་རྣམ་པར་སྦྱར་རོ། །དེའི་འཁོར་ནི་ལུས་དབེན་པ་དང་སེམས་དབེན་པ་དང་། འདོད་པ་ཆུང་བ་ཉིད་དང་། ཆོག་ཤེས་པ་དང་། འཚོ་བ་དག་པ་ཞེས་བྱ་བ་ལ་སོགས་པ་མདོར་ན་ཡན་ལག་ཇི་སྙེད་ཀྱིས་ཏིང་ངེ་འཛིན་སྐྱེ་བ་དེས་ཐམས་ཅད་འཁོར་ཡིན་
ནོ། །ཏིང་ངེ་འཛིན་ལ་ཇི་ལྟར་སྤྱོད་པ་ཞེས་བྱ་ཞེ་ན། དམིགས་པ་ལ་སྤྱོད་པའི་སྐབས་ཡིན་པས་ཞེས་གཏན་ཚིགས་སྟོན་པར་བྱེད་དེ། དམིགས་པ་ཡུལ་ལ་སྤྱོད་ཅིང་རྒྱུ་ལ་འཇུག་པས་དེའི་སྐབས་ཡིན་པས་དེ་ལ་ལྟོས་ནས་དེ་རྒྱུ་མཚན་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། འདི་
ལྟར་དེའི་དབང་གིས་ན་སེམས་དམིགས་པ་གཞན་དག་བོར་ནས་གཅིག་ཁོ་ན་ལ་སྤྱོད་ཅིང་རྒྱུའོ། །མདོ་ལས་ནི། སྤྱོད་པ་ཤིན་ཏུ་སྤྱད་པ་ཞེས་བྱ་བ་ཡིན་ཏེ། སྤྱོད་པ་ཞེས་བྱ་བའི་སྒྲ་དང་། གོང་མའི་ཚོགས་ཞེས་བྱ་བའི་སྒྲ་ནི་འཁོར་ལ་ཡང་བལྟ་བར་བྱ་སྟེ། གྲོང་གི་ཉེ་འཁོར་ལ་གྲོང་གི་སྒྲར་
བརྗོད་པ་བཞིན་དུ་རིག་པར་བྱའོ། །དེ་དག་གིས་སངས་རྒྱས་རྣམས་ལ་ཡུན་རིང་མོ་ཞིག་ནས་ཆོས་ཀྱི་རྣམ་གྲངས་དུ་མ་མཉེན་པའི་ཕྱིར་བསྙེན་བཀུར་བྱས་པ་ཡིན་པས་བསྩགས་པ་སྟེ་མདོ་ལས་སངས་རྒྱས་བྱུང་བ་རྣམས་ཤིན་ཏུ་བསྙེན་བཀུར་བྱས་པ་ཞེས་བསྟན་པ་ཡིན་ནོ། །དེས་དེ་
དག་ལས་ཐོས་ནས། བསམ་པ་ལས་བྱུང་བས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ལེགས་པར་རྟོག་པར་བྱེད་དཔྱོད་པར་བྱེད་པས་ན་ཡོངས་སུ་བསྡུས་པ་བསྩལ་བ་ཡིན་ཏེ། མདོ་ལས་ནི་ཆོས་དཀར་པོ་ཤིན་ཏུ་བསྡུས་པ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟ་ཞེ་ན། གང་དག་

གིས་བསམ་པ་ལས་བྱུང་བ་ཤིན་ཏུ་མཆོག་ཏུ་གྱུར་པས་ཕ་རོལ་ཏུ་ཕྱིན་པ་ལ་སྩོགས་པའི་མཚན་གྱི་ཆོས་དཀར་པོ་ཤིན་ཏུ་ཡོངས་སུ་བསྡུས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དེ་ལྟར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཀྱང་ཡོངས་སུ་དག། སངས་རྒྱས་རྣམས་ལས་ཆོས་
ཀྱི་རྣམ་གྲངས་དུ་མ་ཡང་ཐོས། རང་གི་ཆོས་དཀར་པོ་ཡང་བསྡུས་ཏེ་བདག་ཉིད་རྟོགས་པའི་འོས་སུ་རུང་བ་ཁོང་དུ་ཆུད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ས་ལ་འཇུག་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་གདམས་ངག་ཡོངས་སུ་མནོས་ནས་ངེས་པར་
འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་སྦྱོར་བའི་སྒོམ་པ་ལ་སྦྱོར་བས་ཡོངས་སུ་བཟུང་བ་བསྩགས་པ་ཞེས་བྱ་སྟེ། མདོ་ལས། དགེ་བའི་བཤེས་གཉེན་དུ་བཟུང་བ་ཞེས་གསུངས་པ་ཡིན་ནོ། །གང་དག་གིས་དགེ་བའི་བཤེས་གཉེན་རྣམས་ཤིན་ཏུ་བཟུང་བའམ། དགེ་བའི་
བཤེས་གཉེན་རྣམས་ཀྱིས་ཤིན་ཏུ་བཟུང་བ་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་དག་གི་ལུང་ནན་ཏན་དུ་བསྒྲུབས་པས་དེ་དག་བཟུང་བ་ཡིན་ལ། དེ་ཉིད་ཀྱིས་དེ་དག་གིས་ཀྱང་བཟུང་བ་ཡིན་ནོ། །དེ་དེ་ལྟར་དེ་དག་གིས་ཡང་དག་པའི་གདམས་ངག་བྱིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་
ལས་འདས་ནས་ས་དང་པོ་ལ་འཇུག་པས་ན། བསམ་པ་རྣམ་པར་དག་པ་བསྩགས་པ་ཡིན་ནོ། །མདོ་ལས་ནི། བསམ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་དང་པོ་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་
ཀྱི་བསླབ་པ་ཡོངས་སུ་དག་པ་ཉིད་བསྟན་ཏོ། །འོག་མ་བཞིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་དག་པ་ཉིད་བསྟན་ཏོ། །དེ་ནི་ཉན་ཐོས་ལ་སོགས་པ་དང་ཡང་ཐུན་མོང་ཡིན་པས་ཁྱད་པར་དུ་བྱ་བའི་ཕྱིར་བཤད་པ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་དོན་བྱེད་པ་སྟེ། བདེ་བ་
དང་ཡིད་བདེ་བ་དང་། དེ་དག་གི་རྒྱུ་ཉེ་བར་སྒྲུབ་པ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་དེ་དག་གི་རྒྱུ་ཡོངས་སུ་སྤོང་བའོ། །དེ་ལ་འདི་དག་ཁོ་ན་ལ་ལྷག་པའི་བསམ་པ་ཡོད་ཀྱི་ཉན་ཐོས་ལ་སོགས་པ་ལ་མེད་པས་ན་ཤིན་ཏུ་རྒྱས་པ་བསྩགས་པ་སྟེ། མདོ་ལས་ནི། ལྷག་པའི་

བསམ་པ་རྒྱ་ཆེན་པོ་དང་ལྡན་པ་ཞེས་གསུངས་པ་ཡིན་ནོ། །དེ་སེམས་ཅན་གྱི་དོན་གྱི་ཐབས་སུ་གྱུར་པ་ཐམས་ཅད་མཁྱེན་པ་ཉིད་འདོད་པས་ན་མོས་པ་བསྩགས་པ་སྟེ། གཞན་ལས་ནི་ངེས་པའི་དངོས་པོ་ལ་ཡོན་ཏན་གྱི་སྒོ་ནས་ངེས་པར་འཛིན་པ་མོས་པ་ཡིན་ནོ་ཞེས་འབྱུང་མོད་ཀྱི།
འདིར་ནི་འདོད་པ་ཁོ་ན་མོས་པ་ཡིན་ནོ། །མདོ་ལས་ནི། མོས་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རྒྱ་ཆེན་པོ་ཡིན་ལ། དེ་ལ་འདོད་པ་ནི་མོས་པ་སྟེ་དེ་དང་ལྡན་པ་ཞེས་ཚིག་རྣམ་པར་སྦྱར་
རོ། །དེ་དེ་ལྟར་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་འདོད་པ་ན་རྟག་ཏུ་སྙིང་བརྩེ་བ་དང་། སྙིང་རྗེ་དག་མངོན་དུ་བྱས་ནས་མང་དུ་གནས་པའི་ཕྱིར་མངོན་དུ་གྱུར་པ་བསྩགས་པ་སྟེ། དེ་གཉིས་ཀྱིས་ན་སེམས་ཅན་རྣམས་ལ་ལྟ་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ། །
མདོ་ལས་ནི། སྙིང་བརྩེ་བ་དང་སྙིང་རྗེ་མངོན་དུ་གྱུར་པ་ཞེས་བསྟན་པ་ཡིན་ནོ། །ད་ནི་གང་གི་ཕྱིར་སེམས་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཟད་པ་དང་མི་སྐྱེ་བའི་རང་བཞིན་གང་ཡིན་པའོ། །དེ་ཉིད་གང་ལ་ཞེས་
བྱ་བ་ལ་སོགས་པས་བཤད་དེ། དེ་ལ་ཡོངས་སུ་ཤེས་པ་ནི་སྡུག་བསྔལ་གྱི་བདེན་པའོ། །སྤོང་བ་ཀུན་འབྱུང་གི་བདེན་པའོ། །བླ་ན་མེད་པ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་དང་སྦྱར་རོ། །མངོན་སུམ་དུ་བྱེད་པ་ནི་འགོག་པའི་བདེན་པའོ། །བསྒོམ་པ་ནི་ལམ་གྱི་བདེན་པའོ། །དེ་ལ་སངས་
རྒྱས་ཀྱི་རྒྱུད་དུ་གཏོགས་པ་ཡེ་ཤེས་ཀྱི་རང་བཞིན་གྱིས་ཡོན་ཏན་ཐམས་ཅད་བྱེ་བྲག་མེད་པར་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བཤད་དོ། །ད་ནི་ཕྲིན་ལས་ཀྱི་བྱེ་བྲག་གིས་རྣམ་པ་དགུར་ཕྱེ་ནས་ཚིག་དགུས་བཤད་པར་བྱའོ། །དེ་ལ་སྟོབས་བཅུའི་སྟོབས་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་
སྟོབས་ཀྱི་རང་བཞིན་གྱི་སངས་རྒྱས་ཀྱི་ཡེ་ཤེས་ཏེ་གང་གིས་ན་གཞན་དག་གིས་དྲི་བ་དྲིས་པ་རྣམས་དེ་བཞིན་གཤེགས་པས་ཐོགས་པ་མེད་པར་ལུང་སྟོན་པར་མཛད་པའོ། །མི་འཇིགས་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མི་འཇིགས་པའི་རང་བཞིན་གྱི་སངས་རྒྱས་ཀྱི་ཡེ་ཤེས་

ཏེ་གང་གིས་ན་ཕས་ཀྱི་རྒོལ་བ་ཚར་གཅོད་པར་མཛད་པའོ། །སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་པར་བྱ་
བའི་གདམས་ངག་སྩོལ་བར་མཛད་དོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་ཡོངས་སུ་སྐྱོབ་པའི་ཡེ་ཤེས་ཡིན་ཏེ། གང་གིས་ན་བསྡུ་བའི་དངོས་པོ་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པའོ། །སྙིང་བརྩེ་བ་དང་
སྙིང་རྗེ་ཆེན་པོ་རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྣམ་པར་སྦྱོང་བའི་ཡེ་ཤེས་ཡིན་ཏེ། གང་གིས་ན་དེའི་གཞི་སྟེ། སེམས་ཅན་ཡོངས་སུ་སྨིན་པའི་གཞི། སྙིང་བརྩེ་བ་དང་སྙིང་རྗེ་དག་སྦྱོར་བར་མཛད་པའོ། །ཕྱོགས་བཅུ་མ་ལུས་པར་ཤེས་པ་ཐོབ་པར་བྱ་བའི་
ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་མ་ལུས་པར་མཁྱེན་པའི་ཡེ་ཤེས་ཏེ། དེས་ན་ཕྱོགས་བཅུ་ན་གནས་པའི་སེམས་ཅན་རྣམས་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཐོགས་པ་མེད་པས་ཡོངས་སུ་སྦྱར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་ཡོངས་སུ་སྦྱོང་བའི་
ཡེ་ཤེས་སོ། །དེ་ལ་ཡོངས་སུ་སྦྱོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་སྦྱོང་བ་ཡིན་གྱི། སྡོང་དུམ་དང་ཚེར་མ་ལ་སོགས་པ་བསྩལ་བས་ནི་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སེམས་ཡོངས་སུ་མ་དག་པ་ཁོ་ནས་ཚེར་མ་ལ་སོགས་པས་གང་བར་སྣང་ལ་སེམས་ཡོངས་སུ་དག་པས་བེ་ཌཱུརྱ་
ལ་སོགས་པའི་རང་བཞིན་དུ་སྣང་བའི་ཕྱིར་རོ། །དེ་ཉིད་སྟོན་པར་བྱེད་དེ། ཡེ་ཤེས་ཐོགས་པ་མེད་པའི་ཕྱིར་ཞིང་ཐམས་ཅད་དུ་ཐོགས་པ་མེད་ལ་སེམས་ཐོགས་པ་མེད་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པའི་སྤྲུལ་པ་དག་གིས་སེམས་ཅན་རྣམས་འཇུག་པར་མཛད་དོ། །ཉོན་མོངས་པ་ཅན་མ་ཡིན་པའི་བུ་
དང་ཆུང་མ་ལ་སོགས་པ་མཐོང་ན་ཡང་མི་གོས་པ་ཉིད་དུ་རིག་པར་བྱའོ། །དུས་གསུམ་སྐད་ཅིག་གཅིག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་ཡེ་ཤེས་གང་གི་དུས་ན་དུས་གསུམ་པའི་བསམ་པ་སྟེ། སེམས་རྣམས་དང་། བག་ལ་ཉལ་ཏེ་

ཉོན་མོངས་པའི་ས་བོན་རྣམས་སྐད་ཅིག་གཅིག་ལ་མཁྱེན་པའོ། །ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ལ་འཇིགས་པ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཡེ་ཤེས་ཏེ་གང་གིས་ན་སེམས་ཅན་རྣམ་པར་ཐར་པར་བྱ་བའི་ཕྱིར་ཐབས་
མཁས་པས་ཅིག་ཅར་ཞིང་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ད་ནི་གཞི་གང་ལས་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཡོད་པ་དེ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་སྟེ། སྙིང་རྗེ་ཆེན་པོས་ནི་སེམས་ཅན་སྡུག་བསྔལ་བ་རྣམས་དམིགས་ནས་དེ་
དག་རྣམ་པར་ཐར་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པས་དེའི་གཞི་ཡིན་ཏེ། དེའི་ཆེན་པོ་ཉིད་ཀྱང་ཚིག་དགུས་བཤད་དོ། །ཕྲ་བའི་སྡུག་བསྔལ་ཉིད་ནི་འདུ་བྱེད་<གྱི་‚ཀྱི་>སྡུག་བསྔལ་ཉིད་དེ། དེའི་རྣམ་པར་འགྲོ་བ་ཐམས་ཅད་སྡུག་བསྔལ་བར་མཐོང་ནས་སྙིང་རྗེ་སྐྱེ་སྟེ་དེའི་
ཕྱིར་དེའི་དབང་གིས་བྱང་ཆུབ་ཀྱི་སེམས་སྐྱེ་བར་ནི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་དུ་གྱུར་པ་ཞེས་བྱའོ། །ཐབས་མཁས་པས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་ཆེན་པོ་ཉིད་ཡིན་ནོ། །བསམ་པ་དང་ལྷག་པའི་བསམ་པ་རབ་ཏུ་བསྟན་པ་ཞེས་བྱ་བ་འདི་དགྲོལ་ན་དེའི་
དུས་སུ་སེམས་ཅན་གྱི་དོན་བྱེད་པར་ཁས་ལེན་པ་ནི་བསམ་པའོ། །འཁོར་བ་ཇི་སྲིད་པར་ཁས་ལེན་པ་ནི་ལྷག་པའི་བསམ་པ་སྟེ། བསམ་པ་ལྷག་པ་ནི་ལྷག་པའི་བསམ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་རབ་ཏུ་བརྟན་པ་ཡིན་ཏེ། དེས་ཤིན་ཏུ་གསོས་ཤིང་འཕེལ་བའི་ཕྱིར་རོ། །དེ་
བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་དང་ལྡན་པ་ཞེས་བྱ་བ་འདི་དགྲོལ་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་གྱུར་པ་དེས་དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་འབྲས་བུའི་ངོ་བོ་ཉིད་ཡོངས་སུ་འཛིན་པས་ན་འབྲས་བུ་དཔག་ཏུ་མེད་པ་
ཉིད་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །སྙིང་སྟོབས་ཀྱི་སྟོབས་དང་བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་ཞེས་བྱ་བ་འདི་དགྲོལ་ན་སྙིང་སྟོབས་རྒྱ་ཆེན་པོ་ལ་མོས་པ་སྟེ། དེ་བཞིན་གཤེགས་པའི་མཐུ་རྒྱ་ཆེན་པོ་ལ་མོས་པ་སྟེ། བློའི་སྟོབས་ཟབ་མོ་ཤེས་པ་ཉིད་དག་

གིས་ཤིན་ཏུ་རྣམ་པར་ཕྱེ་ཞིང་སྦྱངས་པའི་རྣམ་པར་འབྱེད་པར་ཤེས་པ་ཞེས་བྱ་བ་གང་ལ་ཡོད་པའོ། །ཇི་ལྟ་ཞེ་ན། མི་མཐུན་པའི་ཕྱོགས་ལས་རྒྱལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨྲས་ཏེ། མི་མཐུན་པའི་ཕྱོགས་སྤངས་པས་སྦྱངས་པ་ཡིན་པའི་ཕྱིར་རོ། །རང་བྱུང་གི་
ཡེ་ཤེས་དང་མཐུན་པ་ཞེས་བྱ་བ་འདི་དགྲོལ་ན་གཞན་གྱིས་མ་བསྟན་པ་བདག་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་རང་བྱུང་གི་ཡེ་ཤེས་ཏེ་དེ་ལ་སྐྱེ་བ་དང་མཐུན་པར་གནས་པའི་ཕྱིར་དེ་དང་མཐུན་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤེས་རབ་དང་ཡེ་ཤེས་ཀྱི་
གདམས་ངག་ཡང་དག་པར་ཚོལ་བ་ཞེས་བྱ་བ་འདི་དགྲོལ་ན། ཤེས་རབ་དང་ཡེ་ཤེས་དག་གི་ཁྱད་པར་ནི་བཤད་ཟིན་པར་ཟད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤེས་རབ་དང་ཡེ་ཤེས་གང་དག་ཡིན་པ་དེའི་དོན་དུ་གདམས་ངག་ཚོལ་བ་སྟེ། དེ་ཉིད་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར་
གདམས་ངག་ལུང་ཚོལ་བ་ཞེས་བྱ་བས་བཤད་དོ། །འདི་ལ་དམ་པའི་ཆོས་ཀྱི་དབྱིངས་གྱུར་པ་ཡོད་པའི་ཕྱིར་ཏེ། དེ་ཉིད་ཡོན་ཏན་ཡོངས་སུ་འཛིན་པའི་གཙོ་བོ་ཡིན་པའི་ཕྱིར་ཞེས་བྱ་བས་བསྟན་ཏོ། །ཆོས་ཀྱི་དབྱིངས་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་
རྒྱུ་ཉིད་དུ་གནས་པའི་ཕྱིར་འབྲས་བུ་ཉིད་དུ་ཡོངས་སུ་འཛིན་པར་བྱེད་པས་ན་གཙོ་བོ་ལ་དམ་པ་ཞེས་བྱའོ། །གནས་པ་དང་མཐར་ཕྱིན་པའི་ཆེན་པོ་ཉིད་ནི་ཚིག་ཐ་མ་གཉིས་པོ་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་རྗོད་པར་བྱེད་པ་དག་གིས་བསྟན་ཏེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །དེ་ཉིད་
བརྗོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་འདི་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་ཡོན་ཏན་ཡིད་དུ་འོང་བ་རྣམས་སྐྱེ་བའི་རྒྱུ་ཡིན་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་འཁོར་བ་ཇི་སྲིད་པར་ཟད་པར་མི་འགྱུར་ཏེ། གཟུགས་ལ་སོགས་པ་སྐྱེ་བ་ལ་གནས་ནམ་མཁའ་བཞིན་པས་ཡེ་ཤེས་ཕུན་སུམ་ཚོགས་
པའི་རྒྱུའི་དངོས་པོ་ཡིན་ནོ། །ཕྱི་མ་མ་འོངས་པའི་མཐའ་ནི་མྱ་ངན་ལས་འདས་པ་སྟེ། དེར་འབབ་དེར་གཞོལ་དེའི་མུར་ཐུག་པ་ཡིན་པས་ན་སྤངས་པ་ཕུན་སུམ་ཚོགས་པའི་རྒྱུའི་དངོས་པོར་བརྗོད་པ་ཡིན་ནོ། །དཔེར་ན་བུད་མེད་འགའ་ཞིག་ལ། དང་པོར་བུ་ཡན་ལག་རྫོགས་པ་སྐྱེ་བའི་

རྒྱུ་མཚན་དུ་གྱུར་པ་མངལ་དུ་ཞུགས་ཏེ་བུ་ཆགས་པ་དེ་དང་ཆོས་མཐུན་པར་འདི་ལ་ཡང་སངས་རྒྱས་ཀྱི་སྐུ་ཡོན་ཏན་གྱི་ཡན་ལག་རྫོགས་པ་སྐྱེ་བར་བྱ་བའི་ཕྱིར་འཇིག་རྟེན་ལས་འདས་པའི་སེམས་དང་པོར་སྐྱེའོ། །དཔེར་ན་བུ་དེ་ཉིད་རྒྱལ་པོའི་རྒྱལ་རིགས་ཆེན་པོར་སྐྱེས་ཤིང་དེ་ལས་གཞན་པའི་རིགས་
དམན་པ་རྣམས་ལས་འདའ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ཕྱིར་དེ་ལས་གཞན་པ་སོ་སོའི་སྐྱེ་བོའི་རིགས་རྣམས་ལས་འདའོ། །དཔེར་ན་བུ་དེ་རྒྱལ་པོས་བསྐྱེད་ཀྱང་མི་འདྲ་བ་བྲན་མོ་ལས་སྐྱེས་ན་གནད་ཀྱི་སྐྱོན་ལས་ནི་མི་འདའི་
རིགས་ཀྱི་ཐ་སྙད་ནི་ཕ་ལས་འབྱུང་བའི་ཕྱིར་དེ་རིགས་ལས་འདས་པ་ཞེས་ནི་བརྗོད་པ་ཉིད་དོ། །ནམ་ཞིག་འདི་རྒྱལ་པོའི་བཙུན་མོ་དམ་པ་ཐབས་རིར་བབ་པ་ལས་བསྐྱེད་པ་དེའི་ཚེ་གནད་ལས་གྱུར་པའི་སྐྱོན་སྨད་པའི་ངོ་བོ་དེ་ལས་ཀྱང་འདའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་
སེམས་དེ་སྐྱེད་པའི་ཕྱིར། ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཀྱིས་ཐབས་རིར་བབ་པའི་བཙུན་མོ་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལས་བསྐྱེད་ཀྱི། ཐེག་པ་དམན་པའི་བྲན་མོ་ལས་མ་ཡིན་པས་གནད་ཀྱི་སྐྱོན་ཐམས་ཅད་ལས་འདའོ། །དཔེར་ན་བུ་དེ་འགྲོ་བ་གང་དུ་སྐྱེས་པ་དེས་
བསྡུས་པ་གང་ནས་ཤི་འཕོས་པ་དེ་ལས་འདའ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པའི་སེམས་བསྐྱེད་པ་འཇིག་རྟེན་པའི་འགྲོ་བ་ལས་ནི་འདས་ལ། འཇིག་རྟེན་ལས་འདས་པའི་འགྲོ་བ་སྟོན་པ་ཞེས་བྱ་བ་ནི་བསྡུས་སོ། །དཔེར་ན་བུ་དེ་ལུས་རྫོགས་པ་རྙེད་པ་དེ་བཞིན་
དུ། འདི་ཡང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ཐོབ་པའི་ཕྱིར་སྙིང་རྗེའི་བདག་ཉིད་ཀྱི་ལུས་ཐོབ་བོ། །དེ་ཇི་ལྟ་ཞེ་ན། གཞན་གྱི་དགོས་པ་བདག་གི་དགོས་པ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། བདག་དང་གཞན་མཉམ་པ་ཉིད་ཐོབ་པའི་ཕྱིར་གཞན་གྱི་དགོས་པ་ཉིད་དེའི་རང་གི་
དགོས་པ་ཡིན་ནོ། །དཔེར་ན་བུ་དེ་སྐྱེས་ན་གདོན་མི་ཟ་བར་གནས་འགའ་ཞིག་ཏུ་གནས་པར་འགྱུར་བ་དེ་བཞིན་དུ་འདི་ཡང་སྙིང་རྗེ་དང་ལྡན་པའི་ཕྱིར་མྱ་ངན་ལས་འདས་པའི་ལམ་མཐོང་ཡང་འཁོར་བ་ཡོངས་སུ་མི་འདོར་བ་ཐབས་མཁས་པ་གནས་པའི་ཕྱིར་དེ་ནི་ཡང་ཀུན་ནས་ཉོན་མོངས་པར་མི་

འགྱུར་རོ། །དཔེར་ན་བུ་དེ་བཙས་ནས་འཚོ་བ་འགའ་ཞིག་གིས་འཚོ་བར་བྱེད་པ་དེ་བཞིན་དུ་འདི་ཡང་དུས་གསུམ་མཉམ་པ་ཉིད་དུ་ལྟ་ཞིང་སྟོང་པ་ཉིད་དང་ལྡན་པའི་ཤེས་རབ་ཀྱིས་འཚོ་བར་བྱེད་དོ། །དཔེར་ན་བུ་སྐྱེས་ན་རིགས་དང་འཚམ་པའི་ཕུན་སུམ་ཚོགས་པ་འགའ་ཞིག་
གདོན་མི་ཟ་བར་ཡོད་པ་དེ་བཞིན་དུ། འདིའི་ཕུན་སུམ་ཚོགས་པ་ཡང་སངས་རྒྱས་ཀྱི་རིགས་སུ་ངེས་ཤིང་ཡོངས་སུ་མི་ཉམས་པ་ལ། མྱ་ངན་ལས་འདས་པ་ནི་རྫོགས་པའི་བྱང་ཆུབ་སྟེ། དེ་ལ་གཞོལ་བ་ནི་འདི་ཁོ་ན་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་
དེ་འདྲ་བ་ཉིད་དུ་བསྟན་པ་འབའ་ཞིག་ཏུ་མ་ཟད་ཀྱི་མི་འདྲ་བ་ཉིད་དུ་ཡང་བསྟན་ཏོ། །ཇི་ལྟ་ཞེ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨྲས་ཏེ། ཇི་སྐད་དུ་བཤད་པ་ཡིན་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་མའི་མངལ་དུ་བུ་ཆགས་པ་ཁུ་ཆུ་དང་ཁྲག་འདྲེས་པ་ཞེས་བྱ་བ་གང་
ཡིན་པ་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཡོད་པས་ཐུན་མོང་སྟེ་སྤྱི་ཡིན་ནོ། །འདི་དག་གི་མངལ་དུ་འཇུག་པ་དང་པོ་ཁོ་ནར་འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པའི་མཚན་ཉིད་གང་ཡིན་པ་དེ་དག་ལ་མེད་པས་ཐུན་མོང་མ་ཡིན་ཏེ་སྤྱི་མ་ཡིན་ནོ། །དེ་བཞིན་དུ་རིགས་ལས་
འདས་པ་ལ་སོགས་པ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་མཆོག་ཏུ་དགའ་བ་ཁོ་ན་རང་གི་ངོ་བོ་དང་གནས་སྐབས་དང་བྱེད་པའི་བྱེ་བྲག་གིས་རྣམ་པ་དགུར་གཞག་སྟེ། དེ་ལ་བདེན་པ་བཞི་མངོན་
པར་རྟོགས་ཏེ། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ནི་དེའི་རང་གི་ངོ་བོ་སྟེ། དང་བའི་མཆོག་ཏུ་དགའ་བའོ། །དགའ་བ་ཉིད་མཆོག་ཏུ་དགའ་བ་ཡི