Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 114
Văn bản gốc(Tây Tạng)
Trang 7 / 18 (50.000 ký tự/trang)
ེ། བྱེད་པ་པོ་མེད་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་སྟེ། གང་གི་ཚེ་དེ་ཡིད་ལ་བྱས་ན་གཏི་མུག་ཤས་ཆེ་ བའི་གང་ཟག་རྣམས་གཏི་མུག་བསྲབས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །མི་རྟག་པ་ནི་དུས་གསུམ་གྱི་འདུས་བྱས་ཐམས་ཅད་སྐད་ཅིག་མ་རེ་རེར་འཇིག་པས་གནས་པ་མེད་པ་སྟེ། དེ་ལ་འདི་ལྟར་འདས་པའི་འདུས་བྱས་རྣམས་ནི་སྐྱེས་ནས་འགག་པར་སྣང་ལ། ད་ལྟར་ བྱུང་བའི་འདུས་བྱས་རྣམས་ནི་སྐྱེས་པའི་སྐད་ཅིག་ཕན་ཆད་དུ་གནས་པའི་མཐུ་མེད་ལ་མ་འོངས་པའི་འདུས་བྱས་རྣམས་ནི་མ་སྐྱེས་ལ་འགག་པ་མེད་པར་སྣང་བའི་ཕྱིར་རོ། །དེ་ལྟར་འདུས་བྱས་མི་རྟག་པའི་རང་བཞིན་དེ་ཡང་སྡུག་བསྔལ་རྣམ་པ་གསུམ་གྱི་རྟེན་བྱེད་པས་ན་སྡུག་བསྔལ་བ་ཞེས་བྱ་ སྟེ། སྡུག་བསྔལ་རྣམ་པ་གསུམ་ནི་འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། །སྡུག་བསྔལ་གྱི་སྡུག་བསྔལ་ཏེ། དེ་ལ་འདུ་བྱེད་ཀྱི་སྡུག་བསྔལ་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་འདུ་བྱེད་ཐམས་ཅད་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །འགྱུར་བའི་སྡུག་བསྔལ་ནི་འབྱོར་པའི་ ལོངས་སྤྱོད་དང་། བདེ་བའི་ཚོར་བ་ཡང་ཕྱིས་མེད་པར་འགྱུར་ཞིང་མ་འོངས་པ་ན་རྣམ་པར་སྨིན་པའི་ཡིད་དུ་མི་འོང་བའི་རྒྱུ་བྱེད་པའི་ཕྱིར་རོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི་སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། འདོད་པ་མི་རྙེད་པ་དང་། སྡུག་བསྔལ་གྱི་ཚོར་བ་རྣམས་ རང་བཞིན་གྱིས་སྡུག་བསྔལ་བའི་སྟེང་དུ་ནད་ལ་སོགས་པ་སྡུག་བསྔལ་གཞན་དང་ཡང་འབྲེལ་བའི་ཕྱིར་རོ། །བདག་མེད་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་མེད་པ་སྟེ། དེ་དག་ཀྱང་ཐོས་པ་དང་ལྡན་པས་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་མི་རྟག་པའི་རྣམ་པ་ལ་སོགས་པ་ ཞེས་བྱའོ། །ཞི་བ་ནི་ཉོན་མོངས་པ་ཐམས་ཅད་དང་སྡུག་བསྔལ་ཐམས་ཅད་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ལ་བྱའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས་བྱ་བ་རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་གི་དོན་ནི་སྔར་བཤད་ཟིན་ཏེ། དེ་དག་ཁོང་དུ་ཆུད་པ་ཡང་ཐོས་པ་ ལས་འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །མངོན་པར་འདུ་མི་བྱེད་པ་དང་། དགེ་བ་མངོན་པར་འདུ་བྱེད་པ་ཚིག་གཉིས་ཀྱིས་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་སྤོང་བ་དང་། དད་པ་དང་བརྩོན་འགྲུས་ལ་སོགས་པ་དགེ་བ་མངོན་པར་འདུ་བྱེད་པ་ཡང་ཐོས་པ་ལས་འབྱུང་ཞེས་སྟོན་ཏོ། ། བདེན་པས་བྱིན་གྱིས་བརླབས་པ་ནི་འཕགས་པའི་བདེན་པ་བཞི་མཐོང་བའི་མཐུ་དང་ལྡན་པར་བྱེད་པ་སྟེ་བདེན་པ་མཐོང་བའི་མཐུ་དང་ལྡན་པར་ཡང་ཐོས་པ་ལས་འབྱུང་བས་ན་ཐོས་པ་ནི་བདེན་པས་བྱིན་གྱིས་བརླབས་པའི་རྣམ་པ་ཞེས་བྱའོ། །ཡང་ན་མདོ་དག་ལས་བྱང་ཆུབ་སེམས་དཔའ་ལ་སོགས་པས་རང་ གིས་དམ་བཅས་པའི་བདེན་པའི་ཚིག་གིས་བྱིན་གྱིས་བརླབས་ན་དེ་བཞིན་དུ་འགྱུར་བ་སྟེ། དེ་ཡང་ཐོས་པ་ལས་འབྱུང་ཞེས་བྱ་བར་སྦྱར་རོ། །ཆུད་མི་གསོན་པ་ནི་ལས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་པར་ལྟ་བའོ། །རང་གི་ཁ་ན་ལས་པ་ནི་གཞན་ལ་རག་མ་ལུས་པ་སྟེ། གཞན་ལ་ཤེས་ པ་ནི་རག་མ་ལུས་པར་བྱ་བ་ཡང་ཐོས་པ་ལས་འབྱུང་བའི་ཕྱིར་རོ། །རང་གི་སེམས་སྲུང་བ་ནི་བྱ་བ་མ་ཡིན་པ་ལ་མི་འཇུག་པར་བྱེད་པའོ། །བརྩོན་འགྲུས་ནི་དགེ་བ་མངོན་པར་འདུ་བྱེད་པ་ལ་སེམས་སྤྲོ་བ་ཡིན་ལ། དེ་མི་གཏོང་བ་ནི་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའོ། །ཆོས་ངེས་པར་ སེམས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་པའི་ཆོས་རྣམས་བློས་གཏན་ལ་འབེབས་པའོ། །ཇི་ལྟར་བཤད་པའི་ཆོས་རྣམས་མཉན་ནས་རེག་པས་བསམས་ཏེ། བསྒོམས་ན་ཉོན་མོངས་པ་སྤོང་བར་འགྱུར་བས་ཉོན་མོངས་པའི་གཉེན་ པོའི་རྣམ་པ་ཞེས་བྱའོ། །རང་གི་ཕྱོགས་ནི་བྱང་ཆུབ་སེམས་དཔའི་ཕྱོགས་ཏེ། རྣམ་པར་བྱང་བའི་ཆོས་རྣམས་དང་། དེའི་འཁོར་དུ་གཏོགས་པའི་སེམས་ཅན་རྣམས་སོ། །བསྲུང་བ་ནི་ཕྱོགས་དེ་དག་གཞན་གྱིས་མི་འཕྲོགས་ཤིང་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱེད་པའོ། ། ཕ་རོལ་གྱི་ཕྱོགས་བདུད་དང་མུ་སྟེགས་ཅན་ལ་སོགས་པ་སྟེ། དེ་དག་དང་ཉོན་མོངས་པ་ཚར་གཅོད་པ་ནི་དེ་དག་མཐུ་མེད་ཅིང་ཉམས་སྨོད་པར་བྱེད་པའོ། །ནོར་བདུན་ནི་དད་པ་དང་ཚུལ་ཁྲིམས་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཀྱི་ནོར་ཏེ། ཐོས་པ་ལ་དེ་དག་འདུ་བར་འགྱུར་བས་ཡང་དག་པར་འདུ་བའི་རྣམ་པ་ཞེས་བྱའོ། །དེ་ལྟར་འཕགས་པའི་ནོར་བདུན་པོ་འཕགས་པའི་ནོར་མ་ཡིན་པའི་ནོར་ལས་ཤིན་ཏུ་ཁྱད་ཞུགས་པ་དེ་དག་ཐོས་པ་ལ་ཡང་དག་པར་འདུ་བའི་ཕྱིར་དབུལ་བ་ཐམས་ཅད་གཅོད་ པ་ཞེས་བྱ་སྟེ། ཐོས་པ་འདིས་དབུལ་བ་ཐམས་ཅད་གཅོད་ཅེས་བྱ་བའི་ཐ་ཚིག་གོ། །མཛངས་པ་ནི་རིག་པའི་གནས་ལྔ་ཁོང་དུ་ཆུད་པའི་གང་ཟག་སྟེ། ཐོས་པ་ནི་ཉེས་པ་ཐམས་ཅད་སྤོང་པའི་གཉེན་པོ་ཡིན་པ་དང་། ཡོན་ཏན་མཆོག་རྣམས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། མཛངས་པ་དེ་དག་གིས་ བསྔགས་པའི་རྣམ་པ་ཞེས་བྱའོ། །མཁས་པ་ནི་ལེགས་པར་བསམས་པ་སེམས་པ་དང་། ལེགས་པར་སྨྲ་བ་བརྗོད་པ་དང་། ལེགས་པར་བྱ་བའི་ལས་བྱེད་པ་དང་། ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་དོན་ཁོང་དུ་ཆུད་པར་ནུས་པ་སྟེ། དེ་ལྟ་བུ་དག་ཐོས་པ་ལ་མོས་པར་བྱེད་ བས་མཁས་པ་ལ་མངོན་པར་དགའ་བའི་རྣམ་པ་ཞེས་བྱའོ། །འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་བདག་གིས་ཀྱང་ཐོས་པ་དེ་ལྟ་བུ་ཐུགས་སུ་ཆུད་པའམ། ཐོས་པ་ལ་འཕགས་པ་རྣམས་དགྱེས་པས་ན་ཐོས་པ་ནི་འཕགས་པས་ཀུན་ཤེས་པའི་རྣམ་ པ་ཞེས་བྱའོ། །འཕགས་པ་མ་ཡིན་པ་ནི་སོ་སོའི་སྐྱེ་བོ་སྟེ། ཐོས་པའི་ཤེས་རབ་དེ་དག་ཀྱང་དམ་པའི་ཆོས་ལ་མོས་ཤིང་དད་པར་བྱེད་ནུས་པའི་ཕྱིར། འཕགས་པ་མ་ཡིན་པ་དད་པར་བྱེད་པའི་རྣམ་པ་ཞེས་བྱའོ། །ཐོས་པའི་ཤེས་རབ་ལས་འཕགས་པའི་བདེན་པ་བཞི་ མཐོང་བ་འབྱུང་བའི་ཕྱིར་བདེན་པ་མཐོང་བའི་རྣམ་པ་ཞེས་བྱའོ། །ཟག་པ་དང་བཅས་པའི་ཕུང་པོའི་སྐྱོན་སྐྱེ་བ་དང་། རྒ་བ་ལ་སོགས་པ་རྣམ་པར་སྤངས་པའི་ཐབས་ཀྱང་ཐོས་པ་ལས་འབྱུང་བས་ན་འདི་སྐད་ཅེས་བྱའོ། །ཐོས་པའི་ཤེས་རབ་ཀྱིས་འཁོར་བའི་ཆོས་རྣམས་ཀྱི་སྐྱོན་ཁོང་དུ་ཆུད་པར་བྱེད་ པས་ན། འདུས་བྱས་ཀྱི་སྐྱོན་ལ་ཡོངས་སུ་འཇལ་བའི་རྣམ་པ་ཞེས་བྱའོ། །དོན་ལ་རྟོན་པ་ལ་སོགས་པ་རྟོན་པ་བཞི་པོ་ཡང་ཐོས་པ་ལས་འབྱུང་ཞེས་བྱ་བར་སྦྱར་ཏེ། དེ་དག་གི་དོན་ནི་རྟོན་པ་བཞིའི་སྐབས་ནས་འཆད་དོ། །ཐོས་པ་དང་ལྡན་ན་སྡིག་པ་མི་དགེ་བའི་ཆོས་རྣམས་མི་བྱེད་པས་སྡིག་པ་ཐམས་ ཅད་མི་བྱ་བའི་རྣམ་པ་ཞེས་བྱའོ། །བདག་དང་གཞན་ལ་ཕན་པ་ནི་བདག་དང་གཞན་མི་དགེ་བའི་གནས་ནས་བཏོན་ཏེ། དགེ་བ་ལ་འཇོག་པའམ་ཤེས་པའི་མཐར་ཕྱིན་པར་བྱེད་པ་སྟེ། དེ་ཡང་ཐོས་པ་ལས་བྱུང་ཞེས་སྦྱར་རོ། །ཐོས་པ་ཉིད་དགེ་བའི་རང་བཞིན་ཡིན་པས་ལེགས་པར་བྱས་པའི་ལས་ཀྱི་རྣམ་པ་ ཞེས་བྱའོ། །དེ་ལྟར་ལེགས་པར་བྱས་པས་ན་མི་འགྱོད་པའི་རྣམ་པ་སྟེ། དགེ་བ་བྱས་པ་ནི་ཕྱིས་འདི་ལྟ་བུར་འགྱུར་རོ་སྙམ་དུ་སེམས་ལ་གདུང་བ་མེད་པའི་ཕྱིར་རོ། །ཁྱད་པར་དུ་འགྲོ་བ་ནི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་པ་ལས་ཐོབ་པར་བྱ་བའམ། ཡང་ན་མོས་པ་སྤྱོད་པའི་ས་ཡན་ཆད་གོང་ནས་གོང་ དུས་རྣམས་གནོན་པ་ལ་བྱ་སྟེ། དེ་ཡང་ཐོས་པ་ལས་འབྱུང་བར་སྦྱར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ། མདོར་ན་སངས་རྒྱས་ཀྱི་ཆོས་དེ་དག་ཐམས་ཅད་ཀྱང་ཐོས་པ་ལ་བརྟེན་ནས་འཐོབ་པར་འགྱུར་གྱི་དེ་ལས་ཐབས་གཞན་མེད་པས་ན་སངས་ རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་རྣམ་པ་ཞེས་བྱའོ། །ཤེས་རབ་ཀྱི་འཇུག་པ་བསྟན་པའི་དབང་དུ་བྱས་ནས་བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་ནི་སུམ་ཅུ་རྩ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ལ་ ཚུལ་ནི་འཕགས་པའི་ལམ་དང་། མྱ་ངན་ལས་འདས་པ་ལ་བྱའོ། །དེ་དང་མཐུན་པར་སེམས་ཤིང་བསྒོམ་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་དེས་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་ཅིང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་ཞེས་བྱའོ། །དེ་ལྟར་དོན་ ལ་འཇུག་པ་དེ་ཡང་བསམ་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་པའི་ཆོས་དེ་ལ་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་བྱས་ནས་དོན་རྟོགས་པར་འགྱུར་ཏེ། དེ་བས་ན་འདི་ནི་བསམ་པ་དང་བསྒོམ་པའི་ཤེས་རབ་ཡིན་པར་རིག་པར་བྱའོ། །ཡང་ན་ཚུལ་འདི་འཕགས་པའི་ལམ་དང་མྱ་ངན་ལས་ འདས་པའམ། མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི་རིགས་པའམ། མ་ནོར་བར་སྟོན་པའི་མཁན་པོ་དང་སློབ་དཔོན་གྱི་མན་ངག་ལ་བྱ་སྟེ། དེ་དང་མི་འགལ་བར་ཡིད་ལ་བྱེད་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་དེ་ལ་འཇུག་པས་ན་ཚུལ་ བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་སྟེ། འཇུག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པའམ། ཚུལ་བཞིན་ཡིད་ལ་བྱེད་པ་དེ་དག་གིས་རང་བཞིན་དང་། རབ་ཏུ་དབྱེ་བ་རྟོགས་པའོ། །ཞི་གནས་ཀྱི་གནས་ཞེས་བྱ་བ་ལ། ཞི་གནས་ཉིད་གནས་ཡིན་པས་ཞི་གནས་ཀྱི་གནས་ཏེ། ཞི་གནས་དེ་ལ་འཇུག་པ་ནི་ཞི་གནས་ཀྱི་རང་བཞིན་རྟོགས་པར་བྱེད་པའམ། ཏིང་ངེ་འཛིན་དེ་ལ་གནས་པར་བྱེད་པའོ། །ལྷག་མཐོང་གིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པས་ན་ལྷག་མཐོང་རྣམ་པར་དཔྱོད་པ་ཞེས་བྱ་ལ། དེ་ལྟར་ རྣམ་པར་དཔྱད་པ་ལས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་འགྱུར་བས་འཇུག་པ་ཞེས་ཀྱང་བྱའོ། །ཞི་གནས་དང་ལྷག་མཐོང་དེ་ཉིད་ཀྱང་སེམས་ལས་སུ་རུང་བ་ལ་འཇུག་པས་བཤད་དེ། དམིགས་པར་བྱ་བའི་དོན་ལ་ཅི་དགར་གནས་སུ་བཏུབ་པ་ནི་ཞི་གནས་དང་ལྷག་མཐོང་ཡིན་པའི་ ཕྱིར་རོ། །ལུས་དབེན་པ་དང་། སེམས་དབེན་པ་ལ་འཇུག་པ་གཉིས་ཀྱིས་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་སྦྱོར་བ་བསྟན་ཏེ། སྤོང་བ་དང་མཐུན་པའི་གནས་ལམ་བྲག་ཕུག་དང་ནགས་ཚལ་ལ་སོགས་པ་ལ་གནས་ན་ཆགས་པར་འགྱུར་བའི་ཡུལ་འགྲོ་བ་བཟང་མོ་ལ་སོགས་ པ་མེད་པ་དང་། འདོད་པ་ལ་འདུན་པ་ལ་སོགས་པ་རྟོག་པ་མེད་པ་ན་ནི་གནས་དང་ལྷག་མཐོང་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་ཏེ་སྔར་བཤད་པར་ཟད་དོ། །དེ་ལ་འཇུག་པ་ནི་དེ་དག་གི་མཚན་ཉིད་རྟོགས་ པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བདེན་པའི་རྗེས་སུ་མཐུན་པ་ནི་འཕགས་པའི་བདེན་པ་བཞི་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །ཡང་ན་ཁམས་གསུམ་ལ་ཡིད་བྱུང་བ་དང་། ཉོན་མོངས་པའི་ཚོགས་རྣམས་དང་བྲལ་བར་དགའ་བ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་ཕྱོགས་པ་དང་། འཕགས་པའི་ ལམ་སྒྲུབ་པར་མོས་པ་ནི་བདེན་པ་བཞི་རྟོགས་པའི་རྒྱུ་ཡིན་པས་བདེན་པའི་རྗེས་སུ་མཐུན་པ་ཞེས་བྱའོ། །ཡང་ན་བདེན་པ་བཞི་ནི་མཐོང་བའི་ལམ་གྱིས་རྟོགས་པར་བྱ་བ་ཡིན་པས་དེ་དང་མཐུན་པ་ནི་ངེས་པར་འབྱེད་པའི་ཆ་བཞི་ཡིན་ནོ། །བདེན་པའི་རྗེས་སུ་འཇུག་པའི་ཆོས་དེས་འཇུག་པས་ན་བདེན་ པའི་རྗེས་སུ་མཐུན་པར་འཇུག་པ་ཞེས་ཀྱང་བྱ་སྟེ། ཆོས་དེས་དེ་ཁོ་ནའི་དོན་རྟོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་བདེན་པའི་རྗེས་སུ་མཐུན་པའི་རྟོགས་པར་བྱ་བའི་ཕྱིར་འཇུག་ཅེས་བྱ་བར་ཡང་བཤད་དོ། །ཆད་པ་མེད་པ་དང་རྟག་པ་མེད་པ་ཚིག་གཉིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ ཕྱིན་ཅི་མ་ལོག་པར་རྟོགས་པ་བསྟན་ཏེ། ཕྱི་དང་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐད་ཅིག་མའི་ཚུལ་གྱིས་སྐྱེ་བ་རྒྱུན་མི་འཆད་པ་དང་། དེ་དག་ཉིད་ཀྱང་མི་རྟག་པ་ཡིན་པར་རྟོགས་ན། ཆད་པ་མེད་པ་དང་རྟག་པ་མེད་པ་ལ་འཇུག་པ་ཞེས་བྱའོ། །དེ་ཉིད་ཀྱི་དོན་ གསལ་བར་བསྟན་པའི་ཕྱིར། རྒྱུ་དང་རྐྱེན་ལ་འཇུག་པ་ཞེས་གསུངས་སོ། །མ་རིག་པ་དང་ས་བོན་ལྟ་བུ་ནི་རྒྱུ་ཡིན་ལ། ས་དང་ཆུ་ལ་སོགས་པ་ནི་རྐྱེན་ཡིན་པར་ཤེས་པའོ། །བདག་ལ་སོགས་པ་མུ་སྟེགས་ཅན་གྱིས་བདག་ཏུ་བཏགས་པའི་མིང་གི་རྣམ་གྲངས་ནི་སྔར་བཤད་པར་ཟད་དེ། དེ་དག་མེད་པར་རྟོགས་པར་བྱེད་པས་ན་བདག་མེད་པ་ནས་གང་ཟག་གི་བར་དུ་མེད་པ་ལ་འཇུག་པ་ཞེས་བྱའོ། །འོང་བ་དང་འགྲོ་བ་དང་གནས་པ་མེད་ཅེས་བྱ་བ་ནི་སྐྱེ་བ་དང་འགག་པ་དང་འདུག་པ་མེད་པ་སྟེ། དེ་ལྟར་རྟོགས་པ་ལ་འཇུག་པ་ཞེས་བྱའོ། །མི་འཕོ་ཞིང་རྒྱུ་དང་འབྲས་བུ་ཆུད་མི་ཟ་བ་ལ་ འཇུག་པ་ནི་འདི་ནས་ཕ་རོལ་དུ་ཆོས་རྡུལ་ཙམ་ཡང་འཕོས་པ་མེད་པ་ལ། ལས་དགེ་བ་དང་མི་དགེ་བའི་འབྲས་བུ་ཡང་ཆུད་མི་ཟ་བར་ཤེས་པའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་འདྲིས་པར་བྱེད་པ་ལ་འཇུག་པ་ཞེས་བྱ་བ་ལ་སོགས་པ་འདི་མན་ཆད་ཀྱིས་མི་གནས་པའི་མྱ་ ངན་ལས་འདས་པའི་ལམ་ཤེས་རབ་དང་སྙིང་རྗེས་ཟིན་པར་སྟོན་ཏེ། འཁོར་བ་ན་གནས་ཀྱང་ཤེས་རབ་ཀྱིས་འཁོར་བའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་ལ་སོགས་པར་ཁོང་དུ་ཆུད་པས་འཁོར་བའི་སྐྱོན་གྱིས་ཀྱང་མ་གོས་ལ། དེ་ལྟར་ཁོང་དུ་ཆུད་ཀྱང་སྙིང་རྗེས་སེམས་ཅན་གྱི་དོན་དུ་འཁོར་བར་འཇུག་ པས་ན་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་མངོན་སུམ་དུ་མི་བྱེད་པ་ལ་འཇུག་པར་ཡང་བྱེད་ཅེས་བྱ་བར་སྦྱར་ཏེ། འོག་མ་དག་ལ་ཡང་ལམ་གཉིས་ཀྱིས་ཟིན་པར་དེ་བཞིན་དུ་སྦྱར་རོ། །བསམ་གཏན་བཞི་དང་། ནམ་མཁའ་མཛོད་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ ཏིང་ངེ་འཛིན་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཤེས་རབ་ཀྱིས་བསྐྱེད་པའི་ཚུལ་ལ་འཇུག་སྟེ། དབང་བྱེད་ཀྱང་སྙིང་རྗེའི་དབང་གིས་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ལ་ལྟ་བའི་ཕྱིར་བསམ་གཏན་ལ་སོགས་པ་དེ་དག་གི་དབང་གིས་མི་སྐྱེ་བ་ལ་འཇུག་གོ། ། མངོན་པར་ཤེས་པ་ཉིད་ཡེ་ཤེས་ཡིན་པས་མངོན་པར་ཤེས་པའི་ཡེ་ཤེས་ཡིན་པའམ། ཡང་ན་བསམ་གཏན་མི་ཟད་པའི་སྐབས་སུ་བཤད་པ་ལྟར་མངོན་པར་ཤེས་པ་དང་ཡེ་ཤེས་ཞེས་ཕྱེ་སྟེ་ཤེས་རབ་ཀྱིས་དེ་ལྟ་བུ་དག་བསྐྱེད་པ་ལ་འཇུག་ཀྱང་སྙིང་རྗེས་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པ་མ་ ཡིན་པ་ལ་འཇུག་གོ། །ཤེས་རབ་ཀྱིས་ཀྱང་ཀུན་ཏུ་བརྟགས་པའི་ཆོས་རྣམས་རང་བཞིན་མེད་ཅིང་སེམས་ཙམ་དུ་ཤེས་པ་ནི་ནང་དུ་རྟོག་པ་ལ་འཇུག་པ་ཡིན་ལ། དེ་ལྟར་ཤེས་ཀྱང་སྙིང་རྗེའི་དབང་གིས་མྱ་ངན་ལས་འདས་པ་ངེས་པར་གྱུར་པར་འཇུག་གོ། །ཤེས་རབ་ཀྱིས་འདུས་བྱས་ཀྱི་སྐྱོན་ མི་རྟག་པ་ལ་སོགས་པ་ལ་ཡོངས་སུ་འཇལ་ཡང་སྙིང་རྗེས་འདུས་མ་བྱས་ཀྱི་ཆོས་མྱ་ངན་ལས་འདས་པ་མངོན་སུམ་དུ་མི་བྱེད་པར་འཇུག་གོ། །ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོགས་ཏེ། དོན་བྱ་བའི་གནས་རང་བཞིན་མེད་པར་ཤེས་ཀྱང་། སྙིང་རྗེ་ཆེན་པོས་ མི་གཏོང་སྟེ། སེམས་ཅན་གྱི་དོན་ཡང་བྱེད་དོ། །དེ་ལ་རྣམ་པ་བདུན་གྱིས་ན་སྙིང་རྗེ་ལས་སྙིང་རྗེ་ཆེན་པོ་ཁྱད་པར་དུ་འཕགས་ཏེ། རང་བཞིན་ནི་ཞེ་མི་སྡང་བ་དང་། གཏི་མི་མུག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣམ་པ་ནི་སྡུག་བསྔལ་གཅིག་དང་གཉིས་ནས་སྡུག་བསྔལ་བརྒྱ་སྟོང་ མང་པོའི་བར་ལ་རྟོག་པའི་ཕྱིར་རོ། །དམིགས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །ས་ནི་བསམ་གཏན་བཞི་པའི་སར་གཏོགས་པའི་ཕྱིར་རོ། །རྒྱུད་ནི་བྱང་ཆུབ་སེམས་དཔའ་རྒྱུད་ལ་འབྱུང་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ཐོབ་པ་ནི་འདོད་པའི་ཁམས་ཐམས་ ཅད་ཀྱི་འདོད་ཆགས་དང་བྲལ་བ་ཐོབ་པའི་ཕྱིར་རོ། །སྙིང་རྗེའི་སྐྱེ་མཆེད་མི་མཉམ་པ་ནི་སེམས་ཅན་ཐམས་ཅད་ལ་སྐྱོབ་པར་བྱེད་པའི་ཕྱིར་རོ། །སྐྱེ་བ་ཐམས་ཅད་ནི་འགྲོ་བ་རྒྱུད་ལྔའི་སྐྱེ་བ་རྣམས་ཏེ། སོ་སོའི་སྐྱེ་བོ་དག་ལྟར་སྐྱེ་བ་དེ་དག་ཏུ་ཉོན་མོངས་པའི་དབང་དུ་གྱུར་ནས་ཡང་དང་ཡང་དུ་སྐྱེ་བས་ འཇིགས་པར་ལྟ་བ་ནི་ཤེས་རབ་སྟེ། དེ་ལྟར་རྟོགས་ཀྱང་སྙིང་རྗེ་ཆེན་པོའི་སྨོན་ལམ་གྱི་དབང་གིས་རྟག་ཏུ་བསམས་བཞིན་དུ་ཤེས་པས་སྲིད་པ་ཐམས་ཅད་ཀྱང་ཡོངས་སུ་འཛིན་ཏོ། །ཤེས་རབ་ཀྱིས་ཁམས་གསུམ་གྱི་ཆོས་རྣམས་ལ་ཡིད་བྱུང་ཞིང་། འདོད་ཆགས་དང་བྲལ་བར་འཇུག་ཀྱང་སྙིང་ རྗེས་འདོད་ཆགས་དང་བྲལ་བའི་ཆོས་མྱ་ངན་ལས་འདས་པ་ཡང་མངོན་སུམ་དུ་མི་བྱེད་དོ། །འདོད་པ་ཉིད་ལ་དགའ་བ་ཡིན་ལ། དེ་དག་སོ་སོའི་སྐྱེ་བོས་བསྟེན་པར་བྱ་བ་ཡིན་པས་ཡོན་ཏན་ཡང་ཡིན་ཏེ། ཤེས་རབ་ཀྱིས་དེ་དག་རང་བཞིན་མེད་པར་རྟོགས་པས་འདོད་པའི་ཡོན་ཏན་ལྔ་པོ་གང་ལ་ཡང་ ཆགས་པ་དང་སྡང་བ་མེད་དེ། ཡལ་བར་འདོར་བ་ལ་འཇུག་པ་ཡིན་ཡང་། ཆོས་རྣམས་ཀྱི་དོན་རྟོགས་ནས་ཡིད་སིམ་པར་འགྱུར་བའི་ཆོས་ཀྱི་དགའ་བ་ཡང་མི་གཏོང་བ་ལ་འཇུག་གོ། །ཤེས་རབ་དང་སྙིང་རྗེའི་ལམ་མདོར་བསྡུས་ཏེ་བསྟན་པའི་ཕྱིར། སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ སྤོང་བ་ལ་འཇུག་པ་དང་། ཐབས་མཁས་པའི་སྤྲོས་པ་དང་། རྣམ་པར་རྟོག་པ་མི་སྤོང་བར་འཇུག་པ་ཞེས་གསུངས་ཏེ། ཤེས་རབ་ཀྱིས་ལུས་དང་ངག་གི་ལས་ཀྱི་སྤྲོས་པ་དང་། སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་སྤོང་ཡང་དགའ་ལྡན་ནས་འབབ་པ་དང་། ཡུམ་གྱི་ལྷུམས་སུ་གཤེགས་ པ་ལ་སོགས་པ་སྐུའི་ཕྲིན་ལས་དང་། ཆོས་སྟོན་པའི་གསུང་གི་ཕྲིན་ལས་ཀྱི་ཐབས་མཁས་པའི་སྤྲོས་པ་དང་། ཐུགས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་འབྱེད་པའི་རྣམ་པར་རྟོག་པ་ཡང་མི་སྤོང་ཞེས་སྦྱར་རོ། །ཤེས་རབ་ཀྱི་འཇུག་པ་ཚུལ་བཞིན་ཞེས་བྱ་བ་དེའི་དོན་ཡང་བསྟན་ཅིང་། ངེས་པའི་ ཚིག་གི་དབང་དུ་བྱས་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཚུལ་བཞིན་ཞེས་བྱ་བ་དེ་ནི་རིགས་པའི་ཚིག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སླུ་བར་མི་བྱེད་པ་ནི་རིགས་པ་སྟེ། རིགས་པ་བཞི་དང་ལྡན་པའི་ཤེས་པ་ལ་ཚུལ་བཞིན་བྱའོ། །རིགས་པ་བཞི་ནི་ལྟོས་པའི་རིགས་པ་ དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པར་བསྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ། །དེ་ལ་ལྟོས་པའི་རིགས་པ་ནི་རྒྱུ་གང་དང་རྐྱེན་གང་དག་ལ་ལྟོས་ཏེ་ཆོས་གང་སྐྱེ་བའོ། །བྱ་བ་བྱེད་པའི་རིགས་པ་ནི་ཆོས་སྐྱེས་པ་རྣམས་རང་གི་བྱ་བ་བྱེད་པ་སྟེ། འདི་ལྟ་སྟེ་དཔེར་ ན་མིག་གིས་གཟུགས་རྣམས་ལ་ལྟ་བར་བྱེད་པ་དང་། རྣ་བས་སྒྲ་རྣམས་ཉན་པར་བྱེད་པ་ལ་སོགས་པ་ལྟ་བུའོ། །འཐད་པར་བསྒྲུབ་པའི་རིགས་པ་ནི་ཆོས་རྣམས་མི་རྟག་པའམ། རྟེན་ཅིང་འབྲེལ་པར་འབྱུང་བའམ། སྡུག་བསྔལ་བའམ། སྟོང་པའམ། བདག་མེད་པའོ་ཞེས་ཚད་ མ་གསུམ་པོ་ཡིད་ཆེས་པའི་ལུང་དང་། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཉེ་བར་རྟོག་པར་བྱེད་ཅིང་། མི་རྟག་པ་ལ་སོགས་པར་སྒྲུབ་པར་བྱེད་པའོ། །ཆོས་ཉིད་ཀྱི་རིགས་པ་ནི་ཅིའི་ཕྱིར་འཇིག་རྟེན་གནས་པ་དེ་ལྟ་བུར་གྱུར་པ་ཡིན། ཅིའི་ཕྱིར་སའི་མཚན་ཉིད་སྲ་བ་ཡིན་ཞེས་བྱ་བ་ ནས་ཆོས་ཐམས་ཅད་ལ་ཡང་སྦྱར་ཏེ། ཅིའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། དེ་ནི་ཆོས་ཉིད་ཡིན་ཏེ། ཆོས་དེ་དག་གི་རང་བཞིན་དེ་ཡིན་ཞིང་། དེ་དག་གི་ངོ་བོ་ཉིད་དེ་ལྟ་བུ་ཡིན་པས་ཆོས་ཉིད་དེ་གང་ཁོ་ན་ཡིན་པ་དེ་ཉིད་འདི་རིགས་པ་ཡིན་ནོ། །རིགས་པ་དེ་ལྟ་བུ་དག་ཚུལ་བཞིན་ཡིད་ལ་བྱེད་པས་ ཤེས་ཤིང་རྟོགས་པར་བྱེད་པས་ན། ཚུལ་བཞིན་ཞེས་བྱ་བ་དེ་ནི་རིགས་པའི་ཚིག་ཅེས་བྱ་སྟེ། འོག་མ་རྣམས་ལ་ཡང་ཚུལ་དེ་བཞིན་དུ་སྦྱར་རོ། །ཚུལ་ནི་ཆོས་རྣམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པའམ། ཡང་ན་ཚུལ་བཞིན་ཡིད་ལ་བྱེད་པ་སུམ་ཅུ་རྩ་གཉིས་ཀྱི་སྐབས་སུ་ཚུལ་གྱི་སྒྲ་བཤད་པ་དེ་ལ་ བྱའོ། །སྒོ་ནི་ཚུལ་བཞིན་ཏེ་བསམ་གཏན་དང་། མངོན་པར་ཤེས་པ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་རྣམས་སྒྲུབ་པའི་སྒོ་ཡིན་པའི་ཕྱིར་རོ། །ཡང་ན་དེའི་སྒོ་ནས་ཆོས་ཡངས་ཤིང་རྒྱ་ཆེ་བ་རྟོགས་པར་བྱེད་པའི་ཕྱིར་རོ། །ཁ་ནི་ རྟེན་ལ་བྱ་སྟེ། ཚུལ་བཞིན་ལ་བརྟེན་ནས་ཆོས་ཕྲ་ཞིང་ཟབ་པ་རྣམས་རྟོགས་པར་བྱེད་པའི་ཕྱིར་རོ། །རྒྱུ་དང་རྐྱེན་ཞེས་བྱ་བ་ནི་ཚུལ་བཞིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་དང་རྐྱེན་ཡིན་པའི་ཕྱིར་རོ། །མི་འགོག་པ་ཞེས་བྱ་བ་ལ་ཚུལ་བཞིན་དང་མི་མཐུན་པའི་རྒྱུ་དང་རྐྱེན་རྣམས་ཀྱིས་དེ་མེད་པར་ འགྱུར་བ་ནི་འགོག་པ་ཞེས་བྱ་ན། ཚུལ་བཞིན་ཡིད་ལ་བྱེད་པ་ལས་བྱུང་བའི་ཤེས་རབ་དཀར་པོའི་ཆོས་ཀྱི་མཐུ་དང་ལྡན་པས་རང་དང་མི་མཐུན་པའི་རྐྱེན་གྱིས་མེད་པར་མི་འགྱུར་བས་མི་འགོག་པའི་ཚིག་ཅེས་བྱའོ། །མི་འགལ་བ་ནི་ཆོས་རྣམས་ཀྱི་རང་བཞིན་ཇི་ལྟར་གནས་པ་ལས་མི་འགལ་ བར་རྟོགས་པའི་ཕྱིར་རོ། །ཚུལ་བཞིན་གྱི་དངོས་པོ་ཐམས་ཅད་བདག་མེད་པར་རྟོགས་ཏེ། གང་ལ་ཡང་ཆགས་པ་དང་སྡང་བ་མེད་པར་བཏང་སྙོམས་ཀྱི་ཚིག་ཅེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ལ་མི་གནས་པས་ན་མི་བརྟེན་པའི་ཚིག་ཅེས་བྱའོ། །མི་གནས་པ་ནི་རྟེན་སྨོས་མ་ ཐག་པ་དེ་གཉིས་ལ་མི་གནས་པའི་ཕྱིར་རོ། །ཡང་ན་གང་ཟག་གི་དངོས་པོར་ཆགས་པ་མེད་པས་ན། རྟེན་པ་མེད་པའོ། །ཆོས་ཀྱི་དངོས་པོར་ཆགས་པ་མེད་པས་ན། མི་རྟེན་པའོ། །ཀུན་གཞི་རྣམ་པར་ཤེས་པའི་གནས་ལ་གནས་པ་མེད་པས་ན་མི་གནས་པ་ཞེས་བྱའོ། །མ་གཡོས་ པ་ནི་རང་བཞིན་གཞན་དུ་མི་འགྱུར་བ་སྟེ། ཚུལ་བཞིན་དེ་ངོ་བོ་ཉིད་ཀྱིས་དག་པས་ནམས་ཀྱང་རང་བཞིན་གཞན་དུ་མི་འགྱུར་བ་ལ་བྱའོ། །རྣམ་པར་མ་གཡོས་པ་ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་ཀྱི་དབང་དུ་གྱུར་པ་ནི་རྣམ་པར་གཡོས་པ་སྟེ། ཚུལ་བཞིན་དེས་མི་མཐུན་པའི་ཕྱོགས་སྤངས་པས་མི་རྟག་ པ་ལ་རྟག་པར་འཛིན་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དབང་དུ་མི་འགྱུར་བའི་ཕྱིར། རྣམ་པར་མ་གཡོས་པ་ཞེས་བྱའོ། །ཡང་ན་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་ཕྱིན་ཅི་ལོག་བཞིའི་རླུང་གིས་བསྐྱོད་པར་མི་ནུས་པས་ན་མ་གཡོས་པ་ཞེས་བྱ་ལ། ཕུང་པོ་ དང་ཁམས་དང་སྐྱེ་མཆེད་ལ་མངོན་པར་ཆགས་པའི་རླུང་གིས་བསྐྱོད་པར་མི་ནུས་པས་ན་རྣམ་པར་མ་གཡོས་པ་ཞེས་བྱའོ། །ཀུན་བརྟགས་པའི་ངོ་བོ་ལ་ཡོད་པར་མི་འཛིན་པས་ན་སྒྲོ་བཏགས་པ་མེད་པའོ། །རྟག་པ་དང་ཆད་པ་ལ་སོགས་པའི་མཐར་མ་ལྷུང་བས་ན་མཉམ་པ་ཉིད་དོ། །གཟུགས་ དང་སྒྲ་ལ་སོགས་པའི་མཚན་མ་རྣམ་པ་སྣ་ཚོགས་སུ་འབྱེད་པ་ནི་མཉམ་པ་སྟེ། ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་དུ་ཚུལ་བཞིན་གྱིས་ཁོང་དུ་ཆུད་པ་ལ་དེ་ལྟ་བུར་འབྱེད་པ་མེད་པས་མི་མཉམ་པ་མེད་པའོ། །ཇི་ལྟར་བསྒྲུབས་པ་བཞིན་དུ་འབྲས་བུ་འཐོབ་སྟེ། མི་སླུ་བས་ན་བདེན་པའི་ཚིག་ གོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའམ། ཚད་མ་གསུམ་དང་མི་འགལ་བས་ཡང་དག་པའི་ཚིག་གོ། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་འགྱུར་བའམ། ཡང་ན་ཆོས་རྣམས་ཀྱི་རང་བཞིན་དོན་དམ་པ་སྐྱེ་བ་དང་འཇིག་པ་དང་བྲལ་བ་རྟོགས་པར་བྱེད་པའི་ཚུལ་བཞིན་ཡང་མི་ འགྱུར་བའི་ཚིག་ཅེས་བྱའོ། །ཕྱིར་བྱ་བ་ནི་གཉེན་པོའི་ཆོས་ཀྱིས་སྦྱང་ཞིང་གཏང་དགོས་པ་སྟེ། ཚུལ་བཞིན་དེ་ཉིད་ཀུན་ནས་ཉོན་མོངས་པའི་ཆོས་གཞན་སྦྱོང་བའི་གཉེན་པོ་ཡིན་ཏེ། དེ་ལ་གཞན་གང་གིས་ཀྱང་སྦྱང་ཞིང་གཏང་མི་དགོས་པས་ན་ཕྱིར་བྱ་བ་མེད་པའི་ཚིག་གོ། །འཇིག་རྟེན་པའི་ ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་དང་། དེ་གཉིས་ཀའི་གོང་མ་ཐེག་པ་ཆེན་པོའི་ལམ་གྱིས་སྤང་བར་བྱ་བའི་སྐྱོན་སྤངས་པས་ཞི་བ་དང་རབ་ཏུ་ཞི་བ་དང་། ཉེ་བར་ཞི་བའི་ཚིག་གོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཆོས་རྣམ་པ་སྣ་ཚོགས་སུ་རྟོག་པའི་སྤྲོས་པ་མེད་པས་སྤྲོས་པ་ མེད་པའི་ཚིག་སྟེ། ཇི་ལྟར་མི་རྟོག་ཅེ་ན། འདེགས་པ་མེད་པ་དང་། གཞག་པ་མེད་པ་ཞེས་སྨོས་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་གློ་བུར་བ་གདེགས་ཤིང་བསལ་དུ་ཡང་མེད་ལ། རྣམ་པར་བྱང་བའི་ཆོས་སེམས་ཀྱི་རང་བཞིན་འོད་གསལ་བ་གསར་དུ་བསྣན་ཅིང་གཞག་ཏུ་ཡང་མེད་པར་ཚུལ་ བཞིན་གྱིས་རྟོགས་པའི་ཕྱིར་རོ། །ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་ཇི་སྙེད་ཡོད་པ་དང་། དེ་དག་ཉིད་ཀྱང་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཡོད་པ་མ་ལུས་པ་དང་། ཕྱིན་ཅི་མ་ལོག་པར་ཚུལ་བཞིན་གྱིས་རྟོགས་པས་ན་མ་ཚད་པ་ མེད་པའི་ཚིག་གོ། །བདག་ལ་སོགས་པ་དངོས་པོ་མེད་པའི་རྣམས་ཡོད་པར་སྒྲོ་བཏགས་ནས་ཤེས་པའི་ཡུལ་དུ་འཇལ་བ་ནི་ལྷག་པ་སྟེ། ཚུལ་བཞིན་དེ་ལྟར་མི་འཇལ་བས་ལྷག་པ་མེད་པའོ། །བསལ་ཞིང་བསྙིགས་པ་ནི་ཕྱིར་དབྱུང་བ་སྟེ། ཚུལ་བཞིན་ཤེས་པ་ ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དེ་ལྟར་བྱར་མེད་པའི་ཕྱིར་དབྱུང་དུ་མེད་པའོ། །ཚུལ་བཞིན་དང་མི་མཐུན་པ་མི་རྟག་པ་ལ་རྟག་པར་འཛིན་པ་ལ་སོགས་པ་ནི་གཉེན་པོ་སྟེ། དེ་དག་འདིས་སྤངས་པས་ན་གཉེན་པོ་མེད་པའོ། །ཐེག་པ་མཆོག་གི་ལམ་དུ་ཞུགས་པའི་ཚུལ་བཞིན་གྱིས་གང་ཟག་ དང་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་དེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་མཆོག་རྣམས་ལས་ཀྱང་དམ་པར་གྱུར་པས་ན་དམ་པའི་ཚིག་གོ། །དེ་ཁོ་ནའི་ཚིག་ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་བཞི་ནི་བཤད་པ་སྟེ། རྟག་ཏུ་དེ་བཞིན་དུ་གནས་ཤིང་རྣམ་པར་མི་འཇིག་པས་དེ་བཞིན་ ཉིད་དང་། མ་ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པས་མ་ནོར་བ་དེ་བཞིན་ཉིད་དང་། གཞན་དུ་འགྱུར་བ་མེད་པས་གཞན་མ་ཡིན་པའི་དེ་བཞིན་ཉིད་དང་། ཆོས་རྣམས་ཀྱི་རང་བཞིན་ཡིན་པས་ཇི་ལྟ་བ་བཞིན་ཞེས་བྱ་སྟེ། ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ལྟ་བུར་ཤེས་པར་བྱེད་ པའི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་ཡང་དེ་སྐད་ཅེས་བྱའོ། །ཡང་ན་དེ་ཁོ་ན་ལ་སོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་ཀྱི་ཚིག་ཡིན་ཏེ། དེ་བས་ན་དཀོན་མཆོག་སྤྲིན་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་དེ་ཁོ་ན་ ཞེས་བགྱི་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། དེ་ཁོ་ན་ཞེས་བྱ་བ་ནི་ཡང་དག་པའི་དོན་གྱི་ཚིག་བླ་དགས་སོ། །གསོལ་པ། བཅོམ་ལྡན་འདས་ཡང་དག་པ་ཞེས་བགྱི་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དེ་བཞིན་ཉིད་དང་། མ་ ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཅེས་བགྱི་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་འདི་དག་ནི་སོ་སོ་རང་གིས་རིག་པ་སྟེ། དེ་དག་ལ་ཡི་གེས་གདགས་པར་མི་ནུས་སོ། །ཅིའི་ཕྱིར་ ཞེ་ན། ཆོས་དེ་དག་ནི་ཡི་གེ་ཐམས་ཅད་ལས་ཤིན་ཏུ་འདས་པ་བརྗོད་པ་ཐམས་ཅད་ལས་ཤིན་ཏུ་འདས་པ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཚིག་གི་ལམ་ཐམས་ཅད་ལས་ཤིན་ཏུ་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། ཕྱེ་བ་དང་བཙུམས་པ་ཐམས་ཅད་དང་། རྟོག་གེ་ཐམས་ཅད་དང་ བྲལ་བ། རྟོག་གེ་ཐམས་ཅད་ཀྱིས་བརྟག་པའི་སྤྱོད་ཡུལ་མ་ཡིན་པ། མཚན་མ་མེད་པས་མཚན་མའི་སྤྱོད་ཡུལ་ཐམས་ཅད་ལས་ཡོངས་སུ་འདས་པ། བྱིས་པའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ། བདུད་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ། ཉོན་མོངས་པའི་སྤྱོད་ཡུལ་ཐམས་ཅད་ལས་ ཤིན་ཏུ་འདས་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ། མི་གནས་པ། གནས་མ་ཡིན་པ། ཞི་བ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། དེ་དག་ཉིད་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ། དྲི་མ་མེད་པ། དང་བ། དག་པ། གྱ་ནོམ་པ། རྟག་པ། བརྟན་པ། རྒྱུན་དུ་གནས་པ། འཇིག་པར་མི་འགྱུར་བའི་ཆོས་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་ཀྱི་དབྱིངས་ནི་གནས་པའོ་ཞེས་གསུངས་པའི་ཕྱིར་རོ། །བྱང་ཆུབ་ངེས་པར་ཐོབ་པ་ནི་ཆུད་མི་ཟ་བ་སྟེ། ཚུལ་བཞིན་གྱིས་བྱང་ཆུབ་ཐོབ་པར་བྱེད་པས་ཆུད་མི་ཟ་བའི་ཚིག་གོ། །ཡང་དག་ པ་ཉིད་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པའི་མཐར་ཐུག་པས་ཡང་དག་པའི་མཐའི་ཚིག་གོ། །སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་དུས་གསུམ་བདག་ཉིད་ཐམས་ཅད་དུ་མི་དམིགས་པས་དུས་གསུམ་ཡང་དག་པར་རྗེས་སུ་མཐོང་བ་ནི་དུས་གསུམ་མཉམ་པའི་ཚིག་ཅེས་བྱའོ། ། ཇི་ལྟར་མཉམ་ཞེ་ན། དུས་ཡོངས་སུ་མ་ཆད་པ་ཞེས་སྨོས་ཏེ། འདུས་བྱས་ཀྱི་ཆོས་ཀྱི་ཕུང་པོ་ལ་སོགས་པ་སྐྱེ་བ་དང་། གནས་པ་དང་། འཇིག་པའི་སྒོ་ནས་དུས་གསུམ་དུ་གདགས་པར་ཟད་ཀྱི། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ནི་དེ་ལྟ་བུ་དབྱེ་བ་མེད་པའི་ཕྱིར་རོ། །གཟུགས་ལ་རྣམ་པར་ ཤེས་པ་མི་གནས་པ་ལ་སོགས་པས་དུས་གསུམ་གྱི་ཆོས་འདུས་བྱས་རྣམས་ལ་མ་ཆགས་པའམ། དེ་དག་ལ་མིང་དང་། མཚན་མའི་བདག་ཉིད་དུ་མངོན་པར་ཞེན་པ་མེད་པ་ནི་ཚུལ་བཞིན་ཡིན་པར་སྟོན་ཏེ། ཇི་ལྟར་སོ་སོའི་སྐྱེ་བོ་དག་ཀུན་བརྟགས་པའི་གཟུགས་ལ་རྣམ་པར་ཤེས་པས་རྣམ་པ་ སྣ་ཚོགས་སུ་རྟོག་ཅིང་དེའི་བདག་ཉིད་དུ་མངོན་པར་ཞེན་པ་དེ་ལྟར་མི་བྱེད་པས། གཟུགས་ལ་རྣམ་པར་ཤེས་པ་མི་གནས་པ་ཞེས་བྱ་སྟེ། ཚོར་བ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་དང་འདྲ་བར་བཤད་དོ། །དེ་ནི་དོན་ལ་རྟོན་པའི་ཚིག་ཅེས་བྱ་བ་ལ་སོགས་པས་ཚུལ་ བཞིན་དེ་ཚིག་འབྲུ་དང་། གང་ཟག་དང་། རྣམ་པར་ཤེས་པ་དང་། བཀྲི་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་གྱི་སོ་སོར་རྟོན་པ་བཞི་ལ་བརྟེན་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གཅིག་ཏུ་ན་ཚུལ་བཞིན་ཞེས་བྱ་བ་དེ་ནི་རིགས་པའི་ཚིག་གོ་ཞེས་བྱ་བ་ལ་ངེས་པའི་ཚིག་སྨོས་པ་ཐམས་ཅད་ཚུལ་བཞིན་ ཡིད་ལ་བྱེད་པ་དང་མི་སྦྱར་བར་ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་ཡོངས་སུ་གྲུབ་པའི་ངེས་པའི་ཚིག་གི་རྣམ་གྲངས་ཡིན་པར་སྦྱར་ཞིང་བཤད་དེ། དེ་བས་ན་མཇུག་ཐོགས་སུ་ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ་ཞེས་གསུངས་པའི་ཕྱིར་ཏེ། གང་ཟག་ལ་བདག་མེད་པ་དང་ཆོས་ལ་ བདག་མེད་པ་ནི་ཚུལ་བཞིན་ཞེས་བྱ་སྟེ། དེས་ཆོས་ཐམས་ཅད་ལ་མ་ཁྱབ་པ་མེད་པའི་ཕྱིར་ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ་ཞེས་བཤད་དོ། །འབྲས་བུ་བསྟན་པའི་དབང་དུ་བྱས་ནས། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ ཅད་ལ་ཅིའི་ཕྱིར་ཚུལ་བཞིན་ཞེས་བྱ་བའི་གཏན་ཚིགས་འདྲི་བའོ། །ཇི་ལྟར་བདག་ལ་བདག་མེད་པ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་ཚུལ་བཞིན་མཐོང་བ་དང་། སྦྱོར་བ་བསྟན་པའི་སྒོ་ནས། ཆོས་ཐམས་ཅད་ལ་ཚུལ་བཞིན་ཞེས་བྱ་བ་སྟོན་ཏེ། བདག་ཅེས་བྱ་བ་ནི་རང་གི་ཉེ་བར་ ལེན་པའི་ཕུང་པོ་སྟེ། དེ་ལ་གང་ཟག་དང་ཆོས་ཀྱི་རང་བཞིན་བདག་མེད་པ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་ཐམས་ཅད་ཀྱང་ཚད་མ་གསུམ་མམ། ཤེས་རབ་རྣམ་པ་གསུམ་གྱི་རིགས་པས་མཐོང་བའམ། ཇི་ལྟར་སེམས་ཅན་ལ་བདག་མེད་པ་བཞིན་དུ་ཕུང་ པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་ཐམས་ཅད་ཀྱང་བདག་མེད་པར་མཐོང་ན་ཚུལ་བཞིན་མཐོང་བ་ཞེས་བྱ་བས་ཆོས་ཐམས་ཅད་ནི་ཚུལ་བཞིན་ཞེས་བྱ་བར་གྲུབ་བོ། །འཁོར་བའི་ཁམས་ཀྱི་ཚུལ་བཞིན་ནི་འཁོར་བའི་རང་བཞིན་ཏེ། ཇི་ལྟར་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ ཚུལ་བཞིན་ཡོངས་སུ་དག་པ་ཡིན་པ་བཞིན་འཁོར་བའི་རང་བཞིན་ཡང་ཡོངས་སུ་དག་པར་མཐོང་ན་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་ནས་ཉོན་མོངས་པའི་རང་བཞིན་ནི་འདོད་ཆགས་ལ་སོགས་པ་སྟེ། ལུས་དང་སེམས་ལ་གནོད་པ་སྣ་ཚོགས་སྐྱེད་པར་བྱེད་པའི་ཕྱིར་རོ། །རྣམ་པར་བྱང་བ་ ནི་བྱང་ཆུབ་ཀྱི་ཕྱོགས་དང་། ཕ་རོལ་ཏུ་ཕྱིན་པ་སྟེ། ཉོན་མོངས་པ་རྣམས་འཇོམས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་དེ་གཉི་ག་ཡང་བརྗོད་དུ་མེད་པའི་རང་བཞིན་དུ་མཚུངས་ཤིང་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཞེས་བརྗོད་པ་ལྟར་དོན་དམ་ པར་བྱེ་བྲག་མེད་པར་མཐོང་བ་དེ་ནི་ཚུལ་བཞིན་དུ་སྦྱོར་བ་ཞེས་བྱའོ། །དེ་ལྟར་གཉི་ག་ཡང་བརྗོད་དུ་མེད་པར་འདྲ་བས་རྣམ་པར་བྱང་བའི་ཆོས་ལ་ཡོན་ཏན་ཅན་དུ་རིགས་པར་ཡང་མི་སེམས། ཀུན་ནས་ཉོན་མོངས་པའི་ཆོས་ལ་སྐྱོན་ཅན་དུ་མི་རིགས་པར་ཡང་མི་སེམས་པ་དེ་ནི་ཚུལ་བཞིན་ རབ་ཏུ་སྦྱོར་བ་ཞེས་བྱའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་མདོར་ན་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་བཞིན་སྦྱོར་བ་དེ་དག་ཐམས་ཅད་གང་ལ་དམིགས་ཤིང་། གང་ལ་བརྟེན་ནས་སྦྱོར་བའི་གནས་སྟོན་ཏེ། ཚུལ་བཞིན་སྦྱོར་བ་ཇི་སྙེད་པ་ཞེས་བྱ་བ་ནི་ཚུལ་བཞིན་ གྱི་འཇུག་པ་གྲངས་ཇི་སྙེད་ཡོད་པའམ། ཇི་སྙེད་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ཐམས་ཅད་ཀྱི་གནས་པ་ནི་སེམས་ཅན་ནོ་ཞེས་བྱ་བ་ནི་ཚུལ་བཞིན་དེ་དག་གི་རྟེན་དང་། དམིགས་པར་བྱ་བའི་ཡུལ་སེམས་ཅན་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཐུགས་ བརྩེ་བས་དེ་དག་ཡོངས་སུ་གཟུང་བའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་དེ་དག་ལ་སྦྱོར་བ་མཛད་པའམ། ཡང་ན་ཇི་ལྟར་སེམས་ཅན་ལ་བདག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་རིགས་པས་མཐོང་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སེམས་ཅན་གྱི་ཡུལ་ལ་ཚུལ་བཞིན་གྱི་སྦྱོར་བ་མཛད་དོ་ ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་དབང་གིས་སེམས་ཅན་ལ་དམིགས་ནས་དམིགས་པ་དང་བཅས་པས་ཆོས་ཀྱི་དབྱིངས་དཀྲུགས་པར་མི་འགྱུར་རམ་སྙམ་པ་ལ་དེ་སེམས་ཅན་གྱི་གནས་ཀྱང་མི་སྤོང་ལ། ཆོས་ཀྱི་གནས་ཀྱང་འཁྲུགས་པར་མི་བྱེད་དོ་ཞེས་གསུངས་ཏེ། བྱང་ ཆུབ་སེམས་དཔའ་དེ་སེམས་ཅན་གྱི་གནས་འཁོར་བར་སྐྱེ་བ་ཡང་མི་གཏོང་ལ། ཆོས་ཀྱི་གནས་སྟོབས་དང་། མི་འཇིགས་པ་ལ་སོགས་པ་ཡོན་ཏན་གྱི་ཆོས་རྣམས་ཀྱི་འབྱུང་གནས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་འཁྲུགས་པར་ མི་བྱེད་དེ། སེམས་ཅན་གྱི་དོན་དུ་འཁོར་བར་གནས་ཀྱང་དེ་གཉིས་ལས་ཉམས་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་རྣམ་པ་ལ་སོགས་པ་གོང་དུ་བཤད་པ་རྣམས་བསྡུས་ཏེ་བསྟན་པ་དང་། གོང་དུ་བཤད་པའི་ཆོས་རྣམས་ཀྱི་འབྲས་བུ་ཤེས་རབ་ཡིན་པར་བསྟན་ པའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་དེའི་ཆོས་ཀྱི་རྣམ་པ་དང་། ཐོས་པའི་རྣམ་པ་དང་ཚུལ་བཞིན་ལ་འཇུག་པའི་སྦྱོར་བ་རྒྱུ་མཐུན་པ་དེ་ནི་ཤེས་རབ་ཅེས་བྱའོ་ཞེས་སྨྲས་ཏེ། དེའི་ཞེས་བྱ་བ་ནི་སེམས་བསྐྱེད་པ་དང་བསམ་པ་མི་ཟད་པ་ལ་སོགས་པ་ནས་ཤེས་རབ་མི་ཟད་པའི་བར་ ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་རྣམ་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །ཡང་ན་ཆོས་ཀྱི་རྣམ་པ་ནི་སེམས་བསྐྱེད་པ་དང་། བསམ་པ་དང་། སྦྱོར་བ་དང་། ལྷག་པའི་བསམ་པ་དང་། སྦྱིན་པ་དང་། ཚུལ་ ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ལ་སོགས་པ་གོང་དུ་བཤད་པའི་ཆོས་རྣམས་སོ། །ཐོས་པའི་རྣམ་པ་ནི་གོང་དུ་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་སྨོས་པའོ། །ཚུལ་བཞིན་ལ་འཇུག་པའི་སྦྱོར་བ་ནི་གོང་དུ་ཚུལ་བཞིན་ལ་འཇུག་པ་ སུམ་ཅུ་རྩ་གཉིས་སྨོས་པའོ། །ཆོས་དེ་རྣམས་ཉིད་རྒྱུ་བས་ན་ཆོས་ཀྱི་རྣམ་པ་དང་ཐོས་པའི་རྣམ་པ་དང་། ཚུལ་བཞིན་ལ་འཇུག་པའི་སྦྱོར་བའི་རྒྱུ་ཞེས་བྱ་སྟེ། རྒྱུ་དེ་དང་མཐུན་པའི་འབྲས་བུ་ནི་རྒྱུ་མཐུན་པ་སྟེ། དངོས་སུ་ཤེས་རབ་མི་ཟད་པའོ། །དོན་དུ་ན་རྒྱུ་མཐུན་པ་ཞེས་བྱ་བ་ ནི་རྒྱུ་ཅི་འདྲ་བར་མཐུན་པར་འགྱུར་བའི་འབྲས་བུ་ལ་བྱ་སྟེ། ཆོས་ཀྱི་རྣམ་པ་དང་། ཐོས་པའི་རྣམ་པ་དང་། ཚུལ་བཞིན་ལ་འཇུག་པའི་སྦྱོར་བའི་རྒྱུ་དེ་དག་ལས་འབྲས་བུ་ཤེས་རབ་མི་ཟད་པ་འབྱུང་བར་འོས་ཀྱི། གཞན་ནི་མ་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་རང་བཞིན་ བསྟན་པའི་དབང་དུ་བྱས་ནས། དེ་ལ་ཤེས་རབ་ནི་འགྲོགས་པ་དང་ལྷན་ཅིག་མི་གནས་ཏེ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །འགྲོགས་པ་བཅུ་དྲུག་དང་ལྷན་ཅིག་མི་གནས་ཞེས་བྱ་བས་ནི་ཤེས་རབ་ཀྱང་སྐབས་འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དམིགས་པ་དང་། སྤྲོས་པ་ཐམས་ ཅད་ལས་འདས་པ། མཚན་མ་ཐམས་ཅད་མ་འདྲེས་པའི་རང་བཞིན་ལ་བྱ་བར་འདོད་དེ། དེ་བས་ན་དམིགས་པ་དང་། མཚན་མའི་སྐྱོན་རྣམས་དང་མ་འདྲེས་པའི་ཕྱིར་འགྲོགས་པ་བཅུ་དྲུག་དང་ལྷན་ཅིག་མི་གནས་སོ་ཞེས་བཤད་དོ། །དེ་ལ་མ་རིག་པའི་འགྲོགས་པ་དང་ལྷན་ ཅིག་མི་གནས་སོ་ཞེས་བྱ་བ་ལ་སོགས་པས་འཁོར་བའི་རྒྱུ་སྲིད་པའི་ཡན་ལག་བཅུ་གཉིས་རྣམས་དང་ལྷན་ཅིག་མི་གནས་པར་བསྟན་ཏེ། དེ་ལ་མ་རིག་པ་ནི་ཡང་དག་པའི་མཐའ་ཁོང་དུ་མ་ཆུད་པའོ། །མ་རིག་པ་དེ་ཉིད་འགྲོགས་པ་ཡིན་པས་ན་མ་རིག་པའི་འགྲོགས་པ་ སྟེ། མ་རིག་པའི་དབང་དུ་གྱུར་པའམ། མ་རིག་པ་དང་འདྲེས་པར་གྱུར་པའོ། །མི་གནས་སོ་ཞེས་བྱ་བ་ནི་དེ་དང་མ་འདྲེས་པའམ། མ་འབགས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་མ་རིག་པ་དང་འདྲེས་ན་ནི་གཞན་གྱི་དབང་གི་མཚན་ཉིད་ བཞིན་དུ་འཁོར་བར་ལྟུང་བའི་སྐྱོན་དུ་འགྱུར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་དང་འདྲ་བ་ཞེས་བྱ་བའི་དོན་ཏེ། འདུ་བྱེད་རྣམས་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བ་ནས་ཡན་ལག་ལྷག་མ་རྣམས་ལ་ཡང་དེ་དང་འདྲ་བར་སྦྱར་རོ། །དེ་ལ་འདུ་བྱེད་ནི་རྣམ་པ་གསུམ་སྟེ། བསོད་ ནམས་མ་ཡིན་བར་ཉེ་པར་འགྲོ་བའི་འདུ་བྱེད་དང་། བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་དོ། །རྣམ་པར་ཤེས་པ་ནི་ས་བོན་ཐམས་ཅད་ཀྱི་རྟེན་རྣམ་པར་སྨིན་པའི་རང་བཞིན་ཀུན་གཞི་རྣམ་པར་ཤེས་པའོ། །མིང་ནི་ཚོར་བ་ དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་སོ། །གཟུགས་ནི་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའམ། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་སྟེ། དེ་གཉིས་གཅིག་ཏུ་བསྡུས་ན་མིང་དང་གཟུགས་ཞེས་བྱའོ། ། སྐྱེ་མཆེད་དྲུག་ནི་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུའོ། །རེག་པ་ནི་ཡུལ་དང་དབང་པོ་དང་། རྣམ་པར་ཤེས་པ་རྣམས་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་དུས་མཉམ་དུ་ཚོགས་པའོ། །ཚོར་བ་ནི་བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་སོ། །སྲེད་པ་ནི་ཡུལ་དང་ལོངས་སྤྱོད་ལ་རྒྱུན་དུ་སྤྱོད་ཀྱང་ཚྭ་ཆུ་འཐུང་བ་དང་འདྲ་བར་ངོམས་པ་དང་ཚིམ་པ་མེད་པའོ། །ལེན་པ་ནི་འདོད་པ་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ལེན་པ་དང་། ལྟ་བ་ལེན་པ་དང་། བདག་ཏུ་སྨྲ་བ་ལེན་པ་དང་། སྲིད་པ་ནི་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །སྐྱེ་བ་ནི་ལས་ཀྱི་བག་ཆགས་རྣམ་པ་སྣ་ཚོགས་བསགས་པའི་ཁྱད་པར་ལས་ཉིང་མཚམས་སྦྱོར་བ་དེ་དང་དེ་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་ མཆེད་ལ་སོགས་པ་མངོན་པར་གྲུབ་པའོ། །དགའ་བ་ནི་མེར་མེར་པོ་དང་། ནུར་ནུར་པོ་དང་། མཁྲང་གྱུར་པ་དང་། རྐང་ལག་འགྱུས་པ་ནས་གཞོན་ནུ་དང་། ལང་ཚོ་དང་། དར་ལ་བབ་པའི་སྟོབས་དང་། མཐུ་དང་གཟི་བརྗིད་དང་། མདངས་ལ་སོགས་པ་རབ་ཏུ་ གཞན་དུ་གྱུར་ཏེ་ཉམས་པའོ། །ཤི་བ་ནི་ཚེ་དང་དྲོད་དང་། རྣམ་པར་ཤེས་པ་མེད་པར་གྱུར་པའོ། །མ་རིག་པ་འགོག་པའི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བ་ལ་སོགས་པས་མ་རིག་པ་འགགས་པ་ལ་སོགས་པ་འཁོར་བ་ལས་ལྡོག་པའི་རྒྱུ་རྣམ་པར་ བྱང་བའི་ཆོས་རྣམས་དང་ཡང་མ་འདྲེས་པ་བསྟན་ཏེ། མ་རིག་པ་འགགས་པ་ནི་མ་རིག་པ་སྤང་བའམ། མ་རིག་པ་མེད་པར་གྱུར་ནས་དེ་དང་མི་མཐུན་པའི་རིག་པ་སྐྱེས་པ་ལ་བྱའོ། །འཇིག་ཚོགས་ལ་ལྟ་བའི་འགྲོགས་པ་དང་ལྷན་ཅིག་མི་གནས་པ་ཞེས་བྱ་བ་ལ་ སོགས་པས་ལོག་པའི་ལྟ་བ་རྣམས་དང་མ་འདྲེས་པ་བསྟན་ཏེ། དེ་ལ་འཇིག་ཚོགས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཕུང་པོ་དང་ཚོགས་སུ་གྱུར་པ་ལ་བྱ་སྟེ། དེ་ལ་བདག་ཡོད་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །འཇིག་ ཚོགས་ལ་ལྟ་བ་དེ་ཉིད་རྩ་བ་ཡིན་པས་ན་འཇིག་ཚོགས་ལ་ལྟ་བའི་རྩ་བ་སྟེ། ལྟ་བར་གྱུར་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ལྟ་བ་དེའི་རྩ་བ་ལས་བྱུང་བ་ནི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་པོའི་བར་དག་སྟེ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ནི། རྟག་པར་ལྟ་བ་དང་། མཐའ་ དང་། མཐའ་མེད་པར་སྨྲ་བ་ལ་སོགས་པ་ཚངས་པའི་དྲ་བ་དང་། ལྔ་གསུམ་པ་ལ་སོགས་པ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །བར་དག་ཅེས་སྨོས་པས་ནི་བདག་ཏུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་པོ་གཟུགས་ལ་བདག་ཏུ་ལྟ་བ་དང་། བདག་གཟུགས་དང་ལྡན་པ་དང་། གཟུགས་བདག་གི་ཡིན་པ་དང་། གཟུགས་ལ་བདག་གནས་པར་ལྟ་བ་དང་། དེ་བཞིན་དུ་ཚོར་བ་ལ་སོགས་པ་ཕུང་པོ་ལྷག་མ་བཞི་ལ་ཡང་མཐུན་མཐུན་དུ་སྦྱར་ཏེ། དེ་དག་ལ་སོགས་པ་ལྟ་བུར་གྱུར་པ་ཐམས་ཅད་དང་ལྷན་ཅིག་མི་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །མཐོན་ དམན་ནི་འབྲས་བུ་ཡིན་ལ། འཇིག་རྟེན་གྱི་ཆོས་ནི་རྒྱུ་ཡིན་ཏེ། འདི་ལྟར་རྙེད་པ་ལ་སོགས་པས་ནི་མཐོ་བར་སེམས་པ་འབྱུང་ལ། མ་རྙེད་པ་ལ་སོགས་པ་ལས་མི་དམའ་བར་སེམས་པ་འབྱུང་བའི་ཕྱིར་ཏེ། འཇིག་རྟེན་གྱི་ཆོས་བརྒྱད་པོ་དེ་དག་གིས་སེམས་ཁེངས་པ་དང་ ཞུམ་པར་མི་འགྱུར་བས་ན་མཐོན་དམན་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་པས་ན་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་ཞེས་གསུངས་སོ། །དེ་ལ་རྙེད་པ་དང་། མ་རྙེད་པ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པའོ། །སྙན་པ་དང་མི་ སྙན་པ་ནི་ཡོན་ཏན་དང་སྐྱོན་རྣམས་སོ། །སྨད་པ་དང་བསྟོད་པ་ནི་སྐྱོན་སྨོས་པ་དང་། ཡོན་ཏན་ཚིགས་སུ་བཅད་པས་བརྗོད་པའོ། །བདེ་བ་དང་སྡུག་བསྔལ་ནི་ལུས་དང་སེམས་ལ་ཕན་འདོགས་པ་དང་གནོད་པ་བསྐྱེད་པའོ། །ཁྲོ་བ་དང་ཁོན་དུ་འཛིན་ཞེས་བྱ་བ་ནས། ཉེ་ བའི་ཉོན་མོངས་པ་ཐམས་ཅད་ཀྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་ཞེས་བྱ་བ་ཉེ་བའི་ཉོན་མོངས་པ་དང་མ་འདྲེས་པར་བསྟན་ཏེ། ང་རྒྱལ་ཡང་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་སྒོ་ནས་ཉེ་བའི་ཉོན་མོངས་པ་ཞེས་གདགས་སོ། །དེ་ལ་ཁྲོ་བ་ནི་འཕྲལ་དུ་གནོད་ པར་བྱེད་པ་ལ་གནས་ཏེ། སེམས་ཀྱི་ཀུན་ནས་མནར་སེམས་པའོ། །ཁོན་དུ་འཛིན་པ་ནི་ཁྲོས་པའི་འོག་ཏུ་འདིས་བདག་ལ་གནོད་པ་འདི་བྱས་སོ་ཞེས་ཤར་གཉེར་བའི་མདུད་པར་འཛིན་པ་མི་གཏོང་བའོ། །འཆབ་པ་ནི་འདུན་པ་དང་ཞེ་སྡང་དང་འཇིགས་པ་ལ་ སོགས་པ་བསལ་ཏེ། ཕན་པར་འདོད་པའི་གླེང་བ་པོས་ཁྱོད་འདི་ལྟ་བུ་བྱེད་པའོ་ཞེས་བསྙད་པ་ན་ཁ་ན་མ་ཐོ་བ་མཁྱུད་པའོ། །ཡོངས་སུ་གདུང་བ་ནི་ཚིག་བརླང་པོས་གཞན་གྱིས་སེམས་གདུང་བ་བསྐྱེད་པའོ། །ཕྲག་དོག་ནི་ཕ་རོལ་པོའི་རྙེད་པ་དང་། བཀུར་སྟི་དང་། རིགས་དང་ ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་ཏན་མཐོང་ནས་ཞེ་སྡང་གི་ཆར་གཏོགས་པའི་སེམས་ཁོང་ནས་འཁྲུག་པའོ། །སེར་སྣ་ནི་རྙེད་པ་དང་བཀུར་སྟི་ལ་ཞེན་ནས་འདོད་ཆགས་ཀྱི་སེམས་ཀྱིས་ཕྱི་དང་ནང་གི་དངོས་པོ་མི་གཏོང་བའོ། །རྒྱུ་ནི་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ ཆགས་པས་གཞན་ལ་བསམས་པས་ཚུལ་ཁྲིམས་ལ་སོགས་པའི་དོན་གཞན་དུ་གནས་ལ་གཞན་དུ་སྟོན་པའོ། །གཡོ་ནི་བདག་གི་ཉེས་པ་བཅབ་པའི་ཐབས་བཟུང་སྟེ། གཞན་ནས་གཞན་དུ་སྒྱུར་ཞིང་གཏམ་རླུང་ལ་བསྐུར་བ་དང་གསལ་བར་མི་བྱེད་པའོ། །ངོ་ཚ་མེད་པ་ནི་ལས་ དེ་དག་གི་ཆ་མ་ཡིན་པར་ཤེས་ཀྱང་ཁ་ན་མ་ཐོ་བས་མི་འཛེམས་པའོ། །ཁྲེལ་མེད་པ་ནི་གཞན་ལ་ཁ་ན་མ་ཐོ་བས་མི་འཛེམས་པའོ། །ཁེངས་པ་ནི་འདོད་ཆགས་ཤས་ཆེ་བའི་དབང་གིས་ལུས་ཀྱི་འགྱུར་བ་རྐང་ལག་བརྐྱང་བ་དང་། མགོ་འཕང་བསྟོད་པ་དང་། སྨིན་མ་བསྡུས་ པ་དང་། སོ་གཙིགས་པ་ལ་སོགས་པ་འགྱིང་བར་སྣང་བ་སྟེ། མཁན་པོ་དང་སློབ་དཔོན་དང་བླ་མ་ལ་སོགས་པ་ལ་ཐལ་མོ་སྦྱར་བ་དང་། འདུད་པ་ལ་སོགས་པའི་ལས་མི་བྱེད་པའོ། །རྩོད་པ་ནི་དེ་དག་གི་རྒྱུ་ལས་ལུས་དང་ངག་གི་ལས་རྡེག་པ་དང་། འཆིང་བ་དང་། སྐྱོན་ སྨོས་པ་དང་མཚང་འདྲུ་བ་ལ་སོགས་པ་བྱེད་པའོ། །རྒྱགས་པ་ནི་བདག་གི་རིགས་དང་། ནད་མེད་པ་དང་། གཟུགས་དང་ལང་ཚོ་ལ་སོགས་པ་རང་གི་ཕུན་སུམ་ཚོགས་པ་ལ་དགའ་བའི་བྱེ་བྲག་དང་ལྡན་པའི་སྲེད་པས་སེམས་རང་དབང་མེད་པར་བྱེད་པའོ། །བག་མེད་པ་ནི་ འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་དགེ་བ་མི་སྒོམ་ཞིང་མི་དགེ་བ་བྱེད་པའོ། །ང་རྒྱལ་ནི་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་དམའ་བ་བས་དེ་དག་གིས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་འམ། རིགས་ལ་སོགས་པ་མཚུངས་པ་ཉིད་ལ་དེ་དག་དང་བདག་ མཚུངས་སོ་སྙམ་དུ་སེམས་ཁེངས་པའོ། །ལྷག་པའི་ང་རྒྱལ་ནི་རིགས་དང་ཤེས་རྒྱ་ལ་སོགས་པས་མཚུངས་པ་བས་གཏོང་བ་དང་ཚུལ་ཁྲིམས་དང་ཉམས་རྩལ་ལ་སོགས་པས་བདག་ཆེའོ་སྙམ་པ་འམ་རིགས་དང་ནོར་ལ་སོགས་པས་ཆེ་བ་ལ་བདག་དང་མཚུངས་སོ་སྙམ་དུ་ སེམས་ཁེངས་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི་རིགས་ལ་སོགས་པ་ཆེ་བ་བས་ཀྱང་བདག་ཆེའོ་སྙམ་དུ་སེམས་ཁེངས་པའོ། །ངའོ་སྙམ་པའི་ང་རྒྱལ་ནི་ཉེ་བར་ལེན་པའི་ཕུང་པོ་ལ་བདག་དང་བདག་གི་དང་བྲལ་བ་དེ་དག་ལ་བདག་དང་བདག་གིར་མངོན་པར་ཞེན་ནས་སེམས་ ཁེངས་པའོ། །ཅུང་ཟད་སྙམ་པའི་ང་རྒྱལ་ནི་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་ཁྱད་ཆོས་འཕགས་པ་ལ་བདག་ཅུང་ཟད་ཅིག་གིས་ཆུང་ངོ་སྙམ་དུ་སེམས་ཁེངས་པའོ། །མངོན་པའི་ང་རྒྱལ་ནི་ཡོན་ཏན་ཁྱད་པར་ཅན་འབྲས་བུ་དང་བསམ་གཏན་ལ་སོགས་པ་མ་ ཐོབ་པ་ཐོབ་པོ་སྙམ་དུ་སེམས་ཁེངས་པའོ། །ལོག་པའི་ང་རྒྱལ་ནི་ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པའོ། །ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཞེས་བྱ་བས་ནི་གོང་དུ་མིང་གིས་སྨོས་པའི་ཉེ་བའི་ཉོན་མོངས་པ་རྣམས་ དང་མི་འགྲོགས་པར་མ་ཟད་ཀྱི། གཞན་ཡང་ཉེ་བའི་ཉོན་མོངས་པ་རྣམ་པར་གཡེང་བ་དང་། ཤེས་བཞིན་མེད་པ་དང་། འགྱོད་པ་དང་གཉིད་ལ་སོགས་པ་དང་ཡང་མི་འགྲོགས་སོ་ཞེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གིས་ ཀུན་ནས་ལྡང་བ་ཞེས་བྱ་བ་ལ་སོགས་པ་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་གནས་པར་བསྟན་ཏེ་འདོད་ཆགས་ནི་སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་ཆགས་ཤིང་སྨོན་པའོ། །ཞེ་སྡང་ནི་སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། གང་གི་དབང་གིས་ སེམས་ཅན་རྣམས་ལ་གསོད་པ་དང་འཆིང་བ་ལ་སོགས་པ་བྱེད་པའོ། །གཏི་མུག་གིས་ངན་སོང་རྣམས་དང་མཐོ་རིས་དང་། མྱ་ངན་ལས་འདས་པ་དང་། དེ་དག་ཐོབ་པར་བྱེད་པའི་རྒྱུ་དང་། དེ་དག་གི་རྒྱུ་དང་འབྲས་བུ་འབྲེལ་པ་ཕྱིན་ཅི་མ་ལོག་པར་མི་ཤེས་ པའོ། །ཀུན་ནས་ལྡང་བ་ནི་དེ་དག་སྐྱེ་བའི་རྒྱུ་དང་རྐྱེན་ཕྲད་ནས་མངོན་དུ་འབྱུང་བ་སྟེ། དེ་ཡང་ཡུལ་ཉེ་བར་གྱུར་ལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་ཞེས་གསུངས་པའི་ཕྱིར་རོ། །ཉོན་མོངས་པ་དེ་དག་ཀྱང་མཐོང་བའི་ལམ་གྱིས་སྤང་བར་དཀའ་བ་དང་། སླ་ བའི་བྱེ་བྲག་གིས་ཕྲ་མོ་དང་སྦོམ་པོ་ཞེས་བྱ་བ་ལ། བསྒོམ་པའི་ལམ་གྱིས་སྤང་བར་སླ་བ་དང་། དཀའ་བ་དང་། ཤིན་ཏུ་དཀའ་བའི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་དང་ཆེན་པོ་ཞེས་བྱ་སྟེ། བསྒོམ་པའི་ལམ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུས་སྤངས་པའི་ཉོན་མོངས་པ་རྣམས་ ལ་བྱའོ། །ཡང་ན་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤང་བར་བྱ་བ་ནི་བག་ཆགས་དང་བཅས་ཏེ་སྤང་བར་བྱ་བ་ཡིན་པས་སྤང་དཀའ་བའི་ཕྱིར་ཕྲ་མོ་ཞེས་བྱ་ལ། འཇིག་རྟེན་པའི་ལམ་གྱིས་སྤང་བར་བྱ་བ་ནི་སྤང་སླ་བས་སྦོམ་པོ་ཞེས་བྱའོ། །ཡང་ན་གང་ཟག་ཉོན་ མོངས་པའི་ཤས་ཆུང་བ་རྣམས་ཀྱིས་ནི་ཕྲ་མོ་ཡིན་ལ། གང་ཟག་ཉོན་མོངས་པ་ཤས་ཆེ་བ་རྣམས་ཀྱིས་ནི་སྦོམ་པོ་ཞེས་བྱའོ། །ཡང་ན་གཟུགས་དང་གཟུགས་མེད་པའི་ཁམས་སུ་གཏོགས་པའི་ཉོན་མོངས་པ་རྣམས་ནི་ཁ་ནང་དུ་བལྟས་པ་ཡིན་པས་ཕྲ་མོ་ཞེས་བྱ་ལ། འདོད་པའི་ཁམས་ ཀྱི་ཉོན་མོངས་པ་རྣམས་ཀྱིས་ནི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་ཏེ་ཁ་ཕྱིར་བལྟས་པ་ཡིན་པས་སྦོམ་པོ་ཞེས་བྱའོ། །ཉོན་མོངས་པའི་ཀུན་ནས་ལྡང་བ་ཐམས་ཅད་ཀྱི་བར་ཞེས་བྱ་བ་ནི་ཉོན་མོངས་པ་དེ་དག་གསུམ་དང་ཡང་མི་འགྲོགས་པར་ཡང་མ་ཟད་ཀྱི། གཞན་ཡང་ཐེ་ཚོམ་དང་མདུད་པ་ དང་འཆིང་བ་ལ་སོགས་པ་དང་མི་འགྲོགས་པར་སྟོན་ཏོ། །གཏི་མུག་གི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་དང་ཞེས་བྱ་བ་ལ་སོགས་པས་ཉམས་པར་འགྱུར་བའི་ཆོས་རྣམས་དང་ལྷན་ཅིག་མི་གནས་པར་བསྟན་ཏེ། གོང་དུ་ཉོན་མོངས་པའི་ནང་དུ་ཡང་གཏི་མུག་སྨོས་མོད་ཀྱི། མདོ་ལས་ རྨོངས་པ་མེད་པ་ལ་གཞན་མི་འབྱུང་ངོ་ཞེས་གསུངས་ཏེ། ཉོན་མོངས་པ་ཐམས་ཅད་འབྱུང་བའི་གཞི་གཏི་མུག་ཡིན་པས་འདིར་ལོགས་ཤིག་ཏུ་ཡང་སྨོས་སོ། །གཏི་མུག་ཉིད་མུན་པ་ཡིན་པས་ན་གཏི་མུག་གི་མུན་པ་སྟེ། དཔེར་ན་མུན་པས་དངོས་པོ་རྣམས་མི་མཐོང་ཞིང་ལོག་ པར་མཐོང་བ་དེ་བཞིན་དུ་གཏི་མུག་གིས་ཀྱང་སྡུག་བསྔལ་ལ་བདེ་བར་མཐོང་བས་ན་གཏི་མུག་གི་མུན་པ་ཞེས་བྱའོ། །རབ་རིབ་ཉིད་ལིང་ཏོག་ཡིན་པས་ན། རབ་རིབ་ཀྱི་ལིང་ཏོག་སྟེ། ལིང་ཏོག་དང་འདྲ་བར་ཚེ་རབས་གཞན་གྱི་ཉེས་དམིགས་ཡོད། ཡང་དག་པ་ཡང་མི་ མཐོང་བའི་ཕྱིར་རོ། །གང་གི་ཕྱིར་སྒྲིབ་པར་གྱུར་པ་དེའི་ཕྱིར་ཆོད་པ་ཞེས་བྱ་སྟེ། རྩིག་པས་ཆོད་པའི་ཕ་རོལ་ན་དངོས་པོ་ཡོད་པ་མ་མཐོང་བ་བཞིན་དུ་ཚེ་འདིའི་ཉེས་དམིགས་ཡོད། ཡང་དག་པ་ཡང་ཤིན་ཏུ་མི་མཐོང་བའི་ཕྱིར་རོ། །ཡང་ན་ཚེ་རབས་གཞན་གྱི་ལས་ དང་ཉོན་མོངས་པའི་མཚན་ཉིད་མི་ཤེས་པ་ནི་གཏི་མུག་པའོ། །ལས་དང་ཉོན་མོངས་པ་དེའི་འབྲས་བུ་སྡུག་བསྔལ་གྱི་བདག་ཉིད་གནོད་པ་དུ་མའི་རང་བཞིན་ཅན་གྱི་མཚན་ཉིད་མི་ཤེས་པ་ནི་མུན་པའོ། །ཚེ་འདིའི་ལས་དང་ཉོན་མོངས་པ་རྣམས་མི་ཤེས་པ་ནི་རབ་རིབ་པོ། ། ཉོན་མོངས་པ་དེའི་རྒྱུས་ཚེ་འདི་ལ་གནོད་པ་སྣ་ཚོགས་འབྱུང་བ་དང་། ཕུང་པོ་ཉིད་ཀྱང་སྡུག་བསྔལ་སྣ་ཚོགས་ཀྱི་རང་བཞིན་ཅན་དུ་མི་ཤེས་པ་ནི་ལིང་ཏོག་གོ། །ལས་གང་བྱས་པས་ཚེ་རབས་གཞན་དུ་འབྲས་བུ་གང་ཐོབ་པར་མི་ཤེས་པ་ནི་སྒྲིབ་པའོ། །འབྲས་བུ་དེ་དག་ ཀྱང་ཚེ་འདི་ནས་མ་འཕོས་པ་དང་། རང་བཞིན་མེད་པར་མི་ཤེས་པ་ནི་ཆོད་པའོ། །ཉམས་པར་འགྱུར་བའི་ཆ་དང་མཐུན་པའི་ཆོས་ཀུན་ནས་ལྡང་བ་ཐམས་ཅད་ཀྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་ཞེས་བྱ་བ་ནི་ཉམས་པར་འགྱུར་བའི་ཆོས་དེ་རྣམས་དང་། ལྷན་ཅིག་མི་ གནས་པར་ཡང་མ་ཟད་ཀྱི། གཞན་ཡང་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་ཡོན་ཏན་དང་ས་རིམ་པ་གོང་མ་ལ་སོགས་པ་འཐོབ་པ་ལས་ཀྱང་ཉམས་པར་འགྱུར། མ་ཐོབ་པ་ཡང་ཐོབ་པར་མི་འགྱུར་བ་རྣམས་དང་ལྷན་ཅིག་མི་འགྲོགས་སོ་ཞེས་བྱ་བའི་དོན་ཏོ། ། འདོད་པ་དང་འཐབ་མོའི་རྙོག་པ་དང་ཞེས་བྱ་བ་ལ་སོགས་པས་བདུད་ཀྱི་ཕྱོགས་སུ་གཏོགས་པའི་སྐྱོན་རྣམས་དང་། བདུད་དང་བདུད་ཀྱི་ལས་རྣམས་སྤངས་པ་བསྟན་ཏེ། འདོད་པ་ནི་གཟུགས་ལ་སོགས་པ་འདོད་པ་ལྔའི་ཡོན་ཏན་ལ་བྱའོ། །འཐབ་མོའི་དོན་ ནི་སྔར་སྨྲས་པ་བཞིན་ཏེ། འདོད་པ་དང་འཐབ་མོ་དེ་དག་ཉིད་རྙོག་པ་དང་འདྲ་བས་ན་རྙོག་པ་ཞེས་བྱའོ། །བདུད་བཞི་ལ་གཟུགས་ལ་སོགས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཕུང་པོའི་བདུད་དོ། །ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་ནི་ཉོན་མོངས་པའི་ བདུད་དོ། །སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་མཐུན་པ་དེ་དང་དེ་དག་ནས་ཤི་འཕོས་པ་ནི་འཆི་བདག་གི་བདུད་དོ། །གང་དག་དགེ་བའི་ཕྱོགས་ལ་རབ་ཏུ་ཞུགས་ནས་ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་གི་བདུད་ལས་འདའ་བར་འདོད་པ་ན་འདོད་པའི་ ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཆེན་པོ་རྙེད་པ་བར་ཆད་བྱ་བའི་ཕྱིར་ཉེ་བར་ལྷགས་པ་རྣམས་ནི་ལྷའི་བུའི་བདུད་དོ། །བདུད་ཀྱི་ལས་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བ་ནི་གང་འདོད་པ་ལྔའི་ཡོན་ཏན་ལ་ཆགས་པ་དང་། སྲོག་གཅོད་པ་ལ་ སོགས་པ་སྡིག་པ་མི་དགེ་བའི་ལས་རྣམས་དང་། གཞན་ཡང་དེ་ཁོ་ན་རྟོགས་པའི་བར་དུ་གཅོད་པ་རྟོག་པ་དང་རྣམ་པར་རྟོག་པ་ལ་སོགས་པ་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ལས་ཐམས་ཅད་ནི་བདུད་ཀྱི་ལས་སུ་ཤེས་པར་བྱའོ། །དེ་ཡང་མདོར་བསྟན་ན་གང་ ཟག་ལ་ལ་ཞིག་ཐར་པར་འགྱུར་བས་མངོན་པར་བསྡུས་པ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་དགེ་བའི་ཆོས་ལ་དད་པ་ཡང་དག་པར་སྐྱེས་པ་ན་འདོད་པ་ལ་ཆགས་པའི་དབང་དུ་གྱུར་ནས་ལྡོག་པ་ནི་བདུད་ཀྱི་ལས་སོ། །དབང་པོའི་སྒོ་བསྡམས་ཏེ་གནས་པ་ན་གང་ཆགས་པར་ འགྱུར་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པ་ནི་བདུད་ཀྱི་ལས་སོ། །དེ་བཞིན་དུ་ཟས་ཀྱི་ཚོད་རིག་པར་གནས་པ་ན་རོའི་ཁྱད་པར་ལ་སེམས་ཆགས་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་ རྗེས་སུ་སྦྱོར་བ་ན་གཉིད་ཀྱི་བདེ་བ་དང་། ཉལ་བའི་བདེ་བ་དང་། གློས་འབེབས་པའི་བདེ་བ་ལ་ཆགས་ཤིང་སེམས་འཇུག་པ་ནི་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཤེས་བཞིན་དང་བཅས་པར་གནས་པ་ནི་བྱིས་པ་འམ་འགྲོ་བ་བཟང་མོ་ཁ་དོག་མཆོག་དང་ལྡན་པའི་རྣམས་མཐོང་ནས་ ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང་དེར་སེམས་འཇུག་པ་དང་། འཇིག་རྟེན་གྱི་འཕྲལ་གྱི་བྱ་བ་མང་པོ་ལ་སེམས་འཇུག་པ་དང་། འདུ་འཛི་མང་པོའི་ནང་དུ་འདྲི་ཞིང་སྡིག་པའི་གྲོགས་པོ་མི་དགེ་བའི་ལས་བྱེད་པ་རྣམས་མཐོང་ནས་སེམས་ལ་མོས་པ་སྐྱེ་བ་ནི་བདུད་ཀྱི་ལས་ སོ། །དེ་བཞིན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་ཚེ་འདི་དང་ཚེ་རབས་ཕ་རོལ་རྣམས་ལ་ཐེ་ཚོམ་དང་། ཡིད་གཉིས་སྐྱེ་བ་ནི་བདུད་ཀྱི་ལས་སོ། །གང་གི་ཚེ་རྙེད་པ་དང་བཀུར་སྟི་ལ་སེམས་ ཆགས་པ་དང་། སེར་སྣ་དང་། འདོད་ཆེན་དང་། ཆོག་མི་ཤེས་པ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། ཚུལ་འཆོས་པ་དང་། ཁ་གསག་ལ་སེམས་འཇུག་ན་བདུད་ཀྱི་ལས་སུ་རིག་པར་བྱའོ། །གཞན་ཡང་རྒྱས་པར་བཤད་ན་དེ་ལ་སོགས་པ་བདུད་ཀྱི་ལས་ ཚད་མེད་པར་ཡོད་དེ། འཇམ་དཔལ་རྣམ་པར་འཕྲུལ་པ་ལས་ཀྱང་། ལྷའི་བུ་ཇི་ཙམ་དུ་ལས་རྣམས་འབྱུང་བ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་སྨོན་པ་དང་། ཇི་ཙམ་དུ་ལོག་པར་འཛིན་པ་དང་། ཇི་ཙམ་དུ་མཆོག་ཏུ་འཛིན་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ ཙམ་དུ་འདོད་པ་དང་། ཇི་ཙམ་དུ་འདུ་ཤེས་པ་དང་། ཇི་ཙམ་དུ་རློམ་སེམས་པ་དང་། ཇི་ཙམ་དུ་ཡོངས་སུ་རྟོགས་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུ་གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པའི་སེམས་ལ་མངོན་པར་ཞེན་ པ་ཡང་བདུད་ཀྱི་ལས་སོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པ་རློམ་སེམས་སུ་བྱེད་པ་དང་། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་དང་། བཟོད་པ་ འཛིན་པ་དང་། བརྩོན་འགྲུས་ལེན་པ་དང་། བསམ་གཏན་ལ་མཚན་མ་དང་། ཤེས་རབ་རྒྱུ་བ་ཡང་བདུད་ཀྱི་ལས་སོ། །དགོན་པ་ལ་དགའ་ཞིང་མོས་པའི་སེམས་དང་། བཏང་སྙོམས་སུ་ལྟུང་བ་ཡང་བདུད་ཀྱི་ལས་སོ། །འདོད་པ་ཉུང་བ་དང་། ཆོག་ ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་རློམ་སེམས་སུ་བྱེད་པ་ཡང་བདུད་ཀྱི་ལས་སོ། །བདག་ནི་སྟོང་པ་ཉིད་ལ་གནས་པ། བདག་ནི་མཚན་མ་མེད་པ་ལ་གནས་པ། བདག་ནི་སྨོན་པ་མེད་པ་ལ་གནས་པ། བདག་ནི་སྤྲོས་པ་མེད་པ་ལ་གནས་པ། བདག་ནི་དེ་བཞིན་གཤེགས་པའི་བཀའ་སྒྲུབ་ཅིང་གནས་པའོ་སྙམ་དུ་རློམ་སེམས་སུ་བྱེད་ཅིང་། རྣམ་པར་རྟོག་པ་ཡང་བདུད་ཀྱི་ལས་སོ། །ལྷའི་བུ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པའི་གནས་ ཇི་ཙམ་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བདུད་ཀྱི་ལས་ག་ལས་བྱུང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་བྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བརྩོན་པ་ལ་བདུད་གླགས་ཚོལ་གྱི། མི་བརྩོན་ པ་ལ་བདུད་ཀྱིས་ཅི་ཞིག་བྱ་བར་འགྱུར། དེ་ཉིད་བདུད་ཀྱི་ལས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཇི་ལྟར་ན་བརྩོན་པ་ཡིན། ཇི་ལྟར་ན་མི་བརྩོན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཇི་ཙམ་དུ་གཉིས་ལ་སྦྱོར་བ་དེ་ཙམ་དུ་བརྩོན་ པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གནས་པ་ནི་གཉིས་ལ་སྦྱོར་བ་དང་ལྡན་ནོ། །ལྷའི་བུ་བརྩོན་པ་ཞེས་བྱ་བ་འདི་ནི་སྦྱོར་བ་ཡང་དག་པའི་ཚིག་བླ་དྭགས་སོ། །སྦྱོར་བ་ཡང་དག་པ་ཞེས་བྱ་བ་འདི་ནི་སྦྱོར་བ་མེད་པའི་ཚིག་བླ་དྭགས་སོ། །སྦྱོར་བ་མེད་པ་ཞེས་བྱ་བ་ འདི་ནི་སྤྲོས་པ་མེད་པའི་ཚིག་བླ་དྭགས་སོ། །སྤྲོས་པ་མེད་པ་ཞེས་བྱ་བ་འདི་ནི་སྦྱོར་བ་ཡང་དག་པའི་ཚིག་བླ་དྭགས་སོ། །ལྷའི་བུ་གང་ན་མིག་ལ་མི་སྦྱོར་བ་དང་། གཟུགས་ལ་མི་སྦྱོར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པ་ཞེས་བྱ། གང་ན་རྣ་བ་ལ་མི་སྦྱོར་བ་ དང་། སྒྲ་ལ་མི་སྦྱོར་བ་དང་། སྣ་ལ་མི་སྦྱོར་བ་དང་། དྲི་ལ་མི་སྦྱོར་བ་དང་། ལྕེ་ལ་མི་སྦྱོར་བ་དང་། རོ་ལ་མི་སྦྱོར་བ་དང་། ལུས་ལ་མི་སྦྱོར་བ་དང་། རེག་བྱ་ལ་མི་སྦྱོར་བ་དང་། ཡིད་ལ་མི་སྦྱོར་བ་དང་། ཆོས་ལ་མི་སྦྱོར་བ་འདི་ནི་བྱང་ཆུབ་སེམས་དཔའ་སྦྱོར་བ་ཡང་དག་པ་ཞེས་བྱའོ། ། ཡང་དེ་བཞིན་དུ་ལྷའི་བུ་ཉི་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཡིན་ནོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པ་རྣམ་པར་གྲོལ་བ་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་བསྙེན་པ་དང་། བསྟེན་པ་དང་། བསྙེན་བཀུར་ བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །འདུས་མ་བྱས་ལ་སོ་སོར་རྟོག་ཅིང་འདུས་མ་བྱས་ཀྱི་དགེ་བའི་རྩ་བས་ཡོངས་སུ་སྐྱོ་བ་ཡང་བདུད་ཀྱི་ལས་སོ། །བསམ་གཏན་བསྐྱེད་ཅིང་བསམ་ གཏན་ལས་རྣམ་པར་མི་ལྡོག་པ་ཚོལ་བ་ཡང་བདུད་ཀྱི་ལས་སོ། །ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་སྐྱེད་པ་ཡང་བདུད་ཀྱི་ལས་སོ། །ཡོན་ཏན་དང་ལྡན་པ་དང་། སྦྱིན་གནས་ཚོལ་བཞིན་དུ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཁྲོ་བ་ཡང་བདུད་ཀྱི་ ལས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏམ་སྟོན་ཅིང་། ཐེག་པ་ཆེན་པོའི་གཏམ་འཆབ་པ་ཡང་བདུད་ཀྱི་ལས་སོ། །ཟབ་མོའི་གཏམ་འཆབ་ཅིང་གཏམ་སྣ་ཚོགས་སྟོན་པ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ ལམ་ཡོངས་སུ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །རབ་ཏུ་བརྩོན་པའི་བསྔགས་པ་ཐོབ་ཀྱང་སེམས་ཅན་མི་བརྩོན་པ་རྣམས་མངོན་པར་མི་སྦྱོར་བ་ཡང་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་སྩོགས་ཀྱང་བྱང་ཆུབ་ཀྱི་སེམས་མངོན་དུ་མི་བྱེད་པ་ཡང་བདུད་ཀྱི་ལས་སོ། །ལྷག་ མཐོང་གི་རྣལ་འབྱོར་དང་ལྡན་པར་གནས་ཀྱང་སེམས་ཅན་རྣམས་ལྷག་མཐོང་དག་པར་འཛིན་དུ་མི་འཇུག་པ་ཡང་བདུད་ཀྱི་ལས་སོ། །ཉོན་མོངས་པ་མ་ལུས་པར་ཟད་པ་ཚོལ་ཞིང་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་ལ་སྨོད་པ་ཡང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་ རྣམ་པར་དཔྱོད་ཅིང་། སྙིང་རྗེ་ཆེན་པོ་ལ་དམིགས་པ་མི་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཐབས་དང་མི་ལྡན་པར་དགེ་བ་སྤྱོད་པ་ཐམས་ཅད་ཀྱང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཚོལ་གྱི་འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་འཛིན་པ་ཡང་ བདུད་ཀྱི་ལས་སོ། །མང་དུ་ཐོས་ཀྱང་གཞན་གྱི་ཤེས་ཀྱིས་དོགས་ཏེ། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱེད་པ་ཡང་བདུད་ཀྱི་ལས་སོ། །འཇིག་རྟེན་པའི་དགོས་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་སྐལ་བ་མཉམ་པ་རྣམས་ལ་མི་བསྟེན། མི་བསྙེན། བསྙེན་བཀུར་མི་བྱེད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་སྐལ་བ་མི་མཉམ་པ་ལ་དགའ་བ་ཡང་བདུད་ཀྱི་ལས་སོ། །གང་གི་ཚེ་བརྒྱ་བྱིན་ནམ། ཚངས་པའམ། འཇིག་རྟེན་སྐྱོང་བའམ། རྒྱལ་པོའམ། ཚོང་དཔོན་ནམ། ཁྱིམ་བདག་གི་ལོངས་སྤྱོད་དང་། ནོར་དང་། རིན་པོ་ཆེ་དང་། དབང་ཕྱུག་གི་ཆེ་བ་ཉིད་དུ་གྱུར་པ་དེའི་ཚེ་ཆོས་ཀྱི་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་བསྟེན། མི་བསྙེན། བསྙེན་བཀུར་མི་བྱེད་པ་འདི་དག་ ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་དེ་དང་དེ་དག་གི་ནང་ནས་གསུངས་པའི་བདུད་ཀྱི་ལས་རྣམས་ལ་ཡང་བྱ་བར་རིག་པར་བྱའོ། །བདག་ དང་སེམས་ཅན་དང་སྲོག་དང་གསོ་བ་ཞེས་བྱ་བ་ལ་སོགས་པས་བདག་ཏུ་འཛིན་པ་ལ་མངོན་པར་ཆགས་པ་དང་མ་འདྲེས་པ་བསྟན་ཏེ་བདག་ལ་སོགས་པ་ཐམས་ཅད་ཀྱང་བདག་ཏུ་འདོད་པའི་རྣམ་གྲངས་ཏེ། དེ་དག་ཀྱང་བདག་ཅན་རྟག་པར་སྨྲ་བ་དང་། གཞུང་གཅིག་མོད་ཀྱི་ གྲུབ་པའི་མཐའ་ཐ་དད་པ་ལས་མཚན་ཉིད་མི་མཐུན་པ་ཙམ་གྱིས་ཕྱེ་སྟེ། མིང་སོ་སོར་བཏགས་ནས་གཞག་པའོ། །འཛིན་པ་ལ་མངོན་པར་ཞེན་ཞེས་བྱ་བའི་སྒྲ་བདག་དང་སེམས་ཅན་ལ་སོགས་པའི་ཚིག་རེ་རེ་དང་ཡང་སྦྱར་ཏེ། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་ཞེས་བྱ་བ་ དང་། སེམས་ཅན་དུ་འཛིན་པ་ལ་མངོན་པར་ཞེན་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །བདག་ལ་སོགས་པ་འདི་དག་གི་ཁྱད་པར་ནི་སྔར་བཤད་པར་ཟད་དོ། །འཛིན་པ་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བའི་བདག་ཏུ་འཛིན་པ་གོང་དུ་སྨོས་པ་རྣམས་ དང་ལྷན་ཅིག་མི་གནས་པར་ཡང་མ་ཟད་ཀྱི། གཞན་ཡང་བདག་ཏུ་འཛིན་པ་དབང་ཕྱུག་དང་། གཙོ་བོ་དང་། དུས་ལ་སོགས་པ་ཡོད་པར་སེམས་པ་རྣམས་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་སྒྲིབ་པ་དང་ཆོས་ཀྱི་སྒྲིབ་པ་དང་ཞེས་བྱ་བ་ལ་སོགས་པས་བག་ ཆགས་ཀྱི་མཚམས་སྦྱོར་བ་སྒྲིབ་པ་རྣམས་དང་མ་འདྲེས་པ་བསྟན་ཏེ། ལས་ཀྱི་སྒྲིབ་པ་ནི་ཚེ་འདི་ཉིད་ལ་མཚམས་མེད་པ་ལྔའི་ལས་བྱས་པས་ལས་དེས་ཚེ་དེ་ལ་བདེན་པ་མཐོང་བ་ལ་བར་དུ་གཅོད་པ་ནི་ལས་ཀྱི་སྒྲིབ་པའོ། །ཆོས་ལ་སེར་སྣ་བྱེད་ཅིང་མོས་པ་བཟློག་པ་ལ་སོགས་པ་ཆོས་ ཐོས་པའི་བར་དུ་གཅོད་པའི་ལས་རྣམས་བྱས་པས་ཚེ་རབས་དེ་དང་དེ་དག་ཏུ་དགེ་བའི་བཤེས་གཉེན་ལ་སོགས་པ་དང་མི་ལྡན་ཞིང་ཆོས་ཐོས་པར་མི་འགྱུར་བ་ནི་ཆོས་ཀྱི་སྒྲིབ་པ་ཞེས་བྱའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཤས་ཆེ་བས་འཕགས་པའི་ལམ་བསྒྲུབ་པར་ མི་ནུས་པ་ནི་ཉོན་མོངས་པའི་སྒྲིབ་པའོ། །འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ལ་སོགས་པ་ལྟ་བ་ལྔ་རྣམས་ནི་ལྟ་བའི་སྒྲིབ་པ་ཞེས་བྱའོ། །སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་ལ་སོགས་པ་ངན་སོང་གསུམ་གྱི་འགྲོ་བ་དག་ཏུ་སྐྱེས་ནས་བདེན་པ་མཐོང་བར་མི་ འགྱུར་བ་ནི་འགྲོ་བའི་སྒྲིབ་པ་ཞེས་བྱའོ། །ཚེ་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་བྱས་པའི་རྣམ་པར་སྨིན་པས་ལྷ་དང་མིར་སྐྱེས་ཀྱང་རྣམ་པར་སྨིན་པ་དེས་བསྒྲིབས་པས་བདེན་པ་མི་མཐོང་བ་ནི་རྣམ་པར་སྨིན་པའི་སྒྲིབ་པ་ཞེས་བྱའོ། །ཇི་ཙམ་དུ་ཤེས་པར་བྱ་བ་ལ་བར་ དུ་གཅོད་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་མངོན་པར་ཆགས་པའི་བག་ཆགས་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་ཤེས་པའི་སྒྲིབ་པའོ། །བག་ཆགས་དེ་དག་གིས་མཚམས་སྦྱོར་བས་ན། བག་ཆགས་དང་མཚམས་སྦྱོར་བ་སྟེ། དེའི་དབང་གིས་གཅིག་ནས་གཅིག་ཏུ་ཚེ་ལེན་པར་བྱེད་པས་སོ། །རྟོག་པ་དང་རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་ཞེས་བྱ་བ་ལ་སོགས་པས་མདུད་པ་དང་སྒྲོ་བཏགས་པ་རྣམས་དང་མ་འདྲེས་པ་བསྟན་ཏེ། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ གསུམ་ནི་མདུད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་འཆིང་བ་ནི་རྣམ་པར་རྟོག་པ་སྣ་ཚོགས་ཡིན་པའི་ཕྱིར་རོ། །མཚན་མ་དང་དམིགས་པ་ལ་སོགས་ཏེ། ལྷག་མ་རྣམས་ནི་སྒྲོ་བཏགས་པ་ཞེས་བྱ་སྟེ། མཚན་མ་ལ་སོགས་པའི་རྣམ་པར་ཆོས་རྣམས་བསྐྱེད་པའི་ཕྱིར་རོ། །དེ་ལ་ མིག་དང་རྣ་བ་ལ་སོགས་པ་ནང་གི་དངོས་པོ་རྣམས་ལ་ཡོད་པའམ་མེད་པར་འཛིན་པ་ནི་རྟོག་པའོ། །གཟུགས་དང་སྒྲ་ལ་སོགས་པ་ཕྱིའི་ཡུལ་རྣམས་ལ་ཡོད་པ་དང་མེད་པར་འཛིན་པ་ནི་རྣམ་པར་རྟོག་པའོ། །ཕྱི་དང་ནང་གི་དངོས་པོ་གཉི་ག་ལ་ཡོད་པ་དང་མེད་པར་འཛིན་པ་ ནི་ཡོངས་སུ་རྟོག་པའོ། །ཡང་ན་ཉན་ཐོས་ཀྱི་ཐེག་པ་ལ་མངོན་པར་ཆགས་ཤིང་རྟོག་པ་ནི་རྟོག་པ་ཞེས་བྱའོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་མངོན་པར་ཆགས་པ་ནི་རྣམ་པར་རྟོག་པའོ། །ཐེག་པ་བླ་ན་མེད་པ་ལ་མངོན་པར་ཆགས་པ་ནི་ཡོངས་སུ་རྟོག་པའོ། །ཡང་ན་རྟོག་ གེ་བ་རྣམས་ནི་དངོས་པོ་ལ་ཚད་མ་རྣམ་པ་གསུམ་གྱིས་འཇལ་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཚད་མའོ། །དེ་ལ་མངོན་སུམ་གྱི་ཚད་མས་དངོས་པོ་ལ་འཇལ་བ་ནི་རྟོག་པའོ། །རྗེས་སུ་དཔག་པའི་ཚད་མས་དངོས་པོ་འཇལ་བ་ནི་རྣམ་པར་རྟོག་པའོ། །ལུང་ གི་ཚད་མས་དངོས་པོ་འཇལ་བ་ནི་ཡོངས་སུ་རྟོག་པའོ། །སྔོན་པོ་དང་། སེར་པོ་དང་། མྱ་ངན་ལས་འདས་པ་དང་། འཁོར་བ་ཞེས་བྱ་བ་དག་ནི་མཚན་མའོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་ལ་སོགས་པ་ཡུལ་རྣམས་ནི་དམིགས་པའོ། །མཐོང་བ་ནི་མིག་གིས་ སོ། །ཐོས་པ་ནི་རྣ་བས་སོ། །བྱེ་བྲག་ཕྱེད་པ་ནི་ཡིད་ཀྱིས་སོ། །རྣམ་པར་རིག་པ་ནི་རྣམ་པར་ཤེས་པ་ལྷག་མ་རྣམས་ཀྱིས་སོ། །ཡང་ན་མཐོང་བ་ལ་སོགས་པས་ནི་སྔར་བཤད་པ་བཞིན་ནོ། །མདུད་པ་དང་སྒྲོ་བཏགས་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་ཞེས་བྱ་བ་ ནི་མདུད་པ་དང་སྒྲོ་བཏགས་པ་གོང་མ་རྣམས་དང་ལྷན་ཅིག་མི་གནས་པར་ཡང་མ་ཟད་ཀྱི་གཞན་ཡང་བྱང་ཆུབ་སེམས་དཔའི་འཆིང་བར་འགྱུར་བ་དང་། དངོས་པོ་ལ་སྒྲོ་འདོགས་པ་གཞན་དག་དང་ཡང་ལྷན་ཅིག་མི་གནས་པར་སྟོན་ཏོ། །བདག་དང་རྟག་ཅེས་བྱ་བ་ལ་སོགས་པས་ ནི་ཕྱིན་ཅི་ལོག་དང་མ་འདྲེས་པར་བསྟན་ཏོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་མི་གནས་པ་ཞེས་བྱ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་མ་འདྲེས་པ་བསྟན་ཏེ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ནི་མི་ མཐུན་པའི་ཕྱོགས་སོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་གཉེན་པོའི་ཕྱོགས་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་སེམས་ཅན་འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་དང་། ཞེ་སྡང་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་དང་། གཏི་མུག་ལ་སྤྱོད་པ་ཉི་ཁྲི་ཆིག་ སྟོང་དང་། ཆ་མཉམ་པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་སྟེ། དེ་ལྟར་བརྒྱད་ཁྲི་བཞི་སྟོང་ངོ་། །དེ་ལ་འདོད་ཆགས་ཀྱི་གཉེན་པོ་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་གི་གཉེན་པོ་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང་། གཏི་མུག་གི་གཉེན་པོ་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང་། ཆ་མཉམ་ པའི་གཉེན་པོ་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང་སྟེ། དེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངོ་། །དེ་ལ་ཉེ་བར་བླངས་པའི་དངོས་པོ་གཏེར་དང་། འབྲུ་ལ་སོགས་པ་མི་གཏོང་བ་ནི་སེར་སྣའོ། །དེ་ལས་བཟློག་ན་གཏོང་བའོ། །སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ དང་། འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་ནི་མི་དགེ་བའི་ལས་ལ་ཞུགས་པ་ནི་འཆལ་བའི་ཚུལ་ཁྲིམས་ཅན་ཡིན་ལ། སྲོག་གཅོད་པ་ལ་སོགས་པ་ལས་ཕྱིར་ལོག་པ་ནི་ཚུལ་ཁྲིམས་སོ། །སེམས་ཅན་རྣམས་ལ་རྡེག་པ་དང་། འཆིང་བ་ལ་སོགས་པས་འཚེ་བར་སེམས་ པ་ནི་གནོད་སེམས་སོ། །རྡེག་པ་དང་འཆིང་བ་ལ་སོགས་པས་སེམས་ཅན་ལ་མི་འཚེ་ཞིང་གནོད་པར་བྱས་ཀྱང་སླར་གནོད་པར་མི་བྱེད་པ་ནི་བཟོད་པའོ། །དགེ་བའི་ཕྱོགས་ལ་སེམས་མི་སྤྲོ་ཞིང་མི་འཇུག་པ་ནི་ལེ་ལོ་སྟེ། དེ་ལས་བཟློག་ན་བརྩོན་འགྲུས་སོ། །ཕྱིའི་ཡུལ་རྣམས་ལ་ སེམས་འཕྲོས་པ་ནི་རྣམ་པར་གཡེང་བའོ། །དམིགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ནི་བསམ་གཏན་ནོ། །ཆོས་ཀྱི་མཚན་ཉིད་ལ་ཕྱིན་ཅི་ལོག་ཏུ་ཆགས་ཤིང་འཛིན་པ་ནི་འཆལ་བའི་ཤེས་རབ་བོ། །ཆོས་ཀྱི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པར་འབྱེད་པར་ བྱེད་པ་ནི་ཤེས་རབ་བོ། །ངེས་པ་དང་མ་ངེས་པ་ཞེས་བྱ་བ་ལ་སོགས་པ་ལ་རིགས་རྣམ་པ་ལྔ་སྟེ། ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་དང་། ཐེག་པ་ཆེན་པོའི་རིགས་ཅན་དང་། རིགས་མ་ངེས་པ་དང་། རིགས་མེད་པའོ། །དེ་ལ་རིགས་མེད་པའི་གང་ ཟག་རྣམས་ནི་ངེས་པ་སྟེ། དེ་དག་ཏུ་ཐམས་ཅད་དུ་འཁོར་བར་གནས་པར་གདོན་མི་ཟ་བའི་ཕྱིར་རོ། །ཐེག་པ་གསུམ་དུ་ངེས་པའི་རིགས་ཅན་ནི་མ་ངེས་པ་སྟེ། དགེ་བའི་བཤེས་གཉེན་གྱི་རྐྱེན་གྱིས་མྱ་ངན་ལས་འདས་པར་ཡང་འགྱུར་བས་ན་ཁམས་གསུམ་དུ་གནས་པར་ངེས་པ་ མེད་པའི་ཕྱིར་རོ། །ཡང་ན་རིགས་ཅན་རྣམ་པ་གསུམ་ནི་ངེས་པ་སྟེ། རང་རང་གི་ཐེག་པ་ལ་བརྟེན་ནས་འབྲས་བུ་ཐོབ་པར་གདོན་མི་ཟ་བའི་ཕྱིར་རོ། །མ་ངེས་པའི་རིགས་ཅན་ནི་མ་ངེས་པ་སྟེ། དགེ་བའི་བཤེས་གཉེན་གྱི་རྐྱེན་གྱིས་ཐེག་པ་གར་བཙུད་པར་འཇུག་ཅིང་། དགེ་ བའི་བཤེས་གཉེན་དང་མ་ཕྲད་ན། མྱ་ངན་ལས་འདས་པར་འགྱུར་བར་ཆད་པ་མེད་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་ལ་ཞུགས་པའི་གང་ཟག་རྣམས་ནི་ཡང་དག་པ་ཞེས་བྱ་སྟེ། ལས་དང་ལས་ཀྱི་འབྲས་བུ་དང་། དཀོན་མཆོག་དང་བདེན་པ་ལ་སོགས་པ་ཡོད་པར་ལྟ་བས་སོ། ། ལོག་པར་ལྟ་བ་ལ་ཞེན་པའི་གང་ཟག་ནི་ལོག་པ་ཞེས་བྱ་སྟེ། ལས་དང་ལས་ཀྱི་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་སོགས་པ་མེད་པར་འདོད་པའི་ཕྱིར་རོ། །ཡང་ན་བཅོམ་ལྡན་འདས་ཀྱིས་ཚོགས་རྣམ་པ་གསུམ་གསུངས་ཏེ། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་། ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་སོ། །དེ་ལ་ཡང་དག་པ་ཉིད་དུ་ངེས་པའི་ཚོགས་ནི་འཕགས་པ་རྣམས་ཏེ། གང་འདོད་ཆགས་མ་ལུས་པར་སྤངས་པ་དང་། ཞེ་སྡང་མ་ལུས་པར་སྤངས་པ་དང་། གཏི་མུག་མ་ལུས་པར་སྤངས་པ་སྟེ། དེ་དག་ནི་ཉོན་ མོངས་པ་ཟད་པར་ངེས་པ་ན། ཡང་དག་པར་ངེས་པ་ཞེས་བྱའོ། །དེ་ལ་ལོག་པར་ངེས་པ་ནི་མཚམས་མེད་པ་བྱེད་པའི་གང་ཟག་རྣམས་ཏེ། དེ་དག་ནི་ངན་སོང་གསུམ་དུ་སྐྱེ་བར་ངེས་པའི་ཕྱིར་ལོག་པར་ངེས་པ་ཞེས་བྱའོ། །ངེས་པ་ལས་གཞན་པ་རྣམས་ནི་མ་ངེས་པ་ཞེས་བྱ་སྟེ། རྐྱེན་ལ་ ལྟོས་ནས་གལ་ཏེ་ན་ཉོན་མོངས་པ་སྤོང་བར་བྱེད་ལ། གལ་ཏེ་ན་མཚམས་མེད་པའི་ལས་ཀྱང་བྱེད་པའི་ཕྱིར་རོ། །ཆོས་དེ་དག་ཉིད་འབྲས་བུ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་སྐྱེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་གཞག་སྟེ། དགེ་བ་དང་མི་དགེ་བའོ། །དེ་ལ་འབྲས་བུ་ ཡིད་དུ་འོང་བ་ནི་ལྷ་དང་མི་ལ་སོགས་པ་བདེ་འགྲོ་རྣམས་སོ། །དེ་སྐྱེད་པ་ནི་དགེ་བ་ཞེས་བྱ་སྟེ། སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ་ལ་སོགས་པ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །འབྲས་བུ་ཡིད་དུ་མི་འོང་བ་ནི་སེམས་ཅན་དམྱལ་བ་དང་དུད་འགྲོ་ལ་སོགས་ པའོ། །དེ་སྐྱེད་པར་བྱེད་པ་ནི་མི་དགེ་བ་ཞེས་བྱ་སྟེ། སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །ཆོས་དེ་དག་ཀྱང་གླེང་དུ་མི་རུང་བ་དང་། གླེང་དུ་རུང་བའི་སྒོ་ནས་གཉིས་སུ་གཞག་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པའོ། ། དེ་ལ་དམ་པ་རྣམས་ཀྱིས་གླེང་ཞིང་བསྙད་དུ་མི་རུང་བ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་སྟེ། སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཉིད་དོ། །དམ་པ་རྣམས་ཀྱི་ནང་དུ་གླེང་ཞིང་བསྙད་དུ་