Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 116

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
ྲུབ་པོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་
པས་ནི་མཚན་ཉིད་ལྔ་པ་སྟོན་ཏོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་དངོས་པོ་རྣམས་ཀྱི་རྒྱུ་ཡོད་ཀྱི་བྱེད་པ་མེད་པར་བསྟན་པར་འགྱུར་རོ། །བྱེད་པ་རྒྱུ་ཡིན་ན་དངོས་པོ་དེ་འབྲེལ་པ་མེད་པར་འགྱུར་ཏེ། ཕན་པ་མེད་པའི་ཕྱིར་རོ། །ཕན་ན་ཡང་གལ་ཏེ་དེ་བདག་ཡོད་པ་ཙམ་གྱིས་བྱེད་པ་ལ་ཕན་
པར་བྱེད་ན་ནི་འབྲས་བུ་ལ་ཡང་ཅིའི་ཕྱིར་དེ་བཞིན་དུ་ཕན་པར་མི་བྱེད། ཅི་སྟེ་བྱེད་པ་གཞན་གྱིས་བསྐྱེད་ན་ནི་དེའི་ཚེ་དེ་ཡང་དེ་དང་འབྲེལ་བ་མེད་པར་འགྱུར་རོ། །གལ་ཏེ་བྱེད་པ་ཡང་ནུས་པ་སོ་སོར་ངེས་པས་བདག་ཡོད་པ་ཙམ་གྱིས་འབྲས་བུ་བསྐྱེད་ན་ནི་དངོས་པོས་ཀྱང་དེ་བཞིན་དུ་ཅིའི་ཕྱིར་མི་བསྐྱེད།
ཇི་སྟེ་བྱེད་པ་གཞན་གྱིས་ཞེ་ན། འོ་ན་ནི་བྱེད་པ་ལ་ཐུག་པ་མེད་པར་འགྱུར་རོ། །དེ་བས་ན་ཆོས་ཐམས་ཅད་བྱེད་པ་མེད་དོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་བཀའ་དེ་རིགས་སོ། །དེས་ནི་གང་དག་བྱེད་པ་དང་བཅས་པའི་རྒྱུར་འདོད་པ་དེ་དག་བསྩལ་ཏོ། །དེ་ལ་སའི་ཁམས་ནི་ས་བོན་

བརྟེན་པའི་བྱ་བ་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་ས་ལ་སོགས་པའི་སྦྱོར་བ་བསྟན་པས་ནུས་པ་བརྗོད་པའི་ཕྱིར་མཚན་ཉིད་བཞི་པ་སྟོན་ཏོ། །འདི་ལ་ས་ཉིད་སའི་ཁམས་ཏེ། ཁ་དོག་དང་དབྱིབས་ཀྱི་རང་བཞིན་དུ་བལྟའོ། །ཆུའི་ཁམས་ནི་གཤེར་བའི་རང་བཞིན། མེའི་ཁམས་ནི་ཚ་བའི་
རང་བཞིན། རླུང་གི་ཁམས་ནི་གཡོ་བའི་རང་བཞིན་ཏེ། དེ་ནི་མྱུ་གུ་མངོན་པར་འགྲུབ་པར་བྱེད་དོ། །ནམ་མཁའི་ཁམས་ནི་ནང་དུ་སྦུ་གུ་སྟེང་རེག་བྱ་མེད་པ་སྟེ། དེ་ཡང་སྣང་བ་དང་མུན་པའི་རང་བཞིན་དུ་བལྟའོ། །དུས་ཀྱང་ས་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་གིས་རབ་ཏུ་ཕྱེ་བ་ཉིད་དུས་ཀྱི་བྱེ་བྲག་ཏུ་དགོངས་
པའོ། །སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་བརྟེན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་ལྔ་པ་སྟོན་ཏེ། དེ་ལྟར་མཚན་ཉིད་རྣམ་པ་ལྔ་བསྟན་པས་རྗེས་སུ་འགྲོ་བའི་སྒོ་ནས་མུ་སྟེགས་ཅན་གྱི་བལྟ་བ་བསྩལ་ནས་ལྡོག་པའི་སྒོ་ནས་བསྩལ་བའི་ཕྱིར།
མྱུ་གུ་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་གིས་མ་བྱས་ཞེས་བྱ་བ་ནི་གང་དག་ངོ་བོ་ཉིད་ཁོ་ན་རྒྱུར་སྨྲ་བ་དེའི་འདོད་པ་སེལ་ཏོ། །ངོ་བོ་ཉིད་ནི་ཡོད་པ་དང་། མེད་པ་ལས་བདག་ཉིད་རྒྱུར་མི་འཐད་དེ། དོན་མེད་པ་དང་མི་ནུས་པའི་ཕྱིར་རོ། །གཞན་གྱིས་མ་བྱས་ཞེས་བྱ་བ་ནི་བྱེད་པ་
ཅན་གཞན་གང་གིས་ཀྱང་བློ་སྔོན་དུ་བཏང་ནས་མི་བྱེད་པའི་ཕྱིར་ཏེ། ཇི་སྐད་བསྟན་པའི་རིགས་པས་ཆོས་ཐམས་ཅད་ནི་བྱེད་པ་མེད་པའི་ཕྱིར་རོ། །གཉིས་ཀས་མ་བྱས་སོ་ཞེས་བྱ་བ་ནི་བདག་དང་གཞན་གྱིས་མ་བྱས་པའོ། །དབང་ཕྱུག་གིས་མ་བྱས་ཞེས་བྱ་བ་ནི། དབང་ཕྱུག་ཏུ་སྨྲ་བའི་འདོད་པ་
སེལ་བ་སྟེ། དངོས་པོ་རྣམས་ཀྱི་རྒྱུ་དབང་ཕྱུག་ལ་སོགས་པ་རྟག་པ་ནི་རེས་འགའ་འབྱུང་བས་ན་མི་འཐད་དེ། རྒྱུ་མ་ཚང་བ་མེད་པའི་ཕྱིར་རོ། །རྟག་པ་ནི་གཞན་ལ་སྡོད་པ་མེད་དེ། གཞན་གྱིས་དེ་ལ་བསྡད་མི་དགོས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་དེ་དག་གི་རྒྱུ་ཡང་དབང་ཕྱུག་ལ་སོགས་པ་ཡིན་
ན་ནི་མ་ཚང་བར་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་རེས་འགའ་འབྱུང་བས་དབང་ཕྱུག་གིས་བྱས་པ་མ་ཡིན་པར་དགོངས་པའོ། །དུས་ཀྱིས་ཀྱང་མ་བྱས་སོ། །གྲངས་ཅན་གྱིས་བརྟགས་པའི་རང་བཞིན་ལས་མ་བྱུང་ངོ་། །འདི་དག་ཐམས་ཅད་ཀྱིས་ནི་མི་མཐུན་པའི་རྒྱུ་བསལ་ཏོ། །ཚིག་ཐམས་ཅད་ནི་རྒྱུ་

མེད་པ་སེལ་ཏེ། རྒྱུ་མེད་ན་ནི་ལྟོས་པ་མེད་པའི་ཕྱིར་རེས་འགའ་འབྱུང་བ་ཡང་མི་འཐད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་རྣམ་པ་ལྔ་པོ་འདིས་ནི་རྟག་པར་ལྟ་བ་ལ་སོགས་པ་བསལ་ཏོ་ཞེས་བསྟན་པའི་ཕྱིར་རྣམ་པ་ལྔར་བལྟ་སྟེ་ཞེས་བྱ་བ་གསུངས་ཏེ། རྣམ་པ་ལྔ་ཞེས་བྱ་བའི་
ཐ་ཚིག་གོ། །རྒྱུ་དང་འབྲས་བུ་ཤིན་ཏུ་ཐ་དད་པས་རྣམ་པ་གཅིག་པུའི་རང་བཞིན་མ་ཡིན་ནོ། །གཞན་དུ་ན་འདི་ནི་འབྲས་བུའོ། །འདི་ནི་རྒྱུའོ་ཞེས་བྱེ་བྲག་རྣམ་པར་གཞག་པ་ཡང་མེད་པར་འགྱུར་རོ། །འདས་པ་དང་དུས་མཉམ་པའི་རྒྱུ་ལས་ཀྱང་འབྲས་བུ་མི་འབྱུང་སྟེ་ད་ལྟར་ལས་སོ། །
སྐད་ཅིག་པའི་ཕྱིར་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མི་གནས་པ་དུས་མཉམ་པ་ལས་མི་འབྱུང་སྟེ། ཐལ་བར་འགྱུར་རོ། །དེས་ན་རྒྱུ་དང་འབྲས་བུའི་རྒྱུན་མི་འཆད་པས་ཆད་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུ་མི་འདྲ་བས་འཕོ་བར་མ་ཡིན་ནོ། །འདིས་ནི་གང་དག་གི་རྒྱུའི་རང་བཞིན་འཕོས་
ནས་འབྲས་བུ་འབྱུང་བར་འདོད་པ་དེ་དག་བསྩལ་ཏོ། །ཤིང་ནྱ་གྲོ་དྷའི་ས་བོན་ལ་སོགས་པ་ཆུང་ངུ་ལས་སྡོང་པོ་དང་ཡལ་ག་དང་ལོ་མ་ལ་སོགས་པ་ཆེ་ཞིང་མང་དུ་སྣང་བའི་ཕྱིར་དེས་ས་བོན་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པས་སྐྱེས་བུ་བྱེད་པ་དོན་མེད་པ་མ་ཡིན་པར་དགོངས་
པའོ། །ས་བོན་ཇི་ལྟ་བུ་བཏབ་པ་དེ་ལྟ་བུའི་འབྲས་བུ་མངོན་པར་འགྲུབ་ཅེས་བྱ་བ་ནི་འདི་ལྟ་སྟེ། འབྲས་སཱ་ལུའི་ས་བོན་ལས་འབྲས་སཱ་ལུའི་འབྲས་བུ་ཉིད་འབྱུང་བར་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །འདིས་ཀྱང་འབྲས་བུ་དང་། ས་བོན་མ་ལོག་པས་ན་སྐྱེས་བུའི་བྱེད་པ་དོན་ཡོད་པར་བསྟན་
ཏོ། །རྒྱུ་གཉིས་ཀྱིས་ན་སྐྱེས་བུའི་བྱེད་པ་དོན་ཡོད་པ་མ་ཡིན་ཏེ། མཉམ་པའམ་འབྲས་བུ་ཆུང་ངུ་མངོན་པར་འགྲུབ་པ་དང་། འབྲས་བུ་ལོག་པར་འགྲུབ་པའོ། །དེའི་ཕྱིར་འབྲས་བུ་ཆེན་པོ་དང་། འབྲས་བུ་འདྲ་བར་འགྲུབ་པས་སྐྱེས་བུ་བྱེད་པ་དོན་མ་ཡིན་པར་བསྟན་པ་ཡིན་ནོ། །ནང་གི་རྟེན་
ཅིང་འབྲེལ་བར་འབྱུང་བ་ཡང་གཉིས་ཀྱི་ཕྱིར་ཞེས་བྱ་བ་འདིས་ནི་མི་རྟག་པ་དུ་མའི་རྒྱུ་ལས་བྱུང་བའི་མཚན་ཉིད་བསྟན་ཏོ། །གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པས་ནི་ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་བསྟན་ཏོ། །དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་

འདུ་བྱེད་རྣམས་མངོན་པར་གྲུབ་པོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པ་ནི་བྱེད་པ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་བསྟན་ཏོ། རྐྱེན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདུས་ནས་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྲེལ་བའི་ཕྱིར་རོ། །འཐུངས་པ་ནི་
ངོམས་པའོ། །ཟོས་པ་ནི་བཟའ་བའོ། །འཆོས་པ་ནི་བཅའ་བའོ། །འདིར་ཡང་ས་ལ་སོགས་པའི་བྱེད་པའི་མཚན་ཉིད་བསྟན་ཏོ། །རྣམ་པར་ཤེས་པའི་ཁམས་ནི་བསྡུས་པས་ཀྱང་ངོ་། །འདིར་ཡང་ནང་གི་སྦུ་གུ་དང་། སྣང་བ་དང་། མུན་པའི་རང་བཞིན་ནི་ནམ་མཁའི་ཁམས་སུ་དགོངས་སོ། །མིང་
དང་གཟུགས་ཀྱི་མྱུ་གུ་མངོན་པར་སྒྲུབ་པར་བྱེད་པ་ནི་རྣམ་པར་ཤེས་པའི་ཁམས་སོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་ལྔར་བསྡུས་པའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ཟག་པ་དང་བཅས་པའི་རྣམ་པར་ཤེས་པའི་མདུང་ཁྱིམ་ལྟར་གཅིག་ཏུ་བསྡུས་ལ་རྣམ་པར་
ཤེས་པའི་ཁམས་ཞེས་སྦྱར་ཏེ། སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་ཟག་པ་དང་བཅས་པ་སྟེ། འཁྲུལ་པ་མེད་པའི་ཕྱིར་དེ་ལྟར་བྱེ་བྲག་ཏུ་མ་བྱས་སོ། །ཅིའི་ཕྱིར་ས་ལ་སོགས་པ་འདི་སྙམ་དུ་བདག་ཅག་ལུས་ཀྱི་སྲ་བ་ལ་སོགས་པ་སྔོན་མ་གྲུབ་
པར་མི་སེམས་སྙམ་པ་ལ། དེ་ལ་སའི་ཁམས་ནི་བདག་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ལ་སོགས་པ་ཐམས་ཅད་ནི་རྣམ་གྲངས་ཏེ། གྲུབ་པའི་མཐའ་ཐ་དད་པས་བརྟགས་པ་དག་གོ། །ང་དང་ངའི་ཞེས་རློམ་སེམས་པ་ནི་བདག་གོ། །དེ་ཉིད་འགྲོ་བ་དེ་དང་དེར་
འབྱུང་བས་ན་སེམས་ཅན་ནོ། །ཚེའི་མཐའི་བར་དུ་འཚོ་བས་ན་སྲོག་གོ། །འབྱུང་བས་ན་སྐྱེ་བ་པོའོ། །ཤེད་ལས་བྱུང་བས་ན་ཤེད་ལས་སྐྱེས་སོ། །ཤེད་ཀྱི་བུ་ཡིན་པས་ན་ཤེད་བུའོ། །དེ་ལ་སའི་ཁམས་ནི་ངའི་ང་རྒྱལ་དང་བྲལ་བས་ན་བདག་མ་ཡིན་ནོ། །འགྲོ་བ་ལ་སོགས་པའི་
བྱེད་པ་དང་བྲལ་བའི་ཕྱིར་སེམས་ཅན་མ་ཡིན་ནོ། །སྐད་ཅིག་པའི་ཕྱིར་སྲོག་མ་ཡིན་ནོ། །བསྐྱེད་པར་བྱ་བའི་སྐྱེ་བའི་བྱེད་པ་དང་བྲལ་བའི་ཕྱིར་སྐྱེ་བ་པོ་མ་ཡིན་ནོ། །ལས་ལས་སྐྱེས་པའི་ཕྱིར་ཤེད་ལས་སྐྱེས་པ་མ་ཡིན་ནོ། །སྐྱེད་པའི་ཤེད་མེད་པས་ཤེད་བུ་མ་ཡིན་ནོ། །བུད་མེད་དང་

སྐྱེས་པ་དང་མ་ནིང་བདག་ཉིད་ཀྱི་བདག་གཞན་མེད་པས་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན་ཏེ། བུད་མེད་ལ་སོགས་པ་ནི་ས་ལ་སོགས་པ་གནས་པའི་བྱེ་བྲག་ཙམ་ལ་བརྟགས་པའི་ཕྱིར་རོ། །ང་མ་ཡིན་བདག་མ་ཡིན་ཞེས་བྱ་བ་ནི་བདག་དང་བདག་གིས་
བརྟགས་པ་དང་བྲལ་བའི་ཕྱིར་རོ། །གཞན་སུའི་ཡང་མ་ཡིན་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་བདག་པོ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ལ་བདག་དང་བདག་གི་མེད་པས་བྱེད་པར་ཇི་ལྟར་འགྱུར་ཞེས་དགོངས་པའོ། །སྔར་ཡོངས་སུ་ཤེས་པར་བྱ་བའི་དངོས་པོའི་རང་
བཞིན་ནི་བསྟན་ན་དེའི་མཚན་ཉིད་མ་ཤེས་པས་དེའི་ཕྱིར་དེ་ལ་མ་རིག་པ་གང་ཞེ་ན་ཞེས་དྲིས་སོ། །འདིར་ཡང་མཚན་ཉིད་རྣམ་པ་ལྔར་གསུངས་ཏེ། རང་གི་མཚན་ཉིད་དང་། ངེས་པའི་ཚིག་གི་མཚན་ཉིད་དང་། ཡན་ལག་གི་མཚམས་སྦྱོར་བའི་མཚན་ཉིད་དང་། མཐའ་གཉིས་
དང་བྲལ་བའི་མཚན་ཉིད་དང་། རྒྱུ་བསྡུ་བའི་མཚན་ཉིད་དོ། །གང་ཁམས་དྲུག་པོ་ཐ་དད་པ་ལ་ཐ་དད་པ་མ་ཡིན་པར་འདུ་ཤེས་པ་དེ་ནི་གཅིག་པུར་འདུ་ཤེས་པའོ། །རྡུལ་ཐ་དད་པའི་ལུས་ལ་གང་གཅིག་ཏུ་འཛིན་པ་དེ་ནི་རིལ་པོར་འདུ་ཤེས་པའོ། །སྐད་ཅིག་སོ་སོ་གཞན་དུ་གྱུར་
ཀྱང་གང་དུས་གཞན་ན་ཡང་འཇུག་པར་མི་འཛིན་པ་དེ་ནི་རྟག་པར་འདུ་ཤེས་པའོ། །མ་བྱུང་བ་ལས་འབྱུང་བ་ལ་གང་ཡོད་པ་དེ་ཉིད་ལས་སྐྱེ་བར་འཛིན་པ་དེ་ནི་བརྟེན་པར་འདུ་ཤེས་པའོ། །བྱུང་ནས་མེད་པར་གྱུར་པ་ལས་ཡང་འདས་པའི་དུས་སུ་འཕོས་པས་འཛིན་པ་གང་ཡིན་པ་དེ་ནི་ཐེར་
ཟུག་ཏུ་འདུ་ཤེས་པའོ། །སྡུག་བསྔལ་གསུམ་དང་ལྡན་ཡང་གང་གཅིག་ཏུ་སྡུག་པའི་ངོ་བོར་འཛིན་པ་དེ་ནི་བདེ་བར་འདུ་ཤེས་པའོ། །འདུ་ཤེས་དེ་དག་ནི་བདག་ལ་སོགས་པར་འདུ་ཤེས་པའི་རྒྱུ་ཡིན་པས་དེའི་ཕྱིར་སྔར་བསྟན་ཏོ། །འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་ཞེས་བྱ་བ་དེས་
ནི་བདག་ཏུ་ལྟ་བ་ལ་སོགས་པ་ཉོན་མོངས་པའི་ཚོགས་ཐམས་ཅད་ཀྱང་ཕྱིན་ཅི་ལོག་གི་རྣམ་པ་ལས་བྱུང་བའི་ཕྱིར་མ་རིག་པའི་རང་བཞིན་ཏེ། དེའི་ཕྱོགས་གཅིག་ཏུ་གྱུར་པ་ནི་འདོད་ཆགས་ལ་སོགས་པའོ་ཞེས་དེ་སྟོན་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྐྱེད་པའི་

ཕྱིར་ལུས་དང་། ངག་དང་། ཡིད་ཀྱི་ལས་འདི་ཉིད་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་གསུངས་ཏེ། བཏགས་པའི་ཕྱིར་རོ། །མངོན་པར་ཆགས་པ་དང་བཅས་ཞེས་བྱ་བ་ནི་བུ་དང་ཆུང་མ་ལ་སོགས་པ་འདོད་པའོ། །འདི་ལྟ་བུ་ལ་སོགས་པ་
ཞེས་བྱ་བ་ནི་གང་དག་ལུས་དང་སེམས་འཁྲུགས་པར་གྱུར་པ་རྒྱལ་པོའི་ཞ་འབྲིང་བྱེད་པ་དང་། ཚོང་བྱེད་པ་ལ་སོགས་པའོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ་ཞེས་བྱ་བ་ལ་སོགས་པས་ནི་ངེས་པའི་ཚིག་གི་མཚན་ཉིད་སྟོན་ཏོ། །དེ་ཁོ་ན་མེད་པ་བཞིན་དུ་
བྱེད་པས་ན་མ་རིག་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །རྣམ་པར་རིག་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པར་བྱེད་པའི་ཕྱིར་རོ། །བརྟེན་པའི་ཕྱིར་ཞེས་བྱ་བ་ནི་སྲིད་པའི་དབང་གིས་འདི་ལ་རྣམ་པར་ཤེས་པ་གཤོལ་བ་དང་། གཟུགས་
སུ་རུང་བས་ན་གོ་རིམས་བཞིན་དུ་མིང་དང་གཟུགས་སོ། །དེའི་ཕྱིར་མདོ་སྡེ་ལས་ཀྱང་། རྣམ་པར་ཤེས་པ་གནས་པ་བཞི་གསུངས་ཏེ། གཟུགས་ལ་ཉེ་བར་སོང་བའི་རྣམ་པར་ཤེས་པ་དང་། ཚོར་བ་ལ་ཉེ་བར་སོང་བ་དང་། འདུ་ཤེས་ལ་ཉེ་བར་སོང་བ་དང་། འདུ་བྱེད་ལ་ཉེ་བར་
སོང་བ་སྟེ། རྣམ་པར་ཤེས་པ་ནི་སྐད་ཅིག་ཀྱང་མི་བརྟེན་པར་གནས་པ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེ་ཞིང་འཕེལ་བར་བྱེད་པས་སྐྱེ་མཆེད་དེ། སྐྱེ་མཆེད་དྲུག་འདུས་པས་སྐྱེ་མཆེད་དྲུག་གོ། །རེག་པའི་ཕྱིར་ཞེས་བྱ་བ་ནི་དེའི་
སྟོབས་ཀྱིས་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་འདུས་ཤིང་རེག་པ་དང་མཚུངས་པའི་ཕྱིར་རོ། །མྱོང་བའི་ཕྱིར་ཞེས་བྱ་བ་ནི་འདིས་སྔོན་གྱི་ལས་ཀྱི་འབྲས་བུ་ཚོར་ཞིང་མྱོང་བར་བྱེད་པས་ན་ཚོར་བའོ། །སྐོམ་པའི་ཕྱིར་ཞེས་བྱ་བ་ནི་དེ་ཡང་སྲིད་པ་ལ་སོགས་པ་འདོད་ཅིང་
སྐོམ་པས་སྲེད་པའོ། །ཉེ་བར་ལེན་པའི་ཕྱིར་ཞེས་བྱ་བ་ནི་ཡང་སྲིད་པ་འཛིན་ཅིང་ལེན་པ་སྟེ། འདོད་པ་དང་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་ནི་ལེན་པའོ། །ཡང་སྲིད་པ་བསྐྱེད་པའི་ཕྱིར་ཞེས་བྱ་བ་ནི་དེ་ལ་སྐྱེས་པ་འབྱུང་བས་ན་

སྲིད་པའོ། །ལྷག་མ་རྣམས་ནི་བརྡ་ཕྲད་པར་སླ་བས་མ་བཤད་དོ། །གང་ཟག་ལ་བདག་མེད་པ་ལོག་པར་ཁོང་དུ་ཆུད་པའི་ཕྱིར་མ་རིག་པ་ལ་སོགས་པའི་མཚན་ཉིད་དང་པོ་བསྟན་ཏོ། །ད་ནི་བདག་མེད་པ་གཉི་ག་ལོག་པར་ཁོང་དུ་ཆུད་པ་ལ་ཡན་ལག་གི་མཚམས་སྦྱོར་བའི་མཚན་
ཉིད་གཞན་ཡང་ཞེས་བྱ་བ་གསུངས་ཏེ། གང་ཟག་གང་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱི་དེ་ཁོ་ན་མི་རྟོགས་པ་དེ་ནི་མ་རིག་པའོ། །དེ་ཡང་ཤེས་པ་མེད་པ་ཉིད་ནི་མ་ཡིན་མོད་ཀྱི། ཕྱིན་ཅི་ལོག་གི་ཚུལ་གྱིས་ཤེས་པས་ན་མི་ཤེས་པ་ཞེས་བརྗོད་པར་འདོད་དེ། ལོག་པར་ཤེས་པའོ་ཞེས་རྣམ་
གྲངས་ཀྱིས་བསྟན་ཏོ། །དེས་གཟུགས་ལ་སོགས་པའི་ཆོས་ལ་མངོན་པར་ཞེན་པ་ཡང་ལོག་པར་ཤེས་པའི་རང་བཞིན་ཡིན་པས་ན་མ་རིག་པ་ཞེས་གསུངས་པ་ཡིན་ནོ། །སྐབས་གཞན་ནས་ཀྱང་མི་ཤེས་པའི་སྒྲས་དེ་ཉིད་བརྗོད་དོ། །ཤེས་པ་མེད་པ་ཉིད་མ་ཡིན་པས་དེའི་ཕྱིར་དོན་འདི་
རྣམ་གྲངས་གཞན་དུ་སྟོན་ཏོ། །ཡན་ལག་གི་མཚམས་སྦྱོར་བསྟན་པའི་ཕྱིར་མ་རིག་པ་ཡོད་ན་ཞེས་བྱ་བ་གསུངས་ཏེ། བྱིས་པ་དག་བདག་ལ་སོགས་པར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཚེ་འདི་ལ་བདེ་བའི་ཕྱིར་བསོད་ནམས་མ་ཡིན་པའི་ལས་མང་དུ་བྱེད་ཕྱིས་བདེ་བའི་ཕྱིར་བསོད་
ནམས་ཀྱི་ལས་ཀྱང་བྱེད། སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པའི་ཕྱིར་མི་གཡོ་བའི་ལས་ཀྱང་བྱེད་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །བསོད་ནམས་མ་ཡིན་པ་ནི་གཏི་མུག་ལས་བྱུང་བས་ནི་མ་རིག་པའི་རྐྱེན་ལས་བྱུང་བ་ཞེས་བྱ་བར་རིགས་ན་བསོད་ནམས་དང་
མི་གཡོ་བའི་འདུ་བྱེད་དག་ནི་རྟག་ཏུ་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་ལས་བྱུང་བས་མ་རིག་པའི་རྐྱེན་ལས་བྱུང་བར་ཇི་ལྟར་རིགས་ཤེ་ན། དེ་ཉེས་པ་མེད་དོ། །མ་རིག་པ་ནི་རྣམ་པ་གཉིས་ཏེ། རྒྱུ་དང་འབྲས་བུ་ལ་རྨོངས་པའི་མཚན་ཉིད་དང་། དེ་ཁོ་ན་ལ་རྨོངས་པའི་མཚན་
ཉིད་དོ། །དེ་ལ་རྒྱུ་དང་འབྲས་བུ་ལ་རྨོངས་པའི་རྒྱུ་ལས་བྱུང་བའི་འདུ་བྱེད་རྣམས་ནི་བསོད་ནམས་མ་ཡིན་པ་ཉིད་དུ་འདོད་དེ། བསོད་ནམས་དང་མི་གཡོ་བ་ནི་མ་ཡིན་ནོ། །དེ་དག་ནི་དེ་ཁོ་ནའི་དོན་ལ་རྨོངས་པའི་རྒྱུ་ལས་བྱུང་བར་འདོད་དེ། བདག་བདེ་བར་གྱུར་ལ་སྡུག་བསྔལ་བར་མ་

གྱུར་ཅིག་ཅེས་མངོན་པར་ཞེན་ནས་དེ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དེ་བས་ན་རྒྱུ་དང་འབྲས་བུ་རྨོངས་པ་མ་ཡིན་པའི་རྒྱུ་ལས་བྱུང་ཡང་དེ་ཁོ་ནའི་དོན་ལ་རྨོངས་པའི་མཚན་ཉིད་ཀྱིས་མ་རིག་པའི་རྐྱེན་ལས་བྱུང་བས་དེ་འགལ་བ་མེད་དོ། །དེ་ཁོ་ནའི་དོན་ལ་རྨོངས་པའི་
རྒྱུ་ལས་བྱུང་བ་ཡང་ཡོད་ལ། རྒྱུ་དང་འབྲས་བུ་ལ་རྨོངས་པ་མ་ཡིན་པའི་མཚན་ཉིད་ལས་དགེ་བའི་རྩ་བ་འབྱུང་བ་ཡང་ཡོད་པས་མི་འགལ་ཏེ། དེ་ཉེས་པ་མེད་དོ། །དེ་བས་ན་དེ་ཁོ་ན་ལ་ལོག་པར་ཤེས་པ་ནི་མ་རིག་པ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་ལས་རྒྱུའི་དངོས་པོ་འདོད་པའི་
ཁམས་སུ་བསོད་ནམས་ཀྱིས་འགྲོ་བར་ཉེ་བར་འགྲོ་བ་གང་ཡིན་པ་དེ་དག་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་སོ། །བསོད་ནམས་དང་མི་མཐུན་པས་ན་བསོད་ནམས་མ་ཡིན་པ་སྟེ། དེ་ལ་གང་ངན་སོང་དུ་འགྲོ་བའི་འདུ་བྱེད་གང་ཡིན་པ་དེ་དག་ནི་བསོད་ནམས་མ་ཡིན་པར་
ཉེ་བར་འགྲོ་བ་རྣམས་སོ། །མི་གཡོ་བ་ནི་གཟུགས་དང་། གཟུགས་མེད་པའི་ཁམས་དེ་དག་གི་རྒྱུར་གྱུར་པའི་འདུ་བྱེད་རྣམས་ཏེ། མི་གཡོ་བར་ཉེར་བར་འགྲོ་བ་རྣམས་སོ། །ཡང་ན་བསོད་ནམས་ཉིད་དུ་གྱུར་ཅིང་རེད་པའི་འདུ་བྱེད་གང་ཡིན་པ་དེ་དག་ནི་བསོད་ནམས་སུ་ཉེ་བར་འགྲོ་བ་སྟེ།
བསོད་ནམས་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་གང་ཞེ་ན་ཞེས་བྱ་བ་ཚིག་གི་ལྷག་མ་སྟེ། དེ་བརྗོད་པར་བྱ་བའོ། །བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་
རྣམ་པར་ཤེས་པ་ཉིད་དུ་འགྱུར། བསོད་ནམས་མ་ཡིན་པའི་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་མ་ཡིན་པ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་
འདི་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེ་ནི་འདི་སྐད་དུ་གང་གི་ཕྱིར་བསོད་ནམས་ལ་སོགས་པ་འདུ་བྱེད་རྣམ་པ་གསུམ་གྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་བསོད་ནམས་ལ་སོགས་པའི་འགྲོ་བ་གསུམ་དུ་རྒྱུའི་དངོས་པོར་རམ། རྣམ་པར་སྨིན་པའི་འབྲས་

བུར་འགྲོ་བ་དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བསྟན་པར་འགྱུར་རོ། །འདི་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་དུས་མཉམ་དུ་མིང་དང་གཟུགས་ཀྱི་རྣམ་པར་སྨིན་པ་མངོན་པར་འགྲུབ་སྟེ། དེས་
ཡོངས་སུ་གཟུང་བས་འཕེལ་བར་འགྱུར་བ་དེའི་ཕྱིར་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་རྒྱུ་ལས་འབྱུང་བའི་ཕྱིར་དེའི་སྟོབས་ཀྱིས་འཕེལ་བར་འགྱུར་བས་དེ་དང་དུས་མཉམ་དུ་འགྲུབ་པ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ། །སྐྱེ་
མཆེད་དྲུག་གི་སྒོ་ནས་ཞེས་བྱ་བ་ནི་མིག་ལ་སོགས་པས་མཐོང་བ་ལ་སོགས་པའི་བྱ་བ་བྱེད་པའི་དགོས་པ་གྲུབ་པའོ། །རེག་པའི་ཚོགས་དྲུག་ཅེས་བྱ་བ་ནི་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་སྟེ། དེ་ཡང་གསུམ་འདུས་ནས་སྐྱེའོ། །ལ་ལ་ནི་སྡུག་
བསྔལ་ལ་སོགས་པ་ཚོར་བ་སྐྱེ་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་ཞིག་ཅེས་ཟེར་ཏེ། གསུམ་འདུས་པ་ཉིད་ལས་དེ་དོན་གཞན་མ་ཡིན་ནོ། །ཇི་ལྟ་བུར་ཞེས་བྱ་བ་ནི་ཇི་ལྟར་ཚོར་བའི་རྣམ་པ་སྐྱེ་བར་ནུས་པའི་རྒྱུའི་རང་བཞིན་དུ་ངེས་པའོ། །ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་།
མངོན་པར་དགའ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ནས་འདུག་པ་ཞེས་བྱ་བ་ནི་སྲེད་པ་ཆུང་ངུ་དང་། འབྲིང་དང་། རབ་དང་། རབ་ཀྱི་མཆོག་རབ་ཏུ་དབྱེ་བ་སྟེ། བཞི་པོ་དེ་དག་ནི་རྣམ་གྲངས་སུ་གཏོགས་པའོ། །ཡང་ན་གང་བདེ་བའི་ཚོར་བ་མྱོང་བའི་དུས་
ན་མྱོང་བ་ཞེས་བྱའོ། །སྡུག་བསྔལ་མྱོང་བའི་དུས་ན་དེ་ཉིད་ལ་ཡིད་ཀྱིས་སྨོན་པ་ནི་མངོན་པར་དགའ་བའོ། །སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་མ་འོངས་པ་ན་ལྷག་པར་ཞེན་པའོ། །ད་ལྟར་དེ་དང་འབྲལ་བར་མི་འདོད་པ་ནི་ལྷག་པར་ཞེན་ནས་འདུག་པའོ། །
སྡུག་པ་ཉིད་སྡུག་པའི་ངོ་བོ་བདེ་བའི་ངོ་བོ་ཡང་དེ་བཞིན་ནོ། །སྡུག་པ་ནི་འདོད་པའོ། །བདེ་བ་ནི་མཐུན་པའོ། །མ་འོངས་པ་ནི་སྡུག་པའི་དངོས་པོ་ལ་སྨོན་པའི་རྣམ་པ་ནི་ལེན་པའོ། །ཡང་སྲིད་པ་བསྐྱེད་པའི་ལས་ཀུན་ནས་སློང་བ་ཞེས་བྱ་བ་ནི་སད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འཕེལ་

བ་ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་འཕེལ་བ་ཡོད་པས་གང་ཕྱིས་ཡོངས་སུ་སྨིན་པ་ནི་དགའ་བའི་མཚན་ཉིད་དོ། །དེ་ལས་འཇིག་པར་འགྱུར་བ་ནི་འཆི་བའི་མཚན་ཉིད་དོ། །དེ་ལྟར་ཞེས་བྱ་བ་ནི་མཇུག་སྡུད་པ་སྟེ། མཐའ་གཉིས་དང་བྲལ་བའི་མཚན་ཉིད་སྟོན་ཏོ། །
རྒྱུ་གཞན་དང་གཞན་ལས་འབྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་རྣམ་པ་དང་མི་མཐུན་པའི་རྣམ་པ་ཐ་དད་པ་མང་པོའི་ཕྱིར་རོ། །དེས་ནི་རྟག་པའམ། གཅིག་པུའམ། དབང་ཕྱུག་ལ་སོགས་པ་རྒྱུར་སྒྲོ་བཏགས་པའི་མཐའ་བསྩལ་ཏོ། །རྟག་པ་མ་
ཡིན་ཞེས་བྱ་བ་ནི་འབྱུང་བ་དང་འཇིག་པའི་ཆོས་ཅན་གྱི་ཕྱིར་ཏེ། དེས་ནི་བདག་རྟག་པ་ལ་སོགས་པ་ལས་གྱུར་པའི་རང་བཞིན་མ་ཡིན་པས། གང་དག་དེ་ཐེར་ཟུག་ཏུ་གནས་པའི་རྟག་པར་སྒྲོ་འདོགས་པ་དེ་དག་བསྩལ་ཏོ། །མི་རྟག་པ་མ་ཡིན་ཞེས་བྱ་བ་ནི་རྒྱུན་གྱི་རྟག་པ་ཉིད་ཀྱི་
ཕྱིར་རྟག་པ་སྟེ། དེས་ནི་བདག་རྟག་པ་ལ་སོགས་པ་ལས་གྱུར་པ་མ་ཡིན་ཡང་འདི་རྟག་པ་དང་འགལ་བ་ཡང་མ་ཡིན་ནོ་ཞེས་དགོངས་པའོ། །འདུས་བྱས་མ་ཡིན་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་སྟེ། དེ་སུས་ཀྱང་མ་བྱས་པའི་ཕྱིར་རོ། །འདུས་མ་བྱས་མ་ཡིན་ཞེས་བྱ་བ་ནི་སྒྱུ་མ་
ལྟར་སོ་སོར་ངེས་པའི་རྒྱུ་དང་རྐྱེན་དག་ཚོགས་པས་བྱས་པའི་ཕྱིར་རོ། །རྒྱུ་མེད་པ་མ་ཡིན་རྐྱེན་མེད་པ་མ་ཡིན་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལ་ལྟོས་པའི་ཕྱིར་རོ། །མྱོང་བ་པོ་ཡོད་པ་མ་ཡིན་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །ཟད་པའི་ཆོས་མ་ཡིན་ཞེས་བྱ་བ་ནི་རང་གི་རྒྱུ་དང་མཐུན་
པའི་འབྲས་བུ་འབྱུང་བ་དང་། བདག་གིས་འབྲི་བ་མེད་པའི་ཕྱིར་རོ། །འཇིག་པའི་ཆོས་མ་ཡིན་ཞེས་བྱ་བ་ནི། ཇི་སྲིད་དུ་རྐྱེན་ཚོགས་པ་དེ་སྲིད་དུ་འབྱུང་བའི་ཕྱིར་རོ། །འགོག་པའི་ཆོས་མ་ཡིན་ཞེས་བྱ་བ་ནི། མི་མཐུན་པའི་རྐྱེན་མེད་པར་རང་གིས་འགོག་པ་མ་ཡིན་པའི་ཕྱིར་རོ། །ཐོག་
མ་མེད་པའི་དུས་ནས་ཞུགས་པ་ཞེས་བྱ་བ་ནི། ཐོག་མ་གང་ཡང་མེད་པའི་ཕྱིར་རོ། །འཁོར་བ་ལ་ཐོག་མ་ཡོད་པར་རྟོག་ན་ནི་དེ་བཞིན་དུ་ཐམས་ཅད་ཀྱང་རྒྱུ་མེད་པ་ཅན་དུ་འགྱུར་བ་ཉིད་དོ། །རྒྱུན་མ་ཆད་ཅེས་བྱ་བ་ནི་རྒྱུན་མི་འཆད་པ་སྟེ། རྒྱུ་འཇིག་པ་དང་དུས་ནས་མཉམ་

དུ་འབྲས་བུ་འབྱུང་སྟེ། བར་ཆད་མེད་པར་འབྱུང་བའི་ཕྱིར་རོ། །རླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའི་རྒྱ་མཚོའི་མཐའ་ཡིན་པའི་ཕྱིར་རོ། །ཚིག་དེ་དག་གིས་ནི་སྒྲོ་བཏགས་པ་སྐུར་བ་དང་རྟག་པ་དང་ཆད་པའི་མཐའ་སེལ་ཏེ། ཅི་
རིགས་སུ་སྦྱར་རོ། །གལ་ཏེ་རྒྱུན་མི་འཆད་པར་འཇུག་པ་ཡིན་ན། དེའི་ཚེ་རྒྱུ་གང་སྤངས་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་གང་འདོགས་པ་དེ་ལ་རྒྱུ་གང་སྤངས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་རྒྱུ་བསྡུ་བའི་མཚན་ཉིད་སྟོན་མོད་ཀྱི་འོན་ཀྱང་ཞེས་བྱ་བ་ལ་སོགས་
པའོ། །བསྡུ་བར་བྱ་བ་གང་གིས་རང་གི་འབྲས་བུ་མངོན་དུ་འགྲུབ་པར་བྱེད་པ་དེ་ནི་བསྡུ་བར་བྱའོ། །དེ་ལ་ཡན་ལག་དང་པོ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་གཉི་ག་ཡང་ཆགས་པའི་མཚན་ཉིད་ཡིན་པས་གཅིག་ཏུ་བསྡུས་ཏེ་སྲེད་པ་ཞེས་བཤད་དོ། །འདུ་བྱེད་དང་སྲིད་པ་ནི་ལས་
སོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ཉིད་དོ། །རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱིས་རྒྱུ་བྱེད་དོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་ཀྱིས་མངོན་པར་འདུས་བྱས་པ་དེ་ཉིད་ཡང་སྲིད་པའི་མྱུ་གུ་སོ་སོར་ཉེ་བར་ལེན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལས་ནི་ཞིང་གི་རང་བཞིན་གྱིས་རྒྱུ་བྱེད་
དོ་ཞེས་བྱ་བ་ནི། དེས་ས་བོན་རྣམ་པར་ཤེས་པ་ལ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །མ་རིག་པ་དང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱིས་རྒྱུ་བྱེད་དོ་ཞེས་བྱ་བ་ནི་ལས་ཀྱི་ས་བོན་རྣམ་པར་ཤེས་པ་ལ་མངོན་པར་འདུས་བྱས་ཀྱང་ཉོན་མོངས་པ་མེད་ན་དགྲ་བཅོམ་པ་ལ་ས་བོན་རྣམ་པར་ཤེས་པ་
མི་འབྱུང་བའི་ཕྱིར་རོ། །ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་བསྐྱེད་དོ་ཞེས་བྱ་བ་ནི་དེ་དག་མེད་ན་ཡང་སྲིད་པའི་མྱུ་གུ་མངོན་པར་མི་འགྲུབ་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ལས་ལ་སོགས་པའི་རྗེས་སུ་འགྲོ་བ་དང་། ལྡོག་པའི་ནུས་པ་སྟོན་ཏོ། །ཞིང་གི་བྱ་བ་བྱེད་
ཅེས་བྱ་བ་ནི་དེས་བསྐྱེད་པའི་བག་ཆགས་ལ་གནས་པའི་ས་བོན་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་རོ། །སྲེད་པ་ནི་ས་བོན་རྣམ་པར་ཤེས་པ་རླན་པར་བྱེད་དོ། །མ་རིག་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ་ཞེས་བྱ་བ་ནི་བདག་ལ་ཆགས་པ་དང་ལྡན་པས་སྡུག་བསྔལ་བ་དང་བདེ་བ་འདོར་ཞིང་ཐོབ་

པར་འདོད་པས་ལོག་པའི་བློ་ཅན་དང་ངན་པའི་གནས་ཡོངས་སུ་འཛིན་པའི་ཕྱིར་རོ། །དེ་ལ་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པས་ནི་ལས་ལ་སོགས་པ་བྱེད་པ་མེད་པར་སྟོན་
ཏོ། །ས་བོན་རྣམ་པར་ཤེས་པ་སྐྱེ་བ་ནི་ཞེས་བྱ་བ་ནི་འདེབས་པ་ན་བར་མ་དེའི་སྲིད་པའི་རྒྱུན་གྱིས་མར་མེ་བཞིན་དུ་མའི་མངལ་དུ་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། །མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་བཞིན་ནོ། །བདག་པོ་མེད་པ་ཞེས་
བྱ་བ་ནི་དབང་ཕྱུག་ལ་སོགས་པ་བདག་པོ་གང་ཡང་མེད་པའི་ཕྱིར་རོ། །བདག་གི་མེད་པ་ཞེས་བྱ་བ་ནི་བདག་མེད་པའི་བདག་ཉིད་པས་བདག་གི་བ་མེད་དོ། །འཛིན་པ་མེད་པ་ཞེས་བྱ་བ་ནི་བདག་གང་གིས་ཀྱང་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་དག་ནི་གང་ཟག་ལ་བདག་མེད་པར་བསྟན་པའོ། །ནམ་
མཁའ་དང་མཚུངས་པ་ཞེས་བྱ་བ་ནི། རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །དེ་ལྟར་ན་འདི་རྟེན་ཅིང་འབྲེལ་བར་འབྱུང་བར་ཇི་ལྟར་རིགས་སྙམ་པ་ལ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་ཞེས་བྱ་བ་གསུངས་ཏེ། དཔེར་ན་སྒྱུ་མ་ཡང་དོན་དམ་པར་རང་བཞིན་མེད་མོད་ཀྱི་རྒྱུ་དང་རྐྱེན་མ་ཚང་བ་
མེད་པའི་ཕྱིར་སྐྱེ་བ་ཡོད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་འགལ་བ་མེད་དོ། །དེས་ནི་ཆོས་ཐམས་ཅད་ལ་བདག་མེད་པའི་མཚན་ཉིད་དེ་བསྟན་ཏོ། །གལ་ཏེ་ས་བོན་རྣམ་པར་ཤེས་པ་ཉོན་མོངས་པ་དང་། ལས་ཀྱིས་མངོན་པར་འདུས་བྱས་པ་བདག་པོ་མེད་པ་བདག་མེད་པ་བྱེད་པ་མེད་པས་མིང་དང་གཟུགས་
ཀྱི་མྱུ་གུ་མངོན་པར་འགྲུབ་ཏུ་ཟིན་ན་ནི་དེའི་ཚེ་ཐམས་ཅད་དུ་གནས་པས་ཚེ་དུ་མ་ཡང་ཅིག་ཅར་མངོན་པར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས་པ་ལས་ཐ་དད་པ་ཐོབ་པར་མི་འགྱུར་དུ་དོགས་པའི་ཕྱིར་བྱེད་པ་མེད་ཅིང་བདག་མེད་ཀྱང་། ལས་དང་འབྲས་བུ་ཐ་དད་པ་
རྣམ་པ་བཞི་དང་མཐུན་པའི་དཔེ་རྣམ་པ་བཞི་སྟོན་ཏེ། དེ་ལ་མིག་གི་རྣམ་པར་ཤེས་པའི་དཔེས་ནི་ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་སྟོན་ཏོ། །གཟུགས་བརྙན་གྱི་དཔེས་ནི་སྐྱེས་ནས་མྱོང་བར་འགྱུར་ཏེ། དེ་དང་ཉེ་བའི་ཕྱིར་རོ། །ཟླ་བའི་དཀྱིལ་འཁོར་གྱི་དཔེས་ནི་ལན་གྲངས་གཞན་

ན་མྱོང་བར་འགྱུར་བ་སྟེ། རིང་པོས་བསྐལ་ཀྱང་རྒྱུའི་དངོས་པོ་ཉེ་བར་སྣང་བའི་ཕྱིར་རོ། །མེའི་དཔེས་ནི་མྱོང་བར་འགྱུར་བར་མ་ངེས་པའི་ལས་སྟོན་ཏོ། །རྐྱེན་དེ་ཡོད་ན་འབར་གྱི་གཞན་དུ་ནི་མ་ཡིན་ཏེ། དུས་ངེས་པ་མེད་པར་བསྟན་པའོ། །དེ་དག་ཐམས་ཅད་ཀྱིས་ནི་འདི་སྐད་དུ་ས་བོན་
རྣམ་པར་ཤེས་པ་ལས་དུ་མས་མངོན་པར་འདུས་བྱས་པ་བྱེད་པ་མེད་པ་བདག་མེད་པ་རྟག་ཏུ་གནས་མོད་ཀྱི། ལས་གང་དང་གང་གི་བག་ཆགས་སད་པར་བྱེད་པ་ལྷན་ཅིག་བྱེད་པའི་རྒྱུ་གནས་པར་གྱུར་པ་དེ་ནི་དེའི་བག་ཆགས་སད་པར་བྱེད་པ་ལས་དེ་དང་དེའི་རྣམ་པར་སྨིན་པ་མངོན་པར་འགྲུབ་
པོ། །དེའི་ཕྱིར་བདག་པོ་ལ་སོགས་པ་མེད་དུ་ཟིན་ཀྱང་། རིང་བ་དང་ཉེ་བ་ལ་སོགས་པའི་ལས་ཐ་དད་པར་རུང་སྟེ་དེ་ཉེས་པ་མེད་དོ་ཞེས་བསྟན་པར་འགྱུར་རོ། །རྣམ་པ་ལྔར་བལྟ་ཞེས་བྱ་བ་ལ་སོགས་པས་ནི་འདིར་ལྡོག་པའི་སྒོ་ནས་རྟག་པ་ལ་སོགས་པར་ལྟ་བ་སེལ་ཏོ། །སྐྱེ་བ་དང་འཆི་བའི་
སྲིད་པ་ནི་རབ་ཏུ་ཐ་དད་པས་མི་རྟག་པ་ཉིད་དོ། །སྒྱུ་མ་སྐྱེ་བ་ལྟར་ཀུན་རྫོབ་ཏུ་འཆི་བའི་སྲིད་པ་འགགས་པ་དང་། དུས་མཉམ་དུ་བར་མ་ཆོད་པར་སྐྱེ་བའི་སྲིད་པ་མངོན་པར་འགྲུབ་སྟེ་ཆད་པ་མ་ཡིན་ནོ། །དེ་ཡང་སྲང་མདའི་དཔེ་སྟོན་ཏེ། སྲང་མདའི་ཐོག་མ་གཅིག་དམའ་བའི་དུས་ན་གཅིག་མཐོ་
བར་འགྱུར་བ་དེ་བཞིན་དུ་རྒྱུ་འཇིག་པའི་དུས་ཉིད་ན། འབྲས་བུ་འབྱུང་བས་ཆད་པར་མི་འགྱུར་རོ། །སྲང་མདའི་དཔེ་འདི་ཡང་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་ལ་ཆད་པར་ལྟ་བ་ཡོངས་སུ་སྤངས་པའི་ཕྱིར་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དོན་དམ་པར་ནི་ཕྱི་རོལ་གྱི་
དོན་གྱི་གཟུགས་སྲང་མདའ་མི་འགྲུབ་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ལ་སྣང་བའི་གཟུགས་བདེན་པ་མ་ཡིན་པ་དང་། རྣམ་པར་ཤེས་པ་ལུས་མེད་པའི་ཕྱིར་མཐོ་དམན་མི་འགྲུབ་པའི་ཕྱིར་རོ། །དོན་དམ་པར་བསམ་པ་ལ་ནི། ཀུན་རྫོབ་གྱི་དངོས་པོའི་དཔེས་བསྟན་དུ་མི་འདྲ་སྟེ་དེ་མི་འགྲུབ་
པའི་ཕྱིར་རོ། །དེ་ལྟ་ན་རྒྱུ་དང་འབྲས་བུའི་དངོས་པོ་ཇི་ལྟར་སྣང་བ་བཞིན་ནོ། །མི་འདྲ་བས་ན་ཞེས་བྱ་བ་ནི་མི་ལ་སོགས་པའི་རིས་མཐུན་པ་ནས་ལྷ་ལ་སོགས་པའི་རིས་མཐུན་པར་སྐྱེ་བའོ། །ལས་ཆུང་ངུ་བྱས་པ་ལས་ཞེས་བྱ་བ་ནི་ཉོན་མོངས་པ་དང་དད་པ་དྲག་པོས་སྐད་ཅིག་བྱས་ཀྱང་མི་དགེ་བ་

ལ་སོགས་པའི་ལས་ཀྱིས་མནར་མེད་པ་ལ་སོགས་པར་དུས་རིང་པོར་མི་འདོད་པ་དང་། འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཕྱིར་རོ། །ཇི་ལྟར་མྱོང་བར་འགྱུར་བའི་ལས་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་སྟེ། ལས་ཅི་འདྲ་བ་ཉིད་
ཀྱི་འབྲས་བུ་འབྱུང་བར་སྟོན་ཏེ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་ལྡན་ཡང་ཚངས་པར་སྤྱོད་པ་ལ་སོགས་པ་ལ་དགེ་བའི་ལས་ལས་འདོད་པའི་རྣམ་པར་སྨིན་པ་འགྲུབ་ལ། བདེ་བ་དང་ཡིད་བདེ་བ་དང་ལྡན་ཡང་ཚངས་པར་མི་སྤྱོད་པ་ལ་སོགས་པ་མི་དགེ་བའི་ལས་ལས་མི་
འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཕྱིར་རོ། །དེ་བས་ན་ནུས་པ་ངེས་པའི་ཕྱིར་ཇི་ལྟར་མྱོང་བའི་ལས་ཉིད་ཀྱིས་དེ་ལྟར་འབྲས་བུ་མྱོང་བར་འགྱུར་ཏེ། འགལ་བ་མེད་དོ། །དེ་ལས་དགོངས་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་ལས་གང་དག་འདི་སྐད་ཅེས་སྐྱེས་བུ་
གང་ཟག་འདི་ཇི་ལྟ་བུ་ལས་བྱེད་ཅིང་སྩོགས་པ་དེ་ལྟ་དེ་ལྟ་བུར་རྣམ་པར་སྨིན་པ་སོ་སོར་མྱོང་ན་ནི་དེ་ལྟ་ན་ནི་ཚངས་པར་སྤྱོད་པའི་གནས་མེད་པར་འགྱུར་ཏེ་ཡང་དག་པར་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་བྱ་བའི་སྐབས་མི་སྣང་ངོ་། །གང་དག་འདི་སྐད་ཅེས་སྐྱེས་བུ་གང་ཟག་འདི་ཇི་ལྟར་
མྱོང་བར་འགྱུར་བའི་ལས་བྱེད་ཅིང་སྩོགས་པ་དེ་ལྟར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་འདིས་མྱོང་བར་འགྱུར་རོ་ཞེས་ཟེར་ན་དེ་ལྟ་ན་ནི་ཚངས་པར་སྤྱད་པའི་གནས་ཀྱང་ཡོད་ལ་ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་བའི་སྐབས་ཀྱང་སྣང་ངོ་ཞེས་གསུངས་ཏེ། དེ་ཡང་ལས་དང་
འབྲས་བུ་ལ་སྐུར་ཏེ། ལོག་པར་ལྟ་བ་བསལ་བར་བྱ་བའི་ཕྱིར་གསུངས་སོ། །གང་ལ་ལ་ཞིག་གིས་ཞེས་བྱ་བ་ལ་སོགས་པས་ནི་མདོ་སྡེའི་དགོངས་པ་སྟོན་ཏོ། །རྟག་པར་རྒྱུན་དུ་ཞེས་བྱ་བ་ནི་དུས་ཐམས་ཅད་དང་རྒྱུན་མི་འཆད་པར་མཐོང་བའོ། །སྲོག་མེད་པ་ལ་སོགས་པས་ནི་སྔར་བཤད་
པ་བཞིན་ནོ། །མེད་པ་ཞེས་བྱ་བ་ནི་རྨི་ལམ་བཞིན་དུ་བརྫུན་པའི་ཕྱིར་རོ། །གསོག་ཅེས་བྱ་བ་ནི་ཉམ་ཆུང་བ་སྟེ། སྒྱུ་མ་ལྟར་བརྟག་པའི་ཁུར་མི་བཟོད་པའི་ཕྱིར་རོ། །གསོབ་ཅེས་བྱ་བ་ནི་སྨིག་རྒྱུ་བཞིན་དུ་སྲིད་པའི་ཡུལ་དངོས་པོ་མེད་པའི་ཕྱིར་རོ། །སྙིང་པོ་མེད་པ་ཞེས་བྱ་བ་ནི་ཆུ་སྐྱེས་ཀྱི་སྡོང་པོ་

ལྟར་ཁོང་ན་སྙིང་པོར་གྱུར་པའི་རྫས་མེད་པའི་ཕྱིར་རོ། །ནད་ཅེས་བྱ་བ་ནི་ཅུང་ཟད་ཙམ་དུ་བདེ་བ་མྱོང་བར་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བའི་ཕྱིར་རོ། །འབྲས་ཞེས་བྱ་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་འབྲས་ལྟར་གནོད་པའི་ཕྱིར་རོ། །ཟུག་རྔུ་ཞེས་བྱ་བ་ནི་དུས་
ཐམས་ཅད་དུ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་ལྡན་པས་འཕགས་པ་རྣམས་ཀྱིས་མི་འདོད་པའི་ཕྱིར་རོ། །སྡིག་པ་ཞེས་བྱ་བ་ནི་སྡིག་པར་གྱུར་པས་སྤང་བར་བྱ་བའི་ཕྱིར་རོ། །མི་རྟག་པ་ཞེས་བྱ་བ་ནི་འབྱུང་བ་དང་འཇིག་པའི་ཆོས་ཅན་གྱི་ཕྱིར་རོ། །སྡུག་བསྔལ་བ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱིར་
རོ། །སྟོང་པ་ཞེས་བྱ་བ་ནི་བདག་གིས་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །བདག་མེད་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བདག་མ་ཡིན་པའི་ཕྱིར་རོ། །ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་མ་བྱུང་བ་ཞིག་ཅེས་བྱ་བ་ནི་བདག་ཡོད་པར་རྨོངས་པ་མ་ཡིན་པ་སྟེ། བདག་ལ་
སོགས་པར་འགྱུར་བ་གང་ཡང་མེད་པ་དང་། སྔོན་ཡང་རྐྱེན་འདི་དང་མཐུན་པར་ཟད་པའི་ཕྱིར་རོ། །ཅིར་གྱུར་པ་ཅིག་ཅེས་ཞེས་བྱ་བ་ནི་ལྷ་དང་མིར་རོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་བ་དང་། ཚེ་རིང་བ་དང་། ཚེ་ཐུང་བ་དང་། མིང་ཅི་ཞེས་བྱ་བ་དང་།
རུས་ཅིར་གྱུར་པ་དང་། ཁ་དོག་ཇི་ལྟ་བུ་དང་། གང་དུ་གནས་པར་གྱུར་པ་ལ་སོགས་པ་བདག་གི་གནས་ཀྱི་བྱེ་བྲག་ལ་རྨོངས་པ་མེད་པ་སྟེ། དེ་བཞིན་དུ་ཕྱི་མའི་མཐའ་དང་ཡང་སྦྱར་རོ། །རྒྱུ་མ་ཚང་བ་མེད་པ་ལས་དེ་ལྟར་འབྲས་བུའི་རྣམ་པ་སྐྱེ་བ་དང་མི་འགལ་བས་དབུས་ཀྱི་མཐའ་བསྟན་
ཏོ། །འདི་ཅི་ཞེས་བྱ་བ་ནི་བདག་གམ་བདག་གི་མ་ཡིན་པར་རོ། །འདི་ཇི་ལྟ་བུ་ཞིག་ཅེས་བྱ་བ་ནི་བདག་དེ་ཅི་གཟུགས་ཅན་ནམ་གཟུགས་མེད་པ་ཅིག་སྙམ་པའོ། །ཅི་ཞིག་ཡོད་ཅེས་བྱ་བ་ནི་ལེགས་པར་བྱེད་པའི་ལས་བྱེད་པའམ། འོན་ཏེ་ཉེས་པར་བྱེད་པའི་ལས་བྱེད་པར་འགྱུར་
ཞེས་བྱ་བ་ལ་སོགས་པའོ། །ཅིར་འགྱུར་ཞེས་བྱ་བ་ནི་ཚེ་འདི་ནས་བདག་ཚེ་ཕྱི་མ་ལ་ཅིར་འགྱུར། ཅི་ལེགས་པར་བྱེད་པའི་ལས་བྱེད་པར་འགྱུར་རམ། ཉེས་པར་བྱེད་པའི་ལས་བྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་པར་དུས་གསུམ་དུ་ཡང་བདག་གི་ཡུལ་དང་། གཞན་གྱི་ཡུལ་ལ་རྨོངས་

པར་མི་འགྱུར་བའོ། །ཐམས་ཅད་ཀྱང་བདག་མེད་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན་པར་བསྟན་པའི་ཕྱིར། སེམས་ཅན་འདི་དག་གང་ནས་འོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བརྡ་ཕྲད་པར་སླ་བས་མ་བཤད་དོ། །དགེ་སྦྱོང་ཐམས་
ཅད་ནི་རབ་ཏུ་བྱུང་བའོ། །བྲམ་ཟེ་ནི་ཁྱིམ་པ་སྟེ། རིགས་ཀྱི་བྱེ་བྲག་ཏུ་འཇིག་རྟེན་ན་གྲགས་པའོ། །ལྟ་བར་སོང་བ་ཞེས་བྱ་བ་ནི་ལྟ་བའི་རྣམ་པའོ། །ཐ་དད་པ་ཞེས་བྱ་བ་ནི་སོ་སོ་བའོ། །བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ནི་བདག་ཕུང་པོ་ལས་གཞན་ནམ། གཞན་མ་ཡིན་ཞེས་
བྱ་བ་ལ་སོགས་པའི་རྟོག་པ་དང་ལྡན་པ་དག་སྟེ། བདག་ནི་ངར་ཤེས་པའི་ཡུལ་ཡིན་པས་དེའི་དབང་གིས་དགེ་སློང་དང་བྲམ་ཟེ་དག་ཕན་ཚུན་འགྱེད་དོ། །འཚོ་བས་ནི་སྲོག་གོ། །ཡང་དང་ཡང་འགྲོ་བ་རྣམས་སུ་ལེན་པས་ན་གང་ཟག་གོ། །དགེ་མཚན་དང་ལྡན་ཞེས་བྱ་བ་ནི་དེ་ལྟ་བུ་དང་།
གཏམ་རྒྱུད་དང་། སྔོན་བྱུང་བ་དང་། གླུ་བྲོ་ལ་སོགས་པས་བདག་དགའ་བར་འགྱུར་བར་གྲག་ཅེས་མངོན་པར་ཞེན་པའི་ཕྱིར་རོ། །བཀྲ་ཤིས་སུ་སྨྲ་བ་དང་ལྡན་པ་ནི་རྩྭ་དཱུར་བ་དང་། གི་ཝང་ལ་སོགས་པ་བསྟེན་པ་དང་། ཞོ་དང་། མེ་ཏོག་དང་། བུམ་པ་གང་བ་དང་། ཉ་དང་བྲམ་ཟེ་
དང་། ཁྱུ་མཆོག་ལ་སོགས་པ་མཐོང་བ་དང་། སྐར་མ་དང་། ཡུད་ཙམ་དང་། ཚེས་གྲངས་དང་། སྦྱོར་བ་པའི་བྱེ་བྲག་གིས་བདག་རྣམ་པར་དག་པར་འགྱུར་རོ་ཞེས་ང་རྒྱལ་བྱེད་པ་སྟེ། དེ་དག་ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པའི་ཕྱིར། ཚུལ་ཁྲིམས་
དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ། བདག་ཏུ་འཛིན་པ་ནི་རྩ་བའོ། །ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་ཞེས་བྱ་བ་ནི། སེམས་རྒྱས་པ་དང་ཞུམ་པར་གྱུར་པ་སྟེ། དེ་དག་ནི་ལྟ་བར་སོང་བའི་བྱེ་བྲག་གོ། །སྤངས་པར་གྱུར་ཅེས་བྱ་བ་ནི་ཀུན་དུ་མི་འབྱུང་བའི་ཕྱིར་རོ། །
ཡོངས་སུ་ཤེས་ནས་ཞེས་བྱ་བ་ནི་བདག་ལ་སོགས་པར་ནོར་པའི་ཡུལ་བདེན་པ་མ་ཡིན་པར་ཤེས་པའོ། །རྩ་བ་ནས་བཅད་དེ་ཞེས་བྱ་བ་ནི་འཕགས་པའི་ཤེས་རབ་ཀྱིས་བག་ཆགས་དེ་གཏན་ནས་བསལ་བའི་ཕྱིར་རོ། །མི་སྣང་བར་གྱུར་ཅེས་བྱ་བ་ནི་རེས་འགའ་ཡང་སེམས་ལ་སྣང་

བར་མི་འགྱུར་བའི་ཕྱིར་རོ། །ཕྱིས་ཞེས་བྱ་བ་ནི་ཚེ་རབས་གཞན་པའོ། །མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི། རྩ་བ་ནི་རྩ་བ་ནས་བཅད་པའི་ཕྱིར་ཏེ་སྐྱེ་བ་མེད་ན་འགག་པ་མི་སྲིད་པའི་ཕྱིར་རོ། །དེ་དག་གིས་བདག་ཏུ་ལྟ་བ་སྤངས་པའི་ཕྱིར་དེའི་རྩ་བ་ཉོན་མོངས་པ་ཐམས་
ཅད་བསལ་ནས་སྒྲིབ་པ་སྤངས་པ་དེའི་འབྲས་བུ་ཉེ་བར་བསྟན་ཏོ། །མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པ་དེ་ཡང་དེའི་འབྲས་བུ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཅེས་བྱ་བས་སྟོན་ཏེ། ལམ་དེ་ལ་གནས་པ་ཉིད་ལ་ལུང་སྟོན་པའི་ཕྱིར་རོ། །དེ་སྐད་
ཅེས་སྨྲས་ནས་ཞེས་བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པས་ཚིག་དེ་འདས་པས་ཡིད་བརྟན་དུ་རུང་བའི་ལུང་ཉིད་དུ་སྟོན་ཏོ། །འཕགས་པ་ཤཱ་རིའི་བུ་ལ་སོགས་པ་རྗེས་སུ་ཡི་རང་བས་ནི་འཇིག་རྟེན་མ་ལུས་པས་འདི་ཡོངས་སུ་གཟུང་བར་བསྟན་ཏོ། །བདག་གིས་མདོ་སྡེ་འདི་ཡི་དོན། །ཅི་ནུས་ཅི་འདྲ་རྒྱས་
བཤད་པ། །བསོད་ནམས་ཀྱིས་ནི་སྐྱེ་བོ་ཀུན། །ཆོས་དོན་ཟབ་མོ་རྟོགས་འཇུག་ཤོག །འཕགས་པ་སཱ་ལུ་ལྗང་པའི་མདོ་སྡེ་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། གཱ་ཐཱ་དྭ་
ཡ་བྱཱ་ཁྱཱ་ན། བོད་སྐད་དུ། ཚིགས་སུ་བཅད་པ་གཉིས་པའི་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སེམས་ནི་མཉམ་པར་མ་བཞག་པ། །ད་ལྟ་ཉི་ཚེ་མཐོང་བ་རྣམས། །ཐེག་པ་ཆེན་པོ་ཟབ་མོ་ལ། །ཆེན་པོར་འཕར་བར་ཇི་ལྟར་
འགྱུར། །འོན་ཀྱང་རྟེན་ལ་གནས་བཅས་དང་། །སྔ་ནས་དགེ་ལ་གོམས་བྱས་པའི། །བསོད་ནམས་ཀྱིས་ནི་འཇིག་རྟེན་རྣམས། །རྣམ་པ་ཀུན་མཁྱེན་ཐོབ་པར་འགྱུར། །སངས་རྒྱས་དང་ནི་ཆོས་ལ་བརྙས་པ་དང་། །ལེ་ལོ་དང་ནི་ཅུང་ཟད་ཆོག་པར་འཛིན། །འདོད་ཆགས་
དང་ནི་ང་རྒྱལ་དཔྱོད་པ་དང་། །འགྱོད་པ་དང་ནི་མ་ངེས་འབྱེད་པ་རྣམས། །སེམས་ཅན་རྣམས་ཀྱི་སྒྲིབ་པར་འགྱུར་བ་སྟེ། །དེ་ཡི་གཉེན་པོ་ཐེག་པ་མཆོག་བསྟན་པ། །དེ་ཡིས་བར་དུ་གཅོད་པ་དེ་དག་གི། །ཉེས་པ་ཐམས་ཅད་རབ་ཏུ་སྤང་བར་འགྱུར། །ཚིགས་སུ་བཅད་

པ་འདི་གཉིས་ཐེག་པ་ཆེན་པོའི་མདོ་སྡེ་ཕན་ཚུན་འགལ་བ་རྣམས་ཀྱང་དགོངས་པ་རྣམ་པ་བཞིས་སེམས་ཅན་རྣམས་ཀྱི་སྒྲིབ་པ་རྣམ་པ་བརྒྱད་སྤང་བའི་ཕྱིར་གཉེན་པོ་ལ་ལྡེམ་པོར་དགོངས་པ་བསྟན་པས་མི་འགལ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་
ཀྱིས་མདོ་ལས། འཕགས་པ་རྣམ་པར་གཟིགས་ཀྱི་སངས་རྒྱས་ཀྱི་སྐུ་ཚེ་ལ་སོགས་པ་ཕུན་སུམ་ཚོགས་པ་བསྔགས་པ་ནི་ཁ་ཅིག་འདོད་པ་བསྐྱེད་པའི་ཕྱིར་ཡིན་ལ། དེ་ལ་ཁ་ཅིག་གིས་འཕགས་པ་ཤཱཀྱ་ཐུབ་པ་ལ་བརྙས་པའི་སེམས་བསྐྱེད་དེ། དེ་བཞིན་གཤེགས་པ་གཞན་དག་ནི་
བསོད་ནམས་རྫོགས་པས་མཆོག་ཏུ་ཆེ་བར་གྲགས་པ་ཡིན་ལ། བདག་ཅག་གི་དེ་བཞིན་གཤེགས་པ་འདི་ནི་བསོད་ནམས་ཆུང་བས་ན་ཆུང་བར་གྲགས་ཏེ། འདི་ལྟར་འདི་ནི་སྐུ་ཆུང་ཞིང་སྐུ་ཚེ་ཐུང་ལ་འོད་འདོམ་གང་བ་སྟེ། མུ་སྟེགས་ཅན་མང་པོ་དང་། ལྷ་སྦྱིན་ལ་སོགས་པའི་
དགྲ་ཡོད་པ་དང་། འདིའི་ཞིང་གཡང་ས་དང་མི་གཙང་བ་དང་། གསེག་མ་དང་། གྱོ་མོ་དང་། རྡོ་དང་། རི་ལ་སོགས་པས་གང་བར་གྱུར་ཏོ་སྙམ་པ་དེ་ཡང་སྒྲིབ་པ་ཡིན་ཏེ། ཡོན་གནས་ཆེན་པོ་འཇིག་རྟེན་གྱི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་དད་པར་བྱ་བའི་གནས་ཀྱི་མཆོག་ལ་ནི་
སེམས་ཀྱི་ཉེས་པ་ཆུང་ངུ་བསྐྱེད་པ་ཡང་ངན་སོང་གི་རྒྱུར་འགྱུར་བ་དང་། དེའི་བསྟན་པ་ལྟར་མ་བྱས་ན། མཐོ་རིས་དང་ཐར་པ་ཐོབ་པ་ལ་གེགས་སུ་འགྱུར་བའི་ཕྱིར་ཏེ། དེ་བས་ན་གདུལ་བྱ་རྣམས་ཀྱི་སངས་རྒྱས་ལ་བརྙས་པའི་བར་དུ་གཅོད་པའི་ཉེས་པ་དེ་ཡོངས་སུ་གཞུག་པའི་ཕྱིར།
དེ་བཞིན་གཤེགས་པ་ཐུགས་རྗེ་ནས་ཐེག་པ་མཆོག་བསྟན་པ་འདི་གསུངས་ཏེ། དེའི་ཚེ་དེའི་དུས་ན། ང་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་དེ་གྱུར་ཏོ་ཞེས་བྱ་བ་ལྟ་བུའོ། །དེ་ནི་མཉམ་པ་ཉིད་ལ་དགོངས་ནས་གསུངས་ཏེ། འདི་ལྟར་ཆོས་ཀྱི་སྐུ་
གང་ཡིན་པ་དེ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ངོ་བོ་ཉིད་སྟོབས་དང་། མི་འཇིགས་པ་དང་། མངོན་པར་ཤེས་པ་དང་། ཚད་མེད་པ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ཡིན་ཏེ། མཉམ་པ་ཉིད་དེས་ན་སངས་རྒྱས་ཉིད་ཐམས་ཅད་ཅུང་ཟད་ཀྱང་ཁྱད་པར་མེད་དོ། །

སྡེ་པའི་མདོ་སྡེ་ལས་ཀྱང་། ཚོགས་དང་ཆོས་ཀྱི་སྐུ་དག་དང་། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་ཉིད། །སྐུ་ཚེ་རིགས་དང་སྐུ་ཚད་མིན། །ཞེས་གསུངས་སོ། །ཆོས་ལ་བརྙས་པ་ཞེས་བྱ་བ་ལ། ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །
དེ་ལ་ཁ་ཅིག་གིས་བརྙས་ཏེ། བུད་མེད་དང་ཕལ་པ་དང་ཐུན་མོང་དུ་གྱུར་པ། མཆོག་ཏུ་སླ་བ། ཉེས་པར་བཤད་པ། ལས་དང་འབྲས་བུ་ལ་སྐུར་པ་འདེབས་པ། རྟོག་གེས་སྦྱར་བ། སྐྱེ་བོ་ངན་པ་མངོན་པར་དགའ་བ། རྙེད་སླ་བ་འདི་ཅི་དགོས་སྙམ་པ་དེ་ཡང་སྒྲིབ་པ་ཡིན་ཏེ།
སྨན་གྱི་རྒྱལ་པོ་བཞིན་དུ་འདོད་ཆགས་ལ་སོགས་པ་ཐམས་ཅད་རབ་ཏུ་ཞི་བའི་ཐབས་སྟོན་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པའི་ནད་ཐམས་ཅད་ཟད་པར་བྱ་བའི་ཕྱིར། ཉེ་བར་གནས་པ་ལ་བརྙས་པ་ནི་ངན་སོང་གི་རྒྱུར་གྱུར་པ་དང་། མི་ཉན་པ་ལ་སོགས་པ་དང་།
དེ་ལ་མ་བརྟེན་པས་ནད་མེད་པའི་མཆོག་ལ་གེགས་སུ་འགྱུར་བའི་ཕྱིར་ཏེ། དེ་བས་ན་བར་དུ་གཅོད་པའི་ཉེས་པ་དེ་ཟློག་པའི་ཕྱིར་ཐེག་པ་མཆོག་འདི་བསྟན་ཏེ། དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ན་ཐེག་པ་ཆེན་པོ་ལ་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་འབྱུང་བ་ལྟ་
བུའོ། །འོ་ན་ད་ལྟར་གྱི་མང་དུ་ཐོས་པ་རྣམས་ཀྱིས་ཀྱང་མི་རྟོགས་པ་མ་ཡིན་ལ། སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པའི་མཚན་མ་འདི་དག་ལ་མེད་པས་འགལ་ལོ་ཞེ་ན། དེ་ཡང་དོན་གཞན་ལ་དགོངས་ནས་གསུངས་ཏེ། དོན་དམ་པ་ཟག་པ་མེད་པའི་ཡེ་ཤེས་རྟོགས་པའི་
དོན་གཞན་ལ་དགོངས་ཏེ་གསུངས་པ་ཡིན་ལ། དེ་ཡང་བསྐལ་པ་གྲངས་མེད་པ་གཅིག་གི་བར་དུ་སངས་རྒྱས་མང་པོ་འབྱུང་བ་མཉེས་པར་བྱས་ནས་གདོད་རབ་ཏུ་དགའ་བའི་སའི་གནས་སྐབས་སྐྱེ་བའི་ཕྱིར་འགལ་བ་མེད་དོ། །དེ་ལ་ལེ་ལོ་ཞེས་བྱ་བ་ནི་འདོད་པ་སྤྱོད་པ་མ་ཡིན།
འཇིག་རྟེན་གྱི་བྱ་བ་མང་པོའམ། བདག་ཁྱད་དུ་བསད་དེ། གནས་འདི་ནི་སྐྱེས་བུ་བྱེད་པའི་རྩལ་ཆེན་པོས་སྒྲུབ་དགོས་ལ། དེ་ལ་ནི་བདག་གིས་མི་ནུས་སོ་སྙམ་ནས་དགེ་བའི་ཕྱོགས་ལ་སྤྲོ་བ་མེད་པ་དེ་ཡང་བདེ་འགྲོ་དང་། བྱང་ཆུབ་གསུམ་པོ་རྟོགས་པར་བྱ་བ་སྒྲིབ་པ་ཡིན་ནོ། །དེའི་གཉེན་

པོར་ཐེག་པ་མཆོག་འདི་བསྟན་ཏེ། བདེ་བ་ཅན་དུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་དག་ནི་དེས་སྐྱེ་བར་འགྱུར་བ་དང་། རིན་ཆེན་མང་གི་མཚན་བརྗོད་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་
པ་མང་དུ་འབྱུང་ངོ་། །འདི་ལ་ཡང་འགལ་བ་ཡོད་དེ། བདེ་བ་ཅན་དུ་ནི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྐྱེ་བོ་ཞེས་གཞན་ལས་གསུངས་ལ། བློ་མ་སྦྱངས་པ་མང་པོ་དག་ཀྱང་དེར་སྨོན་ལམ་འདེབས་པ་དང་། བྱང་ཆུབ་ཏུ་ངེས་པར་ཆུད་པ་ནི་མི་གཡོ་བའམ། རབ་ཏུ་དགའ་བ་ལ་གནས་
པ་ཡིན་ལ། རིན་ཆེན་མང་གི་མཚན་ནི་བདག་ཅག་ལ་སོགས་པ་ཡང་བརྗོད་ན། དེ་ཇི་ལྟ་བུ་ཞིག་ཅེ་ན་དེ་ནི་ལེ་ལོ་ཅན་རྣམས་ལ་ཁྱད་པར་དུ་འཕགས་པའི་འབྲས་བུ་ཡང་དག་པར་བསྟན་པས། རེ་ཞིག་དེའི་ས་བོན་དུ་གྱུར་པའི་དགེ་བ་ཆུང་ངུ་ཙམ་ལ་ཡང་འཇུག་པར་བྱ་བའི་ཕྱིར། དུས་གཞན་
ལ་དགོངས་ནས་བསྟན་ཏེ། དེ་དག་དེར་སྨོན་པའི་སེམས་ཀྱིས་སེམས་ཀྱི་རྒྱུད་སྒོམ་ན། དེ་དང་མཐུན་པའི་དགེ་བ་ལ་མངོན་པར་དགའ་བའི་ཕྱིར། དེ་སྟོན་པའི་སངས་རྒྱས་ལ་སོགས་པ་བཤེས་གཉེན་མཆོག་མཉེས་པར་བྱ་བ་ལྷུར་ལེན་ཏེ། ཚེ་རབས་རེ་རེར་བསོད་ནམས་དང་ཡེ་ཤེས་ཀྱི་
ཚོགས་མང་པོ་རྫོགས་པར་བྱེད་པ་ནས། མཐར་བསྐལ་པ་གྲངས་མེད་པ་དང་པོ་ལ་འཕགས་པའི་ས་ཐོབ་ཀྱི་བར་དུ་དུས་གཞན་དུ་དེར་སྐྱེ་བར་འགྱུར་རོ། །དེ་བས་ན་འདི་ལྟར་དེ་ཙམ་གྱིས་སྐྱེ་བ་ཡང་མ་ཡིན་ལ། དེས་མ་སྐྱེས་པ་ཡང་མ་ཡིན་ཏེ། དགེ་བ་ཐམས་ཅད་སྐྱེ་བ་ནི་དེ་ལ་རག་ལས་
པའི་ཕྱིར་རོ། །དཔེར་ན་འབྲས་བུ་འབྱུང་བ་ནི་ས་བོན་དང་། མྱུ་གུ་དང་། ལོ་མ་དང་། སྦུ་གུ་དང་། སྡོང་བུ་དང་། མེ་ཏོག་དང་། ས་དང་། ཆུ་དང་། དུས་ཚིགས་དང་། རླུང་དང་། ཉི་མ་ལ་རག་ལས་མོད་ཀྱི། འོན་ཀྱང་ས་བོན་དག་ལ་སྐྱེས་སོ་ཞེས་ཟེར་ཏེ། མྱུ་གུ་ལ་སོགས་པ་དེ་ལ་
རག་ལས་ཏེ་སྐྱེས་པའི་ཕྱིར་དང་། གཙོ་བོ་ཡིན་པའི་ཕྱིར་ཏེ། འདིར་ཡང་དེ་དང་འདྲའོ། །ཅུང་ཙམ་ཆོག་པར་འཛིན་ཞེས་བྱ་བ་ནི། དགེ་བ་ཆུང་ངུ་བསགས་པ་ཙམ་གྱིས་ཆོག་པར་འཛིན་པ་གང་ཡིན་པ་སྟེ། སྦྱིན་པ་ཙམ་མམ། ཚུལ་ཁྲིམས་ཙམ་མམ། བཟོད་པ་ཙམ་གྱིས་བདག་ནི་འདི་ཙམ་གྱིས་

ཆོག་སྟེ། དེ་ལས་མི་དགོས་སོ་སྙམ་པ་དེ་ཡང་བླ་ན་མེད་པའི་བྱང་ཆུབ་ལ་སྒྲིབ་པ་ཡིན་ཏེ། འདི་ལྟར་དེ་ནི་དེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ཐམས་ཅད་ཡོངས་སུ་རྫོགས་པས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་
དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་གཅིག་འགྲུབ་པར་བྱེད་པ་ཡང་། དགེ་བ་རྒྱ་མཚོ་དཔག་ཏུ་མེད་པས་བྱ་དགོས་ན། དེ་ཇི་ལྟར་ལེ་ལོས་ཐོབ་པར་ནུས་ཏེ། ཟན་ཙམ་གྱིས་ཆོག་པར་འཛིན་ཅིང་། རང་གི་ཁྱིམ་དུ་མངོན་པར་དགའ་བ་རྣམས་ཀྱིས་ནི། སེང་གེའི་ཁྲི་ལ་མངོན་པར་
འཇུག་མི་ནུས་སོ། །དེ་བས་ན་བར་དུ་གཅོད་པ་དེའི་གཉེན་པོར་ཐེག་པ་མཆོག་འདི་བསྟན་ཏེ། གཞན་ལས་བཅོམ་ལྡན་འདས་ཀྱིས་སྦྱིན་པ་བསྔགས་ནས། ཡང་སྨད་པར་མཛད་ལ། དེ་བཞིན་དུ་ཚུལ་ཁྲིམས་བསྔགས་ནས། གཞན་ལ་སྨད་པ་མཛད་དེ། ཕ་རོལ་ཏུ་ཕྱིན་པ་ཐམས་
ཅད་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདི་ལ་ཡང་སྔ་ཕྱི་འགལ་བ་ཡོད་དེ། གལ་ཏེ་སྦྱིན་པ་ཡོན་ཏན་ཅན་ཞིག་ཡིན་ན། ཅིའི་ཕྱིར་སྨད་ཅེ་ན། གང་ཟག་གི་བསམ་པ་ལ་དགོངས་ནས་གསུངས་པས་ན་འགལ་བ་མེད་དེ། སེར་སྣ་ཅན་ཧ་ཅང་འཇུངས་ཆེས་པ་གང་ཡིན་པ་དེ་དག་སྦྱིན་པ་ལ་
འཇུག་པར་བྱ་བའི་ཕྱིར་སྦྱིན་པའི་བསྔགས་པ་མཛད་དེ། སྦྱིན་པ་ནི་ཕྱི་བཞིན་འབྲང་བའི་གཏེར་ཆེན་པོ་གཏན་གྱི་བཤེས་གཉེན་གྱི་མཆོག་གོ། །གོས་སྦྱིན་པ་ལ་ཡོན་ཏན་བཅུ་ཡོད་དོ། །ཟས་སྦྱིན་པ་ལ་ཡོན་ཏན་བཅུ་ཡོད་དོ། །ཞེས་བྱ་བ་ལ་སོགས་པ་མདོ་དག་ལས་མང་དུ་འབྱུང་
སྟེ། དེ་ཡང་མེད་པ་མ་ཡིན་ན་འོན་ཀྱང་དེ་ཙམ་གྱིས་ཆོག་པར་འཛིན་ཏེ། ཚུལ་ཁྲིམས་དང་། ཐོས་པ་ལ་སོགས་པའི་ཚོགས་ལ་མི་འཇུག་པ་གང་ཡིན་པ་དེ་དག་ལ་ནི་སྨད་པར་མཛད་དེ། འཁོར་བའི་སྡུག་བསྔལ་གྱི་འབྲས་བུ་ཅན་དང་། ཟག་པའི་ཆོས་ཅན་གྱི་སྦྱིན་པ་ནི་མི་དགོས་
སོ། །སྦྱིན་པ་དང་ལྡན་པ་ཡང་ཚུལ་ཁྲིམས་འཆལ་ན་ངན་སོང་དག་ཏུ་སྐྱེ་བར་འགྱུར་ཏེ། ཚུལ་ཁྲིམས་ནི་མཐོ་རིས་ཀྱི་རྒྱུ་ཡིན་པའི་ཕྱིར་གཙོ་བོ་ཡིན་ནོ། །ཡོན་ཏན་ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ས་གཞི་ལྟ་བུ་ཡང་ཡིན་ནོ། །ཐོས་པ་ཡང་དེ་དང་འདྲ་སྟེ། ཡེ་ཤེས་གསལ་

བའི་རྒྱུ་ཡིན་པའི་ཕྱིར་ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། དེ་བས་ན་འདི་ལྟར་སྦྱིན་པ་ལ་སོགས་པ་ཡང་ཁ་ཅིག་གི་སྒོ་ནས་ནི་སྐྱོན་ཡང་ཡིན་ལ། ཁ་ཅིག་གི་སྒོ་ནས་ཡོན་ཏན་ཡང་ཡིན་ཏེ། གདུལ་བར་བྱ་བའི་བསམ་པ་
ལ་ལྟོས་ནས་དགོངས་པའི་དབང་གིས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལ་ཉེས་པ་མེད་དེ། འདི་ལྟར་སྨན་པས་མཁྲིས་པའི་རིམས་ཀྱིས་ཐེབས་པ་ལ་ནི་འོ་མ་དང་ཁ་ར་བསྔགས་ལ། བད་ཀན་གྱི་རིམས་ཀྱིས་ཐེབས་པ་ལ་ནི་སྨད་པ་དང་འདྲ་བའི་ཕྱིར་རོ། །འདོད་ཆགས་དང་ནི་
ང་རྒྱལ་སྤྱོད་པ་དང་ཞེས་བྱ་བ་ལ་འདོད་ཆགས་ལ་སྤྱོད་པ་ནི་མ་འོངས་པར་འདོད་ཆགས་ཀུན་དུ་སྤྱོད་པའོ། །དེ་བཞིན་དུ་ང་རྒྱལ་ལ་སྤྱོད་པ་ཡང་ང་རྒྱལ་ཀུན་དུ་སྤྱོད་པ་སྟེ། འདི་གཉིས་ཀྱང་སོ་སོར་སྒྲིབ་པ་ཡིན་ནོ། །དེ་ལ་ཁྱིམ་དང་། ཞིང་དང་། བུ་དང་། ཆུང་མ་དང་། ནོར་དང་། འབྲུ་
དང་། གོས་དང་། རྒྱན་དང་། གླང་པོ་ཆེ་དང་། རྟ་ལ་སོགས་པ་ཕུན་སུམ་ཚོགས་པ་དག་ལ་ཧ་ཅང་ཆགས་པས་དེ་དག་སྤངས་ཏེ། དགེ་བ་ཡང་དག་པར་མི་ལེན་པ་གང་ཡིན་པ་དེ་དག་ནི་དེ་ལས་ངེས་པར་འབྱུང་བའི་བསམ་པ་དང་། རབ་ཏུ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་
སྒོམ་པ་ལ་བར་དུ་གཅོད་པར་བྱེད་པའི་ཕྱིར་སྲེད་པ་སྤྱོད་པ་སྒྲིབ་པ་ཡིན་ནོ། །བར་དུ་གཅོད་པ་དེའི་གཉེན་པོ་ཐེག་པ་མཆོག་འདི་བསྟན་ཏེ། གཞན་ལས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་འདི་ལྟ་སྟེ། བདེ་བ་ཅན་གྱི་བཀོད་པ་ལ་སོགས་པ་ཤིན་ཏུ་བསྔགས་ཏེ། དེ་དག་གིས་མ་མཐོང་
མ་ཐོས་པའི་འབྱོར་པ་རྒྱ་ཆེན་པོ་དེ་ཐོས་ནས། རང་གི་ཕུན་སུམ་ཚོགས་པ་ལ་ཕོངས་པ་ཁོ་ནར་འཛིན་ཏོ། །དེ་ནས་དེར་ཡིད་སྨོན་པར་བྱེད་དེ་དེ་དག་ཐམས་ཅད་བོར་ནས་དེ་ཐོབ་པར་བྱ་བའི་ཕྱིར་འབད་པར་འགྱུར་བས་ན། དེ་ནི་གང་ཟག་གི་བསམ་པ་ལ་དགོངས་ནས་གསུངས་སོ། །དེ་ལ་
མི་དང་། ལྷ་དང་། ལྷ་མ་ཡིན་ལ་སོགས་པ་གང་དག་ཁ་དོག་དང་། སྟོབས་དང་། མཐུ་དང་། འོད་དང་། སྐལ་བ་དང་ལྡན་པ་དང་། སྐད་ཀྱི་གདངས་སྙན་པ་དང་། ལྡོག་སྐྱེན་པ་དང་། ཤེས་པ་དང་། རིགས་དང་། ཚེ་དང་། ལོངས་སྤྱོད་དང་། འཁོར་ལ་སོགས་

པ་ཕུན་སུམ་ཚོགས་པའི་སྒོ་ནས་བདག་དང་མཚུངས་པ་མ་མཐོང་ནས་ང་རྒྱལ་གྱིས་ཁེངས་ཤིང་མྱོས་ཏེ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་མི་བྱེད་པ་དེ་དག་ནི་ང་རྒྱལ་སྤྱོད་པ་སྟེ། དེ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་དེ་བཞིན་གཤེགས་པ་འབྱུང་བ་མཉེས་པར་བྱ་བ་དང་། བྱང་ཆུབ་ཏུ་
སྨོན་ལམ་འདེབས་པ་ལ་སྒྲིབ་པ་ཡིན་ཏེ། །དེ་བས་ན་བར་དུ་གཅོད་པའི་ཉེས་པ་དེའི་གཉེན་པོར་ཐེག་པ་མཆོག་འདི་བསྟན་ཏེ། གཞན་ལས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གང་གི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་པ་མཛད་དེ། དེ་བཞིན་གཤེགས་པ་འཕགས་པ་འོད་
དཔག་མེད་ཅེས་བྱ་བ་དེའི་སྐུ་ཚེ་དཔག་ཏུ་མེད་དོ། །རང་བཞིན་གྱི་འོད་ཀྱི་དཀྱིལ་འཁོར་ཡང་དཔག་ཏུ་མེད་དོ། །དེ་བཞིན་དུ་སངས་རྒྱས་གཞན་དག་གི་སྐུ་དང་། སྣོད་ཕུན་སུམ་ཚོགས་པ་རྣམས་ཀྱི་བསྔགས་པ་མཛད་དོ། །དེ་ནས་དེ་དག་གིས་དེ་ཐོས་ནས་བདག་ཅག་པས་ཀྱང་ཆེས་རྒྱང་ཆད་པས་
ཁྱད་དུ་འཕགས་པའི་དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་དུ་མཛེས་པ་དག་ཀྱང་ཡོད་དོ་སྙམ་ནས་ང་རྒྱལ་གྱི་རི་གྲུམ་སྟེ། བློ་ཡོན་ཏན་བསྐྱེད་པའི་སྣོད་དུ་འགྱུར་རོ། །འགྱོད་པ་ནི་ཡིད་ལ་གཅགས་པ་སྟེ། ཡོན་ཏན་དང་ལྡན་པ་རྣམས་དང་། ཕན་འདོགས་པ་རྣམས་ལ་གནོད་པ་
བྱས་ནས་ཕྱིས་ཅི་ཞིག་ལྟར་ཡིད་ལ་གཅགས་པར་འགྱུར་ཏེ། མྱ་ངན་གྱི་ཟུག་རྔུ་དེ་ཁོ་ནས་ཡུན་རིང་པོར་སེམས་མི་བདེ་ཞིང་ཡིད་འཁྲུགས་ལ། ལུས་ཤིག་ཤིག་པོར་གྱུར་ཅིང་རོ་བཞིན་དུ་འདུག་ལ། བསོད་ནམས་བྱ་བ་བཏང་སྟེ་ས་ལ་ཉལ་ནས་རང་གི་ལུས་ཀྱི་བསམ་པ་ལ་ཡང་སྤྲོ་བ་
མེད་པར་འདུག་པ་གང་ཡིན་པ་དེ་དག་གི་འགྱོད་པ་དེ་ནི་བཤགས་པ་དང་། བསྡམ་པར་བྱ་བ་དང་། བསོད་ནམས་ལ་སྦྱོར་བ་ལ་བར་དུ་གཅོད་པར་བྱེད་པའི་ཕྱིར་སྒྲིབ་པ་ཡིན་ཏེ། ཤེས་རབ་ཅན་གྱིས་ནི་བདག་ཅག་གི་འདི་མ་ལེགས་སོ་སྙམ་དུ་རིག་ནས། དེའི་འོག་ཏུ་བཤགས་པ་
དང་། བསྡམ་པར་བྱ་བ་དང་། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་མང་པོའི་སྨན་གནོད་སེལ་ལ་གོམས་པས་ཟད་པར་བྱེད་ཅིང་། མ་བྱས་པ་ལ་ཡང་དྲན་པ་དང་། ཤེས་བཞིན་དང་། སྐྱེས་བུ་དམ་པ་ལ་མཉན་པ་ལ་སོགས་པ་དང་། བསྟེན་པ་ལ་སོགས་པ་མི་བྱ་བར་བསྒྲིམ་པར་བྱེད་

དོ། །འཕགས་པ་དཔའ་བོས་གསུངས་པའི་སྐྱེས་རབས་ལས་ཀྱང་། ཡིད་ཆད་རྒུད་པའི་ངོ་ལོན་ཐབས་མ་ཡིན། །དེ་ཕྱིར་མི་དགར་འཛིན་པ་གཏང་བར་བྱ། །དགོས་པ་སྒྲུབ་ལ་མཁས་རྣམས་སྲན་ཐུབ་པས། །དཀའ་བ་རྣམས་ཀྱང་དགའ་བ་མེད་པར་
རྒལ། །དེ་ཕྱིར་ཡིད་ཆད་མི་དགའ་སྤངས་ནས་ནི། །དོན་གྱི་སྐབས་དབྱེ་བ་ལ་བསྙེན་པར་གྱིས། ཤེས་པའི་གཟི་བྱིན་སྲན་གྱིས་སྤར་བ་ནི། །དོན་ཀུན་གྲུབ་འཛིན་ལགས་པའི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་དེའི་ཡུན་རིང་པོའི་འགྱོད་པ་ཆེན་པོའི་བར་དུ་གཅོད་
པའི་ཉེས་པ་དེའི་གཉེན་པོར་ཐེག་པ་མཆོག་འདི་བསྟན་ཏེ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་གནོད་པ་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་འབྱུང་སྟེ། འདི་ནི་གང་ཟག་གི་བསམ་པ་ལ་དགོངས་ནས་གསུངས་ཏེ། གང་ཟག་
ལ་ལ་ནི་ཤིན་ཏུ་འགྱོད་པའི་དུག་གིས་བརྒྱལ་བའི་བསམ་པ་ཅན་གྱི་འགྱོད་པ་དེ་ལས་འབྱུང་བར་འགྱུར་བ་དེ་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །གནོད་པ་བྱས་པས་ཇི་ལྟར་མཐོ་རིས་སུ་སྐྱེ་བར་འགྱུར་ཞེ་ན། དེ་ཁོ་ནས་སྐྱེ་བོ་ཞེས་མི་ཟེར་ཏེ། འོན་ཀྱང་དེའི་རྒྱུ་ལས་བྱུང་བའི་འགྱོད་པ་ལ་སོགས་
པ་དགེ་བ་སྤེལ་བར་བྱེད་པས་སྐྱེ་བར་འགྱུར་རོ། །གཞན་ཡང་དེ་དག་ལ་གནོད་པ་བྱེད་པའི་ཚེ་ངེས་པར་དེ་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། འགྲོགས་པ་ལ་སོགས་པར་འགྱུར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི། གཞི་དེ་དག་ཏུ་དོན་ཡོད་པ་ཡིན་
ཏེ། འཕགས་པ་དེ་བཞིན་གཤེགས་པ་འབྱུང་བ་སྲིད་པ་བསྟན་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེག་པ་དང་། འགྲོགས་པའི་དགེ་བའི་རྩ་བ་དོན་ཡོད་པར་ཤོག་ཅིག་ཅེས་འབྱུང་བ་ལྟ་བུ་ཡིན་ནོ། །དེ་ནི་ཆོས་ཉིད་
ཡིན་པས་ཅི་བྱར་ཡང་མེད་དེ། གནོད་པ་བྱེད་པ་ལ་ཡང་ཕན་པར་འགྱུར་བ་ཡོད་དོ། །འཕགས་པ་གདོན་མི་ཟ་བའི་ཞགས་པའི་སྙིང་པོ་ལས། དཔེར་ན་མི་ལ་ལས་ཙན་དན་དང་། གུར་ཀུམ་དང་། ག་བུར་དང་། གླ་རྩི་ཡང་རུང་སྟེ། སྤྱོས་ཤིང་མཚང་བྲུས་ནས་ལུས་ལ་བྱུགས་ཀྱང་།

ཙན་དན་ལ་སོགས་པ་འདི་སྙམ་དུ་འདིས་བདག་སྤྱོས་ཀྱིས་འདི་ལ་དྲི་ཞིམ་པར་མི་བྱའོ་སྙམ་དུ་མི་སེམས་ཏེ། རྟོག་པ་མ་མཆིས་པའི་སླད་དུ་ཆོས་ཉིད་ཀྱིས་དྲི་ཞིམ་པོ་ཁོ་ནར་བགྱིད་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་གདོན་མི་ཟ་བའི་ཞགས་པའི་སྙིང་པོ་ཡང་ཁྲོས་
ཏེ་དྲན་ནམ། བཏོན་ཀྱང་དེ་ལ་ཡང་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་འགྱིད་པ་ལགས་སོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ཀྱང་སྔོན་དགེ་བའི་རྩ་བ་དང་། སྨོན་ལམ་ལ་སོགས་པས་བདག་ཉིད་དེ་ལྟ་བུར་ཡང་དག་པར་སྦྱངས་ཏེ། ཁྱོད་ཀྱིས་
ལེགས་པར་སྤྱད་རྣམས་ཀྱིས། །ཅི་ནས་བདག་ཉིད་རྒྱས་པར་མཛད། །ཅེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་བས་ན་དེའི་འབྲས་བུ་ཟད་ནས་དུས་གཞན་དུ་རྒྱུ་དེ་ཁོ་ནས་མཐོ་རིས་སུ་འགྲོ་བར་འགྱུར་ཏེ། དཔེར་ན་བཅུད་ཀྱིས་ལེན་ལ་ལའི་རང་བཞིན་གང་གི་ཚེ་དང་པོ་ཟོས་ན་མགོ་
འཁོར་བ་དང་། ངལ་བ་དང་། བརྒྱལ་བ་དང་། སྐྱུག་པ་དང་། འཁྲུ་བ་དང་། ལུས་ལ་སྲིན་བུ་འབྱུང་བ་དང་། སྐྲ་དང་སྤུ་འབྱི་བ་དང་། སོ་ལྡེག་པ་དང་། སེན་མོ་འབྱུང་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་མང་པོ་བསྐྱེད་ནས་ཕྱིས་ཡུན་རིང་མོ་ཞིག་ན་སྣོད་བཅུད་ཀྱིས་
ལེན་དུ་འགྱུར་བ་ལྟ་བུ་སྟེ། དེ་བཞིན་དུ་འདི་ཡང་དགོངས་ཏེ་གསུངས་པ་ཡིན་ནོ། །འོ་ན་དེ་ལྟ་ན་ནི་གནོད་པ་བྱས་པ་ཁོ་ནར་འགྱུར་ཏེ། འདི་ལྟར་དགོངས་པ་མ་ཤེས་ནས་འཁྲུལ་པ་དེ་དག་མཐོ་རིས་འདོད་པས་རྒྱུན་མི་འཆད་པར་དེ་དག་ལ། གནོད་པ་བྱ་བ་འབའ་ཞིག་ལ་འཇུག་པར་
འགྱུར་ཏེ། དེ་ལྟར་ན་སྣང་བ་བྱའོ་སྙམ་པ་ལས་མུན་པ་བྱས་པ་ཁོ་ནར་འགྱུར་རོ་ཞེ་ན། དེ་ལྟར་མི་འགྱུར་ཏེ། འདི་ན་ཐབས་སུ་འགྱུར་རོ། །དེ་བས་ན་ཆེས་ཆེ་བའི་མཆོག་ཏུ་དགའ་བའི་ཟུག་རྔུ་གཞན་ཞིག་གིས་མ་བྱས་ཀྱི་བར་དུ་མྱ་ངན་གྱི་ཟུག་རྔུ་ཚབས་པོ་ཆེ་ལས་འབྱུང་བར་མི་ནུས་ཏེ།
མྱ་ངན་གྱི་གཉེན་པོ་ནི་དགའ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་། དེའི་ཚེ་གདུལ་བར་བྱ་བ་དེའི་མཆོག་ཏུ་དགའ་བའི་དེ་ལྟ་བུ་གཞན་མ་གཟིགས་ཏེ། སྡིག་པ་དེ་བཀྲུ་བའི་ཕྱིར་རོ་སྙམ་དུ་དགོངས་ནས་དེ་སྐད་གསུངས་པར་ཟད་དོ། །དེ་འགྱོད་པའི་སྒྲིབ་པ་དང་

བྲལ་ནས་ཆོས་སྟོན་པའི་སྣོད་དུ་རུང་བར་བྱས་ལ། དེ་ནས་དེ་བཞིན་དུ་དེ་ལ་ཆོས་སྟོན་ཏེ། དེས་ན་ལས་དང་འབྲས་བུ་ལ་ཡིད་ཆེས་པ་བསྐྱེད་པས་ལེགས་པར་སྤྱོད་པ་འབའ་ཞིག་ལ་འཇུག་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་སྔ་ནས་ཀྱང་མྱ་ངན་གྱི་ཟུག་རྔུ་འདི་བསལ་ནས། ལས་དང་འབྲས་
བུ་ལ་སྐུར་པ་འདེབས་པའི་ཟུག་རྔུ་འབྱིན་པར་བྱེད་པའི་ཟུག་རྔུ་འདི་ཉིད་ཀྱང་དབྱུང་དུ་རུང་ངོ་སྙམ་དུ་མཁྱེན་ཏོ། །དཔེར་ན་མཛེས་ལྡན་མ་ལ་ཤས་ཆེར་ཆགས་པས་མི་སྡུག་པའི་ཏིང་ངེ་འཛིན་མི་ནུས་ནས་དེ་བས་ཁྱད་པར་དུ་འཕགས་པའི་ལྷའི་བུ་མོ་ལ་ཀུན་དུ་ཆགས་པ་བསྐྱེད་པས་དེ་བསལ་ནས་ཕྱིས་དེ་ཡང་ཐབས་གཞན་གྱིས་བསལ་ཏེ། གཏན་དུ་
ཐམས་ཅད་ལས་འདོད་ཆགས་དང་བྲལ་བའི་བར་དུ་མཛད་པ་ལྟ་བུའོ། །དཔེར་ན་སྦྲུལ་གྱིས་ཟིན་པ་ལ་སྔགས་མཁན་གྱི་དུག་འདིས་འགྲོ་བའི་དུག་འདི་ངེས་པར་བསལ་ནས། དུག་དེ་ཉིད་ཀྱང་མེད་པར་འགྱུར་རོ་སྙམ་དུ་གདེང་བཅས་དུག་ཟར་བཅུག་པ་ལྟ་བུ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་དེ་དང་
འདྲའོ། །དེ་བཞིན་དུ་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། སེམས་ཅན་གང་མཚམས་མེད་པ་བྱེད་པ་དེ་ཤིན་ཏུ་སྡུག་བསྔལ་བ་བྱང་ཆུབ་སེམས་དཔས་མཐོང་ན། དེ་ལ་འདི་སྐད་དུ་མ་བསད་པ་འདིས་ཐམས་ཅད་ངེས་པར་ངན་སོང་དུ་སྐྱེ་བ་མ་ཡིན་ནོ་ཞེས་ཟེར་བ་ལ་སོགས་པ་
གསུངས་པ་ལྟ་བུའོ། །མ་ངེས་འབྱེད་པ་ཞེས་བྱ་བ་ནི་མ་ངེས་པ་རྣམས་འབྱེད་པ་རྣམས་ལྡོག་པའོ། །གང་ལས་ཤེ་ན། བྱང་ཆུབ་ཆེན་པོ་ལས་ཏེ། རིགས་མ་ངེས་པའི་བྱང་ཆུབ་སེམས་དཔའ་གང་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མི་བརྩོན་པ། བསམ་པ་མི་བརྟེན་པ་སྐད་ཅིག་རེ་རེ་ལ་
སེམས་ཅན་གྱིས་ལོག་པར་སྒྲུབ་པའི་སྡུག་བསྔལ་དྲག་པོས་བསྐྱོད་པས་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་འདོད་པར་བྱེད་པ་རྣམས་དང་། ཉན་ཐོས་ལ་སོགས་པའི་རིགས་སུ་མ་ངེས་པ་གང་དག་ཐེག་པ་དེ་ལ་འབད་པ་དེ་ནི་དེ་དག་གི་འགྲོ་བ་ཐམས་ཅད་དུ་ཐོགས་པ་མེད་པའི་
དབང་དང་ལྡན་པའི་བྱང་ཆུབ་ཆེན་པོའི་སེང་གེའི་ཁྲི་ལ་འདུག་པ་ལ་སྒྲིབ་པ་ཡིན་ནོ། །དེ་བས་ན་བར་དུ་གཅོད་པའི་ཉེས་པ་བརྒྱད་པ་འདིའི་གཉེན་པོར་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་སུ་ལུང་བསྟན་པ་བཤད་པ་དང་། ཐེག་པ་གཅིག་བཤད་པའི་ཐེག་པ་མཆོག་འདི་བསྟན་ཏེ། དེ་དག་

གིས་དེ་ཐོས་ནས་འདི་སྙམ་དུ་སེམས་ཏེ། ཉན་ཐོས་ཀྱི་ཐེག་པས་ཐག་རིང་དུ་སོང་ཡང་ཐེག་པ་ཆེན་པོ་ཁོ་ན་ལ་འཇུག་དགོས་ན་ཉིས་ལས་འདི་ཅི་དགོས་ཐོག་མ་ཉིད་ནས་འདིར་ཞུགས་པ་སླའོ་སྙམ་སྟེ། འདི་སྐད་དུ་མདོ་སྡེའི་རྒྱན་ལས། ཁ་ཅིག་དྲང་བའི་ཕྱིར་དང་ནི། །ཁ་ཅིག་ཡོངས་སུ་གཟུང་
བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་གསུངས་པ་ལྟ་བུའོ། །འདི་ལ་བརྫུན་དུ་སྨྲ་བའི་ཉེས་པར་ཡང་མི་འགྱུར་ཏེ། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་སྒྲུབ་པ་དང་། གནོད་པ་བསལ་བའི་བསམ་པ་ཅན་ཡིན་
པའི་ཕྱིར་རོ། །འདི་ལ་སུ་ཡང་བྲིད་པ་ཡང་མེད་དེ། གནས་བརྟན་དེ་དག་གིས་ཀྱང་། བདག་ཅག་ནི་སངས་རྒྱས་སུ་མི་འགྱུར་མོད་<གྱི‚ཀྱི>། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས་སྟོན་པར་མཛད་དོ་སྙམ་དུ་ཤེས་ཏེ། དེ་དག་ཐམས་ཅད་ཟློས་གར་མཁན་གྱིས་འགྲོ་བ་
དགའ་བར་བྱེད་པ་བཞིན་དུ་བརྡ་བྱས་པ་ཡིན་ལ། བརྫུན་དུ་སྨྲ་བ་ནི་འདྲིད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཅིག་ཏུ་ནི་དེ་དག་ནི་བྱང་ཆུབ་སེམས་དཔའ་ཉིད་ཡིན་ཏེ། ཉན་ཐོས་ཀྱིས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་དེའི་ཆ་ལུགས་བྱས་པར་ཟད་དེ། དོན་དེ་
ཁོ་ནའི་ཕྱིར་དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་གཞན་དག་ནས་བསྐུལ་ནས། དེ་ལྟ་བུའི་ཆ་ལུགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་འོངས་པ་ཡིན་ནོ། །ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་མེད་པར་མཉམ་པ་ཉིད་ཀྱིས་ཐ་མི་
དད་པའི་ཕྱིར་དང་། མཐར་ཕྱིན་པ་ཡིན་པའི་ཕྱིར་ཡང་ཐེག་པ་གཅིག་པར་བསྟན་ཏོ་དཔེར་ན་ལ་ལ་ན་རེ་རྒྱལ་པོ་ནི་འདི་ལྟ་སྟེ། འཁོར་ལོས་སྒྱུར་བ་གཅིག་པུར་ཟད་དེ། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་མཐར་ཕྱིན་པའི་ཕྱིར་དང་། དེའི་གང་ན་རྗེ་དཔོན་མེད་པའི་ཕྱིར་རོ་ཞེས་
ཟེར་ན། འོན་ཀྱང་རྒྱལ་ཕྲན་ལ་སོགས་པ་མེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཐེག་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། ཐེག་པ་ཆེན་པོ་གཅིག་ཏུ་ཟད་དེ། བགྲོད་པར་བྱ་བ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་པའི་མཐར་ཕྱིན་པའི་ཕྱིར་དང་། དེའི་གང་ན་ཁྱད་པར་དུ་འཕགས་པ་

མེད་པའི་ཕྱིར་རོ། །ཐེག་པ་གཞན་ནི་ཡོད་དུ་ཟིན་ཀྱང་བགྲོད་པར་བྱ་བ་ལྷག་མ་ཡོད་པ་དང་གོང་ན་ཡོད་པ་ལྟ་ཅི་དགོས་ཞེས་བསྟན་ཏོ། །སེམས་ཅན་རྣམས་ཀྱི་སྒྲིབ་པ་ཞེས་བྱ་བ་ནི། ཇི་སྐད་བསྟན་པའི་སངས་རྒྱས་ལ་བརྙས་པ་ལ་སོགས་པ་རྣམ་པ་བརྒྱད་དོ། །དེའི་
གཉེན་པོ་ཞེས་བྱ་བ་ནི་སྒྲིབ་པ་དེ་ཉིད་ཀྱི་གཉེན་པོ་སྟེ། དེ་དག་ཀྱང་གང་ཞེ་ན་ཐེག་པ་མཆོག་བསྟན་པའོ། །ཐེག་པ་མཆོག་གི་ཐེག་པ་མཆོག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་པོ། །དེ་བསྟན་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཡང་དག་པ་དང་ཐམས་ཅད་བསྟན་པ་སྟེ་
བསྟན་ཞེས་བྱ་བའི་ཚིག་གསལ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་གཉེན་པོར་འགྱུར་བའི་གཏན་ཚིགས་སུ་གང་གི་ཕྱིར། དེའི་བར་དུ་གཅོད་པ་དེ་དག་གིས་ཉེས་པ་ཐམས་ཅད་རབ་ཏུ་སྤང་བར་འགྱུར་ཞེས་གསུངས་པ་དེའི་ཕྱིར་ཐེག་པ་མཆོག་བསྟན་པ་ནི། དེའི་གཉེན་པོ་ཡིན་ནོ་ཞེས་
བྱ་བའི་ཐ་ཚིག་གོ། །བར་དུ་གཅོད་པ་ནི་གགས་བྱེད་པའོ། །བར་དུ་གཅོད་པ་ཉིད་ཉེས་པ་ཡིན་པས་བར་དུ་གཅོད་པའི་ཉེས་པའོ། །དེ་དག་ནི་ཐམས་ཅད་ཀྱང་ཡིན་ལ། བར་དུ་གཅོད་པའི་ཉེས་པ་ཡང་ཡིན་པའི་ཕྱིར། བར་དུ་གཅོད་པའི་ཉེས་པ་ཐམས་ཅད་ཅེས་ཚིག་རྣམ་པར་སྦྱར་བར་བྱའོ། །སྤོང་བ་ནི་ཟད་
པའོ། །གང་དག་གི་ཞེ་ན། ཇི་སྐད་བསྟན་པ་དེ་དག་ཉིད་ཀྱིའོ། །གཅིག་ཏུ་ན་དེ་དག་གི་ཞེས་བྱ་བ་ནི་འདོད་པ་ལ་སོགས་པ་རྣམས་ཀྱི་སྟེ། བར་དུ་གཅོད་པའི་ཉེས་པ་བརྒྱད་པོ་བསྟན་པ་གང་ཡིན་པའོ་ཞེས་སྦྱར་བར་བྱའོ། །དེ་མ་ཡིན་པའི་ཚིགས་སུ་བཅད་པ་གསུམ་གྱིས་ནི་ཚིགས་སུ་བཅད་པ་འདི་
གཉིས་ཀྱི་ཕན་ཡོན་བསྟན་ཏེ། ཚིགས་སུ་བཅད་པ་གཉིས་ཀྱི་གཟུངས་ལ་ནི། །ཚིག་གམ་དོན་གྱི་སྒོ་ནས་གང་སྦྱར་བ། །སེམས་ཅན་དམ་པ་བློ་དང་ལྡན་པ་དེ། ཕན་ཡོན་རྣམ་པ་བཅུ་དག་ཐོབ་པར་འགྱུར། །ཁམས་རྣམས་མཐའ་དག་རྒྱས་པར་འགྱུར་བ་དང་། །འཆི་བའི་ཚེ་ན་མཆོག་དགའ་
དམ་པ་འཐོབ། །ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་དང་། །ཐམས་ཅད་དུ་ནི་ཚེ་རབས་དྲན་པར་འགྱུར། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར་བ་དང་། །དེ་བཞིན་དེ་དག་ལས་ནི་ཐེག་མཆོག་ཐོས། །མོས་པར་འགྱུར་བ་བློ་དང་བཅས་པ་དང་། །སྒོ་གཉིས་དང་ནི་བྱང་ཆུབ་མྱུར་དུ་འཐོབ། །

ཚིགས་སུ་བཅད་པ་དང་པོའི་དོན་ནི་ཚིགས་སུ་བཅད་པ་གཉིས་པ་འདི་ཉིད་ཀྱི་དོན་མ་རྟོགས་ཀྱང་ཚིག་ཙམ་ཤེས་པ་དང་། ཚིག་མི་ཤེས་ཀྱང་དོན་ཙམ་ཤེས་པའི་ཕན་ཡོན་རྣམ་པ་བཅུ་བསྟན་ཏོ། །དེ་ལྟ་བུ་ཐེག་པ་ཆེན་པོའི་དགོངས་པ་ཟབ་མོ་སྟོན་པ་མཐའ་དག་ནི་སེམས་ཅན་ཐ་མལ་
པའམ། བློ་ཞན་པ་དག་གིས་ནི་ཤེས་པར་མི་འགྱུར་བའི་ཕྱིར་སེམས་ཅན་དམ་པ་བློ་དང་ལྡན་པ་ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དམ་པར་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་ཡིན་ལ། དེ་ཡང་གལ་ཏེ་བློ་དང་ལྡན་པ་དང་། བློ་སྦྱང་བ་ཞིག་ཡིན་ན། གདོད་དེས་འདི་ཡང་དག་པར་
ཤེས་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ། །དེ་ལ་ཁམས་རྣམས་མཐའ་དག་རྒྱས་པར་འགྱུར་བ་ནི་ཕན་ཡོན་གཅིག་སྟེ། ཁམས་རྒྱས་པ་ནི་བརྟས་པར་འགྱུར་བའོ། །ཁམས་རྣམས་ནི་ས་བོན་རྣམས་སོ། །མཐའ་དག་ནི་མ་ལུས་པའོ། །འདི་སྐད་ཅེས་བྱ་བ་ཡིན་ཏེ་བྱང་ཆུབ་
ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པ་དང་ས་བཅུ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། སྟོབས་ལ་སོགས་པའི་རང་བཞིན་ཅན་གྱི་ཐེག་པ་ཆེན་པོ་ཐམས་ཅད་ཀྱི་ས་བོན་གང་ཡིན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་རིགས་ལ་རག་ལས་ལ། དེ་དག་ཀྱང་ཚིགས་སུ་བཅད་པ་གཉིས་ལ་གོམས་
པ་འདིས་རང་གི་འབྲས་བུ་བསྐྱེད་པ་ལ་མངོན་དུ་ཕྱོགས་པར་བྱེད་དེ། དེ་ནི་དེ་དང་ལྡན་པའི་སྟོན་པའི་དགོངས་པ་ལྡེམ་པོར་དགོངས་པ་སྡུད་པ་ཡིན་པའི་ཕྱིར་རོ། །དཔེར་ན་འདོད་ཆགས་དང་ལྡན་པའི་སྙན་ངག་གི་ཚིག་ལས་འདོད་ཆགས་ཀྱི་ས་བོན་བརྟས་པར་འགྱུར་བ་དང་འདྲའོ། །གཅིག་ཏུ་ནི་ཐེག་པ་
ཆེན་པོའི་མདོ་སྡེ་མ་ལུས་པའི་ཡུལ་ལ་མོས་པ་གང་ཡིན་པ་སྟེ། རེ་ཞིག་ཁམས་དེ་རྒྱས་པ་ཙམ་འཐོབ་པའོ། །འཆི་བའི་ཚེ་ན་མཆོག་དགའ་དམ་པ་འཐོབ། །ཅེས་བྱ་བ་ལ། མཆོག་ཏུ་དགའ་བ་ནི་མགུ་བའོ། །དམ་པ་ནི་དགེ་བ་རྒྱ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་འཆི་བའི་ཚེ་ངེས་པར་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་དང་། དམ་པའི་ཆོས་འཛིན་པ་དང་། སངས་རྒྱས་དང་། དེའི་སྲས་དང་། བདེ་འགྲོའི་རྟགས་ལ་སོགས་པ་མཐོང་བའི་ཕྱིར་རམ། གནད་འཆད་པ་མེད་པའི་ཕྱིར་དགའ་བ་སྐྱེ་བ་ནི་གཉིས་པ་སྟེ། དེ་གཉིས་ནི་ཚེ་འདི་

ཉིད་ཀྱི་ཡིན་པར་རིག་པར་བྱའོ། །ལྷག་མ་བརྒྱད་ནི་ཚེ་རབས་གཞན་དག་ཏུ་མཐར་གྱིས་དགེ་བའི་ཚོགས་སོགས་པ་ཡིན་ནོ། །ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་ཞེས་བྱ་བ་ནི་གསུམ་པའོ། །ཐམས་ཅད་དུ་ནི་ཚེ་རབས་དྲན་པར་འགྱུར། །ཞེས་བྱ་བ་ནི་བཞི་པ་སྟེ། ཐམས་
ཅད་དུ་ཞེས་བྱ་བ་ཚེ་རབས་ཐམས་ཅད་དུའོ། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར་བ་ནི་ལྔ་པའོ། །དེ་བཞིན་དེ་དག་ལས་ནི་ཐེག་མཆོག་ཐོས། །ཞེས་བྱ་བ་ནི་དྲུག་པ་སྟེ། དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པ་དེ་བཞིན་དུ་སངས་རྒྱས་རྣམས་དང་ཕྲད་པ་
དང་ཐེག་པ་ཆེན་པོ་ཐོས་པ་ཡང་དེ་དང་འདྲ་བར་འགྱུར་རོ། །མོས་པར་འགྱུར་བ་ཞེས་བྱ་བ་ནི་འདུན་པའོ། །མོས་པ་ནི་དད་པ་སྟེ། འདི་ནི་འདི་ལྟ་བུ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ངེས་པར་འཛིན་པའོ། །དེ་ཡང་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ཟབ་མོ་ཡང་
དགོངས་པ་ལྡེམ་པོར་དགོངས་པ་རྟོགས་པས་མོས་པ་སྐྱེ་བར་འགྱུར་རོ། །བློ་དང་བཅས་པ་ཞེས་བྱ་བ་ནི་བརྒྱད་པ་སྟེ། མོས་པ་བློ་དང་བཅས་པ་ཐོབ་པར་འགྱུར་གྱི་གཅིག་པུ་ནི་མ་ཡིན་ནོ། །དེ་ལ་བློ་ནི་ཐེག་པ་ཆེན་པོའི་ཆོས་དང་དེ་མ་ཡིན་པའི་བསྟན་བཅོས་ལ་སོགས་པ་ཕྱིན་ཅི་མ་ལོག་
པར་ཁོང་དུ་ཆུད་པའོ། །སྒོ་གཉིས་ཞེས་བྱ་བ་ནི་དགུ་པ་སྟེ། འདི་ལ་སྒོ་གཉིས་ཡོད་པས་ན་གང་ཟག་སྒོ་གཉིས་པའོ། །དེའི་ངོ་བོ་ཉིད་ནི་གཉིས་པ་སྟེ། དེ་ཡང་གང་ཞེ་ན། ཏིང་ངེ་འཛིན་གྱི་སྒོ་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཏེ། དེ་དང་ལྡན་པས་ན་སྒོ་གཉིས་པའོ། །དེ་ལ་ཏིང་ངེ་
འཛིན་ནི་མཐའ་ཡས་ཏེ། བྱང་ཆུབ་སེམས་དཔའ་དག་གིས་ནམ་མཁའི་མཛོད་དང་། ལག་ན་རིན་ཆེན་དང་། གཟུགས་ཐམས་ཅད་ཀུན་དུ་སྟོན་པ་ལ་སོགས་པའོ། །དེ་དག་གི་སྒོ་ནི་དེ་དག་མངོན་པར་སྒྲུབ་པའི་ཐབས་ཏེ། བསམ་གཏན་དང་གཟུགས་མེད་པ་རྣམས་སོ། །
གཅིག་ཏུ་ན་ཏིང་ངེ་འཛིན་ནི་བསམ་གཏན་དང་། གཟུགས་མེད་པས་བསྡུས་པ་སྟེ། དེ་ཉིད་སྒོ་དང་། ཁ་དང་། ཐབས་ཡིན་ནོ། །གང་གི་ཞེ་ན། ཡོན་ཏན་ཐམས་ཅད་མངོན་པར་སྒྲུབ་པ་ཡིན་ནོ། །གཟུངས་ནི་རྣམ་པ་གཉིས་ཏེ། ཚིག་གི་གཟུངས་དང་། དོན་གྱི་གཟུངས་

སོ། །དེ་ཡང་གང་ཞེ་ན། དྲན་པ་སྟེ། འདིས་ཚིག་དང་། དོན་འཛིན་པའི་ཕྱིར་རོ། །དེའི་སྒོ་ནི་ཡི་གེ་རྣམས་ཏེ། འདི་ལྟར་ཡི་གེའི་འབྲུ་གཅིག་ཏུ་མདོ་སྡེ་འབུམ་པ་རྣམས་བསྡུས་ནས་འཛིན་པའི་ཕྱིར་རོ། །གཅིག་ཏུ་ན་གཟུངས་ཉིད་བརྗེད་ངས་པ་མེད་པའི་སྒོ་ཡིན་ནོ། །ཡང་ན་
འཛིན་པ་ཉིད་གཟུངས་ཡིན་ཏེ། དེ་ཡང་གང་ཞེ་ན། བརྗེད་ངས་པ་མེད་པའོ། །དེའི་སྒོ་ཡང་དྲན་པ་ཉིད་དོ། །བྱང་ཆུབ་མྱུར་དུ་འཐོབ་ཅེས་བྱ་བ་ནི་ཕན་ཡོན་བཅུ་པ་སྟེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའོ། །ཅིའི་ཕྱིར་ཞེ་ན། དགུ་པོ་འདི་དག་ཉིད་
ཀྱི་ཕྱིར་ཏེ། གང་གི་ཕྱིར་ཁམས་ཐམས་ཅད་རྒྱས་པ་ནས་སྒོ་གཉིས་འཐོབ་པར་འགྱུར་བའི་བར་གྱི་ཕྱིར་ཏེ། དེ་དག་ནི་བྱང་ཆུབ་བསྐྱེད་པ་ཡིན་པའི་ཕྱིར་རོ། །དེ་བས་ཀྱང་དེ་མཇུག་ཏུ་སྨོས་ཏེ། ཁམས་རྒྱས་ན་མཆོག་ཏུ་དགའ་བ་དམ་པ་འཐོབ་བོ། །དེ་བས་ན་དེ་བཞིན་དུ་
དགེ་བའི་བསམ་པས་འཆི་བ་ན་གར་འདོད་པར་སྐྱེ་བའོ། །ཇི་ལྟར་སྨོན་པ་བཞིན་དུ་སྐྱེ་བ་གྲུབ་ན་ཚེ་རབས་དྲན་པར་འགྱུར་རོ། །ཚེ་རབས་དྲན་པས་དེ་བཞིན་གཤེགས་པ་ལ་བསྐྱེད་པའི་དགེ་བའི་རྩ་བ་དོན་ཡོད་པར་མངོན་སུམ་དུ་གྱུར་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བར་
འགྱུར་རོ། །སངས་རྒྱས་འབྱུང་བ་མེད་ན་ཡང་དེ་དང་ཕྲད་པའི་སྨོན་ལམ་འདེབས་པའི་ཕྱིར་སངས་རྒྱས་དང་ཕྲད་པར་འགྱུར་རོ། །དེ་ནས་དེ་ལ་ཐེག་པ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ནས་དེའི་འོག་ཏུ་མངོན་སུམ་དུ་ཐོས་ནས། སྐྱེས་བུ་འདི་ནི་ཡེ་ཤེས་ཆེན་པོ་དང་ལྡན་ནོ་སྙམ་དུ་ཐེ་
ཚོམ་མེད་པར་མོས་པར་འགྱུར་རོ། །མོས་པ་དྲག་པོ་རྒྱུན་མི་འཆད་པར་ཆོས་ཡོངས་སུ་ཚོལ་བ་ལྷུར་ལེན་པས་བློ་རྙེད་པར་འགྱུར་རོ། །བློ་རྣམ་པར་དག་ན་སྒོ་སྒྲུབ་པར་བྱེད་དོ། །དེ་ནས་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སྦྱིན་པ་ལ་སོགས་པའི་ཚོགས་ཡོངས་སུ་
རྫོགས་པར་བྱེད་པ་དང་། གཟུངས་ལ་བརྟེན་ནས་སྐད་ཅིག་རེ་རེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་འཛིན་པ་དང་། འཆང་བས་ཡེ་ཤེས་ཀྱི་ཚོགས་མང་པོ་ཀུན་དུ་རྫོགས་པར་བྱས་ཏེ། ཐམས་ཅད་མཁྱེན་པ་གང་ཆེན་མཚོར་འགྱུར་རོ། །ཚིགས་སུ་བཅད་པ་གཉིས་

པའི་བཤད་པ་སློབ་དཔོན་ཆེན་པོ་མཛེས་བཀོད་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཏི་ཛྙཱ་ན་སཱུ་ཏྲ་བྱཱ་ཁྱཱ་ན། བོད་སྐད་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་རྣམ་པར་བཤད་པ།
དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །མ་སྐྱེས་སྟོང་པའི་རྣམ་པ་ཉིད། །སྐྱེ་བ་བསྟན་པས་སྣང་མཛད་པ། །རྣམ་པར་སྣང་མཛད་ཐུགས་རྗེ་ཅན། །ལོངས་སྤྱོད་རྫོགས་སྐུ་ཕྱག་འཚལ་ཏེ། །ངེས་པ་དོན་གྱི་མདོ་སྡེ་ཡི། །རྣམ་པར་བཤད་པ་ཙམ་བྱ་ཡིས། །མ་ནོར་
ངེས་པའི་ལམ་འདོད་རྣམས། །ཚུལ་འདི་ལ་ནི་འཇུག་པར་གྱིས། །དགོས་འབྲེལ་གྱི་དོན་ཀླད་དུ་མ་བསྟན་ན་རྟོགས་པ་དང་ལྡན་པ་དག་འཇུག་པར་མི་འགྱུར་བས་དེ་བསྟན་ཏེ། འདའ་ཀ་ཡེ་ཤེས་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བའི་མཛོད་འདི་ནི་བརྗོད་པར་
བྱའོ། །དེ་སྟོན་པའི་ཚིག་གི་ཚོགས་ནི་རྗོད་པར་བྱེད་པའོ། །དེ་བརྗོད་པས་དེའི་དོན་ཁོང་དུ་ཆུད་པ་ནི་དགོས་པའོ། །དེའི་དོན་ཁོང་དུ་ཆུད་པས་སེམས་རྟོགས་པའི་ཡེ་ཤེས་སངས་རྒྱས་ཉིད་ཐོབ་པ་དེ་ནི་དགོས་པ་མཐར་ཕྱིན་པའོ། །འབྲེལ་པ་ནི་མི་འབྱུང་བའི་ཕྱིར་དེ་ཉིད་ཤུགས་ལས་
ཤེས་པར་བྱའོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་ལྷའི་རྒྱལ་པོའི་ཁང་བཟངས་ན་བཞུགས་ཏེ། འཁོར་ཐམས་ཅད་ལ་ཆོས་སྟོན་པ་དང་ཞེས་བྱ་བས་ནི་ཕུན་སུམ་ཚོགས་པའི་གླེང་གཞི་བསྟན་ཏེ། དེ་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་
ཞེས་བྱ་བ་ནི། སྡུད་པ་པོའི་ཐོས་པ་ཆེ་བ་ཉིད་དུ་བསྟན་ཏེ། བཅོམ་ལྡན་འདས་འོག་མིན་ལྷའི་རྒྱལ་པོའི་ཁང