Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 114

Văn bản gốc(Tây Tạng)

Trang 18 / 18 (50.000 ký tự/trang)
བརྩམས་ཏེ།
འཇིག་རྟེན་གྱི་མཆོད་རྟེན་ལགས་སོ་ཞེས་གསོལ་ཏོ་ཞེས་བྱ་བ་ཡན་ཆད་ཀྱིས་སྟོན་པས་རྗེས་སུ་ཡི་རང་བར་བསྟན་ཏོ། །དེ་ནས་ཕྱོགས་བཅུ་ཀུན་ནས་ཞེས་བྱ་བ་ནས་བརྩམས་ཏེ། དགའ་བ་འདི་དག་བཏང་ངོ་ཞེས་བྱ་བ་ཡན་ཆད་ཀྱིས་དགེ་བའི་བཤེས་གཉེན་དང་བསྟན་པ་ལ་དྲིན་གཟོ་ཞིང་
རྗེས་སུ་ཡི་རང་བར་བསྟན་ཏོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཞེས་བྱ་བ་ཡན་ཆད་ཀྱིས་སྟོན་པ་དང་བསྟན་པ་གཅེས་པར་བྱ་བ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེའི་ཞེས་བྱ་བ་ནས་བརྩམས་
ཏེ། དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞོལ་བ་ཡིན་ནོ་ཞེས་བྱ་བ་ཡན་ཆད་ཀྱིས་དེའི་རྒྱུ་བརྗོད་པ་བསྟན་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནས་བརྩམས་ཏེ། བག་ཙམ་གྱིས་ཀྱང་བར་ཆད་བགྱིད་དུ་མི་མཆིའོ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་པ་བསྲུང་བར་དམ་བཅས་པ་
བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཞེས་བྱ་བ་ནས་བརྩམས་ཏེ། ལེགས་སོ་ལེགས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་པ་གཏད་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ཞེས་
བྱ་བ་ནས་བརྩམས་ཏེ། ཁྱོད་འདྲ་བའི་སྐྱེས་བུ་དམ་པ་རྣམས་ལ་ཤིན་ཏུ་བཟོད་དོ་ཞེས་བྱ་བ་ཡན་ཆད་ཀྱིས། འགལ་བ་སྟོན་པ་ལ་བཟོད་པར་གསོལ་བ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་བརྩམས་ཏེ། འདི་ཇི་ལྟ་བུར་གཟུང་བར་བགྱི་ཞེས་བྱ་བ་ཡན་ཆད་ཀྱིས་

མཚན་དྲི་བ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པར་འགྱུར་རོ་ཞེས་བྱ་བ་ཡན་ཆད་ཀྱིས་མཚན་དུ་བྱ་བར་བསྟན་ཏོ། །མི་ཟད་པའི་ཆོས་ཀྱི་སྒོ་ཞེས་བྱ་བ་ནི་མདོ་སྡེ་འདི་ལས་མི་
ཟད་པར་གཏོགས་པའི་ཆོས་དཔག་ཏུ་མེད་པ་འབྱུང་བ་ན་མི་ཟད་པའི་ཆོས་ཀྱི་སྒོ་ཞེས་བྱའོ། །ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅེས་བྱ་བ་ནི་དགའ་བ་དང་། གཟེངས་མཐོས་པའི་ཚིག་འདི་སྐད་དུ་སྨྲས་སོ་ཞེས་བྱ་བའི་དོན་ཏོ། །མི་ཟད་པའི་རྣམ་པས་བསྟན་ཞེས་བྱ་བ་ནི་མི་ཟད་པའི་ཚུལ་
གྱིས་བསྟན་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དགབ་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཕྱིན་ཅི་མ་ལོག་པར་བཤད་པས། དེའི་ཕྱིར་བྱིན་པ་ནི་ཆོས་ཀྱི་དགབ་པའི་ཕྱིར་བྱིན་པའོ། །ལེགས་སོ་ལེགས་སོ་ཞེས་ལན་གཉིས་སུ་སྨྲས་པ་ནི་དོན་རྣམ་པ་གཉིས་ཀྱི་ཕྱིར་ཏེ། གདོན་མི་ཟ་བ་དང་གཞན་
མ་ཡིན་པའོ། །གདོན་མི་ཟ་བ་ནི་ངེས་པར་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ། ལེགས་སོ་ཞེས་བྱ་བ་དང་པོ་གསུངས་སོ། །ཕྱིན་ཅི་མ་ལོག་པར་བཤད་དེ་དོན་གཞན་མ་ཡིན་པས་ལེགས་སོ་ཞེས་བྱ་བ་གཉིས་པ་གསུངས་སོ། །ལེགས་པར་སྨྲས་སོ་ཞེས་བྱ་བ་ནི་ཕྱིན་ཅི་མ་
ལོག་པར་བཤད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་བའོ། །མཆོད་རྟེན་ལགས་སོ་ཞེས་པ་ནི་མྱ་ངན་ལས་འདས་པ་འདོད་པའི་སེམས་ཅན་རྣམས་དགེ་བ་བསགས་པར་བྱ་བའི་ཕྱིར་ཕྱག་འཚལ་བ་དང་བསྐོར་བའི་གནས་སུ་གྱུར་པ་ཞེས་བྱ་
བའི་དོན་ཏོ། །འདི་ཞེས་བྱ་བ་ནི་བློ་གྲོས་མི་ཟད་པའིའོ། །ཡང་དག་པའི་ཡོན་ཏན་བརྗོད་པ་ནི་དེའི་མཐུ་དང་ལྡན་པ་བདག་ཉིད་ཆེན་པོ་བརྗོད་པའོ། །ལྟ་བ་ནི་ཤའི་མིག་གིས་སོ། །ཕྱག་འཚལ་བ་ནི་ལུས་འདུད་པའོ། །མཆོད་པ་ནི་མེ་ཏོག་ལ་སོགས་པས་སོ། །བསྙེན་
བཀུར་ནི་བསྐོར་བ་ལ་སོགས་པའོ། །ཉན་པ་ནི་དངོས་པོ་ཉིད་དུ་ཚིག་དང་ཡི་གེ་ཉན་པའོ། །མོས་པ་ནི་སེམས་དང་ཞིང་ཡིད་ཆེས་པར་བྱེད་པའོ། །ཡོངས་སུ་འདྲི་བ་ནི་གཞུང་ཐམས་ཅད་གླེབས་བམ་དུ་འདྲི་བའོ། །འཛིན་པ་ནི་ཡི་གེ་དང་དོན་གཉིས་སེམས་ཀྱིས་བླངས་པའོ། །འཆང་བ་

ནི་དེ་ལྟར་བཟུང་ནས་བརྗེད་པར་བྱ་བ་མ་ཡིན་གྱི། དུས་ཐམས་ཅད་དུ་མི་བརྗེད་པར་འཆང་བའོ། །ཀློག་པ་ནི་དེ་ལྟར་མི་བརྗེད་པར་གཟུང་བ་དང་། དེ་ཕྱིར་ཞིང་ཡི་གེ་ལྟ་ཞིང་ཀློག་པའོ། །སྟོན་པ་ནི་ཇི་ལྟར་གཟུང་བའི་ཆོས་གཞན་ལ་ཡང་འཆད་པའོ། །ཀུན་ཆུབ་པར་བྱེད་པ་ནི་གཟུང་བ་
དང་འཆང་བ་དང་འཛིན་པ་དང་། ཀློག་པ་དེ་དག་གང་ཡང་རུང་མགོ་འཇུག་ཏུ་ཕྱིན་པར་བྱེད་པའོ། །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ནི། དོན་དང་ཚིག་དེ་དག་སེམས་ཅན་ཀུན་ལ་རྒྱ་ཆེར་སྤྲོས་ཏེ་བཤད་པའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ནི་རིགས་ལྔ་ལས་ཐེག་
པ་ཆེན་པོའི་རིགས་དང་ལྡན་པ་ལ་བྱ་བར་དགོངས་སོ། །བསྒོམ་པའི་རྣལ་འབྱོར་ལ་བརྩོན་པར་གནས་པ་ནི་བདག་ཉིད་མི་ཟད་པའི་དོན་བསྒོམ་པ་ལ་རྒྱུན་དུ་བརྩོན་པའོ། །བྱང་ཆུབ་ཀྱི་སེམས་མ་བརྗེད་པ་ཞེས་བྱ་བ་ནི་གཞན་ལ་ཕན་པར་འདོད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །བསྐྱོད་
པར་མི་ནུས་པ་ནི་བཟོད་པ་དེ་དཀྲུགས་ཤིང་མེད་པར་བྱར་མི་ནུས་པའོ། །ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བཟོད་པ་ཞེས་བྱ་བ་ནི་མི་ཟད་པའི་ཆོས་རྣམས་དང་མཐུན་པར་བཟོད་པའོ། །སྦྱོར་བ་ནི་སེམས་པའོ། །ངེས་པར་སེམས་པ་ནི་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །མི་གཡེང་བ་ནི་
གཡེང་བ་མེད་པའོ། །གཞན་གྱི་དྲིང་མི་འཇོག་པར་ཤེས་པ་ནི་གཞན་ལ་བརྟེན་མི་དགོས་པར་ཤེས་པའོ། །རབ་ཏུ་རྣམ་པར་འབྱེད་པར་ཤེས་པ་ནི་མི་ཟད་པ་རྣམས་ཀྱི་མཚན་ཉིད་སོ་སོར་མ་འདྲེས་པར་དབྱེ་བ་ཤེས་པའོ། །སངས་རྒྱས་ཀྱི་ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །རྒྱ་
ཞེས་བྱ་བ་ནི་ས་བཅུར་འདྲེན་པར་བྱེད་པའི་གཞི་དང་རྟེན་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །རྒྱ་འདི་ལ་ཡང་དག་པར་གཞོལ་བ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འདི་བསྒྲུབས་ན་ཆོས་ཀྱི་རྣམ་གྲངས་ཐམས་ཅད་སྒྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་བསྲུང་བ་བགྱི་ཞེས་བྱ་བ་ནི་ཆོས་འཆད་པ་ལ་བར་ཆད་མེད་པར་
བསྲུང་བའོ། །སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་བཏགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྟོབས་ནི་བདུད་ཀྱི་འཁོར་གྱི་གཡོག་རྣམས་སོ། །བསྲུང་བ་དང་བསྐྱབ་པ་དང་སྦ་བ་ནི་མི་དགེ་བའི་ལས་རྣམ་པ་གསུམ་ལས་སོ། །དེ་ལ་མཐོང་བའི་

ཆོས་ལ་མྱོང་བའི་ལས་ལས་ནི་བསྲུང་བའོ། །སྐྱེས་ནས་མྱོང་བའི་ལས་ལས་ནི་བསྐྱབ་པའོ། །ཚེ་རབས་གཞན་དུ་མྱོང་བའི་ལས་ལས་ནི་སྦ་བའོ། །ཡང་ན་གནོད་པ་གཉིས་འབྱུང་སྟེ། རང་གི་རྐྱེན་ལས་འབྱུང་བ་དང་། གཞན་གྱི་རྐྱེན་ལས་འབྱུང་བའོ། །གཞན་གྱི་རྐྱེན་ལས་འབྱུང་བ་ཡང་
རྣམ་པ་གཉིས་ཏེ། སེམས་ཅན་མ་ཡིན་པའི་གྲངས་ཀྱི་རྐྱེན་ལས་འབྱུང་བ་དང་། སེམས་ཅན་གྱི་གྲངས་ཀྱི་རྐྱེན་ལས་འབྱུང་བའོ། །བདག་གི་ལས་ཀྱི་རྐྱེན་ལས་འབྱུང་བ་ལས་ནི་བསྲུང་བའོ། །སེམས་ཅན་མ་ཡིན་པའི་གྲངས་ཀྱི་གནོད་པ་རླུང་དང་ཚ་བ་ལ་སོགས་པ་ལས་ནི་བསྐྱབ་པའོ། །སེམས་ཅན་
གྱི་གྲངས་ཀྱི་གནོད་པ་བརྡེག་པ་དང་བཅིང་བ་ལ་སོགས་པ་ལས་ནི་སྦ་བའོ། །སྙིང་ལས་ཆུང་ངུར་གྱིས་ཤིག་ཅེས་བྱ་བ་ནི་རྒྱས་པར་རྣམ་པར་དབྱེ་བའི་སྒོ་ནས་ཁྱོད་འབད་མི་དགོས་ཞེས་བྱ་བའི་དོན་ཏོ། །དམ་པའི་ཆོས་བཟུང་བ་འཇིག་རྟེན་དུ་རིང་དུ་གནས་ཤིང་མི་ནུབ་པར་བྱའོ། །སླད་མའི་
དུས་ལྔ་བརྒྱ་ཐ་མ་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་འཕེལ་བ་དང་། འགྲིབ་པའི་ཚུལ་བསྟན་པའི་ཕྱིར་དུས་ཀྱི་ཁྱད་པར་བརྗོད་པའོ། །དེ་ཡང་དཔེར་ན་མིའི་ཚེ་ལོ་བརྒྱ་ཐུབ་པ་ལ་ལོ་ལྔ་བཅུའི་བར་དུ་ནི་འཕེལ་བའི་དུས་ཏེ། ལུས་དང་། ཤེས་རབ་དང་། རྩལ་ལ་སོགས་པ་འཕེལ་ཞིང་
སྐྱེ་བའོ། །དེ་ལྟར་ལོ་ལྔ་བཅུ་འདས་ནས་དེའི་ཕྱི་མའི་ལྔ་བཅུ་ནི་འགྲིབ་པའི་དུས་ཏེ། ལུས་དང་། ཤེས་རབ་དང་། རྩལ་ལ་སོགས་པ་ཤིན་ཏུ་ཉམས་ཤིང་བྲི་ནས་ཐ་མར་རྒ་ཤི་ལ་ཐུག་སྟེ་ཟད་པར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་འབྲས་བུ་ཐོབ་པ་དང་། ཤིན་ཏུ་རྒྱས་
པའི་དུས་ནི་ལོ་སྟོང་ཤིག་འཛམ་བུའི་གླིང་ན་གནས་སོ། །དེའི་ཕྱེད་དུ་བགོས་ཏེ་ལྔ་བརྒྱ་སྔ་མ་ནི་འཕེལ་བའི་དུས་སུ་གཞག་ལ། ལྔ་བརྒྱ་ཕྱི་མ་ནི་འགྲིབ་པའི་དུས་སུ་གཞག་གོ། །འཕེལ་བ་ནི་ལོ་བརྒྱད་ཅུའི་བར་དུ་ཤཱཀྱ་ཐུབ་པ་མྱ་ངན་ལས་མ་འདས་ཏེ། དེའི་དུས་སུ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་
ལ་སོགས་པ་འཕགས་པ་ཕྱོགས་བཅུ་ནས་དགེ་བའི་རྩ་བ་སྨིན་ཏེ་ལྷག་མ་རྣམས་ཀྱང་ཤིན་ཏུ་ལྷག་པར་རྣམ་པར་གྲོལ། གཞན་ལྷ་དང་མི་ལ་སོགས་པ་ཡང་དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་བསྟན་ཅིང་མངོན་སུམ་དུ་ཡོངས་སུ་སྨིན་ཏེ། ཡོངས་སུ་བཀྲོལ་བས་ལྷག་པར་འབྲས་བུ་འཐོབ་པོ། །དེ་ནས་སངས་

རྒྱས་མྱ་ངན་ལས་འདས་ནས་ཀྱང་ལོ་ལྔ་བརྒྱ་སྔ་མ་འདས་ཀྱི་བར་དུ་ནི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཆེན་པོ་དག་སངས་རྒྱས་ཀྱི་བསྟན་པ་རྣམས་ཤིན་ཏུ་འཛིན་ཅིང་འཛམ་བུའི་གླིང་ན་ཁྱབ་པར་གྲངས་མང་དུ་གནས་ཏེ། དེ་དག་གིས་ཀྱང་ལྷ་དང་མི་ལ་སོགས་པ་ཤིན་ཏུ་ཚད་མེད་པ་ཡོངས་སུ་སྨིན་པ་དང་། ཡོངས་སུ་
གྲོལ་བར་བྱས་ཏེ་འབྲས་བུ་ཐོབ་པར་གྱུར་ཏོ། །དཔེར་ན་དུས་དེའི་ཚེ་ན་གཏམ་དུ་བརྗོད་པ། འཕགས་པ་ཉན་ཐོས་ཨུ་པ་གུཔྟ་ཞེས་བྱ་བ་ཞིག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་བཟུང་ནས་སེམས་ཅན་གྲངས་མེད་པ་བསྒྲལ་ཏེ། ཇི་སྙེད་ཅིག་བསྒྲལ་བ་དེ་དག་བྱང་བུ་ལ་བྲིས་ཏེ་བསགས་པས་རང་གི་ཁང་པ་གང་ངོ་ཞེས་བྱ་བ་
དང་། དགེ་སློང་དེས་བདུད་ཀྱང་བཏུལ་ཏེ་དེ་དགེ་སློང་དེ་དུས་གཞན་ཞིག་ན། བསམ་གཏན་བྱེད་པའི་ཚེ་དེའི་ཐད་དུ་བདུད་ཅིག་འོངས་པས་མ་ཚོར་བར་མགོ་ལ་མེ་ཏོག་གི་ཕྲེང་བ་གཞག་གོ། །དེ་ནས་དགེ་སློང་དེས་ཀྱང་ཚོར་ཏེ་བདུད་དེ་ལ་གདུལ་བའི་སྐབས་སྣང་ངོ་སྙམ་ནས། ཁྱི་རོ་འབུ་ཅན་ཞིག་ཏུ་སྤྲུལ་ཏེ་བདུད་ཀྱི་ལུས་ལ་སེ་མོ་
དོར་བཏགས་ནས། བདུད་ཀྱིས་དོར་དུ་མི་ནུས་པར་བྱིན་གྱིས་བརླབས་སོ། །དེ་ནས་བདུད་དེ་རང་གིས་དོར་མ་ནུས་ནས། བརྒྱ་བྱིན་གྱི་ཐད་དུ་ཕྱིན་ཏེ་གསོལ་བ་བཏབ་ན་དེས་ཀྱང་གྲོགས་མ་བྱས་སོ། །དེ་ཚངས་པའི་ཐད་དུ་ཕྱིན་ཏེ། གསོལ་བ་བཏབ་ན་ཡང་ཚངས་པས་ཀྱང་མ་བཀྲོལ་ཏེ། ཐ་མ་དགེ་སློང་གི་མགོ་ལ་མེ་ཏོག་
བཞག་པས་ཉེས་སོ་ཞེས་དགེ་སློང་གི་ཐོག་ཏུ་བཏང་ངོ་། །དེ་ནས་དགེ་སློང་ལ་ཕྱག་འཚལ་ཏེ་གསོལ་བ་བཏབ་ནས་དགེ་སློང་ཨུ་པ་གུཔྟ་སྔོན་སངས་རྒྱས་མ་མཐོང་བ་དེ་བདུད་ཀྱིས་སངས་རྒྱས་མཚན་དང་ལྡན་པ་ཉན་ཐོས་ཀྱི་འཁོར་དང་བཅས་པ་ཅིག་སྤྲུལ་ཏེ་བསྟན་ན་ཁྱི་རོ་དགྲོལ་བར་དམ་བཅས་ཏེ་ཁྱི་རོ་བཀྲོལ་ནས་སངས་
རྒྱས་འཁོར་དང་བཅས་པར་སྤྲུལ་ནས་བསྟན་ཏོ་ཞེས་བྱ་བ་ལྟ་བུའོ། །དེ་བས་ན་ལྔ་བརྒྱ་སྔ་མ་ནི་དུས་བཟང་པོ་སྟེ་དུས་དེ་ལ་ལྟོས་ནས་ཁྱད་པར་སྨྲས་པ་ནི་ལྔ་བརྒྱ་ཕྱི་མ་ཞེས་བྱའོ། །དེ་ལྟ་མོད་ཀྱི་ལྔ་བརྒྱ་ཕྱི་མའི་དུས་དེ་ན་ཡང་ལོ་ལྔ་བརྒྱའི་བར་དུ་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་འཕགས་པ་
གྲངས་མང་དུ་འཛམ་བུའི་གླིང་ན་གནས་ཏེ། དེ་དག་གིས་ཀྱང་ལྷ་དང་མི་ལ་སོགས་པ་ཤིན་ཏུ་ཚད་མེད་པ་ཡོངས་སུ་སྨིན་པ་དང་། ཡོངས་སུ་བཀྲོལ་ཏེ་འབྲས་བུ་ཐོབ་པར་བྱས་སོ། །དེ་ལྟར་འབྲས་བུ་ཐོབ་པ་ལ་སོགས་པར་གྱུར་ཀྱང་། ལྔ་བརྒྱ་སྔ་མ་དང་སྦྱར་ན་དེའི་དུས་ངན་པའི་ཕྱིར་ལྔ་བརྒྱ་ཕྱི་མ་ཞེས་

སྨོས་ཏེ། ལྔ་བརྒྱ་ཕྱི་མའི་མགོ་ནས་སངས་རྒྱས་ཀྱི་ཆོས་ནམ་འཛམ་བུའི་གླིང་ན་མེད་པར་མ་གྱུར་གྱི་བར་དུ་ལྔ་བརྒྱ་ཕྱི་མ་ཞེས་བྱ་བའི་དུས་སུ་བསྡུའོ། །ལྔ་བརྒྱ་ཕྱི་མའི་དང་པོ་ཚུན་ཆད་དུས་ངན་པར་གཞག་མོད་ཀྱི། འོན་ཀྱང་ལོ་ལྔ་བརྒྱའི་བར་དུ་ནི་དུས་ངན་པའི་ནང་ནས་ཀྱང་འབྲས་
བུ་ཐོབ་པ་ནི་ཤིན་ཏུ་མི་དཀའ་བའི་ཕྱིར། དུས་ངན་པའི་ཡང་ངན་པ་ཁྱད་པར་དུ་སྨོས་པའོ། །ལྔ་བརྒྱ་ཕྱི་མའི་ལོ་འདས་ཕྱིན་ཆད་ནས་ཆོས་མེད་ཀྱི་བར་དུ་དུས་ངན་པའི་ཡང་ངན་པར་གཞག་མོད་ཀྱི། དེའི་ཚེ་ན་ཡང་བརྩོན་འགྲུས་དང་ནན་ཏན་བྱས་ནས་འབྲས་བུ་མི་ཐོབ་པ་ཡང་མ་ཡིན། བྱང་
ཆུབ་སེམས་དཔའ་དང་། ཉན་ཐོས་འགའ་ཙམ་འཇིག་རྟེན་དུ་མི་འབྱུང་བ་ཡང་མ་ཡིན་ནོ། །བདག་བློ་ཞན་པས་ཞེས་བྱ་བ་ནི་བདག་གི་ཤེས་རབ་དང་ཡེ་ཤེས་ཆུང་བས་ཞེས་བྱ་བའི་དོན་ཏོ། །འགོག་པ་ལ་ཡང་འཁྲུལ་པ་མེད་ཅེས་བྱ་བ་ནི་སྟོང་པ་ཉིད་དུ་སྟོན་པ་ལ་ཡང་འཁྲུལ་བ་
མེད་པའོ། །རྟོགས་པ་ཁོང་དུ་ཆུད་ཅིང་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའོ། །ཡང་དག་པའི་དོན་རྣམ་པར་ངེས་པ་ཐོབ་པ་ཡིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པ་དང་། གཏན་ལ་ཕབ་པར་ཁོང་དུ་ཆུད་ཅིང་སྟོན་ནུས་པ་ཐོབ་པ་ཡིན་ཞེས་བྱ་བའི་དོན་
ཏོ། །དམ་པ་ནི་ཉན་ཐོས་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་ལས་ཁྱད་པར་དུ་འཕགས་པའོ། །མཆོག་ཐོབ་པ་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན་པས་ཀྱང་མཆོག་ཏུ་གྱུར་པའོ། །མིང་ཅི་ལགས་ཞེས་པ་ནི་བདག་གི་དོན་དུ་བྲིས་
པ་སྟེ། བདག་གི་མིང་ཇི་ལྟར་འཚལ་བར་བགྱི་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གཟུང་བར་བགྱི་ཞེས་བྱ་བ་ནི་གཞན་གྱི་དོན་དུ་དྲིས་པ་སྟེ། བདག་གིས་བཟུང་ནས་གཞན་ལ་འཆད་ཅིང་ཐ་སྙད་དུ་བགྱིད་པའི་ཚེ་ན་ཡང་། ཇི་ལྟར་འཛིན་དུ་སྩལ་ཞེས་བྱ་བའི་དོན་ཏོ། །འཕགས་
པ་བློ་གྲོས་མི་ཟད་པའི་མདོ་རིམ་གྱིས་མི་ཟད་པ་རྣམས་ཀྱི་ལུས་རྣམ་པར་གཞག་པ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་ཏེ་དེར་བལྟ་བར་བྱའོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་བཤད་པ་རྫོགས་སོ།། །།