Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 114

Văn bản gốc(Tây Tạng)

Trang 17 / 18 (50.000 ký tự/trang)
སམ་གཏན་དང་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ཀྱང་ཐུལ་བར་མི་
ནུས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་གྱི་སྟོབས་དང་ལྡན་པས་བསམ་གཏན་དང་པོ་ལ་སོགས་པ་བཞི་པོ་རྣམས་ཀྱི་གནས་ལ། བསམ་གཏན་དེ་དག་གི་མི་མཐུན་པའི་ཕྱོགས་སྒྲ་ཅ་ཅོ་དང་། རྟོག་དཔྱོད་དང་། དགའ་ཞིང་མགུ་བ་དང་། བཏང་སྙོམས་མ་ཡིན་པ་རྣམས་ཀྱིས་ཀྱང་
བར་དུ་གཅོད་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མཉམ་པར་གཞག་པའི་གནས་ཀྱང་མི་གཏོང་ལ་ཞེས་བྱ་བ་ལ་སོགས་པ་ནི། བསམ་གཏན་དང་པོ་ལ་སོགས་པའི་མཉམ་པར་བཞག་པ་རྣམས་ལ་རྒྱུན་དུ་སྤྱོད་ཀྱང་བསམ་གཏན་དེ་དག་གི་དབང་དུ་གྱུར་ནས། གཟུགས་ཀྱི་ཁམས་འབའ་
ཞིག་ཏུ་ཡང་མི་སྐྱེ་སྟེ་སྨོན་ལམ་གྱི་དབང་གིས། སེམས་ཅན་གྱི་དོན་དུ་ས་འོག་མ་རྣམས་སུ་ཡང་བསམས་བཞིན་ནི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་མི་ཚུགས་པ་ནི་གང་ཤེས་རབ་ཀྱི་སྟོབས་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཤེས་རབ་ཀྱི་སྟོབས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་

གསུངས་སོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་མི་མཐུན་པར་ཤེས་པ་ཞེས་བྱ་བ་ལ། འཇིག་རྟེན་པའི་ཆོས་ནི་རིག་པའི་གནས་བཞིའོ། །བཟོ་དང་། གསོ་བ་དང་། གཏན་ཚིགས་དང་། སྒྲ་རིག་པ་རྣམས་སོ། །འཇིག་
རྟེན་ལས་འདས་པའི་ཆོས་ནི་ནང་རིག་པ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་སོ། །མི་ཐུལ་བར་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་སྒྲིབ་ཅིང་བར་དུ་གཅོད་མི་ནུས་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཤེས་པའོ། །ཆོས་དེ་རྣམས་ལ་མི་ཐུལ་
བར་ཤེས་པ་རྒྱས་པར་བསྟན་པའི་ཕྱིར། ཚེ་རབས་ཚེ་རབས་སུ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ལ་མངོན་དུ་འགྱུར་རོ་ཞེས་བྱ་བ་ཡན་ཆད་ནི་འཇིག་རྟེན་པའི་ཆོས་ལ་མི་ཐུལ་བར་ཤེས་པ་བསྟན་ཏོ། །གང་ཡང་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནས་
བརྩམས་ཏེ། རྗེས་སུ་རྟོགས་ཏེ་ཞེས་བྱ་བ་ཡན་ཆད་ནི་འཇིག་རྟེན་ལས་འདས་པའི་ཆོས་ལ་མི་ཐུལ་བར་ཤེས་པ་བསྟན་ཏོ། །ཚེ་རབས་ཚེ་རབས་སུ་ཞེས་བྱ་བ་ནི་ལྷ་དང་མིའི་གནས་དེ་དག་ཏུ་བདག་གི་ཕུང་པོ་སྐྱེས་ཤིང་ཚེ་བླངས་པའོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེའོ། །བཟོའི་ལས་ནི་
དྲ་བ་བཙེམ་པ་ལ་སོགས་ཏེ། བཟོ་རིག་པ་རང་གི་མིང་གིས་བསྟན་ཏོ། །རིག་པ་ཞེས་སྨོས་པ་ནི་རིག་པའི་གནས་ལྷག་མ་གསུམ་བསྟན་ཏོ། །སྔགས་ནི་གཞན་གྱི་དམག་གི་སྡེ་མནན་པ་དང་། སྦྲུལ་ལ་སོགས་པའི་དུག་མེད་པར་བྱ་བའི་ཐབས་སོ། །སྟོབས་ནི་མཚོན་ཆ་འཕང་བ་དང་། གླང་
པོ་ཆེ་འདེགས་པ་ལ་སོགས་པའི་རྩལ་ལོ། །མངོན་དུ་འགྱུར་བ་ནི་ཤེས་པར་གྱུར་པའོ། །དམ་པ་ཞེས་བྱ་བ་ནི་ལས་སུ་བྱ་བ་དང་། ཤེས་པར་བྱ་བ་གཙོ་བོར་གྱུར་པ་སྟེ། བྱ་དཀའ་བ་ནི་བསྒྲུབ་ཅིང་ཤེས་པར་བྱ་དཀའ་བའོ། །བཟོད་པར་དཀའ་བ་ནི་དེ་དག་སྒྲུབ་པ་ན་སྡུག་བསྔལ་ཉམས་སུ་བླང་དཀའ་
བའོ། །ཐོབ་པར་དཀའ་བ་ནི་འབྲས་བུ་ཐོབ་པར་བྱ་དཀའ་བའོ། །འཇིག་རྟེན་ལས་འདས་པའི་ཆོས་གང་དང་གང་དག་གིས་འཇིག་རྟེན་ལས་འདའ་བ་ཞེས་བྱ་བ་ནི་འཕགས་པའི་ལམ་གང་གིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ལམ་དེ་དག་ཤེས་སོ་ཞེས་བྱ་བར་སྦྱར་རོ། །བཅས་པ་

ཞེས་བྱ་བའི་སྒྲས་མི་དང་བདུད་ལ་སོགས་པ་ཡང་བསྡུས་པ་ཡིན་ནོ། །མི་བརྫི་བ་ནི་དེ་དག་གི་ཤེས་པས་མི་ཐུབ་པའོ། །སྟོབས་ལྔ་མི་ཟད་པ་བཤད་ཟིན་ཏོ།། །།དྲན་པ་ཤིན་ཏུ་འབྲེལ་པ་དང་། རབ་ཏུ་ཤེས་པ་ཤིན་ཏུ་འབྲེལ་པ་དང་། བརྩོན་འགྲུས་ཤིན་ཏུ་འབྲེལ་པ་དང་། དགའ་བ་ཤིན་ཏུ་
འབྲེལ་པ་དང་། བག་ཡངས་ཤིན་ཏུ་འབྲེལ་པ་དང་། ཏིང་ངེ་འཛིན་ཤིན་ཏུ་འབྲེལ་པ་དང་། བཏང་སྙོམས་ཤིན་ཏུ་འབྲེལ་པ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་གསུངས་ཏེ། འདི་བསྡུས་པའི་དོན་མཐོང་བའི་ལམ་
བསྟན་པར་ཡང་སྦྱར་རོ། །བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ལ། བྱང་ཆུབ་ནི་ཟད་པ་མི་སྐྱེ་བའི་ཡེ་ཤེས་རྣམ་པར་མི་རྟོག་པའི་རང་བཞིན་ལ་བྱའོ། །དྲན་པ་ལ་སོགས་པ་བདུན་པོ་འདི་རྣམས་ནི་བྱང་ཆུབ་དེ་ཐོབ་པར་བྱེད་པའི་རྒྱུ་འམ། གྲོགས་ཡིན་པས་ན་ཡན་ལག་ཅེས་བྱ་སྟེ། ཇི་ལྟར་ཡན་
ལག་ཡིན་པར་ནི་ཕྱིས་བཤད་དོ། །དེ་དག་མི་ཟད་པ་ཡང་དྲན་པར་བྱ་བ་ལ་སོགས་པའི་ཆོས་རྣམས་མི་ཟད་པའི་ཕྱིར་མི་ཟད་པའོ། །དྲན་པ་ཤིན་ཏུ་འབྲེལ་པའི་བྱང་ཆུབ་སེམས་དཔའ་ནི་ཡང་དག་པའི་ངེས་པ་ཉམས་འོག་ཏུ་ཆུད་ཅིང་། དྲན་པ་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་ཐོབ་པ་སྟེ། དེའི་དབང་
དུ་བྱས་ནས། དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་ཞེས་བྱ་བ་གསུངས་སོ། །དྲན་པ་ཤིན་ཏུ་འབྲེལ་པ་ལ་ཇི་ལྟ་བ་དེ་བཞིན། བཏང་སྙོམས་ཤིན་ཏུ་འབྲེལ་པའི་བར་དུ་ཅི་རིགས་པར་ཤེས་པར་བྱ་སྟེ། འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་ནི་གོང་མ་བཞིན་དུ་ལྟའོ། །དྲན་པ་གང་
གིས་ཞེས་བྱ་བ་ནི་ཆོས་རྣམས་སེམས་ལ་གསལ་ཞིང་མ་བརྗེད་པའི་དྲན་པ་གང་གིས་སོ། །ཆོས་རྣམས་རྟོག་པར་འགྱུར་བ་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་སྟེ། ལྷག་མ་རྣམས་ནི་བཤད་པའི་ཚིག་གོ། །དྲན་པས་རྟོགས་པའི་ཆོས་རྣམས་ཀྱང་རྣམ་པ་གསུམ་སྟེ། ཆོས་ཀྱི་དབྱིངས་རྟོགས་པ་དང་།
དེའི་ལམ་རྟོགས་པ་དང་། ལམ་དེ་སྟོན་པའི་གཞུང་རྟོགས་པའོ། །ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱ་བས་ཆོས་ཀྱི་དབྱིངས་རྟོགས་པ་བསྟན་ཏེ། སོ་སོར་གྱི་སྒྲ་ཕྱིན་ཅི་མ་ལོག་པའི་སྒྲར་འགྲོ་བས་ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་མངོན་སུམ་དུ་གྱུར་པའོ། །ཆོས་རྣམས་ལ་དཔྱོད་པ་དང་ཞེས་བྱ་བས་

དེའི་ལམ་རྟོགས་པ་བསྟན་ཏེ། ཆོས་ཀྱི་དབྱིངས་རྟོགས་པར་བྱ་བའི་ལམ་གང་ཡིན་པ་ཁོང་དུ་ཆུད་པའོ། །ཆོས་རྣམས་ལ་ཀུན་དུ་འགྲོ་བ་ཞེས་བྱ་བས་ལམ་དེ་སྟོན་པའི་གཞུང་རྟོགས་པ་བསྟན་ཏེ། ལམ་དེ་སྟོན་པའི་གསུང་རབ་ཀྱི་ཆོས་རྣམས་གང་དང་གང་གི་ཕྱོགས་སུ་རྟོགས་པ་སེམས་ལ་
རྟོགས་ཤིང་གཞན་ལ་སྟོན་པ་ལ་ཡང་ནོར་བ་མེད་པའི་ཕྱིར་རོ། །དེ་ཡང་བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱིས་དེ། ཆོས་རྣམས་ལ་བསམ་པ་དང་ཞེས་བྱ་བས་བསམ་པའི་ཤེས་རབ་བསྟན་ཏེ། ཆོས་རྣམས་ཀྱི་དོན་ཁོང་དུ་ཆུད་པའི་ཕྱིར་རོ། །ཆོས་རྣམས་ལ་རྗེས་སུ་རྟོགས་པ་ཞེས་བྱ་བས་བསྒོམ་པའི་
ཤེས་རབ་བསྟན་ཏེ། བསམ་པས་རྙེད་པའི་ཆོས་ལ་ཡང་ནས་ཡང་དུ་བསྒོམ་པའི་ཕྱིར་ཏེ་དེ་ནི་དྲན་པའོ། །རབ་ཏུ་ཤེས་པ་ཤིན་ཏུ་འབྲེལ་པ་ནི་གང་ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ལ་ཤིན་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་ནི། རྣམ་པར་འབྱེད་པ་ཤེས་པའོ། །དེ་ཉིད་ཀྱི་དོན་གང་ཡིན་པ་བསྟན་པའི་ཕྱིར་གང་དང་གང་། ཇི་ལྟ་ཇི་ལྟ་བུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་གང་དང་གང་། གང་གི་ཆ་དང་ཕྱོགས་སུ་གཏོགས་པ་ཇི་ལྟ་ཇི་ལྟ་བུར་དེའི་ཟླ་དང་
ཕྱོགས་སུ་བསླན་ཞིང་། དབྱེ་བར་བྱ་བའི་ཆོས་དེ་དང་དེ་དག་ལ་འདི་ནི་འདིའི་ཕྱོགས་སུ་གཏོགས་ཞེས་བྱ་བ་ལ་སོགས་པ་དང་། གང་དང་གང་གི་ཟླ་ལ་གཏོགས་པ་ཤེས་ཤིང་། ཆ་ཆར་སོ་སོར་རྣམ་པར་འབྱེད་པ་ཤེས་པའོ། །བརྡ་དང་རྣམ་པར་ངེས་པ་ནི་ཐ་སྙད་དང་གཏན་ལ་ཕབ་པའི་དོན་ལ་བྱ་
སྟེ། ངེས་པའི་དོན་ནས་རྣམ་པར་ངེས་པའི་བར་གྱི་ཆོས་གང་དང་གང་གསུངས་པ་དེ་དག་ཀྱང་དེ་དག་སོ་སོའི་སྡེ་ཚན་དུ་གཏོགས་པར་ཤེས་པའོ། །བརྩོན་འགྲུས་ཤིན་ཏུ་འབྲེལ་པ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་ཞུགས་ཏེ། དེ་བསྟན་པའི་དབང་དུ་བྱས་ནས། དེ་ལ་བརྩོན་
འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཞེས་བྱ་བའི་ཚིག་གོང་དུ་བསྟན་པ་ཆོས་རྣམ་པར་འབྱེད་པ་ལ་སོགས་པ་སྙེགས་སོ། །རབ་ཏུ་འཛིན་པ་ནི་ཆོས་དེ་དག་སེམས་ལ་མི་བརྗེད་པར་འཛིན་པ་སྟེ། ཕྱིར་ཞེས་བྱ་བའི་སྒྲ་ཐམས་ཅད་དང་སྦྱར་རོ། །སྤྲོ་

བ་ནི་ཆོས་དེ་དག་སྒྲུབ་པར་འདོད་པའོ། །སྟོབས་ནི་ལེ་ལོའི་དབང་དུ་མི་འགྱུར་བའོ། །བརྟུལ་བ་ནི་ཉོན་མོངས་པ་གཞན་གྱིས་མི་ཚུགས་པའོ། །ཕྱིར་མི་ལྡོག་པ་ནི་དགེ་བ་བསྒྲུབ་པ་མི་འདོར་བའོ། །འདུན་པ་ནི་ཆོས་དེ་དག་ལ་དེ་བཞིན་དུ་ཡིད་ཆེས་ནས་བྱེད་པའོ། །མཐུ་ནི་བདུད་ལ་སོགས་པས་མི་ཟློགས་
པའོ། །བརྩོན་འགྲུས་མི་གཏོང་བ་ནི་བསྒོམ་པ་རྒྱུན་དུ་བྱ་བ་མི་གཏོང་བའོ། །ལམ་མངོན་པར་རྟོགས་པར་བྱ་བ་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང་། ས་བཅུའི་ལམ་རྟོགས་པར་བྱ་བའོ། །ཕྱིར་ནི་དེ་དག་གི་དོན་དུའམ། ཆེད་དུའོ། །བརྩོན་པ་འདི་ནི་ཞེས་བྱ་བ་ནི་འབད་པ་འདི་ནི་ཞེས་བྱ་
བའི་ཐ་ཚིག་གོ། །དགའ་བ་ཤིན་ཏུ་འབྲེལ་པ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་དགའ་བ་ཇི་ལྟ་བུ་གང་གིས་གང་བསྒྲུབས་ཤིང་།
དེའི་མཐུན་པ་སྤངས་པ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་དགའ་བ་ཇི་ལྟ་བུས་ནི། དུས་གསུམ་གྱི་ཆོས་ཐོབ་པར་དགའ་བའི་དགའ་བ་སྟེ། ཆོས་ལ་རབ་ཏུ་དགའ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་བསྟན་ཏོ། །དེ་ལ་འདས་པའི་ཆོས་རྣམས་ལ་དམིགས་ནས།
སེམས་ལ་མོས་པ་སྐྱེས་པ་ནི་ཆོས་ལ་དགའ་བའོ། །མ་འོངས་པའི་ཆོས་ལ་དམིགས་ནས། སེམས་ལ་མོས་པ་སྐྱེས་པ་ནི་ཆོས་ལ་མོས་པའོ། །ད་ལྟར་གྱི་ཆོས་ལ་དམིགས་ནས། སེམས་ལ་མོས་པ་སྐྱེས་པ་ནི་ཆོས་ལ་མཆོག་ཏུ་དགའ་བའོ། །དགའ་བ་གང་ཡིན་པ་དེ་ཉིད་ཀྱིས་རྒྱུ་བྱས་ནས་སེམས་ཞུམ་པ་
དང་སྤྲོས་པར་གྱུར་པ་སྟེ། སེམས་མ་གོང་བ་དང་ཞེས་བྱ་བ་ལ་སོགས་པ་ཚིག་གཉིས་ཀྱིས་བསྟན་ཏོ། །སེམས་མ་གོང་བ་ནི་མི་ནུས་སོ་སྙམ་དུ་སེམས་ཞུམ་ཞིང་དགའ་བ་སྲོ་ཤི་བར་མ་གྱུར་པའོ། །དད་ཅིང་འདུན་པ་ནི་དགའ་བ་ཁྱད་པར་དུ་འཕགས་པ་སྐྱེས་ཤིང་ལྷག་པར་འཇུག་པར་སེམས་མོས་པའོ། །
གང་བསྒྲུབ་པ་ནི་དགའ་བ་དེས་ལུས་དང་སེམས་ལས་སུ་རུང་བ་བསྒྲུབས་པ་སྟེ། དེ་ཡང་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་བ་ཞེས་བྱ་བས་བསྟན་ཏོ། །ལུས་ལས་སུ་རུང་བ་ནི་གཟུགས་ཀྱི་ཕུང་པོ་རྟེན་དུ་གྱུར་པས་ཉོན་མོངས་པ་སྐྱེ་བའི་རྒྱུ་མི་བྱེད་ཅིང་། ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མི་མཐུན་པར་གནས་

པའོ། །སེམས་ལས་སུ་རུང་བ་ནི་ཞུམ་པ་དང་། རྒོད་པའི་དབང་དུ་མ་གྱུར་ལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པས་དོན་རྟོགས་ཤིང་རྩེ་གཅིག་ཏུ་གནས་པར་ནུས་པའོ། །དེ་མི་མཐུན་པའི་ཕྱོགས་སྤོང་བ་ནི་དགའ་བའི་མི་མཐུན་པའི་ཕྱོགས་སམ། མཐོང་བའི་ལམ་ལ་བར་དུ་གཅོད་པའི་
མི་མཐུན་པའི་ཕྱོགས་སྤོང་བ་སྟེ། དེ་ཡང་ཉོན་མོངས་པ་རྣམས་སེལ་བ་ཞེས་བྱ་བས་བསྟན་ཏོ། །ཤིན་ཏུ་སྦྱངས་པའི་ཤིན་ཏུ་འབྲེལ་པ་ནི། གང་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་ཞེས་བྱ་
བ་ལ་སོགས་པ་གསུངས་སོ། །དེ་ཡང་གང་གིས་གང་སྤངས་ནས། དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གནས་པར་ནུས་པ་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །གང་གིས་སྤངས་ཤེ་ན། གང་ལུས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་བཤད་པའི་ལུས་
དང་སེམས་ལས་སུ་རུང་བས་སྤངས་སོ། །གང་སྤངས་པ་ནི་ཉོན་མོངས་པ་ལ་སོགས་པ་སྤངས་སོ། །དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གནས་པར་ནུས་པ་ནི། ཞི་གནས་ལ་འཇུག་པའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་འཇུག་པར་ནུས་པའོ། །ཞི་གནས་ཀྱི་དམིགས་པའི་དམིགས་པ་ནི། ཞི་གནས་
ལ་དམིགས་པའི་དམིགས་པ་ཞེས་བྱའོ། །ཏིང་ངེ་འཛིན་ཤིན་ཏུ་འབྲེལ་པ་ནི། གང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་ཏིང་ངེ་འཛིན་གང་གིས་
དེ་བཞིན་ཉིད་སོ་སོར་རང་གིས་རིག་ཅིང་དེ་བཞིན་ཉིད་མངོན་སུམ་དུ་བྱེད་པ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །སེམས་མཉམ་པར་གཞག་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སེམས་རྩེ་གཅིག་ཏུ་གཞག་པས་སོ། །ཆོས་ཀྱི་ཡེ་ཤེས་མངོན་པར་འཚང་རྒྱའི་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་
སོར་རང་གིས་རིག་པར་འགྱུར་གྱི་ཞེས་བྱ་བའི་དོན་ཏོ། །མཉམ་པར་མི་གཞག་པས་ནི་མ་ཡིན་ཞེས་བྱ་བས་ནི་སེམས་སྤྲོས་པ་དང་བཅས་པས་ནི་རང་བཞིན་རིག་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ཆོས་དེ་དག་མངོན་པར་རྫོགས་པར་འཚང་རྒྱའི་ཞེས་བྱ་བ་ནི། སྟོང་པ་ཉིད་མངོན་སུམ་དུ་འགྱུར་གྱི་ཞེས་བྱ་བའི་ཐ་ཚིག་སྟེ།

ཚིག་དེ་དག་ནི་སོ་སོའི་སྐྱེ་བོའི་དབང་དུ་བྱས་ནས་གསུངས་པའོ། །ཉན་ཐོས་ལ་སོགས་པའི་དབང་དུ་བྱས་ནས་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་འདོར་བ་ཙམ་གྱི་ཡེ་ཤེས་རང་གིས་རིག་ཅིང་ཆོས་ཀྱི་དབྱིངས་མངོན་སུམ་དུ་མི་འགྱུར་གྱི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དུ་སྟོང་པ་
ཉིད་དུ་མཉམ་པ་དང་། ཐ་དད་མེད་པར་ཤེས་ནས་དེ་གཉིས་མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཏང་སྙོམས་ཤིན་ཏུ་འབྲེལ་པ་ནི། གང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་བཏང་སྙོམས་ཡང་དག་ཅེས་བྱ་བ་ལ་སོགས་པ་
གསུངས་སོ། །སེམས་ཡོངས་སུ་མི་གཏུགས་པ་ཞེས་བྱ་བ་ནི་ཡིད་བདེ་བ་དང་མི་བདེ་བ་གང་གི་དབང་དུ་ཡང་མི་འགྱུར་ཞིང་ཆགས་པ་དང་། ཁོང་ཁྲོ་བས་སེམས་ཀུན་དུ་མི་ཟིན་པའོ། །འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་དབང་དུ་མི་འགྱུར་བ་དང་། རྙེད་པ་ལ་
སོགས་པ་དང་ལྡན་ཡང་མཐོ་བར་མི་སེམས། མ་རྙེད་པ་ལ་སོགས་པ་དང་ལྡན་ཡང་དམའ་བར་མི་སེམས་པའི་ཕྱིར། དེ་དག་གིས་མི་སྒུལ་བ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །གནོད་པ་མེད་པ་ནི་གནོད་པ་བྱས་ཀྱང་གནོད་པར་མི་ཚོར་བའོ། །འཕྲོགས་པ་མེད་པ་ནི་མི་མཐུན་
པའི་ཕྱོགས་ཀྱི་དབང་དུ་མི་འགྱུར་བའོ། །རྗེས་སུ་ཆགས་པ་དང་ཞེ་འགྲས་པ་མེད་པ་ནི་འདོད་ཆགས་དང་ཁོང་ཁྲོ་མེད་པའོ། །འཕགས་པའི་བདེན་པའི་ལམ་དང་མཐུན་པ་ནི། དེ་ལྟར་ཉོན་མོངས་པའི་དབང་དུ་མ་གྱུར་པ་སྟེ། བཏང་སྙོམས་པ་ལས་འཕགས་པའི་ལམ་གྱི་ཡན་ལག་འགྲུབ་པའི་ཕྱིར་རོ། །
འདི་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་གཞག་པ་ཡང་། དེ་ལ་དྲན་པ་ནི་རྟེན་གྱི་ཡན་ལག་སྟེ། དྲན་པ་ཉེ་བར་གནས་པར་གྱུར་ན། དགེ་བའི་ཆོས་ཐམས་ཅད་སེམས་ལ་གསལ་བའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་ནི། རང་བཞིན་གྱི་ཡན་ལག་སྟེ། དེ་ཉིད་བྱང་ཆུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །བརྩོན་
འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས་ཇི་སྲིད་འགྲོ་བར་བྱ་བར་ཕྱིན་པར་འགྲོ་བའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དེས་རྒྱུད་ལ་ཚིམ་པར་བྱེད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ཡན་ལག་གོ། །དེ་ལ་ཤིན་

ཏུ་སྦྱངས་པ་ནི་ཉོན་མོངས་པ་མེད་པ་སྟེ། དེས་གནས་ངན་ལེན་སྤོང་བར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པ་སྟེ། དེ་ལ་གནས་པའི་གནས་གཞན་དུ་འགྱུར་བའི་ཕྱིར་རོ། །བཏང་སྙོམས་ནི་ཉོན་མོངས་པ་མེད་པ་སྟེ། དེའི་དུས་ན་ཆགས་སེམས་དང་ཡིད་བདེ་བ་དང་བྲལ་བའི་
ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་མི་ཟད་པ་བདུན་བཤད་ཟིན་ཏོ།། །།རྣམ་པར་མི་རྟོག་པ་དང་། ཤིན་ཏུ་རྟོག་པ་དང་། དུལ་བ་དང་། ཞི་བ་དང་། རབ་ཏུ་ཞི་བ་དང་། ཤིན་ཏུ་བྱུང་བ་དང་། དགའ་བ་དང་ལྡན་པ་དང་། མཐུ་ཆེ་བ་དང་། བསྡུས་པའི་རྣལ་འབྱོར་ལ་སྤྱོད་པ་དང་། སྤྲོས་པའི་
རྣལ་འབྱོར་ལ་སྤྱོད་པ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་ལས་འཕགས་པའི་ལམ་ཡན་ལག་བརྒྱད་པས་ནི་བསྡུས་པའི་དོན་བསྒོམ་པའི་ལམ་བསྟན་ལ། ཞི་གནས་དང་ལྷག་མཐོང་གིས་ནི་སྦྱོར་བ་
བསྟན་པ་སྦྱར་རོ། །དེ་མི་ཟད་པ་ཡང་དེས་བསྒྲུབ་པར་བྱ་བའི་ཆོས་མི་ཟད་པའི་ཕྱིར། །སྒྲུབ་པར་བྱེད་པའི་ལམ་རྣམས་ཀྱང་མི་ཟད་པའོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། ལམ་ཞེས་བྱ་བ་ནི་ཞེས་བྱ་བ་ནས་བརྩམས་ཏེ། ཡང་དག་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ཡན་ཆད་ནི་
བསྟན་པའི་ཚུལ་ལོ། །ལྷག་མ་རྣམས་ནི་བཤད་པའི་ཚུལ་ལོ། །ལམ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་ཞེས་བྱ་བ་ལ། འཕགས་པ་རྣམས་ཡེ་ཤེས་གང་གིས་བླ་ན་མེད་པའི་བྱང་ཆུབ་འགྲུབ་པའི་ཡེ་ཤེས་དེ་ལ་ལམ་ཞེས་བྱའོ། །ལྟ་བ་ལ་སོགས་པ་བརྒྱད་པོ་དེ་རྣམས་ལམ་
གྱི་ཡེ་ཤེས་དེའི་གྲོགས་སུ་གྱུར་པའི་ཕྱིར་ཡན་ལག་ཅེས་བྱ་སྟེ། འཇིག་རྟེན་པའི་ལོག་པར་ལྟ་བ་ལས་བཟློག་པས་ན་ཡང་དག་པའོ། །རྣམ་པར་མི་རྟོག་པའི་བྱང་ཆུབ་སེམས་དཔའ་ནི་བསྒོམ་པའི་ལམ་ན་ཡང་དག་པའི་ལྟ་བ་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས་ཡང་དག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །གང་འདི་འཕགས་པ་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ལ། ཟག་པ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་ནི་ཡང་དག་པའི་ལྟ་བའོ། །དེ་ཉིད་གང་ཡིན་པ་རྒྱས་པར་བསྟན་པའི་ཕྱིར། བདག་ཏུ་ལྟ་བ་ལ་ཀུན་ནས་ལངས་པ་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

བདག་ཏུ་ལྟ་བ་ལས་བྱུང་ཞིང་སྐྱེས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དགེ་བ་དང་མི་དགེ་བ་ཞེས་བྱ་བ་ལ་སོགས་པ་ལ་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་དང་ལས་ཀྱི་འབྲས་བུ་ཡོད་པར་ལྟ་བ་ཡང་མཚན་མར་ལྟ་བ་ཡིན་པས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་མ་ཡིན་ཏེ། དེ་དག་ཡོད་པར་ལྟ་བ་
ལས་ཀྱང་བྱུང་བ་མ་ཡིན་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ཙམ་དུ་མཚན་མར་ལྟ་བ་དེ་ཐམས་ཅད་ལས་བྱུང་བ་མ་ཡིན་པར་སྟོན་ཏེ། མྱ་ངན་ལས་འདས་པ་ལ་ཡང་ཡོད་པར་ལྟ་ན། དངོས་པོར་ལྟ་བ་ཡིན་པས་ཡང་དག་པའི་ལྟ་བར་མི་འགྱུར་རོ། །ཤིན་ཏུ་རྣམ་
པར་རྟོག་པའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་པའི་ལམ་ན་ཡང་དག་པའི་རྟོག་པ་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས་དེ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མི་རྟོག་ཅེས་བྱ་བ་ནི་ཉོན་མོངས་པ་སྐྱེ་བའི་ཡུལ་དེ་དག་ལ་མི་རྟོག་པ་འམ། ཉོན་མོངས་པ་སྐྱེ་བའི་ཀུན་
དུ་རྟོག་པ་མི་སྐྱེད་པའོ། །དུལ་བའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་པའི་ལམ་ན། ཡང་དག་པའི་ངག་གིས་བསྡུས་པ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ལ་ཡང་
ཡོངས་སུ་གདུང་ཞེས་བྱ་བ་ལ་སོགས་པ་ནི་བདག་དང་གཞན་གྱི་སེམས་ལ་འགྱོད་པ་སྐྱེ་བར་མི་འགྱུར་རོ། །ཀུན་ནས་ཉོན་མོངས་པར་མི་བྱེད་པ་ནི་ཚིག་དེས་བདག་དང་གཞན་འདོད་ཆགས་ཀྱི་ཉོན་མོངས་པ་སྐྱེ་བར་མི་བྱེད་པའོ། །མི་གནོད་པ་ནི་བདག་དང་གཞན་གྱི་སེམས་དང་ལུས་ལ་སྡུག་བསྔལ་སྐྱེད་པར་མི་
བྱེད་པའོ། །ལམ་ལ་ལེགས་པར་འཇུག་པ་ནི་ལམ་དང་མཐུན་པའོ། །མཉམ་པར་གཞག་པ་ལ་བརྩོན་པའི་ངག་དེ་དང་ལྡན་ཞེས་བྱ་བ་ནི་གོང་དུ་སྨོས་པ་ལྟ་བུའི་ཚུལ་གྱིས་བདག་དང་གཞན་གཉིས་ཀ་ལ་ཡང་མི་གནོད། འཕགས་པའི་ལམ་དེ་ཐོབ་པར་བྱེད་པའི་རྒྱུར་འགྱུར་བའི་ངག་དེ་ནི། འཁྲུགས་
པའམ་མ་སྙོམས་པ་མེད་པས་ན། མཉམ་པར་གཞག་པ་ཞེས་བྱའོ། །ཞི་བའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་པའི་ལམ་ན་ཡང་དག་པའི་ལས་ཀྱི་མཐའ་བསྡུས་པ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན་ཞེས་བྱ་

བ་ལ་སོགས་པ་གསུངས་སོ། །ལས་གནག་པ་ནི་མི་དགེ་བ་བཅུའོ། །ལས་དཀར་བ་ནི་དགེ་བ་བཅུའོ། །ལས་དཀར་གནག་ནི་དགེ་བ་བཅུ་མི་དགེ་བ་དང་འདྲེས་པའོ། །ལས་གང་མི་གནག་མི་དཀར་ཞེས་བྱ་བ་ལ་སོགས་པ་ནི། ཟག་པ་མེད་པ་ལས་འཁོར་བའི་རྒྱུར་མི་འགྱུར་བ་
མངོན་པར་འདུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལས་ལ་རྟོན་པ་ཞེས་བྱ་བ་ནི། དེ་ལྟར་ཟག་པ་མེད་པའི་དབྱིངས་ཉིད་དུ་རྟོགས་ཀྱང་། ལས་ཀྱི་རྣམ་པར་སྨིན་པ་མེད་པར་ཡང་མི་རྟོན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་ཞི་བའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་པའི་ལམ་ན་ཡང་དག་པའི་འཚོ་བས་བསྡུས་པ།
འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་བཤད་ཟིན་པ་རྣམས་ནི་འདིར་མ་བཤད་པའོ། །དགང་སླ་བ་ནི་ཆོས་གོས་དང་བསོད་སྙོམས་ངན་ངོན་གྱིས་མགུ་བའོ། །གསོ་སླ་བ་ནི་ཅུང་ཟད་
ཙམ་གྱིས་ཆོག་པའོ། །ཆོ་ག་གང་བཟང་པོའི་ངང་ཚུལ་ཅན་ཞེས་བྱ་བ་ནི་སྤྱོད་པའི་ཆོ་ག་དང་། ཚུལ་ཁྲིམས་བཅོས་པ་མ་ཡིན་གྱི། རང་བཞིན་གྱིས་ཤིན་ཏུ་དག་པའོ། །ཁ་ན་མ་ཐོ་བ་མེད་པ་ནི་ཉེས་པ་ཕྲ་མོ་ཡང་མེད་པའོ། །འཕགས་པས་གནང་བ་ནི་གོང་དུ་བཤད་པ་ལྟ་བུའི་འཚོ་བ་དེ།
འཕགས་པས་གནང་བའི་འཚོ་བ་ཡིན་ནོ། །རབ་ཏུ་འབྱུང་བའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་པའི་ལམ་ན་ཡང་དག་པའི་རྩོལ་བ་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཡང་དག་པའི་རྩོལ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྩོལ་བ་གང་ཡང་དག་པར་ཞེས་བྱ་བ་ལ།
རྩོལ་བ་གང་བྱས་ཤིང་བརྩལ་ན་འཕགས་པའི་ལམ་དང་རྗེས་སུ་མཐུན་ཞིང་བདེན་པ་བཞི་དང་མཐུན་པ་ལ་མྱ་ངན་ལས་འདས་པར་འགྲོ་བའི་ལམ་དུ་གཏོད་པའི་རྩོལ་བ་དེའི་རྗེས་སུ་འགྲོ་བ་དེ་དང་མཐུན་པར་བྱེད་པ་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ། །དགའ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་
པའི་ལམ་ན་ཚིག་དང་དོན་མི་བརྗེད་པ་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤིན་ཏུ་ཉེ་བར་གཞག་པ་ནི་རྟག་ཏུ་རྩེ་གཅིག་ཏུ་གཞག་པའོ། །མི་སྒུལ་བ་ནི་མི་མཐུན་པའི་ཕྱོགས་ཀྱིས་བསྐྱོད་པར་མི་ནུས་པའོ། །དྲན་པ་ནི་ཡང་དག་

པའི་ལྟ་བ་དང་མཐུན་པས་སོ། །གྱ་གྱུ་མེད་པ་ནི་ལོག་པའི་ལྟ་བ་སྤངས་པས་སོ། །འཁོར་བའི་སྐྱོན་གྱི་ཉེས་དམིགས་ལ་ལྟ་བ་ནི་ཉོན་མོངས་པ་རྒ་ཤི་ལ་སོགས་པ་ལ་རྟོག་པའོ། །འདྲེན་པ་ནི་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པའོ། །དྲན་པ་ནི་བཤད་པའི་ཆོས་ཀྱི་ཚིག་མ་བརྗེད་པའོ། །གཞུངས་པ་ནི་
བཤད་པའི་ཚིག་གི་དོན་མ་བརྗེད་པའོ། །འཕགས་པའི་ལམ་ཞེས་བྱ་བ་ནི་བསྒྲུབ་པའི་ཆོས་མ་བརྗེད་པ་བསྟན་པའོ། །མཐུ་ཆེ་བའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་པའི་ལམ་ན་བསམས་པའི་དོན་རྫོགས་པར་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས་དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན་
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དག་པ་ཉིད་དུ་མཉམ་པ་དང་། ཆོས་ཐམས་ཅད་ཀྱིས་མཉམ་པ་ཞེས་བྱ་བའི་དོན་དམ་པར་ཆོས་ཐམས་ཅད་ལ་ཐ་དད་པ་མེད་དེ། སྟོང་པ་ཉིད་དུ་རོ་གཅིག་ཅིང་མཉམ་པར་སེམས་རྩེ་གཅིག་ཏུ་འཇོག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དོན་དེ་ཉིད་བསྟན་
པའི་ཕྱིར། ཏིང་ངེ་འཛིན་གང་ལ་གནས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་དང་ཉོན་མོངས་པའི་སྒྲིབ་པ་ལས་རབ་ཏུ་ཐར་བར་བྱ་བའི་ཕྱིར། དེ་ཁོ་ན་ཡེ་ནས་དག་པས་མི་འགྱུར་བ་ལ་རྩེ་གཅིག་ཏུ་འཇོག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ངེས་པར་གྱུར་བ་ལས་
འཇུག་པའི་དོན་དམ་པའི་ཏིང་ངེ་འཛིན་ལ་འཇུག་པའོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། དེས་ཇི་ལྟར་མྱོང་བའི་དེ་ཁོ་ན་ལ་གཅོད་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། དེས་ཇི་ལྟར་ཁོང་དུ་ཆུད་པ་སེམས་ལ་བརྟགས་ན་ཚིག་ཏུ་སྨྲ་བའི་
ཕྱིར་རོ། །ཡང་དག་པའི་ངག་དང་། ལས་དང་། འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། དེ་དག་གིས་རིམ་པ་བཞིན་དུ་ལྟ་བ་ལ་སོགས་རྣམ་པར་དག་པ་དེ་ལ་ཡིད་ཆེས་པས་སོ། །དེ་ལ་ཡང་དག་པའི་ངག་གིས་ཇི་ལྟར་ཁོང་དུ་ཆུད་པ་དྲིས་པ་ལ་ལུང་བསྟན་པའི་སྒོ་ནས་འདིའི་ལྟ་བ་རྣམ་པར་དག་
གོ་ཞེས་གཞན་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཐའ་ནི་མི་བྱ་བ་མི་བྱེད་པ་དང་། འོང་བ་དང་ལྡོག་པ་ལ་སོགས་པ་ལ། སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་སོ། །ཡང་དག་པའི་འཚོ་བས་ཆོས་གོས་ལ་སོགས་པ་ཆོས་བཞིན་དུ་ཚོལ་བའི་ཕྱིར། འཚོ་

བ་རྣམ་པར་དག་པར་ཡིད་ཆེས་སོ། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་སྦྱོང་བའི་ཡན་ལག་སྟེ། དེས་ཀུན་དུ་སྦྱོར་བ་མ་ལུས་པར་སྤོང་བར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པ་སྦྱོང་བའི་ཡན་ལག་སྟེ། དེས་ཞི་གནས་དང་ལྷག་
མཐོང་གི་མཚན་མ་མ་བརྗེད་པས་ཞུམ་པ་དང་། རྒོད་པའི་ཉོན་མོངས་པ་སྐྱེ་བའི་སྐབས་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ཐོབ་པ་ལ་སྒྲིབ་པ་སྦྱོང་བའི་ཡན་ལག་སྟེ། དེས་སྒྲིབ་པ་སྦྱངས་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་སྒྲུབ་པར་བྱེད་པའི་ཕྱིར་རོ། །འཕགས་
པའི་ལམ་ཡན་ལག་བརྒྱད་པ་མི་ཟད་པ་བཤད་ཟིན་ཏོ།། །།བསྡུས་པའི་རྣལ་འབྱོར་སྤྱོད་པ་དང་། སྤྲོས་པའི་རྣལ་འབྱོར་སྤྱོད་པ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་ཡང་མི་ཟད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དེ་གཉིས་མི་ཟད་པ་ཡང་དེ་གཉིས་རྩེ་གཅིག་ཏུ་གཞག་པའི་ཆོས་དང་། རྟོགས་པར་བྱ་བའི་ཆོས་མི་ཟད་པས་ན། དེ་ལ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་དང་། རྟོགས་པར་བྱེད་པ་ཡང་མི་ཟད་པའོ། །བསྡུས་པའི་རྣལ་འབྱོར་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་གང་སྦྱོར་བ་
དང་མཐོང་བ་དང་། བསྒོམ་པའི་ལམ་ན་ཞི་གནས་ལ་རབ་ཏུ་སྦྱོར་བ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཞི་གནས་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞི་གནས་མི་ཟད་པ་ཡང་ཞི་གནས་ཀྱི་ཚོགས་མི་ཟད་པ་དང་། ཞི་གནས་ཉིད་མི་ཟད་པ་སྟེ། རྣམ་པ་གཉིས་སུ་རིག་པར་བྱའོ། །
དེ་ལ་གང་སེམས་ཞི་བ་དང་ཞེས་བྱ་བ་ནས་བརྩམས་ཏེ། བཏང་སྙོམས་སྒོམ་ཞེས་བྱ་བ་ཡན་ཆད་ནི་ཞི་གནས་ཀྱི་ཚོགས་སོ། །བསམ་གཏན་དང་པོ་ཞེས་བྱ་བ་ནས་བརྩམས་ཏེ་དགུ་པོ་འདི་དག་ནི་ཞི་གནས་ཞེས་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་ཞི་གནས་ཉིད་བསྟན་ཏོ། །ཞི་གནས་ཀྱི་ཚོགས་ལ་རྣམ་པ་གཉིས་
ཏེ། གཙོ་བོར་གྱུར་པ་མ་ཡིན་པའི་ཚོགས་དང་། གཙོ་བོའི་ཚོགས་སོ། །གཙོ་བོར་གྱུར་པ་མ་ཡིན་པའི་ཚོགས་ཀྱི་དབང་དུ་བྱས་ནས། སེམས་ཞི་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནང་དུ་སེམས་རྣམ་པར་རྟོག་པ་མི་མང་བ་ནི་སེམས་ཞི་བའོ། །ཕྱི་རོལ་གྱི་ཡུལ་རྣམས་ལ་རྟོག་པར་མི་དགའ་བ་

ནི་རབ་ཏུ་ཞི་བའོ། །ཕྱི་ནང་གཉིས་ལ་རྟོག་པ་མེད་པའམ། གཉིད་དང་རྨུགས་པ་མེད་པ་ནི་ཉེ་བར་ཞི་བའོ། །ནང་དུ་སེམས་རྣམ་པར་རྟོག་པ་མི་མང་བ་སྟེ་ཞི་བས་ན། རྣམ་པར་མི་གཡེང་བའོ། །ཕྱི་རོལ་དུ་རྟོག་པ་མེད་དེ་རབ་ཏུ་ཞི་བས་ན། དབང་པོ་ལེགས་པར་བསྡོམས་པའོ། །ཕྱི་ནང་གཉི་གར་
རྟོག་པ་མེད་པས་ན་མི་རྒོད་པ་དང་མི་འཕྱར་བའོ། །རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་གཏམ་མང་པོ་ལ་མི་འཇུག་པས་ན་མུ་ཅོར་མི་སྨྲ་བའོ། །ཉོན་མོངས་པའི་དབང་དུ་མི་འགྱུར་བས་ན་ཡབ་ཡབ་པོ་མ་ཡིན་པའོ། །ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཀྱིས་བསྐྱོད་པར་མི་ནུས་པས་ན་མི་འགྱུར་བའོ། །
གཞན་གྱི་རྗེས་སུ་འཇུག་ཅིང་ཞེ་སྡང་བའི་སེམས་མེད་པས་ན་ཞི་དེས་སོ། །མིག་ལ་སོགས་པ་དབང་པོའི་ཡུལ་ལ་མི་འཇུག་པར་སྡོམ་པས་ན་བསྲུངས་པའོ། །ཉོན་མོངས་པ་སྤོང་བའི་ལམ་ལ་ཞུགས་པས་ན་ཅང་ཤེས་པའོ། །གཉིད་དང་རྨུགས་པ་མེད་པས་ན་ལས་སུ་རུང་བའོ། །དམིགས་པའི་
ཡུལ་ལ་སེམས་གཞན་དུ་མི་འགྲོ་བས་ན་རྩེ་གཅིག་པའོ། །གཅིག་པུར་གནས་པར་མོས་པས་ན་མོས་པའོ། །འགྲོ་བ་མང་པོ་དང་ལྷན་ཅིག་མི་གནས་པས་ན་འདུ་འཛི་ཡོངས་སུ་སྤོང་བའོ། །སེམས་རྩེ་གཅིག་པ་ལ་མོས་པའི་ཕྱིར་དབེན་པར་དགའ་བའོ། །གཅིག་པུ་དགའ་ཞིང་འདུ་འཛི་སྤོང་བས་ན་
ལུས་དབེན་པའོ། །ཉོན་མོངས་པས་སེམས་དཀྲུགས་པ་མེད་པས་ན་སེམས་མ་བསླད་པའོ། །རི་དང་བྲག་ཕུག་ལ་སོགས་པར་གནས་པར་སེམས་མངོན་པར་འདུ་བྱེད་པས་ན་དགོན་པར་མངོན་དུ་ཕྱོགས་པར་ཡིད་ལ་བྱེད་པའོ། །ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཉི་ཚེ་ཙམ་འཆང་བས་ན་
འདོད་པ་ཉུང་བའོ། །དེ་ལས་ལྷག་པར་མི་འདོད་པས་ན་འདོད་པ་མེད་པའོ། །ངན་པས་ཆོག་པར་འཛིན་པས་ན་འདོད་ཆེན་མེད་པའོ། །བཟང་པོ་མི་ཚོལ་བས་ན་ཆོག་ཤེས་པའོ། །ལོག་པའི་འཚོ་བ་མེད་པས་ན་འཚོ་བ་ཡོངས་སུ་དག་པའོ། །ཚུལ་ཁྲིམས་རྣམ་པར་དག་པས་ན་ཆོ་ག་ཕུན་སུམ་
ཚོགས་པའོ། །སྤྱོད་ལམ་ཐམས་ཅད་དུ་ཉོན་མོངས་པ་མི་སྐྱ་ཞིང་སྤྱོད་ལམ་མཛེས་པས་སྤྱོད་ལམ་བསྲུངས་པའོ། །དུས་དང་ཚོད་དང་། དུས་མིན་ཤེས་པ་ནི་སྔར་བཤད་པ་བཞིན་དུ་ལྟའོ། །ཁ་ཟས་མང་དུ་ཡང་མི་ཟ་ཉུང་ངུ་ཡང་མི་ཟ་སྟེ་རན་པར་བྱེད་པས་ན་རན་དྲོད་ཤེས་པའོ། །ཅུང་ཟད་ཙམ་གྱིས་ཆོག་

ཤེས་པར་འཛིན་པས་ན་དགང་སླ་བ་དང་། གསོ་སླ་བའོ། །སོ་སོར་བརྟགས་པའི་སྟོབས་ཀྱིས་མི་མཐོ་མི་དམའ་ཞེས་བྱ་བ་ནི། ཏིང་ངེ་འཛིན་དང་ལྡན་པའི་ཤེས་རབ་ཀྱི་མཐུས། ཆོས་རྣམས་ཇི་ཡང་མ་ཡིན་པར་རྟོགས་པའི་ཕྱིར་བསྟོད་པ་ལ་སོགས་པས་མཐོ་བར་ཡང་མི་འགྱུར།
སྨད་པ་ལ་སོགས་པས་དམས་པར་མི་འགྱུར་བའོ། །ངན་དུ་བརྗོད་པ་ནི་སྔོན་འདས་པའི་དུས་སུའོ། །ངན་དུ་སྨྲས་པ་ནི་ད་ལྟར་གྱི་དུས་ཉིད་ནའོ། །གཙོ་བོའི་ཚོགས་བསྟན་པའི་ཕྱིར། རྣལ་འབྱོར་ལ་མངོན་དུ་ཕྱོགས་པའི་སེམས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞི་གནས་དང་ལྷག་མཐོང་
བསྒོམ་པའི་སེམས་བསྐྱེད་པ་ནི་རྣལ་འབྱོར་ལ་མངོན་དུ་ཕྱོགས་པའི་སེམས་བསྐྱེད་པའོ། །ཡང་དག་འཇོག་ལ་མངོན་པར་དགའ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལ་མོས་པའོ། །བསམ་གཏན་གྱི་ཡན་ལག་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི་ཡན་ལག་རྟོག་དཔྱོད་
དང་བཅས་པ་དང་། རྟོག་དཔྱོད་མེད་པ་ལ་སོགས་པ་བསྒོམ་པ་སྔ་ནས་ཡིད་ལ་བྱེད་ཅིང་རྩོམ་པའོ། །བྱམས་པ་བསྐྱེད་པ་དང་། སྙིང་རྗེ་མངོན་པར་བསྒྲུབ་པ་ཞེས་བྱ་བས་ནི་ཏིང་ངེ་འཛིན་གྱི་རྩ་བར་གྱུར་པ་ཚད་མེད་པ་གཉིས་སྔ་ནས་སྐྱེད་ཅིང་སྒྲུབ་པར་བྱེད་པའོ། །དགའ་བ་ལ་གཞོག་ཅེས་བྱ་བ་ལ་སོགས་པ་ནི་
ཏིང་ངེ་འཛིན་མི་འཁྲུག་པར་བྱེད་པ་དགའ་བ་ཚད་མེད་པ་ལ་སེམས་གཞོག་ཅིང་བཏང་སྙོམས་ཚད་མེད་པ་བསྒོམ་ལ། དེ་གཉིས་ཀྱི་སེམས་དང་རྟག་པར་ལྡན་པར་བྱེད་པའོ། །ཞི་གནས་བསྟན་པའི་ཕྱིར། བསམ་གཏན་དང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐར་གྱིས་སྙོམས་པར་
འཇུག་པ་འདི་དག་གི་དོན་ནི་སྔར་བཤད་པར་ཟད་དོ། །ཞི་གནས་ཀྱི་ཚོགས་ནི་ཚད་མེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། ཞི་གནས་བསྒོམ་པའི་རྒྱུའི་ཆོས་ནམ་མཁའ་དང་འདྲ་བར་ཚད་མེད་དེ། ཞི་གནས་ཀྱི་ཚོགས་དེ་དག་ལ་གང་བརྩོན་པ་རྣམས་ཀྱང་ཞི་གནས་ཚད་མེད་པར་སྐྱེ་བར་འགྱུར་བས་ན།
ཞི་གནས་མི་ཟད་པ་ཞེས་བྱའོ་ཞེས་གསུངས་སོ། །སྤྲོས་པའི་རྣལ་འབྱོར་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི། གང་ལམ་དེ་དག་ཉིད་ན་ལྷག་མཐོང་ལ་རབ་ཏུ་སྦྱོར་བ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་

པ་གསུངས་སོ། །གང་ཤེས་རབ་ཀྱི་ཆ་དང་མཐུན་པར་བསྒོམ་པའི་ལམ་ཞེས་བྱ་བ་ལ། ལྷག་མཐོང་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པས། ཤེས་རབ་ཀྱི་ཆ་དང་ཕྱོགས་སུ་གཏོགས་པའི་ཆོས་ལ་གོམས་པར་བྱེད་པ་ཐམས་ཅད་ལྷག་མཐོང་ཞེས་བྱའོ། །ཆོས་རྣམས་ལ་གཡོ་བ་མེད་པར་ཤེས་པ་ནི། ཆོས་ཐམས་
ཅད་ལ་བྱེད་པ་པོ་མེད་པར་ཤེས་པ་སྟེ། གོང་དུ་བཤད་པ་རྣམས་ནི་འདིར་མ་བཤད་དོ། །བདེན་པ་རྣམས་ལ་ཤིན་ཏུ་རྟོགས་པར་མཐོང་བའི་ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་གྱི་བདེན་པ་རྣམས་ལ། བདེན་པ་སོ་སོའི་མཚན་ཉིད་གང་ཡིན་པ་ཕྱིན་ཅི་མ་ལོག་
པར་རྟོགས་ཤིང་མཐོང་བ་ནི། ཤིན་ཏུ་རྟོགས་པར་མཐོང་བའི་ཤེས་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ། ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེ་བར་མཐོང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བར་མཐོང་བའི་ཤེས་པའོ། །ལྟ་བ་ཐམས་ཅད་དང་ཞེས་བྱ་བ་ལ། ཆོས་
ཐམས་ཅད་རྟག་པ་དང་། ཆད་པ་དང་། བདག་དང་། སེམས་ཅན་མེད་པར་མཐོང་བ་ནི་ལྟ་བ་ཐམས་ཅད་དང་བྲལ་བར་མཐོང་བའི་ཤེས་པ་ཞེས་བྱའོ། །རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ། རྒྱུ་གང་བསྐྲུན་ན་འབྲས་བུ་དེ་བཞིན་དུ་སྐྱེ་བར་འགྱུར་བ་དང་། ལས་གང་བྱས་ན་རྣམ་པར་སྨིན་པ་དེ་བཞིན་དུ་མྱོང་བར་
འགྱུར་བ་མཐོང་བ་ནི། རྒྱུ་དང་འབྲས་བུ་དང་རྣམ་པར་སྨིན་པ་ཆུད་མི་ཟ་བར་མཐོང་བའི་ཤེས་པའོ། །འབྲས་བུ་ཐོབ་པ་ཞེས་བྱ་བ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱེད་ཅིང་ཁོང་དུ་ཆུད་དོ་ཞེས་མཐོང་བ་ནི། འབྲས་བུ་ཐོབ་པ་
མངོན་སུམ་དུ་བྱ་བ་ལ་རྟོག་པར་མཐོང་བའི་ཤེས་པའོ། །ཡང་དག་པ་ཉིད་ལ་འཇུག་པ་ནི་ཡེ་ཤེས་ཏེ། ཡེ་ཤེས་ཀྱིས་སྟོང་པ་ཉིད་རྟོགས་སོ་ཞེས་མཐོང་བ་ནི། ཡང་དག་པ་ཉིད་ལ་འཇུག་པ་མཐོང་བའི་ཤེས་པ་ཞེས་བྱའོ། །ལྷག་མཐོང་གི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། ལྷག་མཐོང་ཞེས་
བྱ་བ་ནི་ཆོས་རྣམས་ཡང་དག་པར་མཐོང་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་དུ་ཆོས་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་ལྷག་མཐོང་ངོ་། །ཆོས་རྣམས་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་དང་།

སྨིག་རྒྱུ་ཙམ་དུ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པར་མཐོང་བའོ། །ཆོས་རྣམས་དེ་ཁོ་ན་ཉིད་དུ་མཐོང་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ནམ་མཁའ་བཞིན་དུ་འགྱུར་བ་མེད་པའི་རང་བཞིན་དུ་མཐོང་བའོ། །ཆོས་རྣམས་གཞན་མ་ཡིན་པ་ཉིད་དུ་མཐོང་ཞེས་བྱ་བ་
ནི་སྟོང་པ་ཉིད་འབའ་ཞིག་དེ་ཁོ་ན་ཡིན་གྱི། དེ་ལས་དེ་ཁོ་ན་གཞན་མེད་པར་མཐོང་བའོ། །ཇི་ལྟ་བ་བཞིན་དང་། རྣམ་པར་དག་པ་དང་། དབེན་པར་མཐོང་བ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཡིན་པ་དང་། གཟུང་བ་དང་འཛིན་པའི་རྣམ་པས་སྟོང་པ་ཡིན་པར་མཐོང་
བའོ། །རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། ལྷག་མཐོང་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོད་པའི་རྣམ་པ་ཡང་མི་མཐོང་ཞེས་བྱ་བ་ནི་ཡོད་པའི་རང་བཞིན་དང་ངོ་བོ་ཡང་མི་མཐོང་བའོ། །མེད་པའི་རྣམ་པ་ཡང་མི་མཐོང་ཞེས་བྱ་བ་ནི་མེད་པའི་རང་བཞིན་དང་ངོ་བོར་ཡང་མི་མཐོང་
བའོ། །དམིགས་པ་དང་མཚན་མ་ཞེས་བྱ་བ་ལ། གཟུགས་དང་སྒྲ་ལ་སོགས་པའི་དམིགས་པ་དང་། དཀར་པོ་དང་དམར་པོ་ལ་སོགས་པའི་མཚན་མའི་རང་བཞིན་ཡིན་པར་ཡང་མི་མཐོང་བའོ། །དེ་མཐོང་མོད་ཀྱི་ཅི་ཡང་མི་མཐོང་ངོ་ཞེས་བྱ་བ་ནི། ལྷག་མཐོང་དང་ལྡན་པའི་བྱང་ཆུབ་སེམས་
དཔའ་དེ་གོང་དུ་མིང་གིས་སྨོས་པའི་ཆོས་རྣམས་མི་དམིགས་པའི་ཚུལ་དུ་མཐོང་མོད་ཀྱི་དམིགས་པ་དང་། ཡོད་པའི་རྣམ་པ་རྡུལ་ཙམ་ཡང་མི་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་མཐོང་བ་མེད་པ་དེའི་ཚེ་མཐོང་སྟེ་ཞེས་བྱ་བ་ནི། དེ་ལྟར་ཅི་ཡང་མི་དམིགས་ཏེ། དོན་དམ་པར་ཅི་ཡང་མ་མཐོང་བ་
ནི། ཆོས་ཉིད་མཐོང་ཞིང་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ལྷག་མཐོང་གིས་ཀྱང་མཐོང་བ་མ་ཡིན། མ་མཐོང་བ་ཡང་མ་ཡིན་པར་མཐོང་ཞེས་བྱ་བ་ནི་ནམ་སྟོང་པར་མཐོང་བའི་དུས་ན་དངོས་པོ་རྡུལ་ཙམ་ཡང་མ་མཐོང་བས་མཐོང་བ་ཡང་མ་ཡིན། དེ་ཁོ་ན་མཐོང་བས་ན་མ་མཐོང་བ་ཡང་མ་ཡིན་པ་འམ། དོན་
དམ་པར་དངོས་པོ་གང་ཡང་མ་མཐོང་བས་ན། མཐོང་བ་ཡང་མ་ཡིན་ལ། ཀུན་རྫོབ་ཏུ་བཏགས་པ་ཙམ་དུ་མཐོང་བས་ན། མ་མཐོང་བ་ཡང་མ་ཡིན་པའོ། །ཡང་དག་པ་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བའི་དོན་ཏོ། །ལྷག་མཐོང་ལ་མཁས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཆོས་

རྣམས་ཀྱི་མཚན་ཉིད་ལ་མཁས་པའི་ལྷག་མཐོང་ཐོབ་པར་འགྱུར་རོ། །དེ་ལྟར་མཐོང་ཡང་མངོན་པར་འདུ་མི་བྱེད་པར་མི་ལྟུང་ཞེས་བྱ་བ་ནི། དོན་དམ་པར་གོང་དུ་བཤད་པ་ལྟ་བུར་ཆོས་རྣམས་མི་དམིགས་པར་མཐོང་ཡང་སྟོང་པ་ཉིད་ཀྱི་མཐར་ཡང་མི་ལྟུང་ཞེས་བྱ་བའི་དོན་ཏོ། །དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ལས་ཀྱང་
མི་ལྡང་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ལས་དང་འབྲས་བུ་ཡོད་པར་ལྟ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མངོན་པར་འདུ་བྱེད་པ་ཡང་མི་གཏོང་ངོ་ཞེས་བྱ་བའི་དོན་ཏོ། །ཞི་གནས་དང་ལྷག་མཐོང་མི་ཟད་པ་བཤད་ཟིན་ཏོ།། །།སོ་སོར་རྟེན་པའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་
གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་གཉིས་ཀྱི་བསྡུས་པའི་དོན་ལུང་བསྟན་པ་ཐོབ་པར་བསྟན་ཏོ། །གཟུངས་དང་སྤོབས་པ་གཉིས་མི་ཟད་པར་ཡང་གཟུངས་ཀྱིས་དྲན་པར་བྱ་བའི་ཆོས་རྣམས་དང་། སྤོབས་པས་རྟོགས་པར་བྱ་ཞིང་བཤད་པར་བྱ་བའི་ཆོས་རྣམས་མི་ཟད་པས་ན་དྲན་པར་
བྱེད་པ་དང་། འཆད་པར་བྱེད་པ་ཡང་མི་ཟད་པའོ། །སོ་སོར་རྟེན་པའི་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་གཉིས་ཏེ། ཐོས་པ་མི་བརྗེད་པ་དང་། མ་ཐོས་པ་འདོད་པའོ། །ཐོས་པ་མི་བརྗེད་པ་གང་ཞེ་ན། གང་གསུངས་པ་སོ་སོར་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་གཟུངས་ནི་མི་བརྗེད་པ་གང་
ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་གང་གིས་མི་བརྗེད་པ་དང་། གང་མི་བརྗེད་པ་དང་། མི་བརྗེད་པ་ཉམས་པ་མེད་པའོ། །དེ་ལ་གང་གིས་མི་བརྗེད་པ་ནི། དགེ་བའི་རྩ་བའི་ཚོགས་བསགས་པའི་དྲན་པ་ཞེས་བྱ་བ་ནས་བསྟན་ཏོ། །གང་མི་བརྗེད་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་
སྟོང་ཞེས་བྱ་བ་ནས། འདི་ནི་གཟུངས་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །མི་བརྗེད་པ་ཉམས་པར་མི་འགྱུར་བ་ནི། གང་གི་ཚེ་བསྐལ་པ་གཞན་གྱི་རྗེས་ཞེས་བྱ་བ་ནས་བརྩམས་ཏེ། སྐྱུ་རུ་རའི་འབྲུ་འདུག་པ་བཞིན་དུ་མཐོང་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །སྔོན་གྱི་དགེ་བའི་རྩ་བའི་ཚོགས་
བསགས་པའི་དྲན་པ་ཞེས་བྱ་བ་ནི་ཚེ་རབས་སྔ་མའི་དུས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུ་ལས་བྱུང་བའི་དྲན་པས་སོ། །འཛིན་པ་ནི་ཡི་གེ་རྣམས་སོ། །ཀུན་འཛིན་པ་ནི་དོན་རྣམས་སོ། །མི་བརྗེད་པ་ནི་ཕྱིས་ཀྱང་ཡི་གེ་མི་བརྗེད་པར་བྱེད་པའོ། །དྲན་པས་ཡང་དག་པར་འཛིན་པ་ནི་ཕྱིས་ཀྱང་དོན་

མི་བརྗེད་པར་བྱེད་པ་སྟེ། དེ་དག་གིས་ནི་གཟུངས་ཀྱི་གསུང་རབ་འཇིག་རྟེན་དུ་བཤད་དེ་གཞག་པ་རྣམས་མི་བརྗེད་པར་བྱེད་པ་བསྟན་ཏོ། །སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཞེས་བྱ་བ་ལ་སོགས་པ་ནི་འཕྲལ་དུ་གསུངས་པའི་དོན་དང་། ཚིག་མི་བརྗེད་པར་བྱེད་པ་བསྟན་ཏོ། །ཆུད་ཟ་བར་མི་འགྱུར་
བ་ནི་ཆོས་དང་དོན་དྲན་པའི་ཡེ་ཤེས་དེ་མེད་པར་མི་འགྱུར་བའོ། །བརྗེད་པར་ཡང་མི་འགྱུར་བ་ནི་ཁ་ཅིག་དྲན་པ་ཁ་ཅིག་མི་དྲན་པ་སྟེ། དྲན་པ་དྲི་མ་ཅན་དུ་མ་གྱུར་པའོ། །འཕགས་པའི་ཤེས་རབ་ཀྱི་མིག་གིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་མིག་དང་འདྲ་བས་ཞེས་བྱ་བའི་དོན་ཏོ། །མ་ཐོས་
པ་འདོད་པ་གང་ཞེ་ན། གང་སྤོབས་པ་སོ་སོར་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་སྤོབས་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ལ་ཡང་བརྟེན་མི་དགོས་པར་བསྟན་པས་ན། ཐོགས་པ་མེད་པའི་སྤོབས་པའོ། །བསྐལ་པའམ་དེ་ལས་ལྷག་པར་ཡང་སྟོན་པས་ན་རྒྱུན་ཆད་མེད་པར་
སྤོབས་པའོ། །བདུད་དང་མུ་སྟེགས་ཅན་ལ་སོགས་པས་ཟིལ་གྱིས་མི་ནོན་ཅིང་ནམས་ཀྱང་ཉམས་པར་འགྱུར་བ་མེད་པས་ན་མི་འཕྲོགས་པའི་སྤོབས་པའོ། །ཆོས་དང་དོན་མི་བརྗེད་པས་ན་མ་རྨོངས་པའི་སྤོབས་པའོ། །དྲིས་པ་རྣམས་ལ་ལན་གློན་པས་ན་མྱུར་བའི་སྤོབས་པའོ། །གང་དང་གང་བསྟན་པ་རྣམས་ཀྱིས་སེམས་
ཀྱི་དབང་པོ་ལ་དགའ་བ་སྐྱེད་པར་བྱེད་པས་ན་དགའ་བའི་སྤོབས་པའོ། །གཞན་དག་ཟིལ་གྱིས་གནོན་པར་བྱེད་པས་ན་ལ་གོར་དུ་སྤོབས་པའོ། །ཇི་ལྟར་ཁས་བླངས་པ་ལས་བསྒྱུར་ཏེ་གཞན་དུ་འཆད་པར་བྱེད་པས་ན་མི་འགྱུར་བའི་སྤོབས་པའོ། །ཆོས་ཀྱི་དོན་མྱུར་དུ་རྟོགས་པས་ན་རྣོ་བའི་སྤོབས་པའོ། །ཟབ་མོའི་དོན་
རྟོགས་པར་བྱེད་པས་ན་མགྱོགས་པའི་སྤོབས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྤོབས་པའི་མཚན་ཉིད་དོ། །དེའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེའི་འོ། །དེ་ཞེས་བྱ་བ་ནི་གོང་དུ་བཤད་པའི་སྤོབས་པ་དེའོ། །ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་སྦྱངས་པ་ཞེས་བྱ་བ་ནི་ལུས་དང་། ངག་དང་ཡིད་ཀྱི་ལས་
ཡོངས་སུ་དག་པས་དེའི་ཤེས་རབ་ཀྱིས་རང་བཞིན་སྤོབས་པ་དེ་ཡང་ཡོངས་སུ་དག་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མཐུས་བསྟངས་པ་ཞེས་བྱ་བའི་དོན་ཏོ། །ལྷ་རྣམས་ཀྱིས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་དྲིས་པའི་ལན་གདབ་པ་དང་། བཤད་པ་ལ་སོགས་

པ་རྫོགས་ཤིང་མ་ལུས་པར་སྟོན་པའམ་ཟུར་ཆག་ཅིང་ཉམས་པ་མེད་པར་སྟོན་ནུས་པའོ། །འབྲས་བུ་ཡོད་པར་ཆོས་སྟོན་པ་ཞེས་བྱ་བ་ནི་དོན་གང་དང་གང་གི་ཕྱིར། ཆོས་བསྟན་པའི་དོན་དེ་དང་དེ་དག་དེ་བཞིན་དུ་ཡོད་པར་འགྱུར་བའོ། །མྱ་ངན་ལས་འདས་པའི་ལམ་དུ་འགྲོ་ཞེས་བྱ་བ་ནི་སྤོབས་པས་ཆོས་བཤད་པ་རྣམས།
མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལམ་དང་མཐུན་པར་འགྱུར་བའོ། །དེས་ཞེས་བྱ་བ་ནི་སྤོབས་པ་རྣམ་པར་དག་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེའོ། །དེ་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟ་བུར་ན་སྤོབས་པ་མཐར་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་
སུ་སྣང་བ་ཇི་སྙེད་པ་ཞེས་བྱ་བ་ནི་གཟུགས་སུ་སྣང་བའི་ཆོས་ཇི་སྙེད་པ་རྣམས་མི་རྟག་པ་ལ་སོགས་པར་སུན་འབྱིན་པ་དང་། ཆོས་དེ་དག་གི་མཚན་ཉིད་ཚིགས་སུ་བཅད་དེ་སྦྱར་ཏེ་བསྟན་པར་ནུས་པའི་ཤེས་རབ་ཀྱང་དེ་སྙེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སྒྲ་ལ་ཡང་སྦྱར་རོ། །དེ་དང་དེར་ཞེས་བྱ་བ་ནི་འཁོར་
དེ་དང་དེ་དག་ཏུའོ། །དེའི་ལྷུན་གྱིས་གྲུབ་པ་ཉིད་དུ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དེའི་སྤོབས་པ་རྩོལ་བ་དང་འབད་པ་མེད་པར་ཞེས་བྱ་བའི་དོན་ཏོ། །དད་པ་ནི་དེ་དག་ཇི་ལྟར་འདོད་པའོ། །དབང་པོ་རྣམས་ནི་དབང་པོ་རྣོན་པོ་དང་། འབྲིང་དང་། ཐ་མ་རྣམས་སོ། །ཆོས་སྤོབས་པར་འགྱུར་ཏེ་ཞེས་བྱ་བ་
ནི་དད་པ་དང་། དབང་པོ་དང་མཐུན་མཐུན་དུ་ཆོས་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་འདོད་ན་ཚེ་གཞན་ནམ་ཞེས་བྱ་བ་ལ་སོགས་པ་ནི། སྤོབས་པ་མི་ཟད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་གལ་ཏེ་བདག་ཉིད་འདོད་ན་ཚེ་དུ་མ་དང་། བསྐལ་པ་དུ་མ་འདས་ཀྱི་བར་དུ་ཡང་འདུག་པའི་སྤྱོད་ལམ་ལས་མི་ལྡང་ཞིང་བསམ་མི་
དགོས་པར་ཆོས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེའི་ཆོས་བསྟན་པ་དེས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་དེའི་སྤོབས་པས་ཆོས་བསྟན་པ་དེས་ཀྱང་སེམས་ཅན་རྣམས་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར། ངེས་པར་འབྱུང་བར་འགྱུར་ཏེ་དེ་བཞིན་དུ་སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་
ནུས་སོ་ཞེས་བྱ་བའི་དོན་ཏོ། །གཟུངས་དང་སྤོབས་པ་མི་ཟད་པ་བཤད་ཟིན་ཏོ།། །།སྟོན་པའི་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་དང་། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་དང་། ཞི་པའི་ང་རྒྱལ་མེད་པ་སྟེ། དེའི་དབང་དུ་བྱས་ནས།

བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་མདོ་བཞི་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་བསྡུས་པའི་དོན་དེ་ཐོབ་པ་རྣམ་པར་གཞག་པ་བསྟན་ཏོ། །ཆོས་ཀྱི་མདོ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་མི་རྟག་པ་ལ་སོགས་པ་འདི་བཞི་
མདོར་བསྡུས་ཏེ་བསྟན་པའི་ཕྱིར། ཆོས་ཀྱི་མདོ་ཞེས་བྱའོ། །མི་ཟད་པ་ནི་དེས་བསྡུ་བར་བྱ་བའི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཟད་མི་ཤེས་པས་ན་མི་ཟད་པ་ཞེས་བྱའོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། མི་ཟད་པའི་ཤེས་བ་རབ་ཏུ་
འཇུག་པའོ་ཞེས་བྱ་བ་ཡན་ཆད་ནི་བསྟན་པའི་ཚུལ་ལོ། །དེ་མན་ཆད་ལྷག་མ་རྣམས་ནི་བཤད་པའི་ཚུལ་ལོ། །འདུ་བྱེད་ཐམས་ཅད་མི་རྟག་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་ཞེས་བྱ་བ་ནི། འདུ་བྱེད་ཐམས་ཅད་མི་རྟག་པའོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན་པའི་
ཤེས་པ་འབྱུང་བ་སྟེ། མི་ཟད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་མི་ཟད་པ་ཡང་འདུ་བྱེད་ཀྱི་ཆོས་རྣམས་མི་ཟད་པའི་ཕྱིར། དེ་བསྟན་པའམ་ཤེས་པ་ཡང་མི་ཟད་པ་སྟེ། དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་འོག་མ་རྣམས་ལ་ཡང་སྦྱར་རོ། །འདུ་བྱེད་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་བསྟན་པའི་དབང་དུ་བྱས་ནས་དེ་ལ་
མི་རྟག་པའི་དོན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་རྟག་པའི་དོན་ཡང་རྣམ་པ་གཉིས་ཏེ། མེད་པའི་དོན་དང་། འཇིག་པའི་དོན་ཏོ། །འདིར་ནི་ཆོས་ཐམས་ཅད་སྟོང་པ་ཡིན་པར་དགོངས་པས། མེད་པའི་དོན་ལ་མི་རྟག་པའི་དོན་དུ་དགོངས་ཀྱི་འཇིག་པའི་དོན་དུ་ནི་མ་ཡིན་ཏེ། དེ་བས་ན་མེད་པའི་དོན་
དང་མི་ཆགས་པའི་དོན་ཏེ། དངོས་པོ་རྣམ་པར་འཇིག་པའི་དོན་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་མེད་པའི་དོན་ནི། དོན་དམ་པར་གཟུང་བ་དང་འཛིན་པ་ཀུན་བརྟགས་ཀྱི་ཆོས་གང་ཡང་རྟག་ཏུ་ཡོད་པ་མ་ཡིན་པའི་ཕྱིར་མེད་པ་སྟེ། དེ་ནི་མི་རྟག་པའི་དོན་ཏོ། །མི་ཆགས་པའི་དོན་ནི་བདག་དང་བདག་གི་ཞེས་བྱ་བ་
ལ་སོགས་པ་ཆགས་པར་འགྱུར་བའི་དངོས་པོ་གང་ཡང་མེད་པའི་ཕྱིར་མི་ཆགས་པ་སྟེ། དེ་ནི་མི་རྟག་པའི་དོན་ཏོ། །དེ་བས་ན་དངོས་པོ་འཇིག་པའི་དོན་ནི་མ་ཡིན་ནོ་ཞེས་དངོས་སུ་གསུངས་ཏེ། འཇིག་རྟེན་པའི་མི་རྟག་པར་གྲགས་པ་དང་། དངོས་པོ་ཡོད་པ་ལས་ཞིག་སྟེ་མེད་པར་འགྱུར་བ་ལས་མི་རྟག་ཅེས་བྱ་བ་

མ་ཡིན་གྱི་ཡེ་ནས་རང་བཞིན་གྱིས་རྟག་པ་མེད་པ་ལ་མི་རྟག་པ་ཞེས་བྱའོ། །དོན་དེ་ཉིད་གང་ཡིན་པ་བསྟན་པའི་ཕྱིར་མི་རྟག་པའི་དོན་ནི་ཆོས་ལ་བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་ལ་ངོ་བོ་མེད་པ་ཉིད་མི་རྟག་པའི་དོན་ཏེ་ཆོས་ལ་བདག་མེད་པ་དེ་རྟག་
ཏུ་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་སྟོང་པ་དེ་ལ་འཇིག་པ་གང་ཡང་མེད་དེ་གང་འཇིག་པ་མེད་ཅིང་རྟག་ཏུ་སྟོང་པ་དེ་ནི་མི་རྟག་པའི་དོན་ཏོ། །ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་བསྟན་པའི་དབང་དུ་བྱས་ནས་དེ་ལ་སྡུག་བསྔལ་གྱི་དོན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡུག་
བསྔལ་གྱི་དོན་ཀྱང་རྣམ་པ་ལྔ་སྟེ་དགའ་བ་ལས་བཟློག་པའི་དོན་དང་དགའ་བ་དང་བྲལ་བའི་དོན་དང་། དགའ་བའི་ཡུལ་མ་ཡིན་པའི་དོན་དང་། སྒྲ་ཙམ་དུ་ཟད་པའི་དོན་དང་། རང་བཞིན་གྱིས་སྟོང་པའི་དོན་ཏོ། །དེ་ལ་དགའ་བ་མེད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ་ཞེས་བྱ་བས་དགའ་བ་ལས་བཟློག་པའི་དོན་རྣམ་
པར་བསྟན་ཏེ། སྡུག་བསྔལ་ནི་དགའ་བ་ལས་བཟློག་པ་སྟེ་གང་དགའ་བའམ་ཆགས་པར་འགྱུར་བའི་དངོས་པོ་མེད་ཅིང་དེ་ལས་བཟློག་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ། །དགའ་བ་ཟད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ་ཞེས་བྱ་བས་དགའ་བ་དང་བྲལ་བའི་དོན་བསྟན་ཏེ། དགའ་བའི་ཡུལ་དང་བྲལ་བ་ནི་སྡུག་བསྔལ་སྐྱེ་
བས་དགའ་བ་དང་ཆགས་པ་རྣམས་དང་བྲལ་བའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ། །སྨོན་པ་མེད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ་ཞེས་བྱ་བ་དགའ་བའི་ཡུལ་མ་ཡིན་པའི་དོན་བསྟན་ཏེ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ནི་སྡུག་བསྔལ་རྣམ་པ་སྣ་ཚོགས་སྐྱེ་བའི་རྒྱུ་དང་གཞི་ཡིན་པས་དེ་ལ་སྨོན་ཅིང་དགའ་བར་བྱ་བའི་ཡུལ་མ་
ཡིན་ཏེ་དེ་ནི་སྡུག་བསྔལ་གྱི་དོན་ཏོ། །སྡུག་བསྔལ་གྱི་སྒྲ་རབ་ཏུ་བསྟན་པ་ཞེས་བྱ་བས་སྒྲ་ཙམ་དུ་ཟད་པའི་དོན་བསྟན་ཏེ། སྡུག་བསྔལ་ཞེའོ་ཞེས་བྱ་བའི་སྒྲས་བརྗོད་པ་ཉིད་སྡུག་བསྔལ་དུ་ཟད་ཀྱི་སྡུག་བསྔལ་གྱི་དངོས་པོ་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་རབ་ཏུ་བརྗོད་པའི་དོན་ནི་ཞེས་བྱ་བས་རང་བཞིན་
གྱིས་སྟོང་པའི་དོན་བསྟན་ཏེ། གང་སྟོང་པ་དེ་ཉིད་སྡུག་བསྔལ་བ་སྟེ། ནམ་མཁའ་བཞིན་དུ་སྟོང་པར་བརྗོད་པའི་དོན་ཉིད་སྡུག་བསྔལ་བའི་དོན་ཏོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ཤེས་པའི་དབང་དུ་བྱས་ནས་དེ་ལ་བདག་མེད་པའི་དོན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ནི་

ཤིན་ཏུ་བདག་མེད་པ་སྟེ་ཞེས་བྱ་བ་ལ། བདག་རྣམ་པ་གཉིས་ཏེ། གཞན་གྱིས་བརྟགས་པ་དང་། གཟུང་བ་དང་། འཛིན་པར་སྣང་བའོ། །བདག་དེ་གཉིས་ལ་བདག་གི་དངོས་པོ་མེད་པས་ན་བདག་མེད་པའོ། །གང་བདག་མེད་པའི་དོན་དེ་ནི་ཞེས་བྱ་བ་ནི་བདག་རྣམ་པ་གཉིས་མེད་དེ་སྟོང་པའི་དོན་དེ་ནི་གསོབ་
བོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །སྙིང་པོ་རང་བཞིན་མེད་པའི་ཕྱིར་གསོབ་བོ། །ཤེས་རབ་ཀྱི་མིག་གིས་བརྟག་མི་བཟོད་པའི་ཕྱིར་གསོག་གོ། །སྣང་བ་ཙམ་ཡང་རྒྱུ་རྐྱེན་ལ་ལྟོས་པའི་ཕྱིར་ཡ་མ་བརླའོ། །ཇི་ལྟར་སྣང་བ་ཀུན་ཡང་སྟོང་པ་ཡིན་པའི་ཕྱིར་སྟོང་པའོ། །སྟོང་པའི་དོན་ནི་བདག་མེད་པའི་དོན་ཞེས་བྱ་བ་ལ།
དེ་བས་ན་བདག་དང་ཆོས་གཉིས་ཀྱིས་སྟོང་པའི་དོན་གང་ཡིན་པ་དེ་ཉིད་བདག་མེད་པའི་དོན་ཏོ། །ཞི་བའི་ང་རྒྱལ་མེད་པའི་དབང་དུ་བྱས་ནས། དེ་ལ་ཞི་བའི་དོན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞི་བ་ནི་ཞི་བས་ཞི་བར་མི་འགྱུར་ཏེ། ཞི་བ་ཉིད་ཞི་བའོ་ཞེས་བྱ་བ་ལ། ཞི་བ་ཞེས་བྱ་བ་ནི་སྟོང་པའམ། མྱ་ངན་ལས་
འདས་པ་ལ་བྱ་སྟེ། སྟོང་པའམ་མྱ་ངན་ལས་འདས་པའི་དེའི་རང་བཞིན་ཞི་བར་རྟོགས་པའི་ཡེ་ཤེས་ཀྱིས་ཞི་བ་དང་སྟོང་པར་བྱས་པ་ནི་མ་ཡིན་གྱི། ངོ་བོ་ཉིད་ཀྱིས་ཡེ་ནས་ཞི་ཞིང་སྟོང་པའོ་ཞེས་བྱ་བའི་དོན་ཏོ། །མ་ཞི་བ་ཡང་ཞི་བས་ཞི་བར་མི་འགྱུར་ཏེ་ཞེས་བྱ་བ་ནི་འཁོར་བའི་ཆོས་འདུས་བྱས་ཀྱི་དངོས་པོ་དེ་དག་ཀྱང་ཡེ་
ཤེས་ཀྱིས་ཞི་བ་དང་སྟོང་པར་རྟོགས་ནས་ཞི་ཞིང་མེད་པར་བྱས་པ་ནི་མ་ཡིན་གྱི། དེ་དག་ཀྱང་ཡེ་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་ཞི་བའོ་ཞེས་བྱ་བའི་དོན་ཏོ། །ཞི་བའོ་ཞེས་བྱ་བའི་སྒྲའི་དོན་བསྟན་པའི་ཕྱིར། གང་ཞི་བའི་དོན་དེ་ནི་མཚན་མ་ཐམས་ཅད་ཉེ་བར་ཞི་བ་ཞེས་གསུངས་ཏེ། ལས་དང་ཉོན་མོངས་པ་དང་།
གཟུང་བ་དང་འཛིན་པའི་མཚན་མ་ཐམས་ཅད་ཞི་སྟེ་མེད་པ་དེ་ནི་ཞི་བ་ཞེས་བྱའོ། །ཞི་བ་དངོས་གང་ཡིན་པ་བསྟན་པའི་ཕྱིར། ཞི་བ་ནི་མྱ་ངན་ལས་འདས་པ་ཞེས་གསུངས་ཏེ། ཉོན་མོངས་པ་དང་ཕུང་པོ་སྤངས་པའི་མྱ་ངན་ལས་འདས་པ་སྟེ་ཞི་བའོ། །ཆོས་ཀྱི་མདོ་བཞི་མི་ཟད་པ་བཤད་ཟིན་ཏོ།། །།ལྷུན་གྱིས་གྲུབ་
པའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཅིག་པུ་བགྲོད་པའི་ལམ་མི་ཟད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་བསྡུས་པའི་དོན་རང་བྱང་ཆུབ་པ་བསྟན་ཏོ། །གཞན་ལ་མི་ལྟོས་པར་བདག་གཅིག་པུས་བླ་ན་མེད་པའི་

བྱང་ཆུབ་ཐོབ་པར་བྱེད་པ་ནི་གཅིག་པུས་བགྲོད་པ་སྟེ། གང་དེ་ལྟར་བྱེད་པ་ཉིད་ལམ་ཡིན་ནོ། །མི་ཟད་པ་ཡང་བགྲོད་ཅིང་ཐོབ་པར་བྱ་བའི་ཆོས་མི་ཟད་པའི་ཕྱིར་བགྲོད་པར་བྱེད་པ་དང་། ཐོབ་པར་བྱེད་པ་ཡང་མི་ཟད་པའོ། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་བཞི་སྟེ། མི་གཡེང་བ་དང་། བཟོད་
པ་ཐོབ་པ་དང་། མཉམ་པ་ཉིད་ལ་གནས་པ་དང་། སྒྲིབ་པ་མེད་པའོ། །དེ་ལ་མི་གཡེང་བ་ནི། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་ཡོན་ཏན་རྣམས་བདག་འབའ་ཞིག་གིས་ཐོབ་པར་བྱ་བའི་ཕྱིར་རྩོམ་པ་སྟེ། དེའི་དབང་དུ་བྱས་ནས། གཅིག་པུ་བགྲོད་པའི་ལམ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཅིག་
པུ་བགྲོད་པའི་ལམ་ནི་ཐེག་པ་གཅིག་པའི་ལམ་སྟེ། ལམ་དེ་བསྒྲུབ་པར་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་གཞན་སུ་ལ་ཡང་མི་རྟེན་པར་བདག་གཅིག་པུས་སྒྲུབ་པར་བྱེད་པའོ། །ཐེག་པ་གཅིག་གི་ལམ་དངོས་གང་ཡིན་པ་བསྟན་པའི་ཕྱིར། གཅིག་པུ་བགྲོད་པའི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་
ཏུ་གོ་ཆ་གྱོན་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བརྩོན་འགྲུས་རྩོམ་སྟེ་ཞེས་བྱ་བའི་དོན་ཏོ། །བདག་གིས་རྩོན་འགྲུས་ནི་དགེ་བ་བྱེད་པ་ལ་སེམས་སྤྲོ་བའོ། །མཐུ་ནི་བདུད་ལ་སོགས་པས་བར་ཆད་བྱེད་མི་ནུས་པའོ། །སྟོབས་ནི་ལེ་ལོས་མི་ཚུགས་པའོ། །གཞན་གྱི་གོ་
སྐབས་མེད་པ་ཞེས་བྱ་བ་ནི། གཞན་གྱིས་གྲོགས་བྱ་མི་དགོས་པར་ཞེས་བྱ་བའི་དོན་ཏོ། །བདག་གི་མཐུ་སྟོབས་ཀྱིས་འཕགས་པ་ཞེས་བྱ་བ་ནི་བདག་གི་མཐུས་འབྱུང་ཞིང་ཀུན་ལ་ཁྱད་ཞུགས་པར་བྱ་སྟེ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱིས་ཡོངས་སུ་ཐོབ་པར་བྱ་བ་ནི་གང་རིག་པའི་གནས་དང་། བཟོའི་
གནས་དང་། ལོངས་སྤྱོད་ལ་སོགས་པའོ། །གང་འཕགས་པ་ཐམས་ཅད་དང་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ས་ལ་ཞུགས་པ་དང་། དེ་བཞིན་གཤེགས་པ་དག་གོ། །ཐེག་པ་ལ་གསར་དུ་ཞུགས་པ་ནི་དང་པོ་ཉིད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའམ། མོས་པས་སྤྱོད་
པའི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཐོབ་པར་བྱ་བ་ནི་དེ་དག་གིས་ཐོབ་པར་བྱ་བའི་ཡོན་ཏན་དྲན་བ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་

པའོ། །བཟོད་པ་ཐོབ་པ་ནི་བདག་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་སྦྱོང་བར་བྱེད་པ་སྟེ། དེའི་དབང་དུ་བྱས་ནས། སྦྱིན་པ་ནི་བདག་གི་གྲོགས་མ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་དོན་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་གིས་བདག་བསྒྲུབ་ཅིང་ལས་སུ་རུང་བར་བྱ་བ་མ་ཡིན་
གྱི། བདག་གིས་དེ་དག་བསྒྲུབ་ཅིང་མཐར་དབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་ལ་གནས་པས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་ཆོས་བསྡུ་བའི་དངོས་པོ་རྣམས་བསྒྲུབས་པ་སྟེ། དེའི་དབང་དུ་བྱས་ནས། བདག་ལ་བསྡུ་བའི་དངོས་པོ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་དག་གི་དོན་ཀྱང་སྔ་མ་བཞིན་དུ་ལྟའོ། །སྒྲིབ་པ་མེད་པ་ནི་བདག་གཅིག་པུས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་བར་དུ་གཅོད་པའི་བགེགས་རྣམས་འཇོམས་པ་སྟེ། དེའི་དབང་དུ་བྱས་ནས། གང་འདི་ལྟ་བུའི་ཆོས་ལ་གྲོགས་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་བུའི་ཆོས་ནི་
གོང་དུ་བཤད་པའི་འཇིག་རྟེན་པའི་ཡོན་ཏན་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་། ཕ་རོལ་ཏུ་ཕྱིན་པ་དང་། བསྡུ་བའི་དངོས་པོ་ལ་སོགས་པ་དང་འོག་ནས་འབྱུང་བ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ཆོས་རྣམས་སོ། །ཤེས་རབ་ཀྱིས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །
གཅིག་པུ་བགྲོད་པའི་ལམ་མི་ཟད་པ་བཤད་ཟིན་ཏོ།། །།བྱ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་བཞི་སྟེ། སྟོན་པ་དང་། འཇུག་པ་དང་། གཅོད་པ་དང་། འདོགས་པར་བྱེད་པའོ། །དེ་ལ་སྟོན་པ་ནི་སེམས་ཅན་རྣམས་ལ་སྐྱེས་བུ་ཆེན་པོ་བཞིན་མོས་ཤིང་སྐྱེས་བུའི་བྱ་བའི་ཐབས་ཤེས་པའོ། །
འཇུག་པ་ནི་རྟོགས་པར་ཆུད་པའི་ཐབས་ཤེས་པའོ། །གཅོད་པ་ནི་དྲང་བའི་ཐབས་ཤེས་པའོ། །འདོགས་པར་བྱེད་པ་ནི་བསྟན་པའི་ཚུལ་གྱིས་ཡོངས་སུ་སྨིན་པའི་ཐབས་ཤེས་པ་སྟེ། དེའི་དབང་དུ་བྱས་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མི་ཟད་པ་སྟེ།
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་བསྡུས་པའི་དོན་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་བསྟན་ཏོ། །ཐབས་མི་ཟད་པ་ཡང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་རྣམས་མི་ཟད་པའི་ཕྱིར། དེ་སྒྲུབ་པར་བྱེད་པའི་ཐབས་ཀྱང་མི་ཟད་པའོ། །ཐབས་གང་གིས་བྱང་ཆུབ་སེམས་དཔའ་སངས་རྒྱས་

ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲུབ་ཅིང་སློང་བ་སྟེ་དེ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ནི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའོ། །རྣམ་པར་སྒྲུབ་པ་ནི་མ་གྲུབ་པའམ། མ་སྐྱེས་པ་ལ་སྒྲུབ་པའམ། སྐྱེད་པར་བྱེད་པའོ། །སློང་བ་ནི་སྐྱེས་པ་རྣམས་གོང་དུ་འཕེལ་བར་བྱེད་པ་སྟེ། དེས་ན་ཐབས་
སོ། །ཚིག་འདི་ནི་མདོར་བསྟན་པ་སྟེ། ལྷག་མ་རྣམས་ནི་ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་ཅིང་སློང་བར་བྱེད་པའི་བཤད་པའོ། །ཐབས་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཐམས་ཅད་ཉེ་བར་གཞོག་པ་ཞེས་བྱ་བ་ནི་ཐབས་ནི་ལྷ་དང་མིར་སྐྱེ་བའི་དགེ་བའི་ཆོས་རྣམས་ལ་གནས་པའམ། དེ་ལ་གོམས་པར་བྱེད་
པའི་དོན་ཏོ། །བསམ་པ་ངེས་པར་སེམས་ཞེས་བྱ་བ་ནི་སེམས་ཀྱིས་ཆོས་རྣམས་ལ་རྟོག་ཅིང་གཏན་ལ་འབེབས་པའི་དོན་ཏོ། །སྦྱོར་བ་རྒྱུན་མི་འཆད་ཅེས་བྱ་བ་ནི་ལུས་དང་ངག་གིས་དགེ་བའི་ཆོས་ལ་རྒྱུན་མི་འཆད་པར་སྤྱོད་ཅེས་བྱ་བའི་ཐ་ཚིག་གོ། །ལྷག་པའི་བསམ་པས་བྱེ་བྲག་ཏུ་འཕགས་པའི་ཆོས་འདོད་ཅེས་
བྱ་བའི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ལས་བྱེ་བྲག་ཏུ་འཕགས་པ་ཐེག་པ་ཆེན་པོའི་ཆོས་ལ་སེམས་ཐག་པ་ནས་དད་པའི་དོན་ཏོ། །ཐབས་ནི་སྦྱིན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་པུས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་
པར་བྱེད་པ་ནི་ཐབས་ཏེ། དེ་ལ་ཟང་ཟིང་གི་སྦྱིན་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །མི་འཇིགས་པའི་སྦྱིན་པས་ནི་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་དོ། །ཆོས་སྦྱིན་པས་ནི་བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་བྱེད་དེ། །ཚུལ་ཁྲིམས་ཀྱིས་སྐྱེ་བ་ཐམས་ཅད་འཛིན་པ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་རྣམ་པར་སྨིན་པ་མཐོ་རིས་སུ་ངེས་ཀྱང་ཐབས་ཀྱི་དབང་གིས་སེམས་ཅན་གྱི་དོན་སྤྱད་པའི་ཕྱིར་མཐོ་རིས་འབའ་ཞིག་ཏུ་སྐྱེ་བར་མ་ཟད་ཀྱི་སྐྱེ་བ་ཐམས་ཅད་དུ་འབྱུང་བའོ། །ཐབས་ནི་བཟོད་
པས་བྱང་ཆུབ་ཀྱི་ཕྱིར་ཞེས་བྱ་བ་ལ། བཟོད་པ་དང་ལྡན་པས། ལུས་བཟང་བ་དང་། ངག་སྙན་པ་དང་། སེམས་དང་བར་འགྱུར་ཏེ། ལུས་དང་ངག་ཡིད་དང་བ་དེ་སེམས་ཅན་གཞན་གྱིས་མཐོང་ཞིང་ཐོས་ན་དད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བས་ཀྱང་བྱང་ཆུབ་ཀྱི་ཕྱིར། །ལུས་དང་ངག་དང་སེམས་

ཀྱི་རྒྱུན་ཅེས་བྱའོ། །བརྩོན་འགྲུས་ཀྱི་འཇུག་པ་དང་། གནས་པ་ལ་བརྩོན་པ་ཞེས་བྱ་བ་ལ། འཇུག་པ་ལ་བརྩོན་པ་དང་། གནས་པ་ལ་བརྩོན་པ་ཞེས་བརྩོན་པའི་ཚིག་གཉི་ག་དང་སྦྱར་རོ། །དེ་ལ་འཇུག་པ་ལ་བརྩོན་པ་ནི་བྱང་ཆུབ་ཀྱི་རྒྱུའི་དགེ་བའི་རྩ་བ་དང་པོ་རྩོམ་པའོ། །གནས་
པ་ལ་བརྩོན་པ་ནི་དགེ་བའི་རྩ་བ་བརྩམས་པ་མཐར་ཕྱིན་པའོ། །བསམ་གཏན་གྱིས་བསམ་གཏན་ལས་ཕྱིར་ལྡོག་པ་ཤེས་པ་ནི་བསམ་གཏན་གྱི་ཁམས་གོང་མ་དག་ཏུ་སྐྱེས་ཀྱང་། ཐབས་ཀྱི་དབང་གིས་འདོད་པའི་ཁམས་སུ་སྐྱེ་བ་ལེན་པར་བྱེད་པའོ། །ཤེས་རབ་ཀྱིས་འདུས་མ་བྱས་སྤོང་བ་ཞེས་བྱ་བ་ནི་ཤེས་རབ་
ཀྱིས་འདུས་མ་བྱས་རྟོགས་ཀྱང་། ཐབས་ཀྱིས་ཟིན་པས་འདུས་མ་བྱས་ཀྱི་དབྱིངས་ལ་མི་གནས་ཤིང་འདུས་བྱས་ཀྱི་བྱ་བ་རྣམས་ཀྱང་བྱེད་པའོ། །བྱམས་པས་དཔུང་གཉེན་མེད་པ་རྣམས་ཀྱི་སྐྱབས་ཞེས་བྱ་བ་ནི་ངན་སོང་གི་སྡུག་བསྔལ་མྱོང་བ་དང་རྣམ་པར་གྲོལ་བ་མཐོང་བ་ནི་དཔུང་གཉེན་མེད་པ་སྟེ། དེ་དག་སྐྱེ་འགྲོ་
དང་རྣམ་པར་གྲོལ་བའི་བདེ་བ་ཐོབ་པའི་སྐྱབས་བྱེད་པ་ནི་ཐབས་སོ། །སྙིང་རྗེས་འཁོར་བ་ལ་མི་སྨོད་ཅེས་བྱ་བ་ལ། སེམས་ཅན་གྱི་སྡུག་བསྔལ་སེལ་བར་བྱེད་པའི་སྙིང་རྗེས་འཁོར་བ་སྡུག་བསྔལ་གྱི་གནས་ཡིན་ཡང་སྨོད་པར་མི་བྱེད་པ་ནི་ཐབས་སོ། །དགའ་བས་དགའ་བ་དང་མི་དགའ་བ་ལ་མི་འབྱེད་པ་ཞེས་བྱ་བ་
ལ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་དང་། འཁོར་བའི་རང་བཞིན་སྡུག་བསྔལ་ཞིང་མི་དགའ་བ་ཅན་ཡིན་ཡང་ཐབས་ཀྱི་དབང་གིས་དེ་ལ་ཇི་མི་སྙམ་པ་ནི་ཐབས་སོ། །བཏང་སྙོམས་ཀྱིས་དགེ་བའི་རྩ་བ་དང་། ཚོགས་ཐམས་ཅད་འཕེལ་ཞེས་བྱ་བ་ལ། བཏང་སྙོམས་ཀྱི་རང་བཞིན་ཇི་འང་མི་སྤྱོད་པ་ཡིན་པ་ལས། ཐབས་
ཀྱི་དབང་གིས་བཏང་སྙོམས་ཀྱི་དུས་ན་བཏང་སྙོམས་ལས་ཀྱང་མ་ཉམས་ལ། དགེ་བའི་རྩ་བ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་འཕེལ་བར་བྱེད་པའི་སྤྱོད་པ་ཡང་མི་གཏོང་བའོ། །ལྷའི་མིག་གིས་སངས་རྒྱས་ཀྱི་སྤྱན་ཐོབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལྷའི་མིག་གིས་སངས་རྒྱས་ཀྱི་སྤྱན་
ཐོབ་པ་ཡང་ཐབས་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཐབས་ནི་སེམས་ཅན་དག་གི་བསམ་པ་རྣམས་ལ་འཇུག་པ་ཞེས་བྱ་བ་ནི་སེམས་ཅན་གྱི་བསམ་པ་དང་། བག་ལ་ཉལ་ཇི་འདྲ་བར་ཤེས་པ་ནི་ཐབས་སོ། །ཐབས་ནི་སྤྱོད་པའི་མཚན་ཉིད་རབ་ཏུ་ཤེས་པའོ་ཞེས་བྱ་བ་ལ། དེ་ལྟར་

སེམས་ཅན་རྣམས་ཀྱི་བསམ་པ་ཤེས་པས་སེམས་ཅན་རྣམས་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཆེ་ཆུང་གི་སྤྱོད་པ་རྣམས་ཤེས་པ་ནི་ཐབས་སོ། །རྒལ་ནས་འཇུག་པ་ནི་བསམ་གཏན་ལ་སོགས་པས་གོང་མ་རྣམས་སུ་ཕྱིན་ཀྱང་ཐབས་ཀྱི་དབང་གིས་དེ་ནས་སླར་ལྡོག་ཅིང་ས་འོག་མ་དག་ཏུ་འཇོག་
ཅིང་སྤྱོད་པའོ། །ཉོན་མོངས་པ་མེད་པས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཤེས་བྱ་དང་། ཉོན་མོངས་པའི་སྒྲིབ་པ་སྤངས་ཏེ། ཉོན་མོངས་པ་མེད་པར་གྱུར་ཀྱང་། སེམས་ཅན་གྱི་དོན་དུ་འཁོར་བ་ན་སྤྱོད་ཅིང་ཉོན་མོངས་པའོ། །ཁུར་བོར་བས་ཁུར་ཁྱེར་བ་ནི་ཕུང་པོ་ལྔའི་ཁུར་བོར་ཏེ།
ཟག་པ་མེད་པར་གྱུར་ཀྱང་ཐབས་ཀྱི་དབང་གིས་སེམས་ཅན་གྱི་དོན་སྤྱོད་ཅིང་ཕུང་པོའི་ཁུར་ལེན་པའོ། །ཚད་ཡོད་པར་ཚད་མེད་པར་སྟོན་པ་ནི་ཆོས་ཀྱི་མདོ་བཞི་ལྟ་བུ་ལ་སོགས་པ་ཚད་ཡོད་པ་དག་ལས་སེམས་ཀྱི་སྤྱོད་པ་དང་སྦྱར་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཚད་མེད་པར་སྟོན་
ཅིང་འཆད་པའོ། །ཚད་མེད་པ་ཚད་ཡོད་པར་སྟོན་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཡང་། ཆོས་ཀྱི་མདོ་བཞིར་ཉུང་ངུར་བསྡུས་ནས་འཆད་པའོ། །དབང་པོ་ཞན་པ་རྣམས་ལ་གསལ་བར་བྱེད་པ་ནི་དབང་པོ་རྟུལ་པོ་རྣམས་ལ་ཡང་སྟོན། མཁས་པའི་ཐབས་ཀྱིས་དོན་དཀའ་བ་རྣམས་
གསལ་བར་གོ་བར་བྱེད་པའམ། དབང་པོ་རྣོ་བར་བྱེད་པའོ། །དུས་དང་དུས་མ་ཡིན་པ་ཤེས་པ་ནི་བྱ་བ་དང་མི་བྱ་བའི་དུས་ལ་མཁས་པའོ། །ལམ་ནས་ལམ་ངན་པར་འགྲོ་བ་ནི། འཕགས་པའི་ལམ་ལ་གནས་ཀྱང་འཁོར་བའི་ལམ་དུ་ཡང་འགྲོ་བའོ། །མྱུར་དུ་ལས་མང་པོ་བྱེད་པ་ནི་སྦྱིན་པ་ལ་སོགས་པའི་
དངོས་པོ་ཆུང་ངུ་ཡང་བསམ་པ་དག་པས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་མང་པོ་དང་འབྲས་བུ་ཆེན་པོ་ཐོབ་པར་བྱེད་པའོ། །མང་པོ་ལས་ཚད་མེད་པར་བྱེད་པ་ནི་སྦྱིན་པ་ལ་སོགས་པ་དངོས་པོ་ཆེན་པོ་བསྔོ་བ་ཡོངས་སུ་དག་པས་ཚད་མེད་པར་བྱེད་པའོ། །བྱེ་བའི་སེམས་ཅན་རྣམས་འདུམ་པར་བྱེད་པ་ནི་སེམས་
ཅན་ཕན་ཚུན་བྱེ་བ་དང་། དགེ་བའི་རྩ་བ་དང་བྲལ་བར་གྱུར་པ་རྣམས་འདུམ་པར་བྱེད་ཅིང་དགེ་བའི་རྩ་བ་ལ་འཇོག་པར་བྱེད་པའོ། །ཐ་མ་དང་འབྲིང་དང་རབ་ལ་གནས་པ་ནི་སེམས་ཅན་རབ་འབྲིང་གསུམ་དང་མཐུན་པར་སྤྱོད་ཅིང་སྟོན་པའོ། །མྱ་ངན་ལས་འདས་པའི་རིག་པ་ལས་འཁོར་བའི་

རིགས་པར་ལྟུང་བ་ནི་མྱ་ངན་ལས་འདའ་བར་སྦྱོར་བ་འམ། སྤྱོད་པས་མྱ་ངན་ལས་འདའ་བ་ཐོབ་ཀྱང་། དེ་ནི་མི་གནས་པར་འཁོར་བ་ཡང་སྤྱོད་ཅིང་འཇུག་པའོ། །རིགས་པ་ཞེས་བྱ་བ་ནི་སྐབས་འདིར་སྦྱོར་བ་འམ་སྤྱོད་པ་ལ་བྱའོ། །ཐར་པ་ལས་བཅིངས་པ་ཚོལ་བ་ནི་
ཉོན་མོངས་པ་ལ་སོགས་པའི་བཅིངས་པ་ལས་ཐར་ཀྱང་སེམས་ཅན་གྱི་དོན་སྤྱོད་པ་ལ་ཐབས་ཀྱིས་ཉོན་མོངས་པ་དང་བཅས་པར་སྟོན་པའོ། །ཤེས་བྱ་ཟད་པར་བྱེད་དེ། ཤེས་བྱ་ཟད་པར་ཡང་མི་ལྟུང་ཞེས་བྱ་བ་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཤེས་པར་བྱ་བ་རྣམས་ཟད་ཅིང་སྟོང་པར་
ཆུད་ཀྱང་ཐབས་ཀྱིས་ཀུན་དུ་སྤྱད་པ་མི་གཏོང་བའི་ཕྱིར་སྟོང་པའི་མཐར་ཡང་མི་ལྟུང་བའོ། །སྤྱོད་ལམ་ཐམས་ཅད་འཁྲུག་པར་བྱེད་པ་ལ་སྤྱོད་ལམ་རྣམས་ལས་ཀྱང་མི་ཉམས་སོ་ཞེས་བྱ་བ་ནི། ཐབས་ཀྱིས་སེམས་ཅན་གྱི་དོན་སྤྱོད་པའི་ཚེ་བསམ་གཏན་དང་ཏིང་ངེ་འཛིན་ལ་སོགས་པའི་སྤྱོད་
པ་ལས་ལངས་ཀྱང་བསམ་གཏན་དང་། ཏིང་ངེ་འཛིན་གྱི་དོན་ལས་ཉམས་པར་ཡང་མི་འགྱུར་བའོ། །སེམས་ཅན་ལ་ལྟ་བའི་ཚུལ་ཁྲིམས་ལ་མ་ཡིན་པ་ནི་འཕགས་པ་ཉན་ཐོས་ལ་སོགས་པ་ལྟར་ཐབས་མེད་པ་ནི་མ་ཡིན་གྱི། སེམས་ཅན་གྱི་དོན་དུ་སྤྱོད་པ་ཉིད་བྱང་ཆུབ་སེམས་དཔའི་ཚུལ་
ཁྲིམས་ཡིན་པས་སེམས་ཅན་གྱི་དོན་མཐོང་ན། སོ་སོར་ཐར་པའི་སྡོམ་པ་ལ་མི་ལྟའོ། །བསྡུ་བས་ལྟ་བ་ལ་བརྟེན་ཅིང་རྩོད་པས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྣམས་བསྡུ་ཞིང་དྲང་བའི་ཕྱིར་དོན་མཐུན་པར་སྤྱད་པ་ལ་སོགས་པའི་སྒོ་ནས་འདུལ་ཞིང་དྲང་བར་བྱ་བའི་སེམས་ཅན་དེ་དག་གི་
ལྟ་བ་ཡང་ཕྱོགས་ཤིང་རྟེན་གྱི་མུ་སྟེགས་ཅན་ལ་སོགས་པ་ལྟར་ལྟ་བ་དེས་མཆོག་ཏུ་འཛིན་ཅིང་རྩོད་པ་ནི་མ་ཡིན་པའོ། །སྒྲ་འབྱིན་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བརྗོད་དུ་མེད་པར་རྟོགས་ཀྱང་། སེམས་ཅན་གྱི་དོན་དུ་ཐབས་ཀྱིས་སྒྲ་དང་ཚིག་གི་སྒོ་ནས་ཆོས་སྟོན་པའོ། །ཁམས་གསུམ་
པ་སྤྱོད་ཡུལ་པ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་ཏེ་ཁམས་གསུམ་ལས་འདས་ཀྱང་སེམས་ཅན་གྱི་དོན་དུ་ཁམས་གསུམ་ན་སྤྱོད་པའོ། །རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པའི་མཚན་ཉིད་སྤྱོད་ཡུལ་བ་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་མཚན་ཉིད་ལ་སྤྱོད་པའོ། །

འཕགས་པ་མ་ཡིན་པའི་སྐྱེ་བོ་དང་འདྲེས་ཀྱི་འཕགས་པའི་སྐྱེ་བོ་དང་མ་འདྲེས་པ་ནི། བདག་ཉིད་འཕགས་པར་གྱུར་ཀྱང་འཕགས་པའི་ས་ན་མི་གནས་པར་སོ་སོའི་སྐྱེ་བོའི་ས་ན་གནས་ཤིང་སྤྱོད་པའོ། །མྱ་ངན་ལས་འདས་པའི་ས་ལ་རྒྱབ་ཀྱིས་ཕྱོགས་ཤིང་འཁོར་བ་ལ་མངོན་དུ་ཕྱོགས་པ་ནི། །མྱ་
ངན་ལས་འདས་པ་ཐོབ་ཀྱང་དེ་ལ་མི་ཕྱོགས་མི་གནས་པར་སེམས་ཅན་གྱི་དོན་དུ་འཁོར་བ་ལ་ཕྱོགས་ཤིང་སྤྱོད་པའོ། །བདུད་ཀྱི་སྤྱོད་ཡུལ་ན་ཉོན་མོངས་པ་མེད་པར་སྣང་བ་ནི། འདོད་པའི་ཁམས་བདུད་ཀྱི་སྤྱོད་ཡུལ་ན་འདུག་ཀྱང་འདོད་པ་དང་། བདུད་ཀྱི་དབང་དུ་མི་འགྱུར་བའོ། །ཐམས་
ཅད་ནས་ཐམས་ཅད་དེ་ཐམས་ཅད་ནས་ཐམས་ཅད་པ་ཡང་མ་ཡིན་པ་ནི་ཐབས་མཁས་པས། ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་ལས་དངོས་པོ་ཐམས་ཅད་སྐྱེ་བར་ཤེས་ཤིང་འབྱུང་བར་ཡང་ནུས་ལ། དོན་དམ་པར་དངོས་པོ་ཐམས་ཅད་གང་ལས་ཀྱང་གཅིག་ཀྱང་མི་སྐྱེ་བར་རྟོགས་པའོ། །ཐབས་མི་
ཟད་པ་བཤད་ཟིན་ཏོ།། །།དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་བཞི་སྟེ། སྐྱེས་བུ་ཆེན་པོར་གྱུར་པ་དང་། སེང་གེའི་སྒྲ་ཆེན་པོ་ཅན་དང་། ཤིན་ཏུ་དམ་བཅས་པ་ཅན་དང་། མི་བརྗེད་པའི་ཆོས་ཅན་ནོ། །སེམས་ཅན་གྱི་མཆོག་དམ་པ་སྐྱེས་བུ་ཆེན་པོ་ཞེས་བྱ་
བ་ནི། གང་མཚན་དང་དཔེ་བྱད་རྣམས་དང་ལྡན་པ་ཡིན་ནོ། །སེང་གེའི་སྒྲ་ཆེན་པོ་ཅན་ནི་གང་སྟོབས་བཅུ་ཐོབ་པ་སྟེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤོབས་པ་དང་། ཁྱུ་མཆོག་གི་གནས་ཆེན་པོ་རབ་ཏུ་ཤེས་ཤིང་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་དང་།
འཁོར་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་པར་བྱེད་པའོ། །ཤིན་ཏུ་དམ་བཅས་པ་ནི་མི་འཇིགས་པ་བཞི་ཐོབ་པ་དག་གིས་ཤེས་པ་དང་། སྤོང་བ་ཡང་ཡང་དག་པར་རབ་ཏུ་ཤེས་ལ། གཞན་གྱི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཡང་རབ་ཏུ་ཤེས་པའོ། །མི་བརྗེད་པའི་
ཆོས་ཅན་སེམས་ཅན་མཆོག་དམ་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པ་སྟེ། སྤྱོད་པ་ཕུན་སུམ་ཚོགས་པ་དང་། རྙེད་པ་ཕུན་སུམ་ཚོགས་པ་དང་། ནན་ཏན་ཕུན་སུམ་ཚོགས་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་འདི་དག་ནི་བྱང་ཆུབ་སེམས་དཔའ་

རྣམས་ཀྱི་མི་ཟད་པ་བརྒྱད་ཅུ་ཞེས་བྱ་བ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ཐབས་ཀྱི་བར་དུ་མིང་གིས་སྨོས་པ་དེ་རྣམས་མི་ཟད་པ་བརྒྱད་ཅུ་ཞེས་བྱ་སྟེ། དེ་དག་མི་ཟད་པ་ཡང་རྟག་ཏུ་དགེ་བ་དང་། ངོ་བོ་ཉིད་མི་ཉམས་པ་དང་། ངོ་བོ་ཉིད་མི་གཏོང་བ་དང་། བདག་གི་ལས་
བྱེད་པ་དང་། རྟག་ཏུ་འབྲས་བུ་ཡོངས་སུ་འཛིན་པ་དང་། རྒྱུ་ཡོངས་སུ་མི་ཟད་པ་དང་། དོན་དམ་པར་མི་ཟད་པའོ། །དེ་ལ་རྟག་ཏུ་དགེ་བས་མི་ཟད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བརྒྱད་ཅུ་པོ་དེ་རྣམས་ནམ་ཡང་མི་དགེ་བར་མི་འགྱུར་གྱི། རྟག་ཏུ་དགེ་བའི་རྒྱུན་མི་འཆད་
པའི་ཕྱིར་རོ། །ངོ་བོ་ཉིད་མི་མཉམ་པ་ནི་བརྒྱད་ཅུ་པོ་དེ་རྣམས་ཀྱི་རང་བཞིན་བྲི་ཞིང་ཉམས་པར་མི་འགྱུར་བའི་ཕྱིར་རོ། །ངོ་བོ་ཉིད་མི་གཏོང་བ་ནི། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བརྒྱད་ཅུ་པོ་དེ་རྣམས་ཀྱི་ངོ་བོ་ཉིད་མེད་པའམ། གཞན་དུ་མི་འགྱུར་བའི་ཕྱིར་མི་ཟད་པའོ། །
བདག་གི་ལས་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བརྒྱད་ཅུ་པོ་དེ་རྣམས་རང་རང་གི་དམིགས་པའམ་བྱ་བ་གང་ཡིན་པ་ལས་མི་འགྱུར་བའོ། །རྟག་པར་འབྲས་བུ་ཡོངས་སུ་འཛིན་པ་ནི། བྱང་ཆུབ་ཀྱི་སེམས་ལ་སོགས་པ་སོ་སོའི་འབྲས་བུ་གང་ཡིན་པ་ཐོབ་པར་བྱེད་དེ།
འབྲས་བུ་མེད་པར་མི་འགྱུར་བའི་ཕྱིར་མི་ཟད་པའོ། །རྒྱུ་ཡོངས་སུ་མི་ཟད་པ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དེ་སྐྱེ་བའི་རྒྱུ་ནི་སེམས་ཅན་ལ་དམིགས་པ་སྟེ། དམིགས་པར་བྱ་བའི་སེམས་ཅན་རྣམས་མི་ཟད་པས་ན། བྱང་ཆུབ་ཀྱི་སེམས་ལ་སོགས་པ་དེ་དག་ཀྱང་མི་ཟད་
པའོ། །དོན་དམ་པར་མི་ཟད་པ་ནི། དོན་དམ་པར་བརྒྱད་ཅུ་པོ་དེ་དག་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱི་ངོ་བོ་སྟེ། དེ་བཞིན་ཉིད་ནི་ནམས་ཀྱང་འགྱུར་བ་མེད་པའི་ཕྱིར་མི་ཟད་པའོ། །མི་ཟད་པའི་ཆོས་ཀྱི་སྒོ་ཞེས་བྱ་བ་མན་ཆད་བསྟན་པ་རྫོགས་པས་དོན་བཅུ་གཅིག་བསྟན་ཏེ། བསྟན་
པའི་བདག་ཉིད་ཆེན་པོ་དང་། སྟོན་པ་ལ་མཆོད་ཅིང་བསྟོད་པ་དང་། སྟོན་པས་རྗེས་སུ་ཡི་རང་བ་དང་། དགེ་བའི་བཤེས་གཉེན་དང་། བསྟན་པ་ལ་དྲིན་གཟོ་ཞིང་རྗེས་སུ་ཡི་རང་བ་དང་། སྟོན་པ་དང་བསྟན་པ་གཅེས་པར་བྱ་བ་དང་། དེའི་རྒྱུ་བརྗོད་པ་དང་། བསྟན་པ་བསྲུང་

བར་དམ་བཅས་པ་དང་། བསྟན་པ་གཏད་པ་དང་། འགལ་བ་སྟོན་པ་ལ་བཟོད་པར་གསོལ་བ་དང་། མཚན་དྲི་བ་དང་། བཙུན་དུ་བྱ་བའོ། །དེ་ལ་མི་ཟད་པའི་ཆོས་ཀྱི་སྒོ་ཞེས་བྱ་བ་ནས་བརྩམས་ཏེ། བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་པའི་བདག་ཉིད་ཆེན་པོ་བསྟན་
ཏོ། །ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་ཞེས་བྱ་བ་ནས་བརྩམས་ཏེ། མི་ཟད་པ་འདི་དང་ལྡན་པར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ་ཞེས་བྱ་བ་ཡན་ཆད་ཀྱིས་སྟོན་པ་ལ་མཆོད་ཅིང་བསྟོད་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་