Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 114

Văn bản gốc(Tây Tạng)

Trang 6 / 18 (50.000 ký tự/trang)
ད་སྡུད་ཀྱང་ཤེས་རབ་ཀྱིས་ཆོས་གང་ལ་ཡང་དངོས་པོར་མི་འཛིན་པས། ཆོས་ཐམས་ཅད་མི་འཛིན་པ་ཞེས་བྱ་བར་སྦྱར་རོ། །འཁོར་བ་ནི་ཁམས་གསུམ་སྟེ།
ཐབས་ཀྱིས་སེམས་ཅན་གྱི་དོན་གྱི་ཕྱིར་འཁོར་བའི་སྡུག་བསྔལ་གྱིས་མི་སྐྱོ་བར་སེམས་ཅན་གྱི་དོན་ཀྱང་སྤྱོད་ལ། ཤེས་རབ་ཀྱིས་ཁམས་གསུམ་དུ་ཡང་མི་དམིགས་ཞེས་བྱ་བར་སྦྱར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འོག་མ་སླ་བ་དག་ནི་མ་བཤད་དེ། དེ་དག་དང་འདྲ་བར་
མཐུན་མཐུན་དུ་སྦྱར་རོ། །སེམས་ལ་རྨ་མི་ཕྱིན་པ་ནི་བདག་ནི་བཟོད་པ་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པའི་རྟོག་པ་རྣམས་ཀྱི་རྨ་མི་ཕྱིན་པ་སྟེ། བཟོད་པ་མི་ཟད་པའི་སྐབས་སུ་བཤད་པ་ལྟ་བུའོ། །སེམས་དབེན་པ་ནི་མི་དགེ་བ་སྤངས་པ་དང་། དགེ་བ་རྩོམ་པ་གང་ལ་ཡང་མི་
རྟོག་པའོ། །སེམས་ལ་ངེས་པར་སེམས་པ་ནི་སྤྲོས་པ་ཐམས་ཅད་ལས་དབེན་པའི་སེམས་ལ་རྟོག་པའོ། །ཚུལ་བཞིན་སྦྱར་བ་ནི་ཐོས་པས་བཙལ་བའི་ཆོས་དེ་དག་ཤེས་རབ་མི་ཟད་པའི་སྐབས་ན་ཚུལ་བཞིན་སྦྱོར་བ་སུམ་ཅུ་རྩ་གཉིས་ལ་སོགས་པ་འབྱུང་བ་ལྟ་བུར་སྦྱོར་རོ། །དགེ་བའི་
བཤེས་གཉེན་ལ་སོགས་པ་ལས་ཇི་སྐད་ཐོས་པ་བཞིན་དུ་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱི་ཆོས་སྟོན་པ་ནི་སེམས་ཀྱི་འཇུག་པ་ཡིན་ལ། མིང་ལ་སོགས་པས་ཐ་སྙད་བཏགས་ཏེ་བརྗོད་ཀྱང་ཆོས་ཉིད་ནི་བརྗོད་པར་མི་ནུས་པས་ཆོས་ཉིད་བརྗོད་དུ་མེད་པར་རིག་པ་ནི་སེམས་གནས་པ་
སྟེ། དེ་བས་ན་མིང་ནི་གང་དང་གང་གིས་སུ། ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མ་ཡིན། དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་གསུངས་སོ། །སྤྲོས་པ་ཤིན་ཏུ་ཆད་པ་ནི་ཤེས་རབ་ཀྱི་ཚོགས་ཐོས་པ་དང་བསམ་པ་ལ་སོགས་པའི་རྟོག་པ་སྤངས་པའོ། །
ཡང་དག་པའི་ཤེས་པས་བཏང་སྙོམས་པ་ནི་སེམས་ཅན་ལ་བྱམས་པ་ལ་སོགས་པར་མི་རྟོག་པའོ། །ཟག་པ་ཟད་པ་ནི་མངོན་པར་ཤེས་པ་དྲུག་པ་སྟེ། དེ་ལ་མངོན་སུམ་དུ་བྱེད་པ་ནི་འདྲིས་པར་བྱེད་པའོ། །དྲན་པ་ཡིད་ལ་བྱེད་པ་མེད་པས་ནི་དྲན་པ་ཉེ་བར་གཞག་པས་ལུས་ལ་

སོགས་པའི་མཚན་ཉིད་སོ་སོར་ཡིད་ལ་བྱེད་པ་དེ་དག་མི་དམིགས་པའོ། །དབང་པོ་མེད་པའི་ཆོས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། དབང་པོ་རྣམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །མི་བརྫི་བའི་ཡེ་ཤེས་ནི་སྟོབས་ཉིད་དུ་གྱུར་པ་སྟེ། མ་དད་པ་ལ་སོགས་པ་མི་མཐུན་པའི་
ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ལ་བྱའོ། །བྱང་ཆུབ་ཀྱི་ཡན་ལག་ཡང་དག་པར་བྱུང་བ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་སྐྱེད་པར་བྱེད་པའི་དོན་ཏོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པའི་ཡེ་ཤེས་ནི་ཆོས་ཀྱི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པར་ས་དང་པོ་ལ་རྟོག་པའི་ཡེ་ཤེས་སོ། །གར་
ཡང་མི་འགྲོ་བ་ཞེས་བྱ་བ་ལ་ལམ་གྱི་དོན་ནི་ཚོལ་བའི་དོན་ཡིན་པས་གར་ཡང་མི་འགྲོ་བ་ནི་གནས་སུ་ཕྱིན་ཟིན་པས་ལམ་ཚོལ་བ་དང་བྲལ་ཞེས་བྱ་བའི་ཐ་ཚིག་གོ། །ཞི་གནས་ཀྱི་སེམས་ཞི་བ་ནི་ཞི་གནས་ཚོལ་བའི་དབང་གིས་སེམས་རྩེ་གཅིག་ཏུ་གྱུར་ཟིན་པ་ལ་བྱའོ། །རྒྱུ་རྟོགས་པ་ནི་ཀུན་ནས་ཉོན་
མོངས་པའི་ཕྱོགས་ཀྱིས་རྒྱུ་མ་རིག་པ་ལ་སོགས་པ་ཡིན་པ་དང་། རྣམ་པར་བྱང་བའི་རྒྱུ་མ་རིག་པ་འགག་པ་ལ་སོགས་པ་ཡིན་པར་རྟོགས་པའོ། །རྒྱུ་ཀུན་ཤེས་པ་ནི་རྒྱུ་དེ་དག་མི་དམིགས་པའོ། །ཆོས་ལ་ནན་ཏན་བྱེད་པ་ནི་གཞན་གྱི་སྒྲ་ལས་ཇི་སྐད་ཐོས་པ་བཞིན་དུ་སྒྲུབ་པར་བྱེད་པའོ། །
ལུས་ཀྱི་རྒྱན་ནི་མཚན་དང་དཔེ་བྱད་ལ་སོགས་པ་ཐོབ་པར་རྩོམ་པའོ། །ལུས་ཀྱི་ཆོས་ཉིད་ནི་ལུས་དང་རྒྱན་དེ་དག་མི་དམིགས་པའོ། །ངག་གི་རྒྱན་ནི་དེ་བཞིན་གཤེགས་པའི་གསུང་ཡན་ལག་ལྔའམ་དྲུག་ཅུའམ། སྟོང་ཕྲག་གྲངས་མེད་པ་དང་ལྡན་པ་ཐོབ་པར་རྩོམ་པའོ། །འཕགས་པ་མི་སྨྲ་བ་
ནི་སྨྲ་བའི་སྤྲོས་པ་སྤངས་ཏེ། སེམས་ནང་དུ་ཡང་དག་པར་འཇོག་པ་ལ་གནས་པའོ། །བྱེད་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྒྲུབ་པ་དང་བྲལ་བའོ། །འཇུག་པ་དང་གནས་པ་རྣམས་བསྡུས་ཏེ་བསྟན་པའི་ཕྱིར་དེ་ལ་འཇུག་པ་གང་ཞེ་ན། གང་ཐབས་སུ་ལྟ་བའོ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སོགས་པའི་ཐབས་རྣམས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་རྩོམ་པ་དང་། མིང་དང་བརྡ་ལ་སོགས་པ་ལ་བརྟེན་ཏེ། ཐ་སྙད་ཀྱི་འཇུག་པ་རྣམས་ནི། སེམས་ཀྱི་འཇུག་པ་ཞེས་

བྱའོ། །ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སེམས་ཅན་ལ་སོགས་པ་མི་དམིགས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་ཏེ། ཉམས་སུ་ལོན་པ་དང་། མིང་དང་བརྡ་ལས་འདས་པའི་ཆོས་ཉིད་བརྗོད་དུ་མེད་པ་ལ་སོགས་པ་དོན་དམ་པ་རྟོགས་པ་ནི་སེམས་
གནས་པ་ཞེས་བྱའོ། །དེ་ལ་སེམས་ཀྱི་བརྩོན་འགྲུས་མི་ཟད་པ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཀྱི་བརྩོན་འགྲུས་དེ་དག་རྫོགས་པར་བྱ་བའི་ཆེད་དུ་ཐབས་ཇི་ལྟ་བུས་འཇུག་པ་སྟོན་ཏོ། །འཇུག་པ་ཐམས་ཅད་དང་
གནས་དང་། མཚན་མ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་འཇུག་པ་ཐམས་ཅད་དང་། གནས་པ་ཐམས་ཅད་ལ་ཡང་གནས་ལ། གཟུང་བ་དང་འཛིན་པའི་མཚན་ཉིད་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཚན་མ་ཐམས་ཅད་དང་ཡང་དག་པར་བྲལ་བར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་
དགེ་བའི་རྩ་བ་བསྒྲུབ་པ་དང་སེམས་ཅན་གྱི་དོན་གྱི་བྱ་བ་ལ་སོགས་པ་ཡང་མི་བྱེད་དམ་ཞེ་ན། དེ་མཚན་མའི་ལས་ཐམས་ཅད་དུ་ཡང་འཇུག་པ་ཞེས་གསུངས་ཏེ། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་ལ་
སོགས་པ་ལ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ཀྱི་ལས་ལ་ཡང་གནས་པ་ཞེས་བྱ་བ་ནི། གང་དགེ་བའི་རྩ་བའི་རྒྱུ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡེ་ཤེས་གང་གི་མཐུས་འདུས་བྱས་སུ་ཡང་མི་གཏོང་། འདུས་མ་བྱས་སུ་ཡང་མི་ལྟུང་བ་ནི་ཡེ་ཤེས་ཀྱི་ལས་ཞེས་
བྱའོ། །དེ་ལ་དགེ་བའི་རྩ་བའི་རྒྱུ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་རྒྱུ་འདུས་བྱས་སུ་ཡང་མི་གཏོང་བ་ནི་འདུས་བྱས་སུ་མི་གཏོང་བའི་ཡེ་ཤེས་ཀྱི་ལས་ཏེ། དེ་གཉིས་ནི་ཁམས་གསུམ་དུ་སྦྱོར་བ་འདུས་བྱས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་ནི་རྣམ་པར་མི་
རྟོག་པའི་ཡེ་ཤེས་ཏེ། དེ་འབའ་ཞིག་ལ་མི་གནས་པས་ན་འདུས་མ་བྱས་སུ་མི་ལྟུང་བ་ཞེས་བྱའོ། །བརྩོན་འགྲུས་མི་ཟད་པ་བཤད་ཟིན་ཏོ།། །།བསམ་གཏན་མི་ཟད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ལས་མི་གཡོ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །

དེ་བསྟན་པའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ནི་རྣམ་པ་བཅུ་དྲུག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་མི་ཟད་པ་ཡང་རྣམ་པ་ལྔས་བསྟན་ཏེ། བསམ་གཏན་གྱི་རྣམ་པའི་ཁྱད་པར་རྣམ་པར་
དག་པ་ལ་གནས་པ་དང་། བསམ་གཏན་ཤིན་ཏུ་སྦྱངས་པའི་འབྲས་བུ་ལ་གནས་པ་དང་། མི་མཐུན་པའི་ཕྱོགས་དཔག་ཏུ་མེད་པའི་གཉེན་པོར་གྱུར་པས་གཉེན་པོ་ཚད་མེད་པ་དང་ལྡན་པ་དང་། ངེས་པའི་ཚིག་གིས་དམིགས་པ་ཐ་དད་པ་ལ་གནས་པ་དང་། མི་མཐུན་པའི་ཕྱོགས་ཡིད་ལ་བྱེད་
པ་སྤངས་པ་དང་། གཉེན་པོ་རྣམ་པར་དག་པ་ལ་གནས་པས་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་བསམ་གཏན་ནི་འཇིག་རྟེན་པའི་བསམ་གཏན་དང་། སྙོམས་པར་འཇུག་པ་ལ་སོགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་གཏན་ལས་ཁྱད་པར་དུ་འཕགས་ཏེ། དེ་དག་
ཟིལ་གྱིས་ནོན་པའི་ཕྱིར་དང་། ཉི་མའི་སྒྲོན་མ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་རྣམས་དང་ལྡན་པས་ན་མི་ཟད་པ་ཡིན་ནོ། །དེ་ལ་བསམ་གཏན་གྱི་རྣམ་པའི་ཁྱད་པར་རྣམ་པར་དག་པ་ལ་གནས་པའི་དབང་དུ་བྱས་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ནི་རྣམ་པ་བཅུ་དྲུག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་གྱི་རྣམ་པའི་ཁྱད་པར་རྣམ་པར་དག་པ་ལ་གནས་པ་ཡང་རྣམ་པ་བཅུ་གཉིས་ཀྱིས་བསྟན་ཏེ། དཀའ་བར་སྤྱོད་པའི་ཁྱད་པར་དང་། མངོན་པར་ཤེས་པ་
དང་། ཆོ་འཕྲུལ་ཆེན་པོ་ལ་དབང་རྣམ་པར་དག་པའི་ཁྱད་པར་དང་། སེམས་ལ་དབང་ཐོབ་པའི་དབང་གི་ཁྱད་པར་རྣམ་པར་དག་པ་དང་། འཇུག་པ་དང་། གནས་པ་དང་། ལྡང་བ་ལ་དབང་བའི་ཁྱད་པར་དང་། འཇིག་རྟེན་ལས་འདས་པ་ལས་ཀྱང་འཕགས་པའི་དབང་གི་ཁྱད་པར་
དང་། ཕྱིར་ཉམས་པ་མེད་པའི་དབང་གི་ཁྱད་པར་དང་། ཤེས་བྱ་དང་ཉོན་མོངས་པ་མེད་པའི་དབང་གི་ཁྱད་པར་དང་། སེམས་ཅན་དང་ཆོས་སུ་འཛིན་པ་དང་བྲལ་བས་ལྟ་བ་རྣམ་པར་དག་པའི་ཁྱད་པར་དང་། རྣམ་པ་ཐམས་ཅད་དུ་སེམས་ཅན་ལ་ཕན་འདོགས་པས། ཕན་འདོགས་

པ་རྣམ་པར་དག་པའི་ཁྱད་པར་དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པ་ལ་དབང་རྣམ་པར་དག་པའི་ཁྱད་པར་དང་། ཉམས་པ་མེད་པར་རྣམ་པར་དག་པའི་ཁྱད་པར་དང་། ཡེ་ཤེས་ཀྱི་ཁྱད་པར་ལ་གནས་པ་དང་། མཐར་ཕྱིན་པའི་བདག་ཉིད་ཆེན་པོ་དང་ལྡན་པའོ། །
དེ་དག་ལས་ཀྱང་དཀའ་བར་སྤྱོད་པའི་ཁྱད་པར་ནི་མདོའི་ཚིག་དང་པོ་བཞིས་བསྟན། ལྷག་མ་རྣམས་ནི་མདོའི་ཚིག་དེ་རེས་བསྟན་ཏོ། །དེ་བཞིན་གཤེགས་པའི་བསམ་གཏན་ནི། སྐྱོན་ཐམས་ཅད་དང་བྲལ་བ་སྟེ། དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་བསམ་གཏན་ནི། འཇིག་རྟེན་པའི་བསམ་གཏན་བཞི་དང་། སྙོམས་པར་འཇུག་པ་བཞིའི་ཡན་ལག་རྟོག་པ་དང་དཔྱོད་པ་ལ་སོགས་པ་དེ་ལ་མ་ཆགས་པའོ། །སྙིང་རྗེ་ཆེན་པོ་ལ་དམིགས་པ་ཞེས་བྱ་བ་ནི་དང་པོ་བསམ་གཏན་ལ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་
པ་སྤང་བར་བྱ་བའི་ཕྱིར་རོ། །བསམ་གཏན་ལ་མཉམ་པར་བཞག་གོ་སྙམ་དུ་དམིགས་ནས་འཇུག་པའི་ཕྱིར་རོ། །འདོད་པའི་ཁམས་སུ་དམིགས་པ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་ལ་ལྟ་བ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཏིང་ངེ་འཛིན་ལྡོག་པ་
ཡིན་ཏེ། འཇིག་རྟེན་པ་ལ་སོགས་པས་ནི་ཁམས་གོང་མའི་ཏིང་ངེ་འཛིན་ལ་གནས་པ་དེ་ལས་ལྡོག་ཅིང་། ཁམས་གོང་མར་གནས་པར་མི་ནུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཤིན་ཏུ་དབང་དུ་གྱུར་པས་ཁམས་གོང་མ་ལས་འདོད་པའི་ཁམས་སུ་དམིགས་ཤིང་
སྐྱེས་ཀྱང་ཉམས་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་སྟེ། ཚིག་དེ་དག་གིས་དཀའ་བར་སྤྱོད་པར་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཀུན་ཤེས་པའི་ཕྱིར་ཞེས་པ་ལ་སོགས་པས་མངོན་པར་ཤེས་པ་དང་། ཆོ་འཕྲུལ་ཆེན་པོ་ལ་དབང་རྣམ་པར་དག་པ་བསྟན་ཏེ་
སེམས་ཀྱི་སྤྱོད་པ་ཡང་སྔར་བསྟན་ལ། ཕྱིས་ཀྱང་སྟོན་པར་འགྱུར་རོ། །མངོན་པར་ཤེས་པ་ཡོངས་སུ་སྦྱང་བ་བྱས་པ་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་སེམས་ཀྱི་སྤྱོད་པ་ཀུན་ཤེས་པ་དེས་མངོན་པར་ཤེས་པ་ལྔ་ལས་སུ་རུང་བར་བྱས་སོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་

དབང་ཕྱུག་ཤེས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སེམས་ལ་དབང་ཐོབ་པའི་དབང་གི་ཁྱད་པར་རྣམ་པར་དག་པ་བསྟན་ཏེ། ཏིང་ངེ་འཛིན་རྩེ་གཅིག་པའི་མཚན་ཉིད་ཀྱིས་དབང་སྒྱུར་བ་ནི་སེམས་ཀྱི་དབང་ཕྱུག་ཤེས་པའོ། །དེའི་ཕྱིར་སེམས་ལས་སུ་རུང་བ་སྟེ། འདོད་ཆགས་ལ་སོགས་པ་ཉོན་
མོངས་པའི་དབང་དུ་མི་འགྲོ་ཞིང་ཇི་ལྟར་འདོད་པ་བཞིན་དུ་གནས་སུ་བཏུབ་ཅེས་བྱ་བའི་ཐ་ཚིག་གོ། །གཟུགས་དང་གཟུགས་མེད་པའི་ཁམས་ཟིལ་གྱིས་གནོན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་འཇུག་པ་དང་། གནས་པ་དང་། ལྡང་བ་ལ་དབང་བའི་ཁྱད་པར་བསྟན་ཏེ། བྱང་ཆུབ་
སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་བསམ་གཏན་ལ་སོགས་པ་ལ་དང་པོ་ཡང་ཅི་དགར་སྙོམས་པར་འཇུག་ལ། བར་དུ་ཡང་ཇི་ཙམ་འདོད་པའི་བར་དུ་གནས་ཤིང་ཐ་མར་ཡང་ནམ་དགའ་བ་ན་ལྡང་བར་བྱེད་ཀྱི། འཇིག་རྟེན་པའི་སྙོམས་པར་འཇུག་པ་དག་ནི་དང་པོ་སྙོམས་པར་འཇུག་
པའི་ཤུགས་མ་ཟད་ཀྱི་བར་དུ་ལྡང་བར་ཡང་མི་ནུས་ལ། ནམ་འདོད་པ་ན་བསམ་གཏན་གང་ཡང་རུང་བ་ལ་སྙོམས་པར་འཇུག་པ་ཡང་མི་ནུས་པས་ཟིལ་གྱིས་གནོན་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྙོམས་པར་འཇུག་པ་ཟིལ་གྱིས་གནོན་པའི་ཕྱིར་ཞེས་བྱ་
བ་ལ་སོགས་པས་ནི་འཇིག་རྟེན་ལས་འདས་པ་ལས་ཀྱང་འཕགས་པའི་དབང་གི་ཁྱད་པར་བསྟན་ཏེ། ཞི་བ་དང་རབ་ཏུ་ཞི་བ་ནི་གཟུང་བ་དང་འཛིན་པའི་རྟོག་པ་ཞི་བ་དང་རབ་ཏུ་ཞི་བའམ། ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྤོང་བའི་ཕྱིར་ཞི་བ་དང་རབ་ཏུ་ཞི་བ་ཞེས་བྱའོ། །
ཤིན་ཏུ་མཐར་ཐུག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཉམས་པ་མེད་པའི་དབང་གི་ཁྱད་པར་བསྟན་ཏེ། མི་འཁྲུགས་པ་ནི་མཐར་ཐུག་པར་གྱུར་པ་མི་མཐུན་པའི་ཕྱོགས་ཀྱིས་ཉམས་པར་བྱར་མེད་པའི་ཐ་ཚིག་གོ། །ཉོན་མོངས་པ་དང་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་
པར་འཇོམས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས། ཤེས་བྱ་དང་ཉོན་མོངས་པ་མེད་པའི་དབང་གི་ཁྱད་པར་བསྟན་ཏེ། ལོག་པར་སྒྲུབ་པ་ནི་ལས་དང་ཉོན་མོངས་པ་གང་གིས་ཚེ་རབས་གཞན་དུ་ཉིང་མཚམས་སྦྱོར་བའི་རྒྱུ་ཀུན་ནས་དཀྲིས་པ་དང་བག་ལ་ཉལ་ཡིན་ཏེ། དེའི་གཉེན་པོ་ཞེས་བྱ་བའི་

ཐ་ཚིག་གོ། །འཇིག་རྟེན་ཐམས་ཅད་ལས་བསྒྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སེམས་ཅན་དང་། ཆོས་སུ་འཛིན་པ་དང་བྲལ་བས་ལྟ་བ་རྣམ་པར་དག་པའི་ཁྱད་པར་བསྟན་ཏེ། འཇིག་རྟེན་ཐམས་ཅད་ནི་སེམས་ཅན་དང་ཆོས་སུ་འཛིན་པ་ལས་མངོན་པར་
ཞེན་པ་བསྟན་ཏེ། དེ་དག་ལས་བསྒྲལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཤེས་རབ་ལ་འཇུག་པ་སྟེ། བསམ་གཏན་འདིས་སེམས་ཅན་དང་ཆོས་སུ་འཛིན་པ་དང་བྲལ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་
ཐམས་ཅད་བསྒྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་ཐམས་ཅད་དུ་སེམས་ཅན་ལ་ཕན་འདོགས་པས་ཕན་འདོགས་པ་རྣམ་པར་དག་པའི་ཁྱད་པར་བསྟན་ཏེ། བསྒྲལ་བ་ནི་ངན་སོང་དང་། སྲིད་པའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་
ཀྱི་བསམ་པ་སྔོན་དུ་འགྲོ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་བསམ་པ་སྔོན་དུ་གཏོང་བའོ། །དེ་བཞིན་གཤེགས་པའི་བསམ་གཏན་མི་ཟད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པ་ལ་
དབང་རྣམ་པར་དག་པའི་ཁྱད་པར་བསྟན་ཏེ། དེ་བཞིན་གཤེགས་པའི་བསམ་གཏན་ནི་གོང་དུ་བཤད་པའོ། །བསམ་གཏན་དེས་འཇིག་རྟེན་གྱི་ཁམས་གོང་དུ་དཀོན་མཆོག་གསུམ་གྱི་མཚན་མི་གྲག་པ་ནི་གྲག་པར་བྱེད། གང་དུ་གྲག་པར་ནི་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་
ཆད་པར་བྱེད་དེ། དེ་ལྟར་བྱེད་པའི་བསམ་གཏན་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇུག་པས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པའོ། །རྟག་ཏུ་མཉམ་པར་གཞག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཉམས་པ་མེད་པ་རྣམ་
པར་དག་པའི་ཁྱད་པར་བསྟན་ཏེ། འགྲོ་བ་དང་འདུག་པ་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་མཉམ་པར་གཞག་པས་མ་ཉམས་པ་ཞེས་བྱ་སྟེ། སྤྱོད་ལམ་ཐམས་ཅད་དུ་ཉམས་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་

ལ་སོགས་པས་ཡེ་ཤེས་ཀྱི་ཁྱད་པར་ལ་གནས་པ་བསྟན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་རྫོགས་པར་བྱ་བའི་ཕྱིར་འཇུག་པས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཡེ་ཤེས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་དབང་སྒྱུར་
བའི་ཡེ་ཤེས་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ཀྱི་བདག་ཉིད་ཆེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཐར་ཕྱིན་པའི་བདག་ཉིད་ཆེན་པོ་དང་ལྡན་པ་བསྟན་ཏེ། ཡེ་ཤེས་ཀྱི་བདག་ཉིད་ཆེ་བ་ནི་ཡེ་ཤེས་ཀྱི་མཐུ་ཆེ་བའོ། །དེ་ལྟ་བུ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
བསམ་གཏན་ནི་ནམ་མཁའ་ཁྱབ་ཅེས་བྱ་སྟེ། ནམ་མཁའ་བཞིན་ཐོགས་པ་དང་ཆགས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་རྣམ་པར་དག་པ་བཅུ་དྲུག་པོ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་མེད་ན་འཇིག་རྟེན་པ་རྣམས་ལ་ལྟ་ག་ལ་ཡོད་ཅེས་བསྟན་པས་
ནི་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་བདག་ཉིད་ཆེ་བ་བརྗོད་དོ། །བསམ་གཏན་ཤིན་ཏུ་སྦྱངས་པའི་འབྲས་བུ་རྣམ་པར་དག་པའི་དབང་དུ་བྱས་ནས། དེ་ལ་བསམ་གཏན་ཡོངས་སུ་སྦྱངས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་ཡོངས་སུ་སྦྱངས་པ་
ཞེས་བྱ་བ་ནི་བསམ་གཏན་གྱི་ཡོངས་སུ་སྦྱངས་པ་སྟེ། སེམས་ལས་སུ་རུང་བའི་འབྲས་བུ་གང་སྦྱང་བ་ལ་བྱའོ། །དེ་ཉིད་ཀྱང་གང་ཞེ་ན། གང་མངོན་པར་ཤེས་པ་དང་ཡེ་ཤེས་ཡོངས་སུ་རྫོགས་པའོ་ཞེས་བྱ་བ་གསུངས་ཏེ། འོག་ནས་སྨོས་པ་ལྟ་བུའི་མངོན་པར་ཤེས་པ་དང་ཡེ་ཤེས་
ཡོངས་སུ་རྫོགས་པ་རྣམས་ནི་སེམས་ལས་སུ་རུང་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །གང་གིས་གཟུགས་སུ་སྣང་བ་ཐམས་ཅད་མཐོང་བ་ཞེས་བྱ་བ་ལ་སོགས་པ་ཚིག་གི་ཚར་ཕྲུགས་ལྔས་ནི་ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་
དྲན་པ་དང་། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་རྣམས་གོ་རིམས་བཞིན་དུ་བསྟན་ཏོ། །དེ་མན་ཆད་ཚིག་གི་ཚར་ཕྲུགས་གསུམ་གྱིས་ནི་ཟག་པ་ཟད་པ་མངོན་པར་ཤེས་པ་བསྟན་ཏེ། དངོས་གསལ་བ་རྣམས་ནི་མ་བཤད་དོ། །གང་གིས་གཟུགས་ཐམས་ཅད་ཀྱི་ཆོས་ཉིད་མི་ཟད་པར་

ཤེས་ཀྱང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གིས་གཟུགས་བཟང་པོ་དང་ངན་པ་ལ་སོགས་པ་ལྷའི་མིག་གིས་མཐོང་ངོ་ཅོག་ཐམས་ཅད་ཀྱི་ཆོས་ཉིད་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཤེས་ཀྱང་མི་ཟད་པའི་ཆོས་མངོན་སུམ་དུ་མི་བྱེད་དེ་འཕགས་པའི་ཉན་ཐོས་དག་
ལྟར་མྱ་ངན་འདས་པ་མངོན་སུམ་དུ་མི་བྱེད་པའི་ཡེ་ཤེས་ཞེས་བྱའོ། །གང་སྒྲ་ཐམས་ཅད་སྔོན་གྱི་མཐའ་དང་ཕྱི་མའི་མཐར་བརྗོད་དུ་མེད་པར་ཤེས་པ་ནི་སྒྲ་ཆེན་པོའམ་ཆུང་ངུ་ལ་སོགས་པ་ལྷའི་རྣ་བས་ཐོས་སོ་ཅོག་འདས་པ་དང་། མ་འོངས་པའི་མཐར་བརྗོད་དུ་མེད་པ་སྟེ། དམིགས་
སུ་མེད་པར་ཤེས་པ་ནི་ཡེ་ཤེས་ཞེས་བྱའོ། །སེམས་འགོག་པར་ཤེས་པ་ནི་སེམས་ཀྱི་ཆོས་ཉིད་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བར་ཤེས་པ་སྟེ། དེ་ལྟར་ཤེས་ཀྱང་སེམས་ཀྱི་ཆོས་ཉིད་སེམས་འགོག་པ་མངོན་སུམ་ཡང་མི་བྱེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །སྔོན་གྱི་
མཐའ་དང་ཕྱི་མའི་མཐའ་རྗེས་སུ་དྲན་པ་ནི་བདག་དང་ཕ་རོལ་རྣམས་འདས་པའི་དུས་ན་ཇི་ལྟ་བུར་གྱུར་ཅིང་བྱེད་པ་དང་། མ་འོངས་པའི་དུས་ན་བདག་དང་ཕ་རོལ་རྣམས་ཇི་ལྟར་འགྱུར་བ་ཤེས་པའོ། །གང་དུས་གསུམ་ལ་མ་ཆགས་པར་ཤེས་པ་ཞེས་བྱ་བ་ནི་དུས་གསུམ་གྱི་དངོས་པོ་
རྣམས་ལ་མཚན་མ་དང་དངོས་པོ་ཉིད་དུ་མི་འཛིན་ཅིང་། དུས་གསུམ་མཉམ་པ་ཉིད་དུ་ཤེས་པའོ། །ཞིང་ནམ་མཁའ་དང་མཚུངས་པར་ཤེས་པ་ནི་ཇི་ལྟར་ནམ་མཁའ་གསེར་དང་། བཻ་ཌཱུརྱ་ལ་སོགས་པ་གང་གི་རང་བཞིན་ཡང་མ་ཡིན་པ་ལྟར་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་སྟོང་པ་ཉིད་
དུ་ཤེས་པའོ། །དབྱེར་མེད་པའི་ཆོས་ནི་ཉན་ཐོས་དང་། རང་སངས་རྒྱས་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟག་པ་མེད་པའི་ཆོས་རྣམས་རྣམ་པར་གྲོལ་བར་རོ་གཅིག་པ་སྟེ། དེ་ལྟ་བུ་ཐོབ་པར་འདོད་པ་འདི་ནི་མངོན་པར་ཤེས་པ་ཡིན་ལ་དེའི་འོག་ཏུ་ཟག་པ་མེད་པའི་ཆོས་དེ་དག་ཀྱང་མཉམ་
པར་མཐོང་སྟེ། རྣམ་པར་གྲོལ་བའི་རང་བཞིན་དུ་ཡང་མི་དམིགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་ཡེ་ཤེས་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་བཟོ་དང་། གསོ་བ་རིག་པ་ལ་སོགས་པ་འཇིག་རྟེན་ཐམས་ཅད་དབྱེར་མེད་ཅིང་ཐུན་མོང་དུ་

གྱུར་པའི་ཤེས་པ་ནི་མངོན་པར་ཤེས་པ་ཞེས་བྱ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་འཇིག་རྟེན་གྱི་ཆོས་ཐམས་ཅད་དང་མ་འདྲེས་པར་ཤེས་པ་ནི་ཡེ་ཤེས་ཡིན་པར་སྦྱར་རོ། །ཟག་པ་ཟད་པའི་མཐུས་བརྒྱ་བྱིན་ལ་སོགས་པ་མཐུ་དང་རྫུ་འཕྲུལ་ལ་སོགས་པ་ཟིལ་གྱིས་གནོན་པ་འདི་ནི་མངོན་པར་ཤེས་
པ་ཡིན་ལ། འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་ཀྱང་ཁྱད་པར་དུ་འཕགས་ཏེ། སྤྱི་བོར་ཞེས་པ་འདི་ནི་ཡེ་ཤེས་ཞེས་བྱ་བར་སྦྱར་ཏེ། མདོར་ན་གང་ཇི་ཙམ་དུ་མཚན་མ་དང་རྩོལ་བ་དང་བཅས་པ་ཐམས་ཅད་ལ་ནི་མངོན་པར་ཤེས་པ་ཞེས་བྱ། མཚན་མ་མེད་ཅིང་ལྷུན་གྱིས་
གྲུབ་པར་ཤེས་པ་ཐམས་ཅད་ནི་ཡེ་ཤེས་ཞེས་བྱའོ། །མི་མཐུན་པའི་ཕྱོགས་དཔག་ཏུ་མེད་པའི་གཉེན་པོར་གྱུར་པས་གཉེན་པོ་ཚད་མེད་པའི་དབང་དུ་མཛད་ནས། ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། སེམས་གཡེང་བ་ཇི་སྙེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཚོགས་ཇི་སྙེད་ཡོད་པ་དང་། དམིགས་པ་དེ་དང་དེ་དག་ལ་བརྟེན་ནས་སྐད་ཅིག་ཀྱང་མི་གནས་པའི་སེམས་གཡེང་བ་ཇི་སྙེད་ཡོད་པ་དང་། སྤོང་བར་བྱེད་པའི་གཉེན་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཚོགས་དང་།
སེམས་གཞག་པ་ཤེས་པ་ཡང་དེ་སྙེད་ཅིག་ཡོད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་འདི་སྐད་དུ་སེམས་ཅན་གྱི་ཉོན་མོངས་པ་དང་། སེམས་གཡེང་བ་དཔག་ཏུ་མེད་དེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཚོགས་དང་། སེམས་མཉམ་པར་གཞག་པ་ཤེས་པ་ཡང་དཔག་ཏུ་མེད་
དོ་ཞེས་སྟོན་ཏོ། །དེ་ལ་བསམ་གཏན་གྱི་ཚོགས་ནི་བསམ་གཏན་གྱི་རྒྱུ་ལ་བྱའོ། །སེམས་གཞག་པ་ཤེས་པ་ནི་འབྲས་བུ་ལ་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། སེམས་གཡེང་བ་ཇི་སྙེད་པ་དེ་སྙེད་དུ་བྱང་ཆུབ་སེམས་དཔས་ཀྱང་བསམ་གཏན་གྱི་ཚོགས་ཡང་དག་པར་
བསྒྲུབ་པར་བྱའོ་ཞེས་བྱ་བས་ནི། སེམས་ཅན་གྱི་ཉོན་མོངས་པ་དང་། སེམས་གཡེང་བ་དེ་ལྟར་དཔག་ཏུ་མེད་པས་ན། བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཚོགས་བསྒྲུབ་པར་འདོད་པས་ཀྱང་། སེམས་ཅན་གྱི་ཉོན་མོངས་པ་དང་། སེམས་གཡེང་བ་དཔག་ཏུ་མེད་པའི་གཉེན་པོ་

བསམ་གཏན་གྱི་ཚོགས་ཀྱང་དཔག་ཏུ་མེད་པ་བསྒྲུབ་པར་བྱའོ་ཞེས་སྟོན་ཏོ། །ངེས་པའི་ཚིག་གིས་དམིགས་པ་ཐ་དད་པ་མེད་པ་ལ་གནས་པ་རྣམ་པར་དག་པའི་དབང་དུ་བྱས་ནས། མཉམ་པ་ཉིད་དེ་ལ་གནས་པས་ན་དེའི་ཕྱིར་མཉམ་པར་གཞག་པ་ཞེས་བྱའོ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། གང་དུ་སྨོས་པ་སེམས་གཞག་པ་ཤེས་པ་ནི་བསམ་གཏན་གྱི་ཚོགས་ཀྱི་འབྲས་བུ་ཞུམ་པ་དང་། རྒོད་པ་སྤངས་པ་ཡིན་པས་མཉམ་པ་ཉིད་ཅེས་བྱ་སྟེ། དེ་ལ་གནས་པས་ན། སེམས་མཉམ་པར་གཞག་པ་ཞེས་བྱའོ། །ཡང་ན་སྔར་སྨོས་པ་ལྟ་བུའི་
ཆོས་རྣམས་ཀྱི་མཉམ་པ་ཉིད་ལ་སེམས་རྩེ་གཅིག་ཏུ་གཞག་པས་ན་མཉམ་པར་གཞག་པ་ཞེས་བྱའོ། །ཡང་ན་མཉམ་པ་ཉིད་དེ་ནི་འོག་ནས་སྨོས་པ་སྟེ། གང་དང་གང་དག་མཉམ་ཞེ་ན། སེམས་ཅན་མཉམ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་སྦྱར་རོ། །སེམས་ཅན་ལས་
ཉོན་མོངས་པ་མིང་གིས་སྨོས་པ་དེ་དག་ནི་ཡང་དག་པར་ན་ཇི་སྐད་དུ་བརྗོད་པ་བཞིན་གྲུབ་པ་མེད་དེ་ཐམས་ཅད་རོ་གཅིག་ཅིང་མཉམ་པ་ཡིན་ཏེ། མཉམ་པ་ཉིད་དེ་ལ་གནས་པས་ན། དེ་ཕྱིར་མཉམ་པར་གཞག་པ་ཞེས་བྱའོ། །ཏིང་ངེ་འཛིན་སེམས་རྩེ་གཅིག་པའི་མཚན་ཉིད་གང་དང་མཉམ་པ་
གཉིས་སུ་མེད་པའི་ཡེ་ཤེས་བྱང་ཆུབ་ཀྱང་དེ་དང་མཉམ་སྟེ། སྟོང་པ་ཉིད་དུ་འདྲ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཚིག་འོག་མ་རྣམས་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །བྱང་ཆུབ་གང་དང་མཉམ་པ་སྟོང་པ་ཉིད་ཀྱང་དེ་དང་མཉམ་མོ་ཞེས་བྱ་བ་ནི། བྱང་ཆུབ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་
རང་བཞིན་གཅིག་སྟེ། ཡང་དག་པར་ན་ཐ་མི་དད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་འདུ་མི་བྱེད་པ་གང་དང་མཉམ་པ་མི་སྐྱེ་བ་ཡང་དེ་དང་མཉམ་མོ་ཞེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་ལ་སོགས་པའི་མངོན་པར་འདུ་བྱེད་པ་དང་བྲལ་བའི་ཆོས་ཉིད་དང་། མི་སྐྱེ་བ་དོན་གཅིག་པའི་ཕྱིར་རོ། །
དེ་བཞིན་དུ་མི་འབྱུང་བ་དང་། གཟུང་བ་དང་། འཛིན་པའི་དངོས་པོ་མེད་པར་ཡང་རང་བཞིན་གཅིག་ཅེས་བྱ་བར་སྦྱར་རོ། །གཟུང་བ་དང་འཛིན་པར་རྟོག་པའི་དྲི་མའི་དངོས་པོ་མེད་དེ་དེ་དང་བྲལ་བ་ཉིད་རྣམ་པར་དག་པ་ཡིན་ཏེ། གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར་རོ། །རང་གི་སེམས་ཀྱི་རང་

བཞིན་དེ་ལྟར་གཟོད་མ་ནས་རྣམ་པར་དག་པའི་རང་བཞིན་དུ་མཉམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཡང་འདྲ་བར་ཡུན་རིང་པོ་ནས་བསྒོམ་ཞིང་མཉམ་པ་ཉིད་དེ་ལ་ཞུགས་པས་ན་དེའི་ཕྱིར། སྙོམས་པར་ཞུགས་པ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ཡིད་ལ་བྱེད་པ་
སྤངས་པའི་དབང་དུ་བྱས་ནས་ཕན་པར་བྱེད་པ་དང་། ཕན་པར་མི་བྱེད་པ་ཐམས་ཅད་ལ་སྙོམས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕན་པར་བྱེད་པ་ནི་ཕན་འདོགས་པའོ། །ཕན་པར་མི་བྱེད་པ་ནི་གནོད་པ་བྱེད་པ་སྟེ། དེ་གཉིས་ལ་འདྲ་བར་སེམས་པས་ན་སྙོམས་པ་ཞེས་བྱའོ། །
སྙོམས་པའི་དཔེས་བསྟན་པའི་ཕྱིར་ས་དང་མཉམ་པའི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་མཐོ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པས་རློམ་སེམས་སུ་མི་བྱེད་པར་གནས་པའོ། །མི་དམའ་བ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་མང་ཞིང་རྒྱ་ཆེ་བ་དག་ཐོས་ནས་བསྒྲུབ་མི་ནུས་སོ་
སྙམ་དུ་སེམས་ཞུམ་པ་མེད་པ་སྟེ། དེ་ལྟར་མི་མཐོ་མི་དམའ་བར་གནས་པས་མི་གཡོ་བར་གྱུར་པ་ཡིན་ཏེ། གང་གིས་ཀྱང་བསྐྱོད་མི་ནུས་པར་གྱུར་ཞེས་བྱ་བའི་དོན་ཏོ། །སྤྱོད་ལམ་ཐམས་ཅད་དུ་མཉམ་པར་གཞག་པ་ཞེས་བྱ་བ་ལ་སོགས་པས་ནི་ལུས་དང་། སེམས་དང་། ངག་ཡོངས་
སུ་དག་པ་བསྟན་ཏེ། འགྲོ་བ་དང་འདུག་པ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ་མཉམ་པར་གཞག་པ་དང་། དེ་ཡང་སོ་སོར་ཀུན་ཏུ་བརྟགས་ནས་མཉམ་པར་གཞག་པ་ལྟར་བཅོས་པ་མ་ཡིན་པས་སྤྱོད་ལམ་མ་བཅོས་པ་སྟེ། ཚིག་དེ་གཉིས་ཀྱིས་ནི་ལུས་ཡོངས་སུ་དག་པར་བསྟན་
ཏེ། སོ་སོར་ཀུན་ཏུ་བརྟགས་ནས་སྙོམས་པར་ཞུགས་པ་མ་ཡིན་གྱི། དུས་ཐམས་ཅད་དུ་རང་བཞིན་གྱིས་སྙོམས་པར་ཞུགས་པ་དང་། རྒྱུ་བའི་ཚེ་མིག་ལ་སོགས་པའི་དབང་པོའི་ཡུལ་ལ་མི་རྒོད་པ་དང་། གནས་པའི་ཚེ་འདོད་པ་ལ་འདུན་པ་དང་། གནོད་སེམས་ལ་སོགས་
པ་ལ་མི་གཡེང་བའི་ཚིག་དེ་གསུམ་གྱིས་སེམས་ཡོངས་སུ་དག་པ་བསྟན་ཏོ། །རན་པར་སྨྲ་ཞིང་མང་དུ་མི་སྨྲ་བས་མུ་ཅོར་མི་སྨྲ་བ་དང་། ཆོས་སྨྲ་བ་དང་བདེན་པར་སྨྲ་བས་ཚིག་མ་འཆལ་པ་དེ་གཉིས་ཀྱིས་ནི་ངག་ཡོངས་སུ་དག་པ་བསྟན་ཏོ། །དོན་ཤེས་པ་ལ་སོགས་པས་ནི་བསྒོམ་

པར་བྱ་བའི་དོན་དང་ཆོས་དང་། སྒོམ་པའི་དུས་ཤེས་པ་བསྟན་ཏེ། སྟོང་པ་དང་བདག་མེད་པ་ལ་སོགས་པ་ཆོས་རྣམས་ཀྱི་དོན་ཤེས་པ་དང་། མིང་དང་ཚིག་དང་ཡི་གེས་བསྡུས་པ་གསུང་རབ་ཀྱི་ཡན་ལག་གི་ཆོས་ཤེས་པ་གཉིས་ཀྱིས་ནི་གང་བསྒོམ་པར་བྱ་བ་
ཤེས་པ་བསྟན་ཏོ། །དབྱར་དང་། སྟོན་དང་། དགུན་དང་། དགུན་སྨད་དང་། དཔྱིད་དང་། སོས་ཀའི་དུས་གང་གི་ཚེ་ཇི་ལྟར་བསྒོམ་པ་ཤེས་པས་དུས་ཤེས་པ་དང་། དེ་ལ་ཡང་ནམ་གྱི་ཆ་སྟོད་དང་། ཆ་སྨད་ལ་སོགས་པ་གང་གི་ཚེ་བསྒོམ་པ་ཤེས་པས་ཚོད་ཤེས་པ་དང་། འདི་ནི་
ལྡང་བའི་དུས་སོ། །འདི་ནི་ཟས་ཀྱི་དུས་སོ། །འདི་ནི་འཆགས་པའི་དུས་སོ་ཞེས་བྱ་བ་ལ་སོགས་པ་ཤེས་པ་ནི་དུས་མིན་པ་ཤེས་པ་སྟེ་ཚིག་དེ་དག་གིས་ནི་བསྒོམ་པའི་དུས་ཤེས་པ་བསྟན་ཏོ། །འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་སྙེགས་ཤིང་ཞེས་བྱ་བ་ལ་སོགས་པས་ནི་བྱང་
ཆུབ་སེམས་དཔའི་བསམ་གཏན་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་ཟིན་པ་སྟོན་ཏེ། སྔར་བསྟན་པ་ལྟར་སྤྱོད་ལམ་ཐམས་ཅད་དུ་མཉམ་པར་གཞག་པ་ཡིན་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་རྒྱལ་རིགས་དང་། རྗེའུ་རིགས་ལ་སོགས་པ་འཇིག་རྟེན་ཐམས་ཅད་
ཀྱི་རྗེས་སུ་སྙེགས་ཏེ་དེ་དག་མཐུན་པར་སྤྱོད་པའི་ཐབས་མཁས་པ་དང་ཡང་ལྡན་ལ། ཤེས་རབ་ཀྱིས་ཟིན་པས་དེ་དག་གི་ནང་ན་གནས་ཀྱང་འཇིག་རྟེན་དང་མ་འདྲེས་པ་ཡིན་ནོ། །ཇི་ལྟར་མ་འདྲེས་ཤེ་ན། འཇིག་རྟེན་གྱི་ཆོས་བརྒྱད་ལས་འདས་པ། ཉོན་མོངས་པ་ཐམས་ཅད་དང་མ་
འདྲེས་པ་ཞེས་གསུངས་སོ། །འདུ་འཛིའི་ནང་ན་ཡང་སྤྱོད་ལམ་དབེན་པ་ནི་སེམས་ཅན་གྱི་དོན་ལ་འཇིག་རྟེན་གྱི་རྗེས་སུ་སྙེགས་ཤིང་འདུ་འཛི་མང་པོའི་ནང་ན་གནས་ན་ཡང་སེམས་དབེན་ཅིང་རྩེ་གཅིག་ཏུ་གནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་ཆོས་ལ་གནས་པ་ནི་བསྟན་མ་ཐག་
པའི་ཆོས་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཉོན་མོངས་པ་དང་འཇིག་རྟེན་གྱི་ཆོས་དག་གི་དབང་དུ་མི་འགྱུར་བའི་ཕྱིར་མཉམ་པར་མ་བཞག་པའི་གནས་ཀྱང་མི་འདོར་ལ། ཐབས་ཀྱིས་ཡོངས་སུ་ཟིན་པས་འཇིག་རྟེན་གྱི་བྱ་བ་ཐམས་

ཅད་དུ་ཡང་སྣང་ངོ་། །ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་བསམ་གཏན་ཞེས་བཤད་ན། ཐབས་དང་ཤེས་རབ་གང་ཡིན་སྙམ་ནས་དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་ཤེས་རབ་ནི་གང་ཞེ་ན་ཞེས་དྲིས་པ་དང་། གཉེན་པོ་རྣམ་པར་དག་པ་ལ་གནས་པའི་དབང་དུ་
བྱས་ནས། གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པ་ན་སེམས་ཅན་ལ་བལྟ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ཐབས་དང་ཤེས་རབ་ཀྱིས་ཟིན་པ་རྒྱ་ཆེར་གསུངས་སོ། །མཉམ་པར་གཞོག་པ་ནི་ཞེས་བྱ་བ་ནི་དང་པོ་རྣལ་འབྱོར་དུ་སྙོམས་
པར་འཇུག་པའི་ཚེའོ། །སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཅན་འདོགས་པ་ནི་ཁམས་དང་འགྲོ་བ་དང་སྐྱེ་གནས་ཀྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་རྣམ་པ་གསུམ་གྱིས་ཇི་ལྟར་མཐུན་པ་བཞིན་དུ་སྡུག་བསྔལ་བ་ཡིན་ནོ་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་
སྟེ། དེ་ནི་ཐབས་སོ། །དེའི་འོག་ཏུ་སེམས་ཅན་སྡུག་བསྔལ་ལ་སོགས་པའི་མཚན་མ་ཡང་རབ་ཏུ་སྤངས་ཏེ། རྟོག་པ་ཞི་བ་དང་སྤྱོད་པ་རབ་ཏུ་ཞི་བར་བསམ་གཏན་དུ་བྱེད་པ་འདི་ནི་དེའི་ཤེས་རབ་སྟེ། ཚིག་མཐུན་པ་རྣམས་ནི་འོག་མ་དག་ལ་ཡང་མཐུན་མཐུན་དུ་སྦྱར་རོ། །སངས་
རྒྱས་ཀྱི་ཡེ་ཤེས་ནི་ཡེ་ཤེས་བཞི་སྟེ། དེ་དག་ཐོབ་པར་བྱའོ་སྙམ་ནས་བསམ་གཏན་ལ་འཇུག་པ་ནི་ཡེ་ཤེས་ལ་སྟོན་པའོ། །ཆོས་གང་ལ་ཡང་མི་གནས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་སོགས་པ་གང་ལ་ཡང་མ་ཆགས་པར་བསམ་གཏན་བྱེད་པའོ། །དམ་པའི་ཆོས་ནི་གསུང་
རབ་ཀྱི་ཡན་ལག་བཅུ་གཉིས་པོ་སྟེ། དེ་དག་གི་དོན་དང་ཚིག་རྣམས་གཟུང་བར་བྱ་བའི་ཕྱིར་བསམ་གཏན་ལ་འཇུག་པ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་ལྟ་བའོ། །གསུང་རབ་ཀྱི་ཡན་ལག་དེ་དག་ཐམས་ཅད་ཀྱང་དེ་བཞིན་ཉིད་ལ་གཞོལ་བ། དེ་བཞིན་ཉིད་ལ་འབབ་པ། དེ་
བཞིན་ཉིད་ལ་བབ་པའི་དོན་དུ་འདྲ་བར་འདྲེས་པའི་ཆོས་ལ་དམིགས་པའི་བསམ་གཏན་ནི་ཆོས་དབྱེར་མེད་པར་བསམ་གཏན་བྱེད་པའོ། །སངས་རྒྱས་ཀྱི་སྐུའི་རྒྱན་ནི་མཚན་དང་དཔེ་བྱད་དག་སྟེ། དེ་དག་རེ་རེ་ནས་ཡིད་ལ་བྱེད་པ་ནི་མངོན་དུ་བྱེད་པའོ། །ཆོས་ཀྱི་སྐུ་དབྱེར་མེད་པ་

ནི་མཚན་དང་དཔེ་བྱད་དག་གིས་མཚན་ཉིད་དུ་དབྱེར་མེད་པའོ། །ཆོས་ཉིད་བརྗོད་དུ་མེད་པ་ནི་སངས་རྒྱས་ཀྱི་གསུང་ཚངས་པའི་སྒྲ་དབྱངས་ཀྱིས་བཏགས་ཏེ་བརྗོད་པ་ཡང་འདུལ་བའི་སྐྱེ་བོའི་ངོར་བརྗོད་པར་ཟད་ཀྱི་ཆོས་ཉིད་ནི་དེས་ཀྱང་བརྗོད་དུ་མེད་པར་ཤེས་པའོ། །
སེམས་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབ་པ་ནི་སེམས་ལ་ཉོན་མོངས་པ་རྣམས་ཀྱིས་རྨ་མི་ཕྱིན་པ་དང་། སེམས་ཀྱི་ཉོན་མོངས་པ་རྣམས་འབིགས་པར་མཐུ་སྐྱེད་པའོ། །རང་བཞིན་གྱིས་གཡེང་བ་མེད་པར་བསམ་གཏན་བྱེད་པ་ནི་སེམས་ཀྱི་ངོ་བོ་ཉིད་ནི་གཟུང་བ་དང་འཛིན་པ་དང་ཞུམ་པ་དང་རྒོད་པ་
ལ་སོགས་པ་དང་བྲལ་བ་སྟེ། དེ་ཁོ་ན་བཞིན་དུ་བསམ་གཏན་བྱེད་པའོ། །སྔོན་གྱི་སྨོན་ལམ་ནི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་སྨོན་ལམ་བཏབ་པ་སྟེ། དེས་ད་ཡང་བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་ལ་སོགས་པས་སེམས་ཅན་
ཡོངས་སུ་སྨིན་པར་བྱའོ་ཞེས་སེམས་ཀྱི་མཐུ་བསྐྱེད་ཅིང་། བྱིན་གྱིས་རློབ་པ་ནི་ཐབས་སོ། །དགེ་བའི་རྩ་བ་ཐམས་ཅད་ལ་ལྷག་པར་དམིགས་པ་ནི་བསམ་གཏན་འདིས་འདོད་ཆགས་ལ་སོགས་པའི་དགེ་བའི་རྩ་བ་བསྐྱེད་དོ་སྙམ་དུ་དམིགས་པའོ། །དགེ་བའི་རྩ་བའི་གནས་ནམ་མཁའ་
དང་མཚུངས་པ་ནི་བསམ་གཏན་དང་། དགེ་བའི་རྩ་བ་གཉིས་ཀ་ཡང་རང་བཞིན་མེད་པར་མཐོང་བའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནི་བཻ་ཌཱུརྱ་དང་ཤེལ་ལ་སོགས་པའི་རང་བཞིན་ལས་གྲུབ་པ། ཐ་གྲུ་ཆེ་ཞིང་མཉམ་པ་ལ་སོགས་པ་མདོ་དག་ལས་གསུངས་པ་ལྟ་བུ་སྟེ།
དེ་ལྟ་བུ་དག་གཟུང་བར་སེམས་པ་ནི་མངོན་དུ་བྱེད་པའོ། །བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བཀོད་པ་ནི་མངོན་པར་བྱང་ཆུབ་པའི་ཚེ་བསྐལ་པ་དུ་མར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུས་བྱང་ཆུབ་ཀྱི་ཤིང་དང་། རྡོ་རྗེའི་གདན་ལ་སོགས་པ་ཕུན་སུམ་ཚོགས་པ་མདོ་དག་ལས་
གསུངས་པ་སྟེ་དེ་ལྟ་བུ་ཐོབ་པར་བྱ་བའི་བསམ་པ་སྔོན་དུ་གཏོང་བ་ནི་མངོན་དུ་བྱེད་པའོ། །ཉོན་མོངས་པ་ཐམས་ཅད་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བག་ལ་ཉལ་དང་བཅས་པ་སྟེ། དེ་དག་ཞི་བར་བྱ་བའི་ཕྱིར་ཞེས་སྦྱར་རོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འདོད་པ་

ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་འོག་ཏུ་འཕགས་པའི་བདེན་པ་བཞི་ལ་སོགས་པ་བཤད་པར་བྱ་བའི་བསམ་པ་སྔོན་དུ་གཏོང་བའོ། །བསྐོར་བ་ཡང་མེད་པ་ནི་ཆོས་རྣམས་བརྗོད་དུ་མེད་པའི་ཕྱིར་འཕགས་པའི་བདེན་པ་ལ་སོགས་པ་བཤད་དུ་མེད་པའོ། །མི་བསྐོར་བ་ཡང་མེད་པ་ནི་ཇི་ལྟར་བརྗོད་
དུ་མེད་ཀྱང་དེ་རྟོགས་པར་བྱ་བའི་ཐབས་ཙམ་དུ་མིང་དང་བརྡར་བཏགས་ཏེ་བཤད་པའོ། །བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ནི་ཞི་གནས་དང་ལྷག་མཐོང་སྟེ་དེ་གཉིས་ལ་སེམས་རྩེ་གཅིག་ཏུ་བསྒོམ་པའི་བསམ་པ་མངོན་དུ་གཏོང་བ་ནི་རྣམ་པར་མི་གཡེང་བ་མངོན་དུ་བྱེད་པའོ། །ཉོན་མོངས་པ་དང་
ཉེ་བའི་ཉོན་མོངས་པའི་གདུང་བ་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་དག་ཉིད་སེམས་ཀྱི་རྒྱུད་གདུང་བར་བྱེད་པའི་ཕྱིར་རོ། །དེ་དག་སུའི་སྤྱོད་ཡུལ་ཞེ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་ཞེས་གསུངས་སོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དེ་དག་ཐམས་ཅད་ལས་ཀྱང་
ཁ་ཅིག་ནི་སེམས་དང་ལྡན། ཁ་ཅིག་ནི་སེམས་དང་མི་ལྡན་པ་ཡིན་ལ། དེ་དག་གི་ནང་ནས་ཀྱང་ཁ་ཅིག་ནི་འདུ་ཤེས་མེད་པ། ཁ་ཅིག་ནི་འདུ་ཤེས་དང་བཅས་པ་སྟེ། དེ་དག་བསལ་བའི་ཕྱིར་ཞེས་བྱ་བར་སྦྱར་རོ། །ངེས་པར་གྱུར་པ་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་
པ་མངོན་སུམ་དུ་རྟོགས་པ་སྟེ། དེ་ལས་གཞན་དུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །དེ་དང་མཐུན་པ་ནི་ས་དང་པོ་རྟོགས་པ་དང་རྗེས་སུ་མཐུན་པ་མོས་པ་དང་སྤྱོད་པའི་ས་གཞི་པོ་རྣམས་ཀྱི་ཤེས་པ་བསྐྱེད་པ་ལ་བྱའོ། །མདོར་ན་ཇི་ཙམ་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་
རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་མཚན་མ་དང་བཅས་པའི་སྨོན་པ་དང་། རེ་བ་སྔོན་དུ་གཏོང་བ་ནི་ཐབས་སུ་ཤེས་པར་བྱ་ལ། ཇི་ཙམ་དུ་དེ་དག་གི་རང་བཞིན་མི་དམིགས་པ་ནི། ཤེས་རབ་ཏུ་ཤེས་པར་བྱའོ། །དེ་ལྟ་མོད་ཀྱི་
སེམས་རབ་ཏུ་སྦྱངས་པའི་མཐུས་བྱང་ཆུབ་སེམས་དཔའ་མཉམ་པར་འཇོག་པའི་ཚེ་ན་དུས་གཅིག་ཏུ་ཐབས་དང་ཤེས་རབ་གཉིས་ལ་སྤྱོད་ཀྱང་ཐབས་ཀྱི་དབང་དུ་གྱུར་པས་མཚན་མ་འབའ་ཞིག་ལ་དམིགས་པའམ། ཤེས་རབ་ཀྱི་དབང་དུ་གྱུར་ནས་ཐབས་དང་བྲལ་ན་མཚན་མ་མེད་པ་ཉི་ཚེ་

སྒོམ་པ་ཡང་མ་ཡིན་ཏེ། གཉིས་ཀ་ལ་ལྷུན་གྱིས་གྲུབ་པར་སྤྱོད་པ་དེ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་བསམ་གཏན་ཞེས་བྱའོ། །བདུད་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་རྙེད་ཅེས་བྱ་བ་ནི་བསྟན་མ་ཐག་པ་ལྟ་བུའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་
གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་བདུད་རྣམས་ཀྱིས་བར་ཆད་བྱ་བར་ཡང་མི་ནུས་ལ། བདུད་རྣམས་ཀྱི་དབང་དུ་ཡང་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་ཀྱང་ཉེ་བར་གནས་པ་ཡིན་ཞེས་བྱ་བ་ནི་གསུང་རབ་ཐམས་ཅད་ཀྱི་སྣོད་དུ་འགྱུར་ཞེས་བྱ་
བའི་ཐ་ཚིག་གོ། །དེ་ལྟར་ཏིང་འཛིན་འདི་དག་མཐའ་ཡས་དཔག་མེད་དེ། །ཞེས་བྱ་བ་ནི་གོང་དུ་མིང་གིས་སྨོས་པའི་ཏིང་ངེ་འཛིན་དེ་དག་དང་། ཏིང་ངེ་འཛིན་དེ་དག་ལྟ་བུ་གཞན་ཡང་མཐའ་ཡས་ཏེ་འདི་སྙེད་ཅིག་ཡོད་དོ་ཞེས་དཔག་པར་མི་ནུས་པའི་དོན་ཏོ། །བསམ་གཏན་བྱེ་བ་ཁྲག་
ཁྲིག་དག་གི་ཕ་རོལ་སོང་། །ཞེས་བྱ་བ་ནི་གོང་དུ་བཤད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དེ་ལྟར་མཐའ་ཡས་ཤིང་དཔག་ཏུ་མེད་པ་རྣམ་པར་དག་པར་རྟོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་མི་ཟད་པ་
བཤད་ཟིན་ཏོ།། །།ཤེས་རབ་མི་ཟད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ལ་མི་ཉམས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱང་མི་ཟད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དེ་མི་ཟད་པ་ཡང་འོག་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཇི་སྙེད་པ་ཤེས་རབ་དང་ཡེ་ཤེས་ཀྱི་ལས་ཀྱང་དེ་སྙེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ནམ་མཁའ་བཞིན་མཐའ་ཐུག་པ་མེད་པ་ལ་དམིགས་པས་ཟད་མི་
ཤེས་པའི་ཕྱིར་རོ། །ཡང་ན་སྙིང་རྗེ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསྒྲུབ་པ་དང་། ཤེས་བྱ་མཐའ་མེད་པའི་ཡུལ་ལ་དམིགས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའི་ཕྱིར་ཤེས་རབ་མི་ཟད་པ་ཞེས་བྱའོ། །ཤེས་རབ་མི་ཟད་པ་དེ་ཡང་རྣམ་པ་

བདུན་དུ་ལྟ་སྟེ། ཤེས་རབ་ཀྱི་རྣམ་པ་དང་། འཇུག་པ་དང་། ངེས་པའི་ཚིག་དང་། འབྲས་བུ་དང་། རང་བཞིན་དང་ཡུལ་དང་། ལས་རྣམས་སོ། །དེ་ལས་རྣམ་པ་ནི་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞིས་བསྟན། འཇུག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་སུམ་ཅུ་རྩ་གཅིག་གིས་བསྟན།
ངེས་པའི་ཚིག་ནི་རིགས་པའི་ཚིག་གོ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ཚར་གྱིས་བསྟན་ཏེ། འབྲས་བུ་ནི་ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ་ཞེས་བྱ་བ་ལ་སོགས་པས་བསྟན། རང་བཞིན་ནི་འགྲོགས་པ་བཅུ་དྲུག་དང་ལྷན་ཅིག་མི་གནས་པས་བསྟན། ཡུལ་ནི་ཆོས་བརྒྱད་ལ་མཁས་
པས་བསྟན། ལས་ནི་གཞན་ཡང་དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པ་ནི་ཤེས་རབ་པོ་ཞེས་བྱ་བ་ནི་དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །ཡང་ན་ཤེས་རབ་མི་ཟད་པ་དེ་ཡང་ཤེས་རབ་ཀྱི་རང་བཞིན་དང་། ཤེས་རབ་ཀྱི་འཇུག་པ་དང་།
ཤེས་རབ་ཀྱི་རྒྱུ་དང་། ཤེས་རབ་དེ་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་དང་མ་འདྲེས་པ་དང་། ཤེས་རབ་ཀྱི་ཡུལ་དང་། ཤེས་རབ་ཀྱི་ངེས་པའི་ཚིག་དང་། ཤེས་རབ་ཀྱི་འབྲས་བུ་དང་། བསྟན་པའི་བདག་ཉིད་ཆེན་པོ་བརྗོད་པས་བསྟན་ཏོ། །དེ་ལ་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་ནི་ཤེས་
རབ་ཀྱི་རང་བཞིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་སུམ་ཅུ་རྩ་གཉིས་ནི་ཤེས་རབ་ཀྱི་འཇུག་པའོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་རྒྱུའོ། །དེ་ལ་ཤེས་རབ་ནི་འགྲོགས་པ་བཅུ་དྲུག་དང་ལྷན་
ཅིག་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་དེ་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་དང་མ་འདྲེས་པའོ། །ཕུང་པོ་ལ་སོགས་པ་ཆོས་བརྒྱད་ནི་ཤེས་རབ་ཀྱི་ཡུལ་ལོ། །གཞན་ཡང་དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ངེས་
པའི་ཚིག་གོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་མི་ཟད་པ་སྟེ། ཤེས་རབ་མི་ཟད་པ་འདིས་ཡེ་ཤེས་མི་ཟད་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་འབྲས་བུའོ། །ཤེས་རབ་མི་ཟད་པ་བསྟན་པའི་ཆོས་ཀྱི་ལེའུ་འདི་ཞེས་བྱ་བ་ལ་སོགས་

པས་ནི་བསྟན་པའི་བདག་ཉིད་ཆེན་པོ་བརྗོད་པ་བསྟན་ཏོ། །ཤེས་རབ་དེའི་རྣམ་པ་ཇི་ལྟ་བུ་ཞེས་བྱ་བ་ནི་ཤེས་རབ་དེའི་རང་བཞིན་ཇི་ལྟ་བུ་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པ་ནི་ཅི་ཞེས་བྱ་བ་ནི་ཤེས་རབ་དེས་ཆོས་རྣམས་ཀྱི་མཚན་ཉིད་ལ་ཇི་ལྟར་རྟོག་ཅེས་བྱ་བའི་ཐ་ཚིག་
སྟེ། འཇུག་པའི་སྒྲ་ནི་རྟོག་པར་བྱེད་པ་ལ་བྱའོ། །དེ་སྐད་དྲིས་པ་དང་ལན་དུ་ཐོས་པ་ནི་རྣམ་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་འཇུག་པའོ་ཞེས་གསུངས་ཏེ། ཐོས་པ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་ལ། ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་ཆོས་རྣམས་ཀྱི་མཚན་ཉིད་རྟོགས་པར་འགྱུར་
བས་ཚུལ་བཞིན་ཡིད་ལ་བྱེད་པ་ནི་འཇུག་པ་ཞེས་བྱའོ། །ཡང་ན་རྣམ་པ་ནི་ཤེས་རབ་ཀྱི་རང་བཞིན་ཇི་ལྟ་བུ་བྱེ་བྲག་ཏུ་འབྱེད་པའོ། །དེ་ཡང་ཐོས་པ་ལས་ཤེས་རབ་ཀྱི་བྱེ་བྲག་ཕྱེད་པར་འགྱུར་ཏེ། དེ་བས་ན་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་པོ་དེ་དག་ལས་ཤེས་རབ་འབྱུང་བའི་ཕྱིར། བརྒྱད་ཅུ་
རྩ་བཞི་པོ་དག་ནི་ཤེས་རབ་ཀྱི་བྱེ་བྲག་གམ་རྣམ་གྲངས་ཞེས་བྱའོ། །ཡང་ན་ཤེས་རབ་དེའི་རྣམ་པ་ཇི་ལྟ་བུ་ཞེས་བྱ་བ་ནི་རྒྱུ་འདྲི་བའི་ཚིག་སྟེ། ཤེས་རབ་དེའི་རྒྱུ་གང་ཡིན་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་འདུན་པའི་རྣམ་པ་དང་ཞེས་བྱ་བ་ལ་སོགས་པས་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་པོ་དེ་དག་
གང་ཡིན་པ་སྟོན་ཏེ། འདུན་པ་ནི་ཆོས་ཉན་པར་འདོད་པ་ལ་བྱ་སྟེ། ཉན་པར་འདོད་པ་ལས་ཐོས་པ་དང་ཤེས་རབ་འབྱུང་གི་འདོད་པ་མེད་ན་མི་འབྱུང་བས་དེའི་ཕྱིར་འདུན་པ་ནི་ཤེས་རབ་འབྱུང་བའི་རྒྱུར་རིག་པར་བྱའོ། །ཡང་ན་ཐོས་པ་ལས་འདུན་པའི་རྣམ་པ་འབྱུང་གི་མ་ཐོས་པ་ལས་མ་ཡིན་པས་
ཐོས་པ་ནི་འདུན་པ་འབྱུང་བའི་རྒྱུ་ཡིན་ཏེ། འདུན་པ་དང་ཐོས་པ་གཉིས་གཅིག་གི་རྒྱུ་གཅིག་ཡིན་པར་བལྟའོ། །ཡང་ན་ཤེས་རབ་ཀྱི་རང་བཞིན་ཇི་ལྟ་བུ་ཞེས་དྲིས་པ་ན། འདུན་པའི་རྣམ་པ་ཞེས་བྱ་བ་ནི་ཤེས་རབ་དེ་འདུན་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣམ་པའི་སྒྲ་ནི་
བསམ་པའི་རྣམ་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་སྦྱར་རོ། །བསམ་པའི་རྣམ་པ་ནི། གོང་དུ་བསམ་པ་མི་ཟད་པའི་སྐབས་སུ་རྒྱ་ཆེར་བཤད་པ་ལ་བྱའོ། །དེ་ཡང་མདོར་བསྡུ་ན་བསམ་པ་རྣམ་པ་གཉིས་ཏེ། ཕན་པར་བྱ་བའི་བསམ་པ་དང་། བདེ་བར་བྱ་བའི་བསམ་པའོ། །

དེ་ལ་ཕན་པར་བྱ་བའི་བསམ་པ་ནི་མི་དགེ་བའི་གནས་ནས་སྟོན་ནས་དགེ་བའི་གནས་སུ་འགོད་པར་འདོད་པ་གང་ཡིན་པའོ། །བདེ་བར་བྱ་བའི་བསམ་པ་ནི་སེམས་ཅན་ཕོངས་པ་དང་། མགོན་མེད་པ་དང་། རྟེན་མེད་པ་རྣམས་ལ་ཉོན་མོངས་པ་ཅན་སྤངས་ཏེ་ཕན་པའི་དངོས་པོ་བསྒྲུབ་པར་འདོད་
པ་གང་ཡིན་པའོ། །ལྷག་པའི་བསམ་པའི་རྣམ་པ་ནི་གོང་དུ་ལྷག་པའི་བསམ་པ་མི་ཟད་པའི་སྐབས་སུ་རྒྱ་ཆེར་བཤད་པ་ལ་བྱའོ། །སྦྱོར་བའི་བསམ་པ་ནི་སྦྱོར་བ་མི་ཟད་པའི་སྐབས་སུ་རྒྱ་ཆེར་བཤད་པ་ལ་བྱའོ། །དེ་ཡང་མདོར་བསྡུས་ན་རྣམ་པ་དྲུག་སྟེ། ཕོངས་པ་སེལ་བའི་སྦྱོར་
པ་དང་། མོས་པ་ལ་སྦྱོར་བ་དང་། བསྒྲུབ་པ་ལ་སྦྱོར་པ་དང་། ཤེས་བཞིན་དུ་སྲིད་པར་སྐྱེ་བ་ལ་སྦྱོར་བ་དང་། ཚོགས་ཡོངས་སུ་རྫོགས་པར་སྦྱོར་བ་དང་། དཀའ་བ་སྤྱོད་པ་བཟོད་པ་ལ་སྦྱོར་བའོ། །སེམས་ཅན་དངོས་པོ་གང་གིས་ཕོངས་པ་དེ་ལ་དེ་གཏོང་བ་ནི་ཕོངས་པ་སེལ་བ་ལ་
སྦྱོར་བ་ཞེས་བྱ་སྟེ། དེ་ཡང་སྦྱིན་པ་མི་ཟད་པའི་སྐབས་སུ་ཟས་འདོད་པ་ལ་ཟས་སྦྱིན་པར་བྱེད་པ་དང་། བཏུང་བ་འདོད་པ་ལ་བཏུང་བ་སྦྱིན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །མོས་པ་ལ་སྦྱོར་བར་བྱེད་པ་ནི་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའི་
མཚན་ཉིད་དེ་བཞིན་ཉིད་ལ་མོས་པར་བྱེད་པའོ། །སྒྲུབ་པ་ལ་སྦྱོར་བར་བྱེད་པ་ནི་རྟག་ཏུ་གཞན་གྱི་དོན་སྒྲུབ་པར་བྱེད་པ་སྟེ། གང་སྦྱོར་བ་མི་ཟད་པའི་སྐབས་སུ་དགེ་བའི་རྩ་བ་ལ་རབ་ཏུ་གཟུད་པའི་ཕྱིར་སེམས་ཅན་བྱང་ཆུབ་ཀྱི་སེམས་འཛིན་དུ་འཇུག་པའི་བསམ་པ་ནི་བྱང་ཆུབ་སེམས་
དཔའི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཤེས་བཞིན་དུ་སྲིད་པར་སྐྱེ་བ་ལ་སྦྱོར་བ་ནི་ལས་དང་ཉོན་མོངས་པའི་དབང་གིས་ཁམས་གསུམ་དུ་སྐྱེ་བ་ནི་མ་ཡིན་གྱི། སྨོན་ལམ་གྱིས་ཤེས་བཞིན་དུ་འཁོར་བར་སྐྱེ་བའོ། །ཚོགས་ཡོངས་སུ་རྫོགས་པར་བྱ་བ་ལ་སྦྱོར་བ་ནི་
བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་སྟེ། གང་གོང་དུ་སྦྱིན་པ་མི་ཟད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཀའ་བར་སྤྱད་པ་བཟོད་པ་ལ་སྦྱོར་བ་ནི་སེམས་ཅན་ཡོངས་

སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ནང་གི་སྡུག་བསྔལ་མགོ་དང་། རྐང་ལག་ལ་སོགས་པ་བཏང་བ་དང་། ཕྱིའི་སྡུག་བསྔལ་གྲང་བ་དང་ཚ་བ་ལ་སོགས་པ་བཟོད་པ་སྟེ། དེ་ཡང་གང་དུ་བཙུན་པ་ཤ་ར་དྭ་ཏིའི་བུ་བཞི་པོ་འདི་དག་
ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་མི་ཟད་པ་སྟེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱི་སྦྱོར་བ་མི་ཟད་པ་དང་། ཆོས་སྦྱིན་པ་སྟོན་པའི་སྦྱོར་བ་མི་ཟད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་མི་ཟད་པ་ལ་སོགས་པས་བསྟན་ཏོ། །དགེ་བའི་བཤེས་གཉེན་
གྱི་རྣམ་པ་ཞེས་བྱ་བ་ལ། བསྐྱོད་པར་བྱེད་པ་དང་། འཇོག་པར་བྱེད་པ་དང་། སྟོབས་པར་བྱེད་པ་དང་། སྐྱབས་དཔག་ཏུ་མེད་པར་བྱེད་པ་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །དེ་ལ་བསྐྱོད་པར་བྱེད་པ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུ་སྤྱོད་པ་ལས་བསྐྱོད་པར་བྱེད་པ་སྟེ།
ལས་ངན་པ་སྤོང་དུ་འཛུད་ཅེས་བྱ་བའི་དོན་ཏོ། །འཇོག་པར་བྱེད་པ་ནི་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པ་དགེ་བ་བཅུ་ལ་འགོད་པར་བྱེད་པའོ། །སྟོབས་པར་བྱེད་པ་ནི་ལྷ་དང་མིའི་བདེ་བ་སྦྱིན་པར་བྱེད་པ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུའི་བར་དུ་སྦྱིན་པ་དང་འཐོབ་པར་བྱེད་པའོ། །
སྐྱབས་དཔག་ཏུ་མེད་པར་བྱེད་པ་ནི་མུ་སྟེགས་ཅན་ལ་སོགས་པའི་ལྟ་བ་ངན་པར་མི་ལྟུང་བར་སྐྱོབ་པ་དང་། ཉན་ཐོས་ལ་སོགས་པའི་ཐེག་པ་དམན་པར་མི་ལྟུང་བར་སྐྱོབ་པ་དང་། འཁོར་བའི་ལམ་ངན་པར་མི་ལྟུང་བར་སྐྱོབ་པ་དང་། སྡུག་བསྔལ་གྱི་གནས་ངན་སོང་དུ་མི་ལྟུང་བར་སྐྱོབ་
པའོ། །ཆོས་ཐོས་པ་ལས་སེམས་ཅན་ཐམས་ཅད་མི་དགེ་བ་ལས་བསྐྱོད་པར་བྱེད་པ་དང་། དགེ་བ་ལ་འཇོག་པར་བྱེད་པ་དང་། འབྲས་བུ་སྟོབས་པར་བྱེད་པ་དང་། སྡུག་བསྔལ་དཔག་ཏུ་མེད་པ་ལས་སྐྱོབ་པར་བྱེད་པས་ན་དགེ་བའི་བཤེས་གཉེན་གྱི་རྣམ་པ་ཞེས་བྱའོ། །ང་རྒྱལ་མེད་པ་ནི་ཆོ་རིགས་
དང་ཤེས་ཉེན་ལ་སོགས་པས་མི་སྙེམས་པའོ། །བག་ཡོད་པ་ནི་བག་མེད་པའི་གཉེན་པོ་སྟེ། བག་མེད་པར་ཡང་གཞན་ལས་འབྱུང་བ་དང་། བདག་ལས་འབྱུང་བ་རྣམ་པ་གཉིས་ཡོད་དོ། །གཞན་ལས་འབྱུང་བ་ཡང་རྣམ་པ་གཉིས་ཏེ། བྱུར་ལས་བྱུང་བ་དང་། སེམས་ཅན་ལས་བྱུང་བའོ། །

དེ་ལ་བྱུར་ལས་བྱུང་བ་ནི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ཀྱི་འདོད་ཆགས་ལ་སོགས་པ་མི་དགེ་བའི་རྩ་བ་འབྱུང་བ་དང་། སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱེད་པའོ། །སེམས་ཅན་ལས་བྱུང་བ་ནི་འདོད་ཆགས་དང་ཞེ་སྡང་སྐྱེ་བར་འགྱུར་བའི་ཡུལ་ཉེ་བར་འོངས་པས་འདོད་ཆགས་ལ་སོགས་
པ་ཉོན་མོངས་པ་འབྱུང་བའོ། །བདག་ལས་འབྱུང་བ་ཡང་རྣམ་པ་གཉིས་ཏེ། ལུས་ཀྱི་འདུ་འཛི་ལས་འབྱུང་བ་དང་། ལོག་པའི་རྣམ་པར་རྟོག་པ་ལས་འབྱུང་བའོ། །དེ་ལ་ལུས་ཀྱི་འདུ་འཛི་ལས་འབྱུང་བ་ནི་བདག་ཉིད་ཁྱེའུ་དང་། བུ་མོ་དང་། འགྲོ་བ་བཟང་མོ་དང་། རྒྱལ་རིགས་དང་
བྲམ་ཟེའི་རིགས་ལ་སོགས་པ་དང་འདྲེ་བར་མོས་པས་ཉོན་མོངས་པ་འབྱུང་བའོ། །ལོག་པའི་རྣམ་པར་རྟོག་པ་ལས་འབྱུང་བ་ནི་འདོད་པ་དང་འདུན་པ་དང་གནོད་སེམས་ལ་སོགས་པ་ལ་རྟོག་པའི་རྒྱུས་ཉོན་མོངས་པ་འབྱུང་བ་སྟེ། ཐོས་པ་ལས་དེ་དག་སྔོན་འབྱུང་བ་ཡང་སྤོང་པར་བྱེད་ལ།
ཕྱིས་ཀྱང་མི་འབྱུང་བར་བྱེད་པས་ན་བག་ཡོད་པའི་རྣམ་པ་ཞེས་བྱའོ། །གུས་པར་བྱེད་པ་ནི་ཆོས་དང་ཆོས་སྨྲ་བ་ལ་བརྙས་པ་མེད་པ་སྟེ། མདོ་ལས་དགེ་སློང་དག་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ནི་རི་བོང་ལ་མཆོང་ན་ཡང་བསྒྲིམས་ཏེ་མཆོང་གི་མ་བསྒྲིམས་པར་མ་ཡིན་ནོ། །རྟ་དང་གླང་པོ་
ལ་མཆོང་ན་ཡང་བསྒྲིམས་ཏེ་མཆོང་གི་མ་བསྒྲིམས་པར་མ་ཡིན་ནོ་ཞེས་རྒྱས་པར་གསུངས་པ་བཞིན་དུ་ཆོས་དང་ཆོས་སྨྲ་བ་ལ་བརྙས་པ་མེད་པར་བྱས་ནས་གུས་པར་ཉན་པའོ། །མཐུན་པར་འཛིན་པ་ནི་མཁན་པོ་དང་སློབ་དཔོན་ལ་སོགས་པས་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པར་བྱེད་
པའོ། །བཀའ་བློ་བདེ་བ་ནི་ཕྱིར་མི་ལྡོག་པར་ཉན་པ་དང་། སྤྱོད་ལམ་གུས་པ་སྟོན་པའོ། །བསྙེན་བཀུར་བྱེད་པ་ནི་ཆོས་དང་ཆོས་སྨྲ་བ་ལ་ཅི་རིགས་པར་ཕྱག་འཚལ་བ་ལ་སོགས་པ་ལུས་དང་ངག་གིས་རིམ་གྲོ་བྱེད་པའོ། །ཡང་ན་བསྙེན་བཀུར་མི་བྱེད་པའི་གཉེན་པོ་ནི། བསྙེན་བཀུར་བྱེད་
པ་སྟེ། བསྙེན་བཀུར་མེད་པ་ནི་ཉན་པ་ཁྲི་མཐོ་ལ། འཆད་པ་ཁྲི་དམའ་བ་ལ་བཞག་ཅིང་། རྐང་ལག་བརྐྱང་བ་དང་ཁ་གླལ་བ་ལ་སོགས་པས་ངན་ངོན་ཉན་པ་སྟེ། ཐོས་པ་དང་ལྡན་པ་རྣམས་ནི་ཆོས་བླ་མར་བྱེད་པ་དེ་ལྟ་བུ་མེད་དེ། དེ་བས་ན་བསྙེན་བཀུར་བྱེད་པའི་རྣམ་པ་ཞེས་བྱའོ། །

རྣ་བ་བླགས་ཏེ་ཉན་པ་ནི་ཕྱི་རོལ་དུ་གཡེང་བ་དང་། ནང་དུ་གཉིད་དང་རྨུགས་པས་སེམས་བསྡུས་པ་ཆོས་ཉན་པའི་དྲི་མ་གཉིས་མེད་པར་ཉན་པ་སྟེ། མདོ་ལས་ཀྱང་དགེ་སློང་དག་གཉིས་པོ་འདི་དག་ནི་ཆོས་ཉན་པའི་དྲི་མ་སྟེ། དེ་ཁྱེད་རྣམས་ཀྱིས་སྤང་བར་བྱའོ། །གཉིས་གང་
ཞེ་ན། སེམས་རྒོད་པ་དང་ཞུམ་པའོ་ཞེས་གསུངས་པའི་ཕྱིར་རོ། །ཡིད་ལ་བྱེད་པ་ནི་ཇི་སྐད་བསྟན་པ་བཞིན་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པ་དང་། དགོངས་པ་ཕྱིན་ཅི་མ་ལོག་པར་འཛིན་པ་སྟེ། དེ་ལ་ཆོས་ཉིད་ཕྱིན་ཅི་མ་ལོག་པར་འཛིན་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་འབྱུང་གི །
རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་སྐྱེ་བར་མི་རྟོག་པའོ། །དགོངས་པ་ཕྱིན་ཅི་མ་ལོག་པར་འཛིན་པ་ནི་ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཞེས་གསུངས་པ་ལ། བདེ་བའི་ཚོར་བ་དང་གཉིས་ཀ་མ་ཡིན་པའི་ཚོར་བ་རང་བཞིན་གྱིས་སྡུག་བསྔལ་བ་ནི་མ་ཡིན་གྱི། འགྱུར་བ་དང་འདུ་བྱེད་ཀྱི་
འདུ་བྱེད་ལ་དགོངས་པ་ལ་སོགས་པ་རྟོགས་པའོ། །རྣམ་པར་མི་གཡེང་བ་ནི་གཡེང་བ་རྣམ་པ་གསུམ་པོ་རང་བཞིན་གྱིས་གཡེང་བ་དང་། ཕྱི་རོལ་དུ་གཡེང་བ་དང་། ནང་དུ་གཡེང་བ་མེད་པ་སྟེ། དེ་ལ་རང་བཞིན་གྱིས་གཡེང་བ་ནི་ཆོས་ཉན་པའི་ཚེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་
རྣམ་པ་སྣ་ཚོགས་སུ་རྟོག་པ་འཇུག་པའོ། །ཕྱི་རོལ་དུ་གཡེང་བ་ནི་ཆོས་ཉན་པའི་ཚེ་ཉན་པར་མི་འདོད་ཅིང་སྐྱོ་བ་སྐྱེ་ལ། གཟུགས་ལ་སོགས་པ་ལ་རྟོག་པ་འབྱུང་བའོ། །ནང་དུ་གཡེང་བ་ནི་ཆོས་ཉན་པའི་ཚེ་ཞུམ་པའམ་རྒོད་པའི་དབང་དུ་གྱུར་པའོ། །གནས་ནི་ལུས་ཀྱི་སྤྱོད་ལམ་མི་རྒོད་པ་
སྟེ། གནས་གཅིག་ན་འདུག་ཅིང་ཉན་པའོ། །རིན་པོ་ཆེར་འདུ་ཤེས་པ་ནི་ཐོས་པ་དེ་ཉིད་རིན་པོ་ཆེ་དང་འདྲ་བར་དཀོན་པས་འདུ་ཤེས་ནས་ཉན་པ་ལ་བྱའོ། །ཡང་ན་དམ་པའི་ཆོས་ཉན་པ་ནི་ཕན་པ་དང་བདེ་བའི་རྒྱུར་འགྱུར་བ་དང་ཤིན་ཏུ་དཀོན་པ་དང་། བསྒྲུབ་དཀའ་པར་འདུ་ཤེས་
བསྐྱེད་ནས་ཉན་པ་ནི་རིན་པོ་ཆེར་འདུ་ཤེས་པའི་རྣམ་པ་ཞེས་བྱའོ། །དེ་ལ་ཕན་པའི་རྒྱུར་འགྱུར་བ་ནི་ལྷ་དང་མིའི་བདེ་བ་ནས་མྱ་ངན་ལས་འདས་པའི་བར་གྱི་བདེ་བ་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །བདེ་བའི་རྒྱུར་འགྱུར་བ་ནི་མུ་སྟེགས་ཅན་གྱི་དཀའ་ཐུབ་བདག་ཉིད་ངལ་པར་བྱེད་པའི་

མཐའ་དང་། འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་འདོད་པའི་བསོད་ཉམས་ཀྱི་མཐའ་གཉིས་སྤངས་བ་དབུ་མའི་ལམ་བདེ་བ་ལ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཤིན་ཏུ་དཀོན་པ་ནི་དེ་བཞིན་གཤེགས་པ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ཞིང་དམ་པའི་ཆོས་བཤད་པ་ཡང་བརྒྱ་ལམ་ན་འབྱུང་བའི་ཕྱིར་
རོ། །བསྒྲུབ་པར་དཀའ་བ་ནི་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་མཉན་པ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པས་བསྒྲུབ་དགོས་པའི་ཕྱིར་རོ། །སྨན་དུ་འདུ་ཤེས་པ་ནི་ཐོས་པས་དུག་གསུམ་གྱི་ནད་སེལ་བར་འགྱུར་བའི་
ཕྱིར་ཏེ། དེ་བས་ན་ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་རྣམ་པ་ཞེས་ཚིག་གོང་མ་གསལ་བར་བཤད་དོ། །དྲན་པའི་སྣོད་ཅེས་བྱ་བ་ལ། དྲན་པ་ཉིད་སྣོད་ཡིན་པས་ན་དྲན་པའི་སྣོད་དེ། དྲན་པའི་སྒྲས་ནི་ཐོས་པའི་ཤེས་རབ་ལ་བྱའོ། །སྣོད་ཀྱི་སྒྲས་ནི་མི་བརྗེད་པའི་
གཞི་ལ་བྱ་སྟེ། ཐོས་པ་ལས་ཡིད་གཞུངས་པ་འབྱུང་སྟེ། མི་བརྗེད་པའི་གཞི་བྱེད་པས་ན་ཐོས་པ་ནི་དྲན་པའི་སྣོད་ཀྱི་རྣམ་པ་ཞེས་བྱའོ། །རྟོག་པ་ཞེས་པ་ནི་བསམ་པའི་ཤེས་རབ་ལ་བྱ་སྟེ། བསམ་པའི་ཤེས་རབ་ཀྱང་མཉམ་པར་བཞག་པ་དང་། མ་བཞག་པའི་བྱེ་བྲག་གིས་རྣམ་པ་
གཉིས་ཏེ། དེ་ལ་རྟོགས་པ་དེས་ཤེས་པས་ན་རྟོགས་པ་ཤེས་པ་ཞེས་བྱ་སྟེ། རྟོགས་པ་ཤེས་པའི་སྒྲས་ནི་མཉམ་པར་བཞག་པའི་ཤེས་རབ་ལ་བྱའོ། །བློ་གྲོས་འདོད་པ་ཞེས་བྱ་བ་ལ། བློ་གྲོས་ཀྱི་སྒྲ་ནི་མཉམ་པར་མ་བཞག་པའི་ཤེས་རབ་ལ་བྱ་སྟེ། འདི་ལྟར་ཐོས་པ་དང་ལྡན་པ་བློ་ཆེ་
བ་ལ་དགའ་བར་འགྱུར་བའམ། ཡང་ན་འདོད་པ་ཞེས་བྱ་བ་འབར་བའམ་གསལ་བ་ལྟ་བུ་ལ་བྱ་སྟེ། ཐོས་པ་ལ་བློ་གྲོས་གསལ་བར་འགྱུར་བས་ན་བློ་གྲོས་འདོད་པའི་རྣམ་པ་ཞེས་བྱའོ། །བློ་གྲོས་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ལ་བྱ་ལ། འཇུག་པ་ནི་གོམས་པར་བྱེད་པ་
ལ་བྱ་སྟེ། འདི་ལྟར་ཐོས་པ་ལས་བློ་ལ་འདྲིས་ཤིང་གོམས་པ་འབྱུང་བ་ན་ཐོས་པ་ནི་བློ་ལ་འཇུག་པའི་རྣམ་པ་ཞེས་བྱའོ། །ཡང་ན་དྲན་པ་དེའི་སྣོད་ཡིན་པས་ན་དྲན་པའི་སྣོད་དེ། དྲན་པ་ཞེས་བྱ་བ་ནི་སྔོན་ཇི་ལྟར་བཟུང་བའི་ཆོས་དང་དོན་མི་བརྗེད་པའོ། །དྲན་པ་དེའི་སྣོད་ནི་ཐོས་པའི་ཤེས་

རབ་སྟེ། སྔོན་ཐོས་པའི་གཞི་ལས་དྲན་པ་འབྱུང་གི་མ་ཐོས་པ་ལས་ནི་མ་ཡིན་པའི་ཕྱིར་རོ། །བློ་དེ་ལ་འཇུག་པས་ན་བློ་ལ་འཇུག་པ་སྟེ། བློ་ནི་ཐོགས་པ་དང་ཆགས་པ་མེད་པའི་ཡེ་ཤེས་ལ་བྱའོ། །འཇུག་པ་ནི་མངོན་སུམ་དུ་བྱེད་པ་སྟེ། ཐོས་པ་ལས་དེ་
བཞིན་རྟོགས་པའི་ཡེ་ཤེས། མངོན་སུམ་དུ་འགྱུར་བས་ན་ཐོས་པ་ནི་བློ་ལ་འཇུག་པའི་རྣམ་པ་ཞེས་བྱའོ། །ཡང་ན་བློ་འདིས་འཇུག་པས་ན་བློ་ལ་འཇུག་པ་སྟེ། བློ་ནི་བསྒོམ་པའི་ཤེས་རབ་ལ་འཇུག་པ་ནི་བརྗོད་དུ་མེད་པའི་བདག་ཉིད་ཆོས་བདག་མེད་པ་རྟོགས་པ་ལ་བྱ་སྟེ། བསྒོམ་པའི་
ཤེས་རབ་ཀྱིས་དེ་བཞིན་རྟོགས་པར་འགྱུར་བའི་ཕྱིར་རོ། །དེའི་རྒྱུ་ཡང་ཐོས་པའི་ཤེས་རབ་ཡིན་ཏེ། དེ་བས་ན་སྐབས་འདིར་ཡང་ཐོས་པ་ནི་བློ་ལ་འཇུག་པའི་རྣམ་པ་ཡིན་པར་སྦྱར་རོ། །སངས་རྒྱས་ཀྱི་ཆོས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་བླ་ན་མེད་པ་སྟེ་མི་ངོམས་
པར་ཉན་པ་ནི་དེ་དག་ཉན་པ་ལ་ཆོག་མི་ཤེས་པའོ། །གཏོང་བ་ནི་ཇི་སྐད་དུ་ཐོས་པའི་ཆོས་རྣམས་འཆད་པའོ། །སྤེལ་བ་ནི་གང་ཟག་འགའ་ཙམ་ལ་ཕྱོགས་གཅིག་ཙམ་དུ་བར་འགའ་འཆད་པ་མ་ཡིན་ཞིང་། སེམས་ཅན་ཐམས་ཅད་ལ་ཕྱོགས་ཀུན་ཏུ་རྟག་ཏུ་འཆད་པའོ། །
ཡང་ན་གཏོང་བ་སྤེལ་བ་ནི་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་སྦྱིན་པར་བྱེད་པའོ། །དེ་ལ་སུས་སྦྱིན་པར་བྱེད། སུ་ལ་སྦྱིན་པར་བྱེད། ཅི་ཞིག་སྦྱིན་པར་བྱེད། ཅི་སྦྱིན་པར་བྱེད།
ཇི་ལྟར་སྦྱིན་པར་བྱེད། ཅིའི་ཕྱིར་སྦྱིན་པར་བྱེད་ཅེ་ན། སྨྲས་པ། སུས་སྦྱིན་པར་བྱེད་པ་ནི་ཐོས་པ་དང་ལྡན་པ་གཏོང་པ་པོའི་གང་ཟག་གིས་སོ། །སུ་ལ་སྦྱིན་པར་བྱེད་པ་ནི་བཞི་ལ་སྟེ། སྡུག་བསྔལ་བ་དང་། ཕན་འདོགས་པ་དང་། སྡུག་པ་དང་། ཁྱད་པར་ཅན་ལ་སྦྱིན་པར་བྱེད་དོ། །དེ་ལ་
སྡུག་བསྔལ་བ་ནི་བཟའ་བ་དང་བགོ་བ་ལ་སོགས་པས་ཕོངས་པ་མགོན་དང་སྐྱབས་མེད་པའི་བྲམ་ཟེ་དང་ཚོང་པ་དང་། གདོལ་བ་ལ་སོགས་པའོ། །ཕན་འདོགས་པ་ནི་ཕ་མ་དང་སྡུག་བསྔལ་དཔག་ཏུ་མེད་པར་ཞུགས་པ་ལས་འབྱིན་པའི་གང་ཟག་རྣམས་སོ། །སྡུག་པ་ནི་སྨོས་འདྲིན་གང་

དག་དེ་ལ་བྱམས་པའམ། གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། འགྲོགས་བཤེས་རྣམས་སོ། །ཁྱད་པར་ཅན་ནི་གང་ཉོན་མོངས་པ་གདུལ་བ་ལ་ཞུགས་པའམ། ཉོན་མོངས་པ་བཏུལ་བའི་འབྲས་བུ་ལ་གནས་པ་རྣམས་སོ། །ཡང་ན་བྱང་ཆུབ་སེམས་དཔའི་སྦྱིན་པའི་གནས་ནི་སེམས་ཅན་
ཐམས་ཅད་དེ་སུ་ལ་སྦྱིན་པ་ནི་སེམས་ཅན་ཐམས་ཅད་ལའོ། །ཅི་ཞིག་སྦྱིན་པ་ནི་ཕྱི་དང་ནང་གི་དངོས་པོའོ། །ཅིས་སྦྱིན་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཆགས་པ་མེད་པ་དང་། གཏོང་བའི་ལུས་དང་ངག་གི་ལས་ཀྱིས་སོ། །ཇི་ལྟར་སྦྱིན་པ་ནི་མ་འོངས་པ་ལ་བལྟ་བ་དང་། འབྲས་བུ་མཐོང་
བའི་དད་པས་སྦྱིན་པར་བྱེད་པ་དང་། བརྙས་པ་མེད་པར་རང་གི་ལག་ནས་སྦྱིན་པར་བྱེད་པའོ། །ཅིའི་ཕྱིར་སྦྱིན་པ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་རྒྱུས་སྦྱིན་པ་སྟེ། སྦྱིན་པ་དེ་ལྟ་བུ་ཡང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་ལྡན་པ། ལོངས་སྤྱོད་ཐམས་ཅད་རྨི་ལམ་དང་འདྲ་བར་སྙིང་པོ་མེད་པར་
འཛིན་པ། གཞན་གྱི་དོན་ལ་གཙོ་བོར་བྱེད་པའི་གང་ཟག་ཐོས་པ་དང་ལྡན་པ་རྣམས་ལ་འབྱུང་གི་གཞན་ལས་མ་ཡིན་པས་ན་ཐོས་པ་ནི་གཏོང་བ་སྤེལ་བའི་རྣམ་པ་ཞེས་བྱའོ། །འདིས་ནི་ཆོས་དང་ཟང་ཟིང་གི་སྦྱིན་པ་རྒྱ་ཆེར་བྱེད་པ་བསྟན་ཏེ། དུལ་བ་ནི་གཉེན་པོ་བསྒོམ་པ་འཕེལ་བ་དང་ལྡན་པས་མིག་ལ་
སོགས་པའི་དབང་པོ་རྣམས་ཡུལ་ལ་མི་འཇུག་པས་དུལ་བ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་དུལ་བ་སྟེ། དེའི་རྒྱུའོ། །དེ་ལྟ་བུ་དུལ་བས་ན་ཅང་ཤེས་པ་ཞེས་བྱ་སྟེ། ཅང་ཤེས་པ་ནི་ལམ་དྲང་པོ་ནས་ཇི་སྲིད་བགྲོད་པར་བྱ་བར་ཕྱིན་པར་འགྲོ་བའི་ཕྱིར་ཏེ། འདི་ནི་འབྲས་བུའོ། །
དེ་ལ་ལམ་དྲང་པོ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་ལ་སོགས་པའོ། །བགྲོད་པར་བྱ་བ་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། དེ་ལྟ་བུ་འཕགས་པའི་ལམ་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱང་ཐོས་པ་ལས་
བྱུང་བས་ན་ཐོས་པ་ནི་དུལ་ཞིང་ཅང་ཤེས་པའི་རྣམ་པ་ཞེས་བྱའོ། །མང་དུ་ཐོས་པ་ལ་བརྟེན་པ་ནི་མང་པོ་ལས་རྣམ་པ་མང་དུ་ཆོས་གང་ཐོག་མར་དགེ་བ་བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ།

ཡོངས་སུ་བྱང་བ་ཞེས་བྱ་བ་ལ་སོགས་པའི་མདོ་སྡེ་ཕར་ཆེར་ཐོས་པ་ལ་བྱའོ། །དེ་ལ་མང་པོ་ལ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་མང་པོ་ལ་ཐོས་པའོ། །རྣམ་པ་མང་དུ་ཞེས་བྱ་བ་ནི་ཆོས་དེ་ཉིད་ལ་ལན་གྲངས་མང་དུ་ཐོས་པ་སྟེ། དེ་ཡང་ཐོས་པ་ལས་འབྱུང་གི །མ་ཐོས་
པ་ལས་མ་ཡིན་པས་ནི་ཐོས་པ་ནི་མང་དུ་ཐོས་པ་ལ་བརྟེན་པའི་རྣམ་པ་ཞེས་བྱའོ། །བསྟི་སྟང་དུ་བྱས་ཏེ་དགའ་བ་མྱོང་བར་བྱེད་པ་ཞེས་བྱ་བ་ལ། བསྟི་སྟང་དུ་བྱས་པ་ནི་ཆོས་དང་ཆོས་སྨྲ་བའི་གང་ཟག་ལ། ལུས་དང་ངག་དང་ཡིད་ཀྱི་བསྟི་སྟང་དུ་བྱས་ནས་ཉན་པ་སྟེ། དེ་ལྟར་བསྟི་སྟང་དུ་བྱས་ཏེ་
མཉན་ན། དགའ་ཞིང་ཡིད་དུ་འོང་བ་བཟང་པོ་དང་ལྡན་པར་འབྱུང་བས་ན་ཐོས་པ་ནི་བསྟི་སྟང་དུ་བྱས་ཏེ་དགའ་བ་མྱོང་བར་བྱེད་པའི་རྣམ་པ་ཞེས་བྱའོ། །དེ་ལ་ལུས་ཀྱི་བསྟི་སྟང་དུ་བྱས་ཏེ་ཉན་པ་ནི་དུས་ཐམས་ཅད་དུ་ལུས་ཀྱི་སྤྱོད་ལམ་མི་མཛེས་པ་མི་སྟོན་ཅིང་། འདུད་པ་དང་། ཐལ་མོ་སྦྱར་བ་ལ་
སོགས་པ་བྱེད་པའོ། །སེམས་ཀྱིས་གུས་པར་བྱས་ཏེ་ཉན་པ་ནི་ཆོས་དང་ཆོས་སྨྲ་བ་ལ་གནོད་པའི་བསམ་པ་དང་། འཕྱས་གདགས་པའི་བསམ་པ་དང་། ཀླན་ཀའི་བསམ་པ་མེད་ཅིང་། ཆོས་དོན་དུ་གཉེར་བའི་བསམ་པས་བླ་ན་མེད་པའི་ལམ་སྟོབས་པར་བྱེད་པའོ་སྙམ་དུ་བསམས་ནས་
ཉན་པའོ། །ངག་གིས་གུས་པར་བྱེད་དེ་ཉན་པ་ནི་ཆོས་སྨྲ་བའི་གང་ཟག་ལ་ནམས་ཀྱང་ཞེར་འདེབས་པའི་ཚིག་མི་སྨྲ་ཞིང་། རྟག་ཏུ་དེའི་ཡོན་ཏན་རྗོད་པར་བྱེད་པའོ། །ཐོས་པ་ལས་སེམས་མ་འཁྲུགས་ཤིང་། ཞི་གནས་ཀྱི་མཚན་ཉིད་ཏིང་ངེ་འཛིན་ཐོབ་པར་འགྱུར་ལ། ཞི་གནས་དང་ལྡན་པར་
མིག་ལ་སོགས་པ་དབང་པོའི་ཡུལ་ལ་མི་འཇུག་ཅིང་། སེམས་རྣམ་པར་རྟོག་པ་མང་པོས་གཡེན་སྤྱོ་བ་མེད་པས་སེམས་བདེ་བར་འགྱུར་ལ། སེམས་བདེ་ན་ལུས་བདེ་བར་འགྱུར་བས་ལུས་བདེ་བའི་རྣམ་པ་ཞེས་བྱའོ། །ཐོས་པ་ལས་ཤེས་རབ་ཀྱི་མཚན་ཉིད་ལྷག་མཐོང་ཐོབ་པར་འགྱུར་ལ། ལྷག་
མཐོང་གིས་ཐེ་ཚོམ་དང་ཡིད་གཉིས་སེལ་བར་བྱེད་པས་སེམས་རབ་ཏུ་དགའ་བའི་རྣམ་པ་ཞེས་བྱའོ། །བརྩོན་འགྲུས་ཀྱི་སྐྱོན་གཉིས་སོ། །ཧ་ཅང་བརྟུན་དྲགས་པ་དང་། གཡེལ་བ་ལས་ཕྱིས་ཆོས་ཉན་པར་མི་འདོད་པའམ། ཆེད་འགའ་ཉན། ཆེད་འགའ་མི་ཉན་པ་ནི་སྐྱོ་བ་སྟེ། དེ་

ལྟ་བུ་མེད་པས་མི་སྐྱོ་བར་ཉན་པ་ཞེས་བྱའོ། །དོན་དང་ཆོས་དང་ནན་ཏན་ཉན་པ་རྣམ་པ་གསུམ་གྱིས་ནི་ཐོབ་པར་བྱ་བ་དང་། བཤད་པར་བྱ་བ་དང་། བསྒྲུབ་པར་བྱ་བ་ཉན་པར་རིམ་བཞིན་དུ་བསྟན་ཏོ། །དེ་ལ་དོན་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། འཕགས་པའི་ལམ་གྱིས་བསྒྲུབས་པའི་འབྲས་བུ་
ཡིན་པའི་ཕྱིར་རོ། །ཆོས་ནི་གསུང་རབ་ཀྱི་ཡན་ལག་བཅུ་གཉིས་ཏེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་།
སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་དག་གོ། །དེ་ལ་མདོ་སྡེ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དེ་དང་དེ་དག་ཏུ་འདུལ་བ་དེ་དང་དེ་དག་དང་། འདུལ་བའི་སྤྱོད་པ་རྣམས་ལས་བརྩམས་ཏེ་ཕུང་པོ་དང་ལྡན་པའི་
གཏམ་དང་། སྐྱེ་མཆེད་དང་ལྡན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པ་དང་། ཟས་དང་ལྡན་པ་དང་། ཁམས་དང་ལྡན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དང་ལྡན་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་
རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་དང་། མི་སྡུག་པ་དང་། དབུགས་རྔུབ་པ་དང་། དབྱུང་བ་དང་། བསླབ་པ་དང་། ཤེས་ནས་དད་པ་དང་ལྡན་པའི་གཏམ་གསུངས་པ་གང་ཡིན་པ་དག་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་
ཡོངས་སུ་བཟུང་ནས་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་མིང་དང་ཚིག་དང་ཡི་གེའི་ཚོགས་མཐུན་པ་དག་གིས་ཅི་རིགས་པར་རིམ་གྱིས་བཀོད་ཅིང་སྦྱར་བ་གང་ཡིན་པའོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི་གང་གི་ཐ་མའི་མཇུག་ཏུ་ཚིགས་སུ་བཅད་པ་མངོན་པར་བརྗོད་པ་དང་། བཀྲི་བའི་དོན་གྱི་
མདོ་སྡེ་གང་ཡིན་པའོ། །ལུང་དུ་བསྟན་པའི་སྡེ་ནི་གང་ལས་ཉན་ཐོས་ཤི་འཕོས་པ་དང་། དུས་བྱས་པ་དང་། སྐྱེ་བ་ལུང་སྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པའོ། །ཚིགས་སུ་བཅད་པའི་སྡེ་ནི་རྐྱང་པས་བཤད་པ་མ་ཡིན་པ་སྟེ། འདི་ལྟར་རྩ་བ་གཉིས་པའམ། གསུམ་པ་

འམ། བཞི་པའམ། ལྔ་པའམ། རྩ་བ་དྲུག་པར་རྩ་བ་སྡེབས་ཏེ་བཤད་པ་གང་ཡིན་པའོ། །ཆེད་དུ་བརྗོད་པའི་སྡེ་ནི་གང་ཟག་གི་མིང་དང་། རིགས་ཡོངས་སུ་མ་བརྗོད་མ་བསྟན་པར་ཕྱིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བཤད་པའོ། །གླེང་གཞིའི་སྡེ་ནི་གང་
ཟག་གི་མིང་དང་རིགས་ཡོངས་སུ་བརྗོད་ཅིང་བསྟན་ཏེ་བཤད་པ་དང་། གང་ཟག་འདུལ་བ་དང་ལྡན་པའི་བྱུང་བ་དང་བཅས། གླེང་གཞི་དང་བཅས་པ་སོ་སོར་ཐར་པའི་མདོ་སྡེ་གང་ཡིན་པའོ། །རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དང་བཅས་པར་བསྟན་པ་སྟེ། དཔེ་དེས་དོན་གྱི་རང་བཞིན་དེ་རྣམ་པར་
གསལ་བར་འགྱུར་བ་གང་ཡིན་པའོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་ཅུང་ཟད་སྔོན་གྱི་སྦྱོར་བ་དང་ལྡན་པ་གང་ཡིན་པའོ། །སྐྱེས་པ་རབས་ཀྱི་སྡེ་ནི་འདས་པའི་དུས་ལ་བརྟེན་ཏེ། བཅོམ་ལྡན་འདས་ཀྱིས་འཆི་འཕོ་དང་སྐྱེ་བ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་དཀའ་བར་སྤྱད་པ་བསྟན་པ་
གང་ཡིན་པའོ། །ཤིན་ཏུ་རྒྱས་པའི་སྡེ་ནི་གང་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། སྟོབས་བཅུ་དང་། སྒྲིབ་པ་མེད་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བསྟན་པ་གང་ཡིན་པའོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་གང་ལས་སངས་
རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱི་ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། དེ་ལས་གཞན་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཁྱད་པར་ཅན་ངོ་མཚར་རྨད་དུ་བྱུང་བར་གྲགས་པ་དག་བསྟན་པ་གང་ཡིན་པའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་མདོ་སྡེ་འདྲེན་པར་བྱེད་ཅིང་། མདོ་
སྡེ་རྣམ་པར་འཆད་པར་བྱེད་པ། མ་ལྟ་བུའི་ཆོས་མངོན་པ་ཐམས་ཅད་ལ་བྱའོ། །གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་དག་ལ་མདོ་སྡེ་ཡང་ཡོད། འདུལ་བ་ཡང་ཡོད། ཆོས་མངོན་པ་ཡང་ཡོད་དེ། དེ་ལ་རེ་ཞིག་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་
དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཡིན་པ་ནི་མདོ་སྡེའོ། །གླེང་གཞིའི་སྡེ་གང་ཡིན་པ་ནི་འདུལ་བའོ། །གཏན་ལ་

ཕབ་པར་བསྟན་པའི་སྡེ་གང་ཡིན་པ་ནི་ཆོས་མངོན་པའོ། །དེ་ལ་སྡེ་སྣོད་གསུམ་པོ་དེ་དག་ལས་མདོ་སྡེའི་མཚན་ཉིད་ནི་ཆོས་རྣམས་མདོར་བསྡུས་ནས་སྟོན་པའོ། །འདུལ་བའི་མཚན་ཉིད་ནི་ཆོས་དང་དོན་མངོན་དུ་བྱེད་པ་སྟེ། ཉོན་མོངས་པ་བཏུལ་ན་ཆོས་དང་དོན་མངོན་དུ་འགྱུར་བའི་ཕྱིར་རོ། །ཆོས་མངོན་
པའི་མཚན་ཉིད་ནི་ངེས་པའི་གཏམ་གཏན་ལ་འབེབས་པས་ཆོས་ཀྱི་ལོངས་སྤྱོད་ལ་རིག་པར་བྱེད་པའོ། །དེ་དག་གི་ལས་ནི་མདོ་སྡེའི་སྡེ་སྣོད་ཀྱིས་ཐེ་ཚོམ་ཉེ་བའི་ཉོན་མོངས་པ་སེལ་བར་བྱེད་དོ། །འདུལ་བའི་སྡེ་སྣོད་ཀྱིས་མཐའ་གཉིས་ལ་སྦྱོར་བའི་ཉེ་བའི་ཉོན་མོངས་པ་སེལ་བར་བྱེད་དོ། །ཆོས་མངོན་
པའི་སྡེ་སྣོད་ཀྱིས་རང་གི་ལྟ་བ་མཆོག་ཏུ་འཛིན་པའི་ཀུན་ནས་ཉོན་མོངས་པ་སེལ་བར་བྱེད་དོ། །ནན་ཏན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོགས་པ་བསྒྲུབ་པར་བྱ་བའི་ཆོས་རྣམས་ལ་བྱའོ། །གཞན་ནི་མཁན་པོ་དང་སློབ་དཔོན་ལ་སོགས་པ་དགེ་བའི་བཤེས་གཉེན་རྣམས་སོ། །དེ་དག་
གིས་བསྟན་པ་ནི་དེ་དག་གིས་བཤད་པ་སྟེ། རང་གི་ལྟ་བ་མཆོག་ཏུ་འཛིན་པ་བཏང་ནས་ང་རྒྱལ་མེད་པར་བྱས་ཏེ། ཇི་སྐད་བསྟན་པ་བཞིན་དུ་ཉན་པ་ནི་གཞན་གྱིས་བསྟན་པ་ཉན་པ་ཞེས་བྱའོ། །ཆོས་མ་ཐོས་པ་ནི་མུ་སྟེགས་ཅན་ལ་སོགས་པ་འདི་ལས་ཕྱི་རོལ་པའི་བསྟན་པ་ལ་མེད་པ། ཕུང་པོ་དང་སྐྱེ་
མཆེད་ལ་སོགས་པ་མདོའི་སྡེ་ལས་གསུངས་པར་བསྟན་པ་གང་ཡིན་པ། འཁོར་བ་ཐོག་མ་མེད་པ་ནས་ལན་འགའ་ཡང་མ་ཐོས་པ་དེ་ད་ཐོས་པར་གྱུར་པས་ན་ཐོས་པ་ནི་ཆོས་མ་ཐོས་པ་ཉན་པའི་རྣམ་པ་ཞེས་བྱའོ། །མངོན་པར་ཤེས་པ་ནི་དྲུག་སྟེ། དེ་དག་ནི་དེ་དག་ཉིད་ཀྱི་སྐབས་ནས་འཆད་དོ། །ཐེག་
པ་གཞན་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ལྷའི་ཐེག་པ་དང་། མིའི་ཐེག་པ་དག་སྟེ། དེ་དག་ཉན་ཀྱང་ཆགས་པར་མི་བྱེད་པས་ན་འདོད་པ་མེད་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་མི་ཟད་པ་ལ་སོགས་པ་དྲུག་པོ་འདི་དག་གོ། །དེ་ལ་ཕ་རོལ་ཏུ་ཕྱིན་
པའི་སྒྲ་ནི་མཆོག་གི་དོན་ཏེ། རྒྱུ་མཆོག་དང་ལས་མཆོག་དང་འབྲས་བུ་མཆོག་གི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་རྒྱུ་མཆོག་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་གོང་ནས་གོང་དུ་ཁྱད་ཞུགས་པའི་ཡེ་ཤེས་ཀྱི་རྒྱུར་འགྱུར་བའི་ཕྱིར་རོ། །ལས་མཆོག་ནི་བདག་དང་གཞན་ལ་ཕན་འདོགས་པར་

བྱེད་པའི་ཕྱིར་རོ། །འབྲས་བུ་མཆོག་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་པའི་ཕྱིར་རོ། །ཡང་ན་རྒྱུ་མཆོག་ནི་སྙིང་རྗེ་ཆེན་པོའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་གོང་དུ་གསུང་རབ་ཡན་ལག་བཅུ་གཉིས་སྨོས་པའི་ནང་ནས་ཤིན་ཏུ་རྒྱས་པའི་སྡེ་གང་ཡིན་
པའོ། །བསྡུ་བའི་དངོས་པོ་ཞེས་བྱ་བ་ནི་སེམས་ཅན་དགའ་བར་བྱེད་པའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡང་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་ཉིད་ཀྱི་སྐབས་ནས་འཆད་དོ། །ཐབས་མཁས་པ་ནི་དགེ་བའི་རྩ་བ་ཆུང་ངུ་ཡང་དཔག་ཏུ་མེད་པར་འགྱུར་བར་བྱེད་པ་དང་། སེམས་ཅན་
བསྟན་པ་འདི་ལ་མ་ཞུགས་པ་རྣམས་བསྟན་པ་ལ་གཟུད་པ་དང་། ཞུགས་པ་རྣམས་དགེ་བའི་རྩ་བ་འཕེལ་བར་བྱ་བ་དང་། དགེ་བའི་རྩ་བ་འཕེལ་བ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བ་སྟེ། དེ་ཉན་པར་བྱེད་པས་ན་ཐབས་ལ་མཁས་པ་ཉན་པའི་
རྣམ་པ་ཞེས་བྱའོ། །ཚངས་པ་ནི་སྡིག་པ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པ་ལ་བྱ་སྟེ། མདོ་ལས་ཀྱང་། ཚངས་པར་གྱུར། བསིལ་བར་གྱུར་ཅེས་གསུངས་པའི་ཕྱིར་རོ། །དེའི་གནས་པ་ནི་ཐོབ་པར་བྱེད་པའི་རྒྱུ་ལ་བྱ་སྟེ། དེ་ཡང་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ཉིད་
ཀྱི་སྐབས་ནས་འཆད་དོ། །དྲན་པ་ནི་སེམས་ཅན་གྱི་དོན་བྱ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་བྱ་བ་དང་མི་བྱ་བར་ཤེས་ཤིང་དྲན་པའོ། །ཤེས་བཞིན་ནི་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་དངོས་པོ་མེད་པར་ཤེས་པའོ། །སྐྱེ་བ་ལ་མཁས་པ་ནི་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་པར་
འབྱུང་བའི་ཆོས་རྣམས་རྒྱུ་གང་ལས་འབྲས་བུ་གང་སྐྱེ་བ་ཤེས་པ་སྟེ། འདི་ལྟར་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ས་བོན་གྱི་རྐྱེན་གྱིས་མྱུ་གུ་ཞེས་བྱ་བ་ནས་མེ་ཏོག་གི་རྐྱེན་གྱིས་འབྲས་བུ་ཞེས་བྱ་བའི་བར་དང་། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་
བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུ་ཕྱི་དང་ནང་གི་ཆོས་རྣམས་རྒྱུ་དང་རྐྱེན་ལས་སྐྱེའི། བདག་དང་བྱེད་པ་པོ་ལས་སྐྱེ་བ་མ་ཡིན་པར་རྟོགས་པའོ། །མི་སྐྱེ་བ་ལ་མཁས་པ་ནི་གཟུང་བ་དང་འཛིན་པ་ལས་དབེན་པའི་དོན་དམ་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པ་

སྟེ་དེ་ཉན་པའོ། །མི་སྡུག་པ་དང་བྱམས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ་ཞེས་བྱ་བའི་ཚིག་གསུམ་གྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱི་གཉེན་པོ་མི་སྡུག་པ་བསྒོམ་པ་ལ་སོགས་པ་རྣམ་པ་གསུམ་ཡང་ཐོས་པ་ལས་འབྱུང་བར་སྟོན་ཏོ། །དེ་ལ་མི་སྡུག་པ་ནི་འདོད་
ཆགས་ཀྱི་གཉེན་པོ་སྟེ། དེ་བས་ན་མདོ་ལས་ཀྱང་། དགེ་སློང་རྣལ་འབྱོར་པས་ཤི་ནས་དུར་ཁྲོད་དུ་བོར་བའི་རོ་ཞག་གཅིག་ལོན་པ་ཞེས་བྱ་བ་ནས་ཁྱི་དང་བྱ་རྒོད་དང་འཕར་བ་ལ་སོགས་པས་ཟོས་པ་ཡིད་ལ་གཟུང་བར་བྱ་སྟེ་ཞེས་གསུངས་པའི་ཕྱིར་རོ། །བྱམས་པ་ནི་ཞེ་སྡང་གི་གཉེན་པོ་སྟེ། དེ་
བས་ན་མདོ་ལས་ཀྱང་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པས་ཕྱོགས་བཅུར་མོས་ཏེ་ཁྱབ་པར་བྱས་ཏེ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གཏི་མུག་གི་གཉེན་པོ་སྟེ། དེ་བས་ན་མདོ་ལས་ཀྱང་།
རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། གང་དུས་གསུམ་གྱི་ཆོས་རྣམས་ལ་འདུ་བྱེད་ཙམ་དང་། ཆོས་ཙམ་དང་། དངོས་པོ་ཙམ་དང་། རྒྱུ་ཙམ་དང་འབྲས་བུ་ཙམ་སྟ